| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༤༨༽གུརུདྷརྨ་པཱ། Mahāsiddha Dharmapa (Gharbari)
༈གུརུདྷརྨ་པཱའི་ལོ་རྒྱུས་ནི། དྷརྨ་པཱ་སྟེ་ཆོས་པ་བྱ་བ་ཡིན་ལ། ཡུལ་བོ་དྷིནཱ་གར་བྱ་བ་ན། དེ་པཎྜྻིཏ་ཡིན་པ་ལ། སྨྲ་བ་གཙོ་བོར་བྱས་ནས་སྒྲུབ་པ་གཙོ་བོར་མ་བྱས་པས། ཕྱིས་བགྲེས་ནས་སྤྱན་ལོང་བ་དང་། དེ་ལ་འདི་ལྟ་བུའི་སེམས་པ་སྐྱེས་ཏེ། བདག་བླ་མ་ཞིག་དང་འཕྲད་ན་ཅི་མ་རུང་སྙམ་པ་དང་། རྨི་ལམ་དུ་ཌཱཀི་མས་ལུང་བསྟན་པ་ནི། ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ང་ཡིན་ནོ། །ཞེས་ཟེར་བ་ལ། དེས་གསོལ་བ་བཏབ་པས། ཌཱཀི་མས་དེ་ལ་དངོས་སུ་ཞལ་བསྟན་ཏེ་དབང་བསྐུར་ནས། གདམས་ངག་གནང་བ་ནི། ཆོས་ཐམས་ཅད་སྣོད་དུ་སྒོམས། རྟོག་པ་ཐམས་ཅད་མར་དུ་སྒོམས། རང་གི་རྣམ་ཤེས་སྡོང་བུར་སྒོམས། དེ་ལ་ཡེ་ཤེས་ཀྱི་མེ་འབར་བར་སྒོམས་ཤིག་གསུངས་ཏེ། དེ་ཚིགས་སུ་བཅད་པར་གསུངས་པ། ཆོས་རྣམས་མ་ལུས་སྣོད་ནང་དུ། །རྣམ་པར་རྟོག་པའི་མར་བླུགས་ནས། །རིག་པའི་སྡོང་བུར་མེ་སྦར་བས། །སེམས་ཉིད་ཡིད་བཞིན་ནོར་བུ་མཐོང་། །ཞེས་གསུངས་པས། རྟོག་པ་ཡེ་ཤེས་སུ་སློང་བའི་མན་ངག་དེ་བསྒྲུབས་པས། ལོ་ལྔ་ནས་དུག་ལ་སྔགས་ཀྱི་བཏབ་པ་ལྟར་རྟོག་པ་ཡེ་ཤེས་སུ་གྱུར་ནས། ལུས་བྱིས་པ་ལོ་བརྒྱད་པ་ལྟར་སོང་སྟེ་སྐྱེ་བོ་དག་ངོ་མཚར་བར་གྱུར་ཏོ། །དེའི་ཞལ་ནས། ཇི་ལྟར་རྒྱུ་རྐྱེན་ཚོགས་པ་ན། །འབྲས་བུ་སྟོང་པར་ག་ལ་འགྱུར། །དེས་ན་བློ་གྲོས་གསལ་ལྡན་པས། །དེ་ལ་རབ་ཏུ་འབད་པ་བྱ། །ཞེས་གསུངས་ཏེ། ཀློག་མཁན་གྱི་ཚུལ་གྱིས་འགྲོ་དོན་མང་དུ་མཛད་ནས། མཐར་རྟོགས་པ་བརྗོད་དེ་མཁའ་སྤྱོད་དུ་གཤེགས་སོ། །གུརུདྷརྨཔཱའི་ལོ་རྒྱུས་རྫོགས་སོ།། །།
