Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༥༩༽གུརུཅཔརིཔཱ། Mahāsiddha Pacaripa

༈གུརུཅཔརི་པའི་ལོ་རྒྱུས་ནི། ཡུལ་ཅམཔཱཀ་ཡིན། རིགས་ཁུར་བ་འཚོང་པའོ། །དེ་ཕོངས་ནས་གོས་ཀྱང་ཀཊུལ་ལས་གོན་རྒྱུ་མེད་པ་ཞིག་ཁྱིམ་བདག་ཕྱུག་པོ་ཞིག་ནས་ཁུར་བ་བླངས་ཤིང་། བཙོངས་ནས་དེའི་ཁེས་འཚོ་བར་བྱེད་པའི་ཚེ། དེ་ཁུར་བ་མར་ཁུར་ཚོས། བཙོས་པ་མ་གཙོངས་པར་རང་ཉིད་ཀྱིས་ཟོས་པས། ཕྱེད་ཙམ་ཟོས་ཟིན་པ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགེ་སློང་ཞིག་ཏུ་སྤྲུལ་ནས་དེའི་གམ་དུ་བྱོན་པ་ན། དེ་དད་པ་སྐྱེས་ནས་ཕྱག་བྱས་ཏེ་ཁུར་བ་ཕྱེད་པོ་དེ་དགེ་སློང་དེ་ལ་དྲངས་པས། དེ་ན་རེ། ཁྱོད་ཀྱིས་འདི་གང་ནས་ཁུགས་པ་ཡིན་གསུངས་པས། དེས་ཀྱང་བདེན་པར་སྨྲས་པ་དང་། འཕགས་པས་འོ་ན་འོ་སྐོལ་གཉིས་ཡོད་མཆོད་དུ་འདུག་པས་ངས་ཡོན་བདག་ལ་ཆོས་ཤིག་བྱ་གསུངས་པས། དེས་ཀྱང་མཎྜྻལ་བྱས་ཏེ་མེ་ཏོག་ལ་སོགས་པ་ཕུལ་བས། སྤྲུལ་པས་ཀྱང་སྐྱབས་འགྲོ་སེམས་བསྐྱེད་བྱིན་རླབས་བྱས་ནས། ཡི་གེ་དྲུག་མའི་གདམས་པ་གནང་བས། དེས་ཀྱང་གུས་པས་བསོད་སྙོམས་ཀྱིས་འཚོ་བ་བྱས་ཏེ་སྒྲུབ་པའི་དུས་སུ། སྔར་གྱི་ཁུར་བའི་བདག་པོ་དེ་འོངས་ནས། དེའི་རིན་བྱིན་ཟེར་བ་ལ། དེས་ང་ལ་ཅང་མེད་ན་བྱས་པས། དེ་བཟུང་ནས་བརྡུངས་པས། དེའི་ཁ་ནས་ང་གཅིག་པུས་མ་ཟོས་སློབ་དཔོན་དང་ངེད་གཉིས་ཀས་ཟོས་ནས་ང་གཅིག་པོ་བརྡུང་ངམ། བྱས་པས། དེ་བཞིན་དུ་སྒྲ་དེ་རྩིག་པ་ལ་སོགས་པ་ནས་ཀྱང་བྱུང་བས་ངོ་མཚར་ནས། བདག་གི་ཁུར་བ་ཁྱེད་ཀྱིས་ཁྱེར་ཏེ་སོང་ཟེར་ནས་བཏང་ངོ་། །དེས་ཀྱང་ལྷ་ཁང་ཞིག་ཏུ་ཕྱིན་ནས་རང་གི་ཡིད་དམ་ཀྱི་རྟེན་ཞིག་ཡོད་པ་ལས་ཁུར་བའི་རིན་བླངས་པས། དེས་དེ་ལ་གསེར་ཏོ་ལ་བརྒྱ་བཏད་པ་ན། དེ་ཁུར་ནས་སྔར་གྱི་ཁྱིམ་བདག་ལ་ཁུར་བའི་རིན་དུ་གཏད། སྔར་གྱི་སྒྲིབ་པ་བག་ཅིག་ཡོད་པ་དེས་དག་ནས། ངའི་བླ་མ་འཕགས་པ་ཡིན་པར་འདུག་སྟེ། རི་པོ་ཏ་ལར་འགྲོ་བར་ཆས་ཏེ་ཕྱིན་པ་ན། བར་དུ་ཚེར་མའི་ནགས་ཤིག་ནས་རྐང་པ་ལ་ཚེར་མ་ཟུག་ནས་སྡུག་བསྔལ་ཆེན་པོ་བྱུང་སྟེ། འཕགས་པ་ལ་སྨྲེ་སྔགས་ཆེན་པོ་ཡང་ཡང་བཏང་པས། འཕགས་པ་ཀྱང་ཞལ་དངོས་སུ་བསྟན་ཏེ། ཁྱོད་ཀྱི་བླ་མ་ང་ཡིན་པས། ད་ཁྱོད་རང་དོན་གཉེར་བར་མ་བྱེད་པར་ཕྱིར་ལོག་ལ་གདུལ་བྱ་རྣམས་དྲང་བར་བྱོས་ཤིག །གསུངས་པས། དེ་དགའ་ནས་ནམ་མཁའ་ལ་འཕགས་ཏེ་ཅམཔཱཀར་ཡང་བྱོན་ནས། ཐམས་ཅད་ཀྱིས་མཐོང་བས་ངོ་མཚར་སྐྱེས་ཏེ། གདམས་པ་ཞུས་པས། སྣང་སྟོང་དབྱེར་མེད་ཀྱི་གདམས་པ་ཡང་གསུངས། དེ་མན་ཆད་བླ་མ་ཅཔཱརིཔ་ཞེས་བྱ་བར་གྲགས་ཏེ། མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཅཔརིཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact