| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༥༥༽གུརུགུཾཊརིཔཱ། Mahāsiddha Godhuripa
༈གུརུགུཾཊརིའི་ལོ་རྒྱུས་ནི། ཡུལ་ཊིས་སུནགར། རིགས་བྱ་པ། དེ་ཡང་རྟག་ཏུ་དོལ་ཁུར་ནས་བྱ་རྔོན་བྱེད་པ་ལ། དུས་གཅིག་གི་ཚེ་དེའི་གམ་དུ་རྣལ་འབྱོར་པ་ཞིག་བྱོན་ནས་རིགས་ཀྱི་བུ། ཁྱོད་ཅི་བྱེད། སྨྲས་པས། བྱ་པ་ན་རེ། འཕགས་པ་བདག་གི་སྔོན་ལས་ངན་པ་བསག་པས་བྱ་པའི་རིགས་སུ་སྐྱེས་ནས། འཚོ་བའི་ཆེད་དུ་སྲོག་ཆགས་ལ་དུས་རྟག་ཏུ་རྣམ་པར་འཚེ་བར་བགྱིད་པས་སྐྱོ་ཡིན་གདའ་འོ་ཞུས་པས། རྣལ་འབྱོར་པ་ན་རེ། ལས་དང་ལས་ཀྱིས་ཚེ་འདིར་སྡུག །འདི་བས་ཕྱི་མར་ཆེར་སྡུག་ན། །རྟག་ཏུ་བདེ་བ་དམ་པའི་ཆོས། །སྒྲུབ་པར་མི་བྱེད་ཅིས་ཏེ་ཨང་། །ཞེས་གསུངས་པས། དེ་ན་རེ། བླ་མ་ལགས་བདག་འདྲ་བའི་སེམས་ཅན་སྡིག་ཅན་ལ་ཐུགས་རྗེ་འཁྲུངས་ནས་གདམས་པ་སྩལ་ན། ཅིས་དེ་མི་སྒྲུབ་ཟེར་བས། རྣལ་འབྱོར་པས་དེ་ལ་བྱིན་རླབས་འཕོ་བའི་དབང་བསྐུར་མཛད་ནས། དམིགས་པ་གཅིག་པའི་གདམས་ངག་རང་ཉིད་ཀྱི་དམིགས་པ་དང་མཐུན་པ་བྱིན་ཏེ། འཇིག་རྟེན་གྱི་སྒྲ་ཐམས་ཅད་བྱའི་སྒྲར་སྒོམས། བྱའི་སྒྲ་དང་རང་གི་ཤེས་པའི་དམིགས་པ་གཉིས་གཅིག་ཏུ་གྱིས་ལ་སྒོམས་ཤིག །གསུངས་ལ། དེ་ཉིད་ཚིགས་སུ་བཅད་དེ་གསུངས་པ། དེ་སྒྲ་ལ་སེམས་ཤོར་ནས་སླར། །ཁུ་བྱུག་སྒྲ་སྙན་སྒྲ་གྲགས་ཏེ། །སྒྲ་རྣམས་སྒྲ་ཙམ་ཉིད་དུ་གཅིག །དེ་བཞིན་སྒྲ་དང་སྒྲར་འཛིན་པ། །ཁྱབ་བྱེད་ཆོས་ཉིད་ངོ་བོ་སྒོམས། །ཞེས་གསུངས་པས། དེ་ལྟར་བསྒོམས་པ་ན་སྒྲ་གྲགས་སྟོང་དབྱེར་མེད་དུ་རྟོགས་ཏེ། ལོ་དགུ་ན་སེམས་ཀྱི་དྲི་མ་དག་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། རང་གི་རྟོགས་པ་བརྗོད་ནས་ལོ་བརྒྱའི་བར་དུ་འཇིག་རྟེན་དུ་བཞུགས། སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་དེ། འཁོར་སུམ་བརྒྱ་དང་བཅས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུགུཾཊརའི་ལོ་རྒྱུས་རྫོགས་སོ།། །།
