| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༥༠༽གུརུམེདྷིནི། Mahāsiddha Medhinī
༈གུརུམེདྷིནིའི་ལོ་རྒྱུས་ནི། མེདྷིནི་སྟེ་ཞིང་པ་ཞེས་བྱ་ལ། དེ་རིགས་ཀྱི་དམངས་རིགས་དང་། ཡུལ་སཱལི་པུཏྲ་བྱ་བ་ན་ཡིན། དེ་ཡང་དུས་ལན་གཅིག་ཞིང་ལས་བྱས་པས་ཐང་ཆད་ནས་འདུག་པ་དང་། དེར་རྣལ་འབྱོར་པ་ཞིག་འོངས་ནས་ཁྱོད་ཅི་བྱེད་ཀྱིན་འདུག །ཅེས་སྨྲས་པས། དེ་ན་རེ། བདག་ཞིང་ལས་ཀྱིས་ཆད་ནས་འདུག་གིན་གདའ་བྱས་པས། རྣལ་འབྱོར་པ་དེ་ན་རེ། སྡུག་བསྔལ་འདི་འདྲ་བ་ལ་མི་སྐྱོ་འམ། ཆོས་གྱིས། བྱས་པས། དེ་ན་རེ། བདག་ལ་ཆོས་སུས་སྟེར་ཟེར་རོ། །སྒྲུབ་ནུས་ན་ཆོས་ངས་སྦྱིན་གྱིས། གསུངས་པས། ནུས་ལགས་ཟེར་ནས། དེ་ལ་རྣལ་འབྱོར་པས་དབང་བསྐུར། བསྐྱེད་རྫོགས་ཀྱི་གདམས་ངག་བྱིན་ནས་སྒོམ་དུ་བཅུག་པ་ལ། སྔར་གོམས་པའི་དབང་གི་ཞིང་ལས་ཀྱི་རྣམ་པར་རྟོག་པ་ལ་གཡེངས་ནས་སྒོམ་དུ་མ་འདོད་པ་ལ། དེ་བླ་མ་ལ་བསྙད་པས། དེས་དེ་ལ་རང་གི་རྣམ་རྟོག་གི་དམིགས་པ་དང་མཐུན་པའི་གདམས་ངག་ཕོག་སྟེ། ཁྱོད་རང་གི་ཤེས་པ་གཤོལ་དུ་གྱིས། ཚོར་བ་བདེ་སྡུག་མྱོང་བར་དེ་གླང་དུ་གྱིས། ལུས་ཞིང་དུ་བསྒོམས། ཉིན་མཚན་ཆོས་ཉིད་ཀྱི་བདེ་བའི་འབྲས་བུ་འབྱུང་བར་སྒོམས་ཤིག །ཅེས་དང་། འདི་ཉིད་ཚིགས་སུ་བཅད་དེ་གསུངས་པ་ནི། རང་གི་རྟོག་པ་ཐོང་གཤོལ་དང་། །ཚོར་བ་བདེ་སྡུག་གླང་དོར་གྱིས། །རྣམ་སྨིན་ཕུང་པོའི་ས་གཞི་ལ། །ཁམས་ཀྱི་ས་བོན་ལེགས་བཏབ་པས། །བདེ་ཆེན་འབྲས་བུ་རྒྱུན་མི་ཆད། །ཞིང་ལས་དེ་ལ་བརྩོན་པར་གྱིས། །གསུངས། དེ་བཞིན་དུ་བསྒོམས་པས། ལོ་བཅུ་གཉིས་ན་འཁོར་བའི་རྣམ་རྟོག་སྣ་ཚོགས་པ་འགགས་ནས་གྲུབ་པ་ཐོབ་པ་དང་། ཤིང་ཏཱ་ལ་བདུན་ཙམ་གྱི་ནམ་མཁའ་ལ་འཕགས་ནས། རྟོགས་པ་བརྗོད་དེ། སཱ་ལི་པུ་ཏྲའི་གྲོང་ཁྱེར་དུ་འགྲོ་དོན་དཔག་ཏུ་མེད་པ་མཛད་ནས། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུམེདྷེནིའི་ལོ་རྒྱུས་རྫོགས་སོ།། །།
