Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༥༤༽གུརུཅེལུཀཔཱ། Mahāsiddha Celukapa

༈གུརུཅེལུཀའི་ལོ་རྒྱུས་ནི། ཡུལ་བྷངྒཱལཔུར། རིགས་དམངས་རིགས། བླ་མ་མིཏྲཔཱ། དེ་ཡང་གཉིད་ཆེ་བས་དུས་རྟག་ཏུ་གཉིད་ཀྱིས་དབང་དུ་སོང་ནས་བརྩོན་འགྲུས་རྩོམ་མི་ནུས་པ་ལ། དུས་གཅིག་གི་ཚེ་འཁོར་བའི་ཉེས་དམིགས་ལ་སྐྱོ་ནས་ཤིང་རྩ་ཞིག་ཏུ་གནས་པ་དང་། དེར་རྣལ་འབྱོར་པ་ཞིག་འོངས་ནས་ཁྱེད་འདི་ན་ཅི་བྱེད་ཀྱིན་འདུག་ཅེས་གསུངས་པས། ཅེལུཀ་ན་རེ་བདག་འཁོར་བ་ལས་ཐར་བའི་ཐབས་ཆོས་སྒྲུབ་སྙམ་པ་ལ་ཆོས་སྟོན་པའི་སློབ་དཔོན་དང་མ་འཕྲད་ཅིང་། སྒྲིབ་པའི་རང་བཞིན་གྱིས་གཉིད་ཆེ་བས་བརྩོན་འགྲུས་རྩོམ་མི་ནུས་པས། ཉིད་ཀྱིས་བདག་ལ་ཆོས་ཀྱང་སྦྱིན་དགོས་ཤིང་། གཉིད་ཆུང་བའི་ཐབས་ཤིག་མ་བྱིན་ན་ཕན་པ་མེད་ཞུས་པས། རྣལ་འབྱོར་པ་མཻཏྲིཔཱ་ན་རེ། ཁྱོད་ལ་དབང་བསྐུར་ན་གཉིད་ཆུང་ལ་འཁོར་བ་ལས་ཀྱང་ཐར་བ་ཡིན་གསུངས་ནས། བདེ་མཆོག་ཏུ་དབང་བསྐུར་ཏེ། མི་ཟབ་པའི་རྫོགས་རིམ་རྩ་རླུང་གི་གདམས་ངག་འདི་ལྟར་བྱིན་ཏེ། སྣང་སྲིད་ཐམས་ཅད་རང་གི་ལུས་ངག་ཡིད་གསུམ་དུ་བསྡུས་ལ། ལལནཱ་དང་རསནཱ་དབུ་མ་ཨཝདྷཱུཏིར་ཆུག་ལ། ལུས་དང་དྷཱུཏཱི་མཚོར་བསྒོམས། ཤེས་པ་ངང་པར་བསྒོམས་ལ་མཚོ་ནང་དུ་ངང་པ་འཕྱོ་བར་སྒོམས་ཤིག་གཉིད་ཀྱང་ཆུང་ལ་རླུང་དྷཱུ་ཏཱིར་ཚུད་པས་མི་རྟོག་པ་ངང་གི་སྐྱེས་པ་ཡིན། གསུངས་ནས་གདམས་ངག་བྱིན། དེས་ཀྱང་བསྒོམས་པས་ལོ་དགུ་ན་དྲི་མ་དག་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། སྣང་སྲིད་ཆོས་རྣམས་རང་གི་ལུས་ངག་ཡིད་ལ་འདུས། །དེ་ཡང་གཟུང་འཛིན་མི་རྟོག་རྩ་ནི་གསུམ་དུ་འདུས། །གཉིས་པོ་དབུ་མར་འདུས་ནས་རྒྱ་མཚོར་བསྒོམས་བྱས་ལ། །རྣམ་པར་ཤེས་པའི་ངང་པ་དེ་ཡི་བཅུད་ཀྱིས་འཚོས། །ཞེས་གསུངས་ནས། དེས་རྟོགས་པ་བརྗོད་དེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཅེལུཀའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact