Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༤༩༽གུརུདྷོཀརིཔཱ། Mahāsiddha Dhokaripa

༈གུརུདྷོཀརིཔཱའི་ལོ་རྒྱུས་ནི། དྷོཀརི་སྟེ་སྣོད་ཁུར་བ་བྱ་བ་ཡིན་ནོ། །དེ་ཡང་ཡུལ་སཱལིཔུཏྲ་བྱ་བ་ན་དམངས་རིགས་ཤིག་དུས་རྟག་ཏུ་སྣོད་ཁུར་ནས་སློང་གིན་ཅི་རྙེད་སྣོད་དུ་འཇུག་པ་ལ། དུས་གཅིག་ན་འཇུག་རྒྱུའི་རྫས་ཅང་མ་ཁུག་ནས་ཤིང་དྲུང་གཅིག་གི་རྩར་འདུག་པ་དང་། དེར་རྣལ་འབྱོར་པ་ཞིག་བྱོན་ནས་དེ་ལ་བསླངས་པས་དེས་བདག་ལ་དེ་རིང་ཁྱོད་ལ་དྲང་རྒྱུའི་རྫས་ཅང་མ་མཆིས་ཟེར་བ་ལ། འོ་ན་ཁྱོད་ལ་ཆོས་མི་དགོས་སམ། གསུངས་པས། དེ་ན་རེ་དགོས་ལགས་ཏེ་དགེ་བའི་བཤེས་གཉེན་དང་མ་ཕྲད་པ་ལགས། ཟེར་བ་ལ། དེས་སྒྲུབ་ནུས་སམ་གསུངས་པས། ནུས་ལགས་ཞུས་པ་དང་། དེས་དགྱེས་རྡོར་དུ་དབང་བསྐུར་ནས་བསྐྱེད་རྫོགས་ཀྱི་གདམས་པ་འདི་ལྟར་གནང་སྟེ། ཀྱེ་ཧོདྷཀ་རི་པ་ཁྱོད། །ཆོས་ཀྱི་དབྱིངས་ཀྱི་སྣོད་ནང་དུ། །རིག་པའི་རྫས་རྣམས་བཅུག་ནས་ནི། །དེ་ནི་གཉིས་སུ་མེད་པར་སྒོམས། །ཞེས་གསུངས་ཏེ། དེས་ཀྱང་བསྒོམས་པས་དོན་རྟོགས་ཏེ། ལོ་གསུམ་ན་དངོས་གྲུབ་ཐོབ། དེ་ཡང་སྣོད་ཁུར་གྱིན་བསླང་པས། སྐྱེ་བོ་དག་བླ་མས་ཁུར་བ་འདི་ཅི་ཡིན། ཟེར་བ་ལ། སྟོང་ཉིད་ཆེན་པོ་སྣོད་ཁུར་ནས། །བདེ་ཆེན་འབྲས་བུ་སློང་བ་ལགས། །འདོད་པ་དང་བཅས་དྷོཀརི། །སྐལ་ལྡན་ཀུན་གྱིས་མ་ཤེས་སམ། །ཞེས་གསུངས་ནས། འགྲོ་དོན་མང་དུ་མཛད་དེ། རྟོགས་པ་བརྗོད་པ་སོགས་མཛད་ནས་མཚན་དྷོཀརི་ཞེས་གྲགས། །མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུདྷོཀརིཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact