Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༤༧༽གུརུརཱཧུལ། Mahāsiddha Rāhula

༈གུརུརཱཧུལའི་ལོ་རྒྱུས་ནི། རཱཧུལ་སྟེ་སྒྲ་གཅན་འཛིན་བྱའོ། །དེ་ཡང་ཡུལ་ཀཱམརཱུཔ། རིགས་དམངས་རིགས་སོ། །དེ་རྒས་ནས་ལུས་པོ་སྦྱོར་མི་བཟོད་པ་དང་། གཉེན་དང་བུ་ཀུན་ཡང་གཤེ། བརྙས་པ་བྱེད་ནས་དེ་མ་དགའ་སྟེ། སྐྱེ་བ་ཕྱི་མ་དྲན་ནས་དུར་ཁྲོད་དུ་ཕྱིན་པ་དང་། དེའི་གམ་དུ་རྣལ་འབྱོར་པ་ཞིག་བྱོན་ནས། ཁྱོད་དུར་ཁྲོད་ན་ཅི་བྱེད་ཅིང་འདུག་བྱས་པས། དེ་ན་རེ། བདག་གི་ལང་ཚོའི་ཟླ་བ་དེ། །རྒས་པའི་སྒྲ་གཅན་གྱིས་བཅོམ་ནས། །བུ་ཚ་ལ་སོགས་གཤེ་བར་བྱེད། །ཤི་ན་དགའ་བས་གནས་ན་ཡོད། །ཞུས་པས། རྣལ་འབྱོར་པ་དེས་དེ་ལ་སླར། །ཁྱོད་ཀྱི་རྣམ་སྨིན་འབྱུང་བ་ལ། །ཆུ་བོ་གསུམ་གྱིས་གཡེངས་ཟིན་ནས། །ད་ནི་འཆི་བའི་ཆུ་བོ་འབྱུང་། །འཆི་རྒྱགས་ཆོས་ཤིག་མི་བྱེད་དམ། །གསུངས་པས། བླ་མ་ལགས་ཆོས་བྱེད་ལགས་ཏེ། བདག་རྒས་ཤིང་ནོར་དང་བྲལ་བ་ལ་ཆོས་སུས་སྟེར། ཟེར་བ་ལ། ཡང་དེའི་ཞལ་ནས། གཉུག་མའི་སེམས་ལ་རྒས་པ་མེད། །དད་སོགས་ནོར་ལ་འགྲིབ་པ་མེད། །གུས་པས་དམ་ཆོས་སྒྲུབ་ནུས་ན། །ཁྱོད་ནི་བདག་གིས་རྗེས་བཟུང་བྱ། །ཞེས་གསུངས་ཏེ། བྱིན་རླབས་འཕོ་བའི་དབང་བསྐུར་བྱས་ནས་ཐིག་ལེའི་གདམས་པ་འདི་ལྟར་བྱིན་ཏེ། ཁྱོད་ཀྱི་སྤྱི་བོའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྒོམས་ལ། དེའི་ནང་དུ་སྣང་སྲིད་ཐམས་ཅད་ཀྱི་རྟོག་པ་ཞུགས་པར་སྒོམས་ཤིག །ཅེས་དང་། ཡང་། གཉིས་མེད་རྟོགས་པའི་སྒྲ་གཅན་གྱིས། །གཟུང་འཛིན་རྟོག་པ་བཅོམ་ནས་ནི། །སྤྱི་བོ་བདེ་བ་ཆེན་པོ་རུ། །ཟབ་པའི་ཐིག་ལེའི་ངང་ཉིད་ལས། །བདེ་སྟོང་ཟུང་འཇུག་རྒྱུན་དག་གིས། །ཕུང་པོ་ལ་སོགས་དགྲ་བཅོམ་ནས། །སངས་རྒྱས་རྣམས་ཀྱི་ཡོན་ཏན་འབྱུང་། །ཨེ་མ་འགག་མེད་ངོ་མཚར་ཆེ། །ཞེས་གསུངས་པས། དེས་ཀྱང་དེ་ལྟར་བསྒོམས་པས། ཇི་ཞིག་ཙམ་ན་གཉིས་འཛིན་གྱི་ཟླ་བ་ཐམས་ཅད་གཉིས་མེད་སྒྲ་གཅན་གྱིས་ཟོས་ནས། གཉིས་མེད་ཀྱི་བདུད་རྩི་སྤྱི་བོའི་ཚངས་པའི་བུ་ག་ནས་མར་ཞུགས་པས། ལུས་ཐམས་ཅད་བདུད་རྩིས་གང་ཞིང་རྒྱས་ནས། ལོ་བཅུ་དྲུག་ལོན་པའི་ན་ཚོད་དུ་གྱུར་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། ཀཱམརཱུཔ་ལ་སོགས་པའི་སྐྱེ་བོ་མང་པོ་བཏུལ་ནས་མཐར་རྟོགས་པ་བརྗོད་དེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུརཱཧུལ་པཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact