| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༥༨༽གུརུཇཡཱནྡ། Mahāsiddha Jayānanda
༈གུརུཇཡཱནནྡའི་ལོ་རྒྱུས་ནི། ཡུལ་བྷཾ་ག་ལར་རྒྱལ་པོ་ཞིག་ལ་བྲམ་ཟེའི་བློན་པོ་ཞིག་ཡོད་པ་ལ། དུས་གཅིག་གི་ཚེ་བྲམ་ཟེ་དེ་ཆོས་སྒོར་ཞུགས་ནས། བཀའ་གསང་སྔགས་ཀྱི་ཆོས་གསང་གིན་བསྒྲུབས་པས། བྱིན་རླབས་བྱུང་བ་སུས་ཀྱང་མ་ཚོར་བ་དང་། དུས་རྒྱུན་དུ་གཏོར་མ་མང་དུ་བཏང་བས། བློན་པོ་གཞན་གྱིས་མ་ཐེག་ནས་རྒྱལ་པོ་ལ་ཞུས་པས། རྒྱལ་པོས་ཀྱང་དེ་བཙོན་དུ་བཟུང་སྟེ། ལྕགས་སུ་བཅུག་པ་ན། དེས་རྒྱལ་པོ་ལ་ལྷའི་རྫས་ཕུལ་ཕྱེད་ལོངས་པ་ཆུད་ཟོས་སུ་བཅུག་པ་མེད་པས་བདག་ལྕགས་ལས་ཐོང་ཞིག་བྱས་ཀྱང་རྒྱལ་པོས་མ་ཉན་པ་ན། དེའི་ཕྱི་དེར་གཏོར་མའི་དུས་སུ་བྱ་དག་འོངས་པས། དེ་མེད་པར་རྒྱལ་པོའི་ཁང་པར་བྱ་རོག་དག་འདུས་ནས་དམག་དྲངས་ཏེ། མི་ཐམས་ཅད་ཀྱི་མགོ་བཏོགས་འཚོགས་པར་བྱེད་པས། དེ་ན་བྱ་སྐད་ཉན་ཤེས་པ་ཞིག་གིས་ཉན་པས། ངེད་ཀྱི་ཕ་མར་གྱུར་པའི་བྲམ་ཟེར་རྒྱལ་པོས་བསྡམས་པ་ཡིན་ནོ་ཟེར་ནས། དེ་རྒྱལ་པོ་ལ་སྨྲས་པ་དང་། རྒྱལ་པོ་ན་རེ། དེ་ལྟ་ན་ཁོ་བདེན་ཟེར་ནས། བཟོད་པར་ཕུལ་ཏེ་བྱ་དག་ལོག་ཏུ་ཆུག་ཅིག་ཟེར་བས། དེས་བྱ་དག་ལ་སྨྲས་ནས་བྱ་ལོག་པས་རྒྱལ་པོ་ཆེར་དད་དེ། ཉི་མ་རེ་ལ་འབྲས་ཁལ་ཉི་ཤུ་གཏོར་རྐྱེན་ལ་སོགས་པ་ཕུལ་ལོ། །དེ་མན་ཆད་བླ་མ་ཇཡཱནནྡ་ཞེས་གྲགས་ལ། དེའི་ཞལ་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །བླ་མའི་དྲིན་གྱིས་ཡང་དག་རྟོགས། །བདེ་ཆེན་མཆོག་གི་བློན་པོ་བྱེད། །འཁོར་བའི་འཁོར་དུ་ང་མི་གནས། །གནས་ལུགས་རང་གསལ་རྒྱལ་པོ་དེས། །གཟུང་འཛིན་གཉིས་ཀྱི་དགྲ་ཡང་བཅོམ། །འཁོར་བའི་བདེ་ལ་ཆགས་པ་མེད། །ཀྱེ་ཧོ་མ་རྟོགས་སེམས་ཅན་རྣམས། །ཀྱེ་མ་ཞེས་ནི་ཇཡཱསྨྲ། །ཞེས་གསུངས་ཏེ། འགྲོ་དོན་མང་དུ་མཛད་དེ། ལོ་བདུན་བརྒྱ་ན་མཁའ་སྤྱོད་དུ་གཤེགས་སོ། །གུརུཇཡཱནནྡའི་ལོ་རྒྱུས་རྫོགས་སོ།། །།
