| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༦༠༽གུརུཅམཔཱཀ Mahāsiddha Campaka
༈གུརུཅམཔཀའི་ལོ་རྒྱུས་ནི། ཡུལ་ཅམཔཱཀ་ཡིན་ཞིང་། མེ་ཏོག་གི་མིང་ལ་བཏགས་པ་ཡིན་ནོ། དེར་རྒྱལ་པོ་ཞིག་ལ་རྒྱལ་སྲིད་ཀྱི་འབྱོར་པ་ཕུན་སུམ་ཚོགས་ཤིང་ལོངས་སྤྱོད་ཀྱིས་བྲེལ་པ་མེད་པ་ཞིག་ཡོད་ལ། དེ་ལང་ཚོས་དྲེགས་རྒྱལ་སྲིད་ཀྱི་བདེ་བས་མྱོས་ནས་ཕྱི་མ་མི་དྲན་པར་གནས། དུས་གཅིག་གི་ཚེ་རྒྱལ་པོ་དེ་མེ་ཏོག་ཅམ་པཱ་ཀའི་སྐྱེད་མོས་ཚལ་གྱིས་ནང་དུ་མེ་ཏོག་གི་ཁང་པ་ལེགས་པར་བྱས། འདུག་པའི་སྟན་དང་། སྔས་ཀྱང་མེ་ཏོག་ཅམཔཱཀ་ཁ་དོག་སེར་པོ་དྲི་ཞིམ་པོ་ལས་བྱས་ཏེ། དེ་ལྟ་བུའི་ནང་ན་གནས་པ་ན། རྣལ་འབྱོར་པ་ཞིག་གིས་དེ་ལ་བསོད་སྙོམས་བསླངས་པས། རྒྱལ་པོས་ཀྱང་ཞབས་བཀྲུས་སྟན་བསྟབ་པ་ལ་སོགས་པ་བྱས་ནས། བཞེས་ཆབ་དྲངས། དེས་ཆོས་གསུངས་པས། རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་དེ་མཆོད་གནས་སུ་ཞུས་ཏེ་བཞུགས་པ་ན། རྒྱལ་པོ་ན་རེ། རྣལ་འབྱོར་པ་ཡུལ་མང་པོར་བྱོན་ན། མེ་ཏོག་འདི་འདྲ་བ་དང་བདག་འདྲ་བའི་རྒྱལ་པོ་གཞན་ན་གཟིགས་སམ། ཞུས་པས། རྣལ་འབྱོར་པ་དེ་ན་རེ། མེ་ཏོག་ཙམཔཱཀ་ནི་དྲི་མཆོག་ལྡན་གྱུར་ཀྱང་། །རང་གི་ལུས་ལས་དྲི་མ་སྣ་ཚོགས་དེ་མ་ཡིན། །རྒྱལ་པོ་རྒྱལ་སྲིད་གཞན་ལས་ཁྱད་པར་འཕགས་གྱུར་ཀྱང་། །འཆི་བར་གྱུར་པའི་ཚེ་ན་གང་ཡང་མེད་པར་འགྲོ། །ཞེས་གསུངས་པས། རྒྱལ་པོས་བརྟགས་པས་ལུས་ལ་ཞེན་པ་རང་ལོག་སུ་སོང་ནས། སླར་དེ་ལ་གདམས་པ་ཞུས་པས། རྣལ་འབྱོར་པ་དེས་དང་པོར་ལས་རྒྱུ་འབྲས་བསྟན། དེ་ནས་དབང་བསྐུར་ཏེ་གདམས་པ་ལམ་བསྐྱེད་རྫོགས་གནང་བས། དེའི་རྣམ་རྟོག་མེ་ཏོག་ལ་སོགས་པ་ལ་སོང་ནས་སྒོམ་དུ་མ་འདོད་པ་ལ། དེ་རྟོག་པ་ལམ་ཁྱེར་གྱི་གདམས་པ་འདི་ལྟར་གནང་ངོ་། །སྣང་ཙམ་ཉིད་ནས་སྟོང་པ་ན། །བླ་མའི་མན་ངག་མེ་ཏོག་ལ། །རང་སེམས་བུང་བ་གནས་པར་བྱེད། །ཟག་མེད་བདུད་རྩིའི་སྦྲང་རྩི་གསུམ། །ངོ་བོ་གཅིག་ཏུ་བསྒོམ་པ་ན། །འབྲས་བུ་བདེ་ཆེན་འབྱུང་བར་འགྱུར། །དྲུག་པ་རྡོ་རྗེ་འཆང་ཆེན་གྱི། །བཀའ་ཡིན་ཐེ་ཚོམ་མེད་པར་སྒོམས། །ཞེས་གསུངས་པ། དེས་ཀྱང་ལོ་བཅུ་གཉིས་སུ་བསྒོམས་པས། གདམས་ངག་དང་རང་སེམས་ཀྱི་གནས་ལུགས་ཉམས་མྱོང་གསུམ་དབྱེར་མེད་དུ་རྟོགས་པས་གྲུབ་པ་ཐོབ། དེ་མན་ཆད་མཚན་ལ་ཅམཔཱཀཔཱ་བྱ་བར་གྲགས། བཙུན་མོ་ལ་སོགས་པ་འཁོར་དཔག་ཏུ་མེད་པ་ལ་ཆོས་བཤད་ནས། མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཅམཔཱཀའི་ལོ་རྒྱུས་རྫོགས་སོ།། །།
