Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༦༤༽གུརུཛཝརིཔཱ། Mahāsiddha Carbaripa

༈གུརུཛཝརིཔཱའི་ལོ་རྒྱུས་ནི། གྲོང་ཁྱེར་མགངྷའི་བྱེ་བྲག་ཅིག་ན་འབྲོག་པའི་རིགས་ཤིག་ལ་འབྱོར་པ་དཔག་ཏུ་མེད་པ་ཡོད་ལ། མཧེ་སྟོང་ལ་སོགས་པ་དང་། རྟ་དང་ལུག་ལ་སོགས་པ་དཔག་ཏུ་མེད་པ་ཡོད་པ་ཞིག་གིས་རང་གི་ཕ་རྒན་ཤི་ནས་འདུ་བ་རྒྱ་ཆེན་པོ་བྱས་པ། གཞན་དུ་ནའང་ཤི་བའི་དུས་འདུ་བ་རྒྱ་ཆེན་པོ་བྱེད་པའི་ཚེ་ཡུལ་དེའི་མི་རྣམས་བོས་ནས་ཞག་མང་དུ་བཟའ་བ་དང་བཅའ་བ་མང་པོ་སྟེར་སྦྱིན་བགོས་ཏེ། མི་རྣམས་ཆུ་བོ་གངྒཱའི་འགྲམ་དུ་ཁྲུས་ལ་ཕྱིན་ནས། དེའི་ཆུང་མ་ཁྱིམ་སོ་སྲུང་བར་བཞག་པའི་ཚེ། དེ་ལ་བུ་ལོ་གསུམ་པ་ཞིག་ཀྱང་ཡོད་ལ། མ་སྨད་གཉིས་ཀྱི་བསྡད་པ་ན། དེའི་ཚེ་བླ་མ་ཇཝརིཔཱ༼ཙརྦརིཔཱ༽གང་ནས་བྱོན་ཆ་མེད་པར་དེར་བྱོན་ནས། དེ་ལ་བཟའ་བ་བསླངས་པས། བུ་མོ་དེས་གཡོ་ཆུང་བས་གཏམ་དྲང་པོར་སྨྲས་པ་ན། ཇཝརི་པཱས་ཁྱོ་ལ་སོགས་པ་ཀུན་ཁྲོ་ན་ང་ཅན་དུ་ཤོག་ཅིག །ང་ནགས་ཡ་གིར་མེ་གཏོང་གིན་འདུག་པ་ཡིན་ནོ། །མི་ཁྲོ་ན་ལེགས་པར་སྡོད་ལ་ང་ལ་བཟའ་བ་དང་བཅའ་བ་སྦྱིན་དགོས་གསུངས་པས། དེས་ཀྱང་བླ་མའི་གཏམ་ལ་ཉན། དེ་གནས་སུ་ལོག །བུ་མོ་སེམས་བདེ་བར་བསྡད། དེར་མི་འགའ་འོངས་པ་ན་སྒྱུག་མོ་འོངས་ནས། ཟ་མ་ལུས་འཕྲོ་ཅན་དུ་བྱས་པ་མཐོང་ནས། དེ་ལ་འབར་བས་དེ་བུ་ཁུར་ནས་རྣལ་འབྱོར་ཅན་དུ་བྲོས་ནས་ཕྱིན་ཏེ་དེ་དེར་སླེབས་པ་ན། ཇཝརི་༼ཙརྦརི༽པས། ལེགས་སོ་གསུངས་ནས་སྔགས་ཆུ་གཏོར་བས་མ་སྨད་གཉིས་རང་འབྱུང་རྡོ་རྗེའི་སྐུར་སོང་སྟེ། ཟས་ལ་སོགས་པ་གང་ཡང་མི་དགོས་པར་གྱུར་ཏོ། །དུས་དེར་ཁྱིམ་དུ་དེའི་ཁྱོ་ཡོང་ནས་དྲིས་པས་གར་སོང་ཆ་མེད་པར་སོང་ངོ་ཟེར་རོ། །དེས་ཀུན་ལ་དྲིས་པས་ཐོས་ཏེ་བསྙེགས་ནས་འོངས་པས། སྔར་གྱིས་གཏམ་བཤད་དོ། །དེ་ལ་ཡང་སྔགས་ཆུ་བཏབ་པས་སྔར་བཞིན་སོང་སྟེ། དེ་གསུམ་སྟན་གཅིག་ལ་གནས་པར་བྱེད་དོ། །ཡང་དེའི་ཕྱི་ནས་གཉེན་འདུན་གཅིག་ནས་གཉིས་སུ་འོངས་པ་དེ་དག་ཐམས་ཅད་དེ་བཞིན་དུ་བྱས་ཏེ། སུམ་བརྒྱ་ཙམ་དེར་མཧེ་བེའུ་སྟོར་བ་ལྟར་འོངས་པས་ཐམས་ཅད་དོན་དང་འཕྲད་དོ། །བུ་མོའི་བུ་ལ་ནི་ཡོན་ཏན་འདི་ལྟ་བུ་ཡོད་དེ། འབྲས་བུ་ནས་ནི་མཁའ་སྤྱོད་ཀྱི་དངོས་གྲུབ་འོངས་ལ། རྡོ་རྗེ་ནས་གསེར་འགྱུར་གྱི་རྩི་འོང་ཞིང་། འོག་སྒོ་ནས་བཅུད་ལེན་དང་། མིག་ནས་མཁའ་ལ་འགྲོ་བ་སོགས་གྲུབ་ཆེན་བརྒྱད་འབྱུང་ངོ་། །ཚུལ་དེ་ཕྱོགས་མཚམས་ཐམས་ཅད་དུ་གྲགས་པས། ཅམཔཱཀའི་རྒྱལ་པོ་མ་ཧི་ལ་སོགས་པའི་སྐྱེ་བོ་རྣམས་བལྟར་འོངས་པས། རྒྱལ་པོ་དད་ནས་ཡབ་ཡུམ་གསུམ་ལ་ལྷ་ཁང་གཅིག་དང་། དེའི་ཕྱིར་གཞན་སུམ་བརྒྱ་ལ་ལྷ་ཁང་གཅིག་བྱས་ལ། མིང་དཱུམཔ་ཞེས་བྱ་བ་གྲགས་སོ། །དེའི་ནང་དུ་རྣམ་རྟོག་ངན་པ་ཡོད་པ་འགྲོར་མི་འདོད་དེ་རྡོ་སྐུ་དེས་རྡུང་བ་ལ་སོགས་པ་བྱེད་དོ། །དེར་སྒྲུབ་གནས་ཆགས་ནས་དུས་ད་ལྟ་ཡང་། ༼ཨབྷཡདཏྟའི་དུས་༽རྣལ་འབྱོར་པ་མང་དུ་ཡོད་དོ་གསུང་ངོ་། །དེ་སྒྲུབ་ཐག་ཤིན་ཏུ་ཉེ་སྟེ། འདི་ནི་འཇིག་རྟེན་པའི་དངོས་གྲུབ་ཡིན་ལ། རྒྱལ་བ་བྱམས་པའི་བསྟན་པའི་བར་དུ་འདུག་ཅིང་དེ་ནས་སེམས་ཅན་གྱི་དོན་བྱེད་དོ། །གུརུཅརྦརིཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact