| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༦༣༽གུརུཀུམྦརིཔཱ། Mahāsiddha Kumbharipa
༈གུརུཀུམྦརིཔཱའི་ལོ་རྒྱུས་ནི། ཀུམྦཀཱརི་བྱ་བ་བོད་སྐད་ལ་རྫ་མཁན་བྱ་བ་ཡིན། ཡུལ་ཛོམན་ཤྲཱི་བྱ་བ་ན་གང་ཟག་རྫ་མཁན་ཞིག་དུས་རྟག་པར་རྫའི་ལས་ཀྱིས་འཚོ་བའི་ཚེ། དེ་ལ་དེ་སེམས་སྐྱོ་ནས་ཡོད་པ་ལ། དེའི་གམ་དུ་རྣལ་འབྱོར་པ་ཞིག་འོང་ནས་བསོད་སྙོམས་བསླངས་པས། དེས་ཀྱང་བསོད་སྙོམས་དྲངས་ནས། བླ་མ་ལགས། བདག་གིས་འདི་འདྲ་བའི་ལས་རིམ་གཅིག་བྱས་པ་ལས། ཕན་པ་ཆེན་པོ་མ་བྱུང་ཞིང་། ལས་འདི་ཟད་པའམ་ཟིན་པའི་མཐའ་ལར་མ་བྱུང་བས། སྐྱོ་བ་སྐྱེས་པར་གདའོ། །ཞེས་ཟེར་བ་ལ། དེས་སྦྱིན་བདག་ཁྱོད་ཀྱིས་མ་གོའམ། འཁོར་བའི་སེམས་ཅན་འདི་རྣམས་སྡུག་བསྔལ་བ་ལས་བདེ་བ་ནི་འགའ་ཙམ་ཡང་ཡོད་པ་མ་ཡིན་ཏེ། དེ་ཡང་དུས་ཐོག་མ་མེད་པ་ནས་ཐ་མ་མེད་པར་སྡུག་བསྔལ་གཅིག་པུ་ལས་མེད་དེ། སྐྱོ་བ་མ་སྐྱེས་པར་གདའ་ན་གསུངས་པས་དེ་དད་ནས་བླ་མ་དེ་ལས་ཐར་པའི་ཐབས་ཤིག་ཞུ་ལགས་ཟེར་བས། དེས་དབང་བསྐུར་ནས་བསྐྱེད་རྫོགས་གཉིས་ཀྱི་གདམས་པ་འདི་ལྟར་གནང་སྟེ། མ་རིག་པ་ཡི་རྫ་ས་ལས། །ཉོན་མོངས་རྣམ་རྟོག་འདམ་བྱང་སྟེ། །སྲེད་ལེན་འཁོར་ལོས་རིགས་དྲུག་གི །རྫ་བྱས་ཡེ་ཤེས་མེ་ཡིས་སྲེགས། །ཞེས་གསུངས་པས། དེས་རྣམ་རྟོག་ངོ་སྤྲོད་ཀྱི་གདམས་པ་དེ་གོ་ནས། ཟླ་བ་དྲུག་བསྒོམས་པས་འཁོར་བར་འཁྲུལ་པའི་དྲི་མ་དག་ནས་གྲུབ་པ་ཐོབ་སྟེ། མཉམ་པར་བཞག་པས། རྫ་མའི་འཁོར་ལོ་རང་འཁོར་ནས་རྫ་མ་ཡིད་ལ་འཐད་པ་ལྟར་བྱུང་བས། དེའི་གྲོང་ཁྱེར་པས་རིགས་ཀྱི་ཡོན་ཏན་དང་ལྡན་པར་གོ་ནས། བླ་མ་ཀུམྦརིཔཱ་ཞེས་བྱ་བར་གྲགས། དེས་རྟོགས་པ་བརྗོད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ།། །།གུརུཀུམྦརིཔའི་ལོ་རྒྱུས་རྫོགས་སོ།། །།
