Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༤༤༽གུརུཀོདལིཔཱ། Mahāsiddha Koṭālipa

༈གུརུཀོདལིཔཱའི་ལོ་རྒྱུས་ནི། ཡུལ་རཱམེཤྭར་བྱ་བ་ནས་ཞག་བཞིར་ཕྱིན་པའི་ས་ན། གནས་དང་ཡུལ་གྱི་ཆེད་དུ། ཀོདལིཔཱ་སྟེ་ཏོག་ཙེ་པཱ། རི་བོ་ཞིག་བརྐོ་ཞིང་ཡོད་པའི་ཚེ། སློབ་དཔོན་ཤཱནྟིཔ་སིངྒལའི་རྒྱལ་པོས་གདན་དྲངས་ཏེ་སླར་ཡུལ་དབུས་སུ་ལོག་བྱོན་པ་དང་མཇལ། སློབ་དཔོན་གྱིས་ཁྱེད་ཅི་བྱེད། སྨྲས་པ་དང་། དེས་ཀྱང་སྐུ་ཁམས་ལ་སོགས་པ་ཞུས་ནས། དངོས་རི་བརྐོ་ཡིན་གདའ་ཞུས་པ་དང་། རི་བརྐོ་ནས་ཅི་བྱེད་གསུངས་པ་ན། རྒྱལ་པོ་ངན་པ་ཀུན་གྱིས་ཡུལ་བཤིག་ནས་མི་ཐམས་ཅད་སྡུག་བསྔལ་ཞིང་ཡིད་མི་བདེ་བས། ཡུལ་ཡང་མེད་པས་ས་འདིར་བདག་རི་འདི་བཤིག་ནས་འདིར་གནས་དང་ཡུལ་བྱེད་པ་ཡིན་ཞེས་ཞུས་པས། ཤཱནྟི་པས་སྨྲས་པ་རི་བོ་བརྐོ་བའི་སྔགས་དང་གདམས་ངག་ང་ལ་ཡོད་ན་དེ་ཁྱོད་ལ་མི་དགོས་སམ། གསུངས་པ་དང་། དགོས་ཞེས་ཞུས་པས། དེའི་ཞལ་ནས། ཁྱོད་ཀྱི་ལས་ནི་འདི་ལྟ་བུས། །ལུས་ནི་ངལ་བར་གྱུར་པས་ན། །ལས་ནི་ཤིན་ཏུ་ངན་པ་སྟེ། །ཕྱིན་ཅི་ལོག་གི་ལས་དྲུག་ཡིན། །ས་བརྐོ་བ་ནི་སྦྱིན་པ་དང་། །གཞན་ལ་མི་གནོད་ཚུལ་ཁྲིམས་དང་། །སྡུག་བསྔལ་བཟོད་པའི་བཟོད་པ་དང་། །དེ་ལ་བརྩོན་པའི་བརྩོན་འགྲུས་དང་། །དེ་ལ་མ་ཡེངས་བསམ་གཏན་དང་། །དེ་ཤེས་པ་ཡི་ཤེས་རབ་སྟེ། །ཕྱིན་ཅི་ལོག་གི་ལས་དྲུག་པོ། །སོལ་ལ་ཡང་དག་ལས་དྲུག་གྱིས། །བླ་མ་ལ་གུས་སྦྱིན་པ་དང་། །རང་རྒྱུད་བསྲུང་བའི་ཚུལ་ཁྲིམས་དང་། །སེམས་ཉིད་བཟོད་པའི་བཟོད་པ་དང་། །དེ་བསྒོམས་པ་ཡི་བརྩོན་འགྲུས་དང་། །དེ་ལ་མ་གཡེངས་བསམ་གཏན་དང་། །དེ་ཉིད་ཤེས་པའི་ཤེས་རབ་སྟེ། །དུས་རྣམས་རྟག་ཏུ་གོམས་པར་གྱིས། །ཞེས་གསུངས། ཀོདལིས་ཡང་དེའི་དོན་བསྡུས་པ་ཞིག་ཞུ་ལགས་ཟེར་བ་ལ། ཤཱནྟི་པས་དེ་ཡང་བླ་མ་ལ་གུས་པར་གྱིས། བདེ་སྡུག་ཐམས་ཅད་རང་གི་སེམས་ལས་བྱུང་བས་རང་སེམས་གཉུག་མའི་དོན་ལ་གོམས་པར་གྱིས། དེ་ཡང་རང་སེམས་གཉུག་མ་འགྱུར་བ་མེད་པ་ནི་རི་དང་འདྲ་ལ། རིག་པ་གསལ་ལ་མ་འགག་པ་དེ་ཏོག་ཙེ་དང་འདྲ་བས་རྐོས་ཤིག །བརྩོན་འགྲུས་གཉིས་པོ་ལག་པ་གཡས་གཡོན་དང་འདྲ་བས་མ་བྲལ་བར་བརྐོ་དགོས་པ་ཡིན་གསུངས་ནས། དེ་ཡང་ཚིགས་སུ་བཅད་ནས་གསུངས་པ། བདེ་སྡུག་ཐམས་ཅད་སེམས་ལས་བྱུང་། །གདམས་པ་སེམས་ཀྱི་རི་བོ་རྐོས། །ས་ཡི་རི་བོ་བརྐོས་གྱུར་ཀྱང་། །གཉུག་མའི་བདེ་ཆེན་རྟོགས་མི་འགྱུར། །ཞེས་གསུངས་པ་བཞིན་དུ་དེས་ཀྱང་བསྒོམས་པས། ལོ་བཅུ་གཉིས་ནས་དངོས་གྲུབ་ཐོབ། དེ་ནས་འགྲོ་དོན་མང་དུ་མཛད་དེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུ་ཀོདལིཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact