| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༥༧༽གུརུནགུཎ། Mahāsiddha Nirguṇapa
༈གུརུནགུཎའི་ལོ་རྒྱུས་ནི། ནགུཎ་སྟེ་ཡོན་ཏན་མེད་པར་བྱ་བ་ཡིན་ལ། ཡུལ་པཱུརྦ་དེ་ཤ་བྱ་བའི་དམངས་རིགས་ཤིག་གི་ཁྱིམ་ཐབ་ལས་བུ་བཙས་ཏེ། བཙས་སྟོན་རྒྱ་ཆེན་པོ་བྱས་ནས་སྐྱེད་བསྲིངས་པ་ན། དེ་གཉིད་དང་ལེ་ལོ་ཆེ་བས་འཇིག་རྟེན་གྱི་བྱ་བ་གང་ཡང་མ་དྲན་པས། འདི་འདྲ་བའི་ལེ་ལོ་ཅན་གྱི་མི་བྱ་བ་བཟང་ངན་གང་ཡང་མི་འོང་བ་འདི་སྐྱེས་པ་བས་ཤིང་ཐོག་ཅིག་ཡིན་ན་བཟའ་རུ་ཡོད་པ་ལ་ཟེར་ནས་མཐུན་པར་དམོད་པའི་ཚེ། དེ་ཡིད་བྱུང་ནས་ཕྱོགས་དབེན་པ་ཞིག་ཏུ་སོང་ནས་བསྡད་པ་ཡོད་པ་ལ། རྣལ་འབྱོར་པ་ཞིག་བྱོན་ནས་དེ་ལ་གྲོང་ཁྱེར་ནས་བསོད་སྙོམས་ལོངས་ལ་དྲོངས་ཤིག །གསུངས་པས། དེ་ན་རེ། བདག་གིས་མི་ལོངས་པར་འདུག་ན་ཟེར་ནས་ས་ལ་འགོག་ཀྱང་མ་ནུས་པ་ལ། དེའི་ཐུགས་རྗེས་བཟའ་བ་བྱིན་ནས་ཁྱོད་ལ་ཡོན་ཏན་ཅི་ཡོད། གསུངས་པས། འཕགས་པ་བདག་ནི་ནགུཎ་ཞེས་བཏགས་པ་ལགས་ན་ཡོན་ཏན་ཅི་ཡང་མེད་དོ། །ཞེས་ཟེར་ནས། ཁ་ཟས་སོགས་ཉལ་གྱིན་བཟའ་བཏུང་བྱེད་པ་ན། དེ་ལ་རྣལ་འབྱོར་པ་དེས་ཤི་བས་མི་འཇིགས་སམ། བྱས་པས། འཇིགས་ཏེ་ཐབས་མེད་ཟེར། སྒྲུབ་པར་ནུས་ན་ཐབས་སྦྱིན་གྱི་གསུངས་པས། ཉལ་གྱིན་བྱར་ཡོད་ན་ནུས་ལགས་ཟེར་བས། དེ་དབང་བསྐུར་ནས་སྣང་སྟོང་ཟུང་འཇུག་གི་གདམས་པ་འདི་ལྟར་གནང་སྟེ། གཟུང་འཛིན་གང་ཡང་མ་གྲུབ་པར། །མ་རྟོགས་སེམས་ཅན་ཐམས་ཅད་ནི། །སྡུག་བསྔལ་གྱིས་མནར་སྙིང་རེ་རྗེ། །དེ་ཡང་གདོད་ནས་མ་གྲུབ་སྟེ། །སྣང་དང་སྟོང་པ་དབྱེར་མེད་པའི། །འོད་གསལ་རྒྱུད་ལ་སྐྱེས་ནས་ཀྱང་། །སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས། །གྲོང་ཁྱེར་དག་ཏུ་རྒྱུག་པར་བྱ། །ཞེས་གསུངས་པ་ལྟར་དེས་ཀྱང་བསོད་སྙོམས་བྱེད་ཅིང་བསྒྲུབས་པས། འོད་གསལ་ཟུང་འཇུག་གི་རྟོག་པ་སྐྱེས་ནས། གྲུབ་པ་ཐོབ་སྟེ། ཕྱོགས་ཐམས་ཅད་དུ་ཕྱིན་ནས་མི་རྣམས་སུ་ཡིན་ཟེར་བ་ལ། དེས་མི་ཀུན་ལ་བལྟས་ཀྱིན་ངུས་པས། མི་རྣམས་ཀྱང་འདི་འདྲ་བ་སྙིང་རེ་རྗེ་ཟེར་ནས་ངུ་བར་བྱེད། གདུལ་བྱ་སྣོད་དང་ལྡན་པ་ལ་སྣང་སྟོང་དབྱེར་མེད་ཀྱི་ལམ་སྟོན་པར་བྱེད་དོ། །དེ་ནས་རྒྱ་མཚོར་གྲུ་ཞིག་པ་བཞིན་འཁྲུལ་པའི་རྒྱ་ཐམས་ཅད་ཞིག་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཅིང་། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུནགུཎཔཱའི་ལོ་རྒྱུས་རྫོགས་སོ།། །།
