| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༤༦༽གུརུཇཱལནདྷར། Mahāsiddha Jālandhara
༈གུརུཇཱལན་དྷརའི་ལོ་རྒྱུས་ནི། ཇཱལནདྷར་སྟེ་དྲྭ་བ་འཛིན་བྱ་བ་ཡིན། ཡུལ་ན་གར་ཐོད་ཐ་ཞེས་བྱ་བ་ཡིན་ལ། རིགས་བྲམ་ཟེ་ཡིན་པ་ལས། འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས་ནས་དུར་ཁྲོད་དུ་ཕྱིན་ཏེ། ཤིང་གཅིག་གི་རྩར་བསྡད་པས་ཤེས་པ་བདེ་བ་སྙམ་བྱེད་པ་ན། ནམ་མཁའ་ནས་ཌཱཀི་མ་གཅིག་གིས་རིགས་ཀྱི་བུ་ཁྱོད་ཡང་དག་པའི་དོན་ཡིད་ལ་གྱིས་ཤིག །ཟེར་བའི་སྒྲ་བྱུང་བ་དང་། དེ་དགའ་ནས་ཡང་དང་ཡང་དུ་གསོལ་བ་བཏབ་པས། ཡེ་ཤེས་ཀྱི་ཌཱཀི་མས་ཞལ་དངོས་སུ་བསྟན་ནས་དགྱེས་རྡོར་དུ་དབང་བསྐུར་ཏེ། རྫོགས་པའི་རིམ་པའི་མན་ངག་འདི་ལྟར་བྱིན་ཏེ། ཕྱི་ནང་ཁམས་གསུམ་སྣོད་བཅུད་ཐམས་ཅད་རང་གི་ལུས་ངག་ཡིད་གསུམ་དུ་འདུས། དེ་གསུམ་གྱི་རྣམ་རྟོག་རྩ་གསུམ་དུ་འདུས། རྩ་གཉིས་དྷུ་ཏཱིར་འདུས་པ་ལ། དེ་རུ་དྲན་རིག་སྣ་ཚོགས་ཀྱི་རྟོག་པ་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་ཐོན་ལ་སྣང་སྟོང་དབྱེར་མེད་དུ་སྒོམས་ཤིགས་པའི་གདམས་པ་བྱིན་ནས། ཕྱི་ནང་ཆོས་རྣམས་མ་ལུས་པ། །ལུས་ངག་ཡིད་གསུམ་དག་ཏུ་འདུས། །གཡས་གཡོན་ཨཝདྷུ་ཏཱིར་འདུས། །དེ་ཡང་ཚངས་པའི་བུ་ག་སྟེ། །སྟོང་པ་ཉིད་དེ་བདེ་ཆེན་མཆོག །རྣལ་འབྱོར་དག་པའི་ངང་ལས་འབྱུང་། །བདེ་སྟོང་ཟུང་འཇུག་བསྐྱིལ་བར་འཚལ། །ཞེས་གསུངས། དེ་ལྟར་རྫོགས་པའི་རིམ་པ་གནང་བ་ན། དེས་ཀྱང་བསྒོམས་པས་ལོ་བདུན་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། དེ་ནས་རྟོགས་པ་བརྗོད་དེ། འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་ནས་འཁོར་གསུམ་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །གུརུཇཱལནདྷརཔཱའི་ལོ་རྒྱུས་རྫོགས་སོ།། །།
