| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༦༢༽གུརུདྷིལིཔཱ། Mahāsiddha Dhilipa
༈གུརུདྷིལིཔཱའི་ལོ་རྒྱུས་ནི། ཡུལ་སཏཔུརི་ན་མར་ནག་འཚོང་བས་འཚོ་བ་ཞིག་ཡོད་པ་ལ། དེར་མར་ནག་བཙོངས་པས་གར་བྱ་བར་འཚོང་ལེགས་ཏེ། འབྱོར་པས་རྒྱས་ནས་རྣམ་ཐོས་ཀྱི་བུ་དང་མཉམ་པའི་འབྱོར་པ་ཐོབ་ནས་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པར་བྱེད། དེ་ཡང་ཚོད་སྣ་བརྒྱད་ཅུ་རྩ་བཞི་དང་། བཟའ་བ་བཅུ་གཉིས་དང་། བཏུང་བ་ལྔ་ལ་སོགས་པ་རྣམས་རྒྱལ་པོས་མ་ཚོར་བར་ལོངས་སྤྱོད་ཅིང་འདུག་པའི་དུས་གཅིག་ན། པཎྜྻིཏ་བྷཧན་བྱ་བ་དེར་བྱོན་ནས་དེ་ལ་འཁོར་བའི་ཉེས་པ་དང་། ཐར་པའི་སྔགས་པ་བརྗོད་པས། དེ་དད་པ་སྐྱེས་ཏེ། ཆོས་ཞུས་ནས་མཆོད་གནས་སུ་བྱས་པ་ན། དུས་གཅིག་དེ་མར་ཁུའི་སྦྱོར་བ་བྱེད་པ་པཎྜྻིཏ་དེས་གཟིགས་པས། དེ་ལ་ཁྱོད་ཀྱིས་བསྐལ་བ་ནས་བསྐལ་བར་དེ་བཙིར་བས་ཐར་པ་མི་འབྱུང་གསུངས་པས། དེ་ན་རེ་བླ་མ་ལགས་དེ་ལྟར་ན་ཐར་པ་འབྱུང་བའི་ཐབས་ཞུ་ཟེར་བས། དེས་དབང་བསྐུར་ནས་མཚན་མ་རང་གསལ་གྱི་གདམས་པ་འདི་གནང་སྟེ། རང་ལུས་ཏིལ་གྱི་གོང་ཉིད་ལས། །རྣམ་རྟོག་མར་ཁུ་བཙིར་ནས་ཀྱང་། །སེམས་ཉིད་སྣོད་དུ་བླུགས་བྱས་ཏེ། །སྣང་སྟོང་དབྱེར་མེད་སྡོང་བུ་ལ། །རིག་པ་ཡེ་ཤེས་མེ་སྦར་ནས། །མ་རིག་མུན་པ་སྤངས་གྱུར་ཏེ། །ཐར་པའི་བདེ་བ་བླ་ན་མེད། །ཟག་མེད་བདེ་ལ་གནས་པར་འགྱུར། །ཞེས་གསུངས་ནས། དེས་ཀྱང་གུས་པར་བསྒོམས་པས། ལོ་དྲུག་ན་བསྐྱེད་རྫོགས་ཟུང་དུ་ཚུད་དེ་གྲུབ་པ་ཐོབ་ནས་རང་ལུས་ལས་འོད་འཕྲོས་པས་ཕྱོགས་ཐམས་ཅད་དུ་གང་བར་བྱས་པ་ན། དེ་གཞན་གྱིས་མཐོང་ནས་རྒྱལ་པོ་ལ་བསྙད་པ་ན། རྒྱལ་པོས་བལྟར་བཏང་བས་དེ་ལྟར་འདུག་པ་དང་། དེས་ཀྱང་ཟག་པ་མེད་པའི་བདེ་བ་ལ་ལོངས་སྤྱོད་པའི་རྒྱལ་པོ་ང་དང་མཉམ་པ་འགའ་ཡང་མེད་དོ་ཞེས་པ་ལ་སོགས་པ་གསུངས་ཤིང་། ཐམས་ཅད་དད་པ་ལ། དེ་དག་གི་ཁམས་དང་བག་ལ་ཉལ་དང་མཐུན་པའི་གདམས་ངག་གསུངས་ནས་ལོ་དུ་མ་ནས་འཁོར་མང་པོ་དང་བཅས་མཁའ་སྤྱོད་དུ་གཤེགས་སོ། །གུརུདྷིལིཔཱའི་ལོ་རྒྱུས་རྫོགས་སོ།། །།
