Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༥༢༽གུརུགྷཎྛཔཱ། Mahāsiddha Ghaṇṭāpa

༈གུརུགྷཎྛ་པཱའི་ལོ་རྒྱུས་ནི། ཡུལ་ཤྲཱིནཱལནྡའི་སྡེ་པ། དགེ་སློང་གི་སྡོམ་པ་ཐོབ་པ་མ་ཉམས་པ། རིག་པའི་གནས་ལྔ་ལ་མཁས་པར་གྱུར་པས་ཕྱོགས་མཚམས་ཐམས་ཅད་དུ་སྙན་པའི་གྲགས་པས་ཁྱབ་པར་གྱུར་པ་དང་། སློབ་དཔོན་ཡུལ་ཐམས་ཅད་ལ་འགྲོ་དོན་ལ་གཤེགས་པར་གྱུར་པ་ན། རྒྱལ་པོ་དེཝཔཱལབྱ་བ་བསོད་ནམས་ཀྱི་མཐུ་ལས་གྲུབ་པའི་རྒྱལ་སྲིད་ཀྱི་འབྱོར་པ་དཔག་ཏུ་མེད་པ་མངའ་སྟེ། རང་གི་གྲོང་ཁྱེར་འབུམ་ཚོ་བཅོ་བརྒྱད་དང་། ཀཱམརཱུཔའི་གྲོང་ཁྱེར་འབུམ་ཚོ་དགུ་དང་། བངྒཱལའི་གྲོང་ཁྱེར་འབུམ་ཚོ་བཞི་སྟེ་བསྡོམ་པས་འབུམ་ཚོ་སུམ་ཅུ་རྩ་གཅིག་ལ་དབང་བྱེད་པའི་རྒྱལ་པོ་དེཝཔཱལི་ཡུལ་སཱལིཔུཏྲའི་གྲོང་ཁྱེར་དུ་སློབ་དཔོན་གཤེགས་ནས་བསོད་སྙོམས་མཛད་ཅིང་། ཤིང་དྲུང་གི་རྩར་གནས་བཅས་ནས་བཞུགས་པ་དང་། རྒྱལ་པོ་དེཝཔཱལ་ལ་མཆོད་གནས་དཔག་ཏུ་མེད་པ་མངའ་བ་ལ། རྒྱལ་པོས་བཙུན་མོ་ལ་མཚན་མོ་གྲོས་དྲིས་པ། འདུས་བྱས་ཐམས་ཅད་ནི་མི་རྟག་པ། སྲིད་པར་སོང་བ་ཐམས་ཅད་ནི་སྡུག་བསྔལ་བ། འཁོར་བའི་ཆོས་ལ་སྙིང་པོ་མེད་པར་འདུག་པས། ང་ནི་འདི་དང་ཕྱི་མ་གཉིས་ཀའི་རྒྱལ་སྲིད་བྱེད་པ་ཡིན་པས། འོ་སྐོལ་བཟའ་མི་གཉིས་ཚེ་ཕྱི་མའི་ཆེད་དུ་ལམ་རྒྱགས་མཆོད་གནས་དུམ་གཅིག་ལ་ཚོགས་གསོག་བྱས་ན་མི་རུང་ངམ། ཞེས་སྨྲས་པ་དང་། བཙུན་མོ་ན་རེ། ཉིད་ལ་སྔར་ཡང་མཆོད་གནས་དཔག་ཏུ་མེད་པ་མཆིས་ལ། ད་ཡང་མཆོད་གནས་གཞན་པས་ཁྱད་པར་འཕགས་པ་འདུལ་བ་འཛིན་པ་ཆེན་པོ་ཞིག་གྲོང་མཐའ་ཕ་གིའི་ཤིང་དྲུང་གི་རྩ་ན་ཟས་བསོད་སྙོམས་པ་ཆོས་གོས་དང་ཡོ་བྱད་ངན་ངོན་གྱིས་འཚོས་པ་ཞིག་ཡོད་པས། དེ་ལ་ཉིད་ཀྱིས་བཞེས་ཐང་ཚོད་སྣ་བརྒྱད་ཅུ་རྩ་བཞི་དང་། མུར་བའི་བཅའ་བ་བཅུ་བཞི་དང་། རྒུན་ཆང་ལ་སོགས་པའི་བཏུང་བ་ལྔ་དང་། མེ་མར་གྱི་སྣང་བ་མ་ཡིན་པ་རིན་པོ་ཆེའི་སྣང་བ་དང་། རྒྱལ་སྲས་ཀྱི་འདོད་པའི་ཡོན་ཏན་ཐམས་ཅད་དེ་ལ་སྦྱིན་པར་བྱའོ་ཞེས་སྨྲས་པ་དང་། རྒྱལ་པོས་ཀྱང་རུང་གསུངས། དེ་ནས་ནང་པར་འཁོར་དུམ་ཅིག་སློབ་དཔོན་སྤྱན་འདྲེན་དུ་བཏང་པས་མ་ཁུག་པ་དང་། རྒྱལ་པོ་འཁོར་མང་པོ་དང་བཅས་ཏེ་བྱོན་ནས་ཕྱག་བྱས་ཕེབས་དགོས་པའི་གཏམ་མང་པོ་སྨྲས་པས། སློབ་དཔོན་གྱིས་ཅི་ལ་འདིར་གཤེགས་གསུངས་པ་ལ། སློབ་དཔོན་ལ་བདག་དད་ནས་མཆོད་གནས་སུ་སྤྱན་འདྲེན་དུ་འོངས་པ་ལགས་ཞེས་ཞུས་པས། སློབ་དཔོན་ན་རེ། རྒྱལ་པོའི་རྒྱལ་སྲིད་ནི་སྡིག་པ་དང་བཅས་པ་ཡིན་པས་བདག་དེར་མི་འོངས་གསུངས་པས། འོ་ན་གཏན་དུ་མི་བཞུགས་ཀྱང་ལོ་གཅིག་ཙམ་བཞུགས་པར་ཞུས་པས་མ་བཞེད་པ་དང་། དེ་བཞིན་དུ་ཟླ་བ་དྲུག་དང་། གསུམ་དང་གཅིག་དང་ཕྱེད་དང་ཞག་གཅིག་གཤེགས་པར་ཞུས་པ་ལ་ཡང་། ཁྱོད་སྡིག་ཅན་སྤྱོད་ལམ་བཞི་ལ་སོགས་པ་གང་བྱེད་ཀྱང་ཐམས་ཅད་སྡིག་པའི་རང་བཞིན་ཡིན་པས་མི་འོངས་གསུངས་པས། རྒྱལ་པོ་ཞག་བཅུ་བཞིའི་བར་དུ་ཡང་ནས་ཡང་དུ་གལ་གྱིས་ཞུས་ཀྱང་མ་བཞེད་པ་དང་། རྒྱལ་པོ་འཁོར་དང་བཅས་པ་ཁྲོས་ཏེ་སྙིང་ལ་ཞེ་སྡང་གི་མེ་འབར་ཏེ། ཕྱིར་ལོག་སྟེ་རྒྱལ་པོས་སྨྲས་པ། དགེ་སྦྱོང་འདིའི་ཚངས་པ་སྤྱོད་པ་སུས་ལེན་ནུས་ན་རྒྱལ་སྲིད་ཕྱེད་དང་། གསེར་ཁལ་གཅིག་སྟེར་རོ། །ཞེས་ཡོངས་སུ་སྒྲོགས་མཁན་བཏང་བ་དང་། ཡུལ་དེ་ན་སྨད་འཚོང་མ་གཡོ་ཅན་མ་ཀུན་གྱི་གཙོ་མོ་ཞིག་ཡོད་པ་དེ་ན་རེ། ངས་ནུས་ཞེས་རྒྱལ་པོ་ལ་སྨྲས་པ་དང་། རྒྱལ་པོས་འོ་ན་ཁྱོད་ཀྱིས་བརྩོན་འགྲུས་དང་འབད་པས་སྒྲུབས་ཤིག་ཅེས་སྨྲས་སོ། །སྨད་འཚོང་མ་དེ་ལ་བུ་མོ་ལོ་བཅུ་གཉིས་ལོན་པ་འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ་བྱད་བཞིན་མཛེས་པ་འགྲོ་ན་སྟབས་སྡུག་པ་སྨྲས་ན་སྐད་སྙན་པ་ལུས་ཤ་རྒྱས་ཤིང་ནུ་འབུར་མཁྲེགས་པ་ཉི་མས་མཐོང་ཡང་ཉི་མ་འགུལ་མི་འདོད་པ་ཞིག་ཡོད་པ། བདག་གིས་དེ་བཏང་ན་འཁོར་བར་ལྡོག་སྟེ་ཚངས་པར་སྤྱོད་པ་དང་འབྲལ་ནུས་སོ་སྙམ་ནས། བུ་མོ་དེའི་མ་དེས་སློབ་དཔོན་གྱི་དྲུང་དུ་ཕྱིན་ནས་ཕྱག་དང་བསྐོར་བ་བྱེད་ཀྱིན་ལོག་སྟེ། དེ་ལྟར་ཞག་བཅུའི་བར་དུ་བྱས་ནས་སྨྲས་པ། བདག་དབྱར་ཟླ་བ་གསུམ་དབྱར་གནས་པའི་འཚོ་བ་སྦྱོར་བའི་ཡོན་བདག་བགྱིད་དོ་སྨྲས་པས། དེ་མ་འདོད་པ་དང་། ཟླ་བ་གཅིག་གི་བར་དུ་ཡང་སྨྲས་པས། སློབ་དཔོན་གྱིས་ཞལ་གྱིས་བཞེས་པ་དང་། དཱ་ར་ིམཱ་དགའ་ནས་བཀྲ་ཤིས་རྒྱ་ཆེན་པོ་བྱས། ཚིག་ཏུ་ཡང་འདི་ལྟར་སྨྲས་ཏེ། བུད་མེད་གཡོ་ནི་བརྒྱད་ཅུ་གཅིག །འདོད་པ་ཡང་ནི་བརྒྱ་འགྱུར་རོ། །ཞེས་སྨྲས་ཤིང་ངས་གཡོས་ན་གླིང་བཞི་ཡང་གཡོ་ཞིང་བསླུ་བར་ནུས་ན་དགེ་སྦྱོང་འདི་ཅི་སྨོས་སྙམ་དུ་སེམས་ཤིང་། ངག་ཏུ་ཡང་འདོན་པར་བྱེད་དོ། །དེའི་སྐབས་སུ་སློབ་དཔོན་ན་རེ་ང་ལ་ཟས་སྐྱེལ་བ་ཀུན་སྐྱེས་པ་ཐོང་བུད་མེད་མ་གཏོང་ཞིག་བྱས་པས། དེ་བཞིན་དུ་བགྱིའོ་ཞེས་སྨྲས་ནས། ཀ་རའི་ཆུ་དང་འབྲས་ཆན་ཟླ་བ་ཕྱེད་གཉིས་ཀྱི་བར་དུ་སྐྱེས་པ་ཀུན་གྱིས་བསྐྱལ་ནས། དེ་ནས་སྨད་འཚོང་མ་གཡོ་ཅན་མ་དེས་བུ་མོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་བཟའ་བ་དང་བཅའ་བ་སྣ་ཚོགས་གྱ་ནོམ་པ་མང་པོ་བསྐུར་ནས་གཡོག་ལྔ་བརྒྱ་དང་བཅས་ཏེ་བཏང་ནས། ནགས་ཀྱི་རྩ་ནས་འཁོར་ཀུན་ཕྱིར་ལོག་ཅིག་བྱས་ནས་བཏང་ངོ་། །དེ་ནས་བུ་མོས་མས་བསླབས་པའི་གཡོ་རྣམས་དྲན་བཞིན་དུ་ནང་དུ་བཞུགས་པ་དང་། དགེ་སློང་སྔར་གྱི་ཟན་སྐྱེལ་མི་ཡིན་སེམས་ནས་ནང་དུ་འོངས་པ་དང་། བུ་མོ་གཞོན་ནུ་མ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་མཐོང་ནས། སྐྱེས་པ་ཀུན་གར་སོང་། སྨྲས་པས། བུ་མོས་སྨྲས་པ། དེ་ཀུན་ལ་ལོང་མེད་ན་ངོས་ཅག་མཆིས་སོ་བྱས་ཏེ། དེ་ནས་བུ་མོ་ཡུན་རིང་དུ་འདུག་པ་དང་། ད་སོང་སྨྲས་པས། ད་རུང་ནམ་མཁའ་ལ་སྤྲིན་ཁ་དོག་རྣམ་པ་ལྔ་འདུས་ན་ཆར་འོང་བར་གདབ་བས། དེ་ཆད་པ་དང་མཆིས་སྨྲས་ནས་ཡུན་རིང་དུ་བསྡད་པ་དང་། ཉི་མ་ནུབ་པར་གྱུར་ནས་བུ་མོས་སྨྲས་པ། དངོས་ལ་ལམ་གྲོགས་མ་མཆིས་པས་གོས་དང་རྒྱན་ལ་བལྟས་ནས་སྲོག་དང་འབྲལ་བར་མཆི་ཞུས་པས། བདེན་ནམ་སྙམ་ནས་དེར་ཉལ་བ་དང་། བུ་མོས་མཚན་ལ་འཇིགས་པ་སྐད་སྨྲས་པས། དེར་བུ་མོ་རྩར་བསྙལ་བ་དང་། ཡུལ་དང་ཉེ་བའི་སྟོབས་ཀྱིས་དེ་གཉིས་ལུས་འདྲེས་པར་གྱུར་ནས། དེར་སྦྱོར་བ་བྱས་པས་དགའ་བཞི་སྐྱེས་ཏེ་ལམ་བགྲོད་པར་གྱུར་ཏོ། །ནངས་པར་གྱི་དུས་སུ་ཡང་མའི་གམ་དུ་མ་ཕྱིན་པར་དེར་བསྡད་པས། དགེ་སློང་དང་གཉིས་ཀ་ལ་བཟའ་བཅའ་སྐྱེལ་གྱིན་བོར་རོ། །དེ་ལྟར་ལོ་གཅིག་ལོན་པ་དང་། བུ་ཁྱེའུ་ཞིག་བཙས་པར་གྱུར་ལ། འདིར་རྒྱལ་པོས་དུས་རྟག་ཏུ་སྨད་འཚོང་མ་ལ་དྲིས་པས། མོས་གསལ་པོ་མ་སྨྲས་ལ། དེ་ནས་ལོ་གསུམ་ལོན་པ་དང་སྨད་འཚོང་མས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ། ཉིད་ཀྱིས་བཀའ་གདམས་པའི་དོན་བསྒྲུབས་ཏེ་མཆིས། ཐུགས་དགྱེས་པར་མཛོད་ཅིག་ཞུས་པ་དང་། དེ་ལ་རྒྱལ་པོས་བཀའ་སྩལ་པ། །འོ་ན་ཞག་གསུམ་གྱི་དུས་སུ་དགེ་སློང་ངའི་གམ་དུ་འོང་བ་གྱིས། ཞེས་ཁྱོད་ཀྱི་བུ་མོ་ལ་སྨྲོས་ཤིག་ཟེར་རོ། །དེ་ནས་རྒྱལ་པོ་སཱ་ལི་པུ་ཏྲའི་མི་ཀུན་དང་བཅས་དགེ་སློང་གི་གམ་དུ་ཆས་སོ། །དེར་དེའི་ཚེ་དགེ་སློང་གིས་བུ་མོ་ལ་ད་འོ་སྐོལ་གནས་འདིར་འདུག་གམ་གཞན་ཞིག་ཏུ་འགྲོ་སྨྲས་པ་ལ། བུ་མོས་སྨྲས་པ། འོ་སྐོལ་གྱི་ལས་ངན་པ་འདི་ལ་མི་ཀུན་འཕྱ་ཡིན་འདུག་པས། མིའི་ཡུལ་དུ་འཁྱམས་ན་ཡང་དགའ་ཟེར་ནས། བུ་མོས་བུ་ཆུང་དང་ཆང་གི་ཀུ་བ་ཁུར་ནས། བཟའ་ཚོ་གཉིས་ཀྱིས་ཕྱིན་པ་དང་། ལམ་བར་དུ་རྒྱལ་པོ་དང་འཕྲད་ནས། དེ་གླང་པོ་ཆེའི་སྟེང་ནས་བབས་ཏེ་སྨྲས་པ། དགེ་སློང་གི་ཆོས་གོས་ནང་ན་ཅི་ཡོད། བུ་མོ་འདི་ཁྱོད་ཀྱི་ཅི་ཡིན། སྨྲས་པས། དགེ་སློང་ན་རེ། གོས་ཀྱི་ནང་བུ་ཆུང་དང་ཀུ་བ་ཡོད། བུ་མོ་འདི་ངའི་ཆུང་མ་ཡིན་སྨྲས་པས། རྒྱལ་པོ་ན་རེ་ངས་སྤྱན་དྲངས་པའི་དུས་སུ་ཁྱོད་སྡིག་ཅན་གྱི་གམ་དུ་མི་འོངས་ཟེར་བ་ལ། ད་ལྟ་ཁྱེད་རང་བུ་དང་ཆུང་མས་ཅི་བྱེད། སྡིག་ཅན་ཅིག་ཁྱེད་རང་འདུག་ཅེས་སྨྲས་པས། སློབ་དཔོན་གྱིས་ང་ལ་ཉེས་པ་མེད་པས་སྐུར་བ་མ་འདེབས་ཤིག་གསུངས་པས། སླར་ཡང་སྔར་བཞིན་བགྲངས་པས། སློབ་དཔོན་གྱིས་བུ་ཆུང་དང་ཀུ་བ་ས་ལ་བརྡབས་པས། སའི་ལྷ་མོ་འཇིགས་ཏེ། ས་གས་ནས་ཆུ་བརྡོལ་བ་དང་། ཆུའི་ནང་དུ་བུ་ཆུང་དང་ཀུ་བ་རྡོ་རྗེ་དྲིལ་བུར་སོང་ཁོ་རང་བདེ་མཆོག་དང་། བུ་མོ་ཡུམ་རྡོ་རྗེ་ཕག་མོར་སོང་ནས། རྒྱལ་པོ་འཁོར་དང་བཅས་པའི་ནམ་མཁའི་སྟེང་དུ་བདེ་མཆོག་ཡབ་ཡུམ་རྡོ་རྗེ་དྲིལ་བུ་དང་བཅས་པར་གྱུར་པ་དང་། རྒྱལ་པོ་ལ་སོགས་པས་མགྲིན་གཅིག་ཏུ་ནམ་མཁའ་ལ་བལྟས་ནས། སློབ་དཔོན་ལ་སྐྱབས་སུ་མཆིའོ་ཞེས་གསོལ་བ་འདེབས་ཀྱང་། རྡོ་རྗེ་ཁྲོས་པའི་ཏིང་ངེ་འཛིན་ལས་མ་བཞེངས་པ་དང་། སྐྱེ་བོའི་ཚོགས་ཐམས་ཅད་ས་གས་པའི་ཆུར་ནུབ་ནས་འཆི་བ་ལ་ཐུགས་པ་ན་འཕགས་པ་སྤྱན་རས་གཟིགས་སྐད་ཅིག་ལ་དེར་གཤེགས་ནས། ས་གས་པའི་ཆུ་ཞབས་ཀྱིས་བཀག་ནས་རྒྱལ་པོ་དེཝཔཱལ་འཁོར་དང་བཅས་པ་དབུགས་དབྱུང་བར་མཛད་དོ། །དེ་ནས་སླར་ཡང་བླ་མ་ལ་གསོལ་བ་བཏབ་པས། དེས་ཧཱུཾ་སྒྲ་གཅིག་བསྒྲགས་པས་ཆུ་ཐམས་ཅད་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་འཁོར་དང་བཅས་པས་བཟོད་པར་གསོལ་བས། འཕགས་པའི་སྐུ་ཡང་དེ་ཉིད་དུ་རྡོའི་རང་བྱུང་དུ་སོང་སྟེ། ད་དུང་ཡང་ཞབས་འོག་ནས་ཆུ་ཁྲུ་རེ་རེ་ཙམ་འབྲུབ་ཟེར་རོ། །དེ་ནས་རྒྱལ་པོ་ལ་སོགས་པ་ལ་དེས་གདམས་པ་གསུངས་པ་ནི། ཇི་ལྟར་སྨན་དང་དུག་ཉིད་ཀྱང་། །རང་གི་ངོ་བོ་གཅིག་ཉིད་ལས། །འབྲས་བུ་ཡང་ནི་གཉིས་སུ་འབྱུང་། །དེ་བཞིན་སྤང་བྱ་གཉེན་པོ་གཉིས། །ངོ་བོ་གཅིག་སྟེ་ཐ་དད་མིན། །མཁས་པས་རྟོགས་ནས་སྤོང་མི་བྱེད། །བྱིས་པ་མི་མཁས་པ་དག་གིས། །མ་རྟོགས་དུག་ལྔས་འཁོར་བར་འཁྱམས། །ཞེས་གསུངས་པས། རྒྱལ་པོ་ལ་སོགས་པའི་སྐྱེ་བོའི་ཚོགས་ཐམས་ཅད་མི་མོས་པའི་སྒྲོ་བསྐུར་འགགས་ནས་གཅིག་ཏུ་མཐུན་པར་དད་པར་གྱུར་ནས། འགྲོ་བ་དཔག་ཏུ་མེད་པ་ལམ་ལ་གནས་པར་གྱུར་ཏེ། ཚིག་ཏུ་ཡང་དྲིལ་བུ་པ་ཞེས་བརྗོད་པས་དེ་ཕན་ཆད་སློབ་དཔོན་དྲིལ་བུ་པཱ་ཞེས་ཕྱོགས་མཚམས་ཐམས་ཅད་དུ་གྲགས་སོ། །བུ་མོ་དེས་སློབ་དཔོན་ལ་སྐྱེ་བ་སྔ་མ་ལ་ལན་དྲུག་གི་བར་དུ་ཚུལ་ཁྲིམས་ལ་བར་ཆད་བྱས་པ་ཡིན་ལ། ད་རེས་ཀྱང་ཚུལ་ཁྲིམས་ལ་བར་ཆད་བྱས་པ་ལ་སློབ་དཔོན་ཆོས་ཉིད་ཀྱི་ངང་དུ་གཉིས་འཛིན་གྱི་རྣམ་རྟོག་ཐམས་ཅད་སྟོར་ནས་རྒྱུད་སྨིན་པའི་སྟོབས་ཀྱིས་ལམ་དུ་སོང་བ་ཡིན་ནོ། །སྲས་ནི་ཕྱག་རྡོར་རོ། །བུ་མོ་དེས་ཀྱང་སྔར་ནས་བསྙེན་བཀུར་བྱས་པའི་ཕན་ཡོན་གྱིས་ད་རེས་དྲི་མ་དག་པ་ཡིན་གསུངས། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སློབ་དཔོན་དྲིལ་བུ་པ་ལུས་དེ་ཉིད་ཀྱིས་གཉིས་ཀ་མཁའ་སྤྱོད་དུ་གཤེགས་སོ། །གུརུགྷཎྛཔཱ་སྟེ་དྲིལ་བུ་པཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact