Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༦༨༽གུརུ་ཀལཀལ། Mahāsiddha Kilakilapa

༈གུརུཀལཀལའི་ལོ་རྒྱུས་ནི། དེ་ཡང་ཀུ་ཅོ་ཅན་ཏེ། གྲོང་ཁྱེར་བྷརལེར་ན་གང་ཟག་དམངས་རིགས་ཤིག་སྔོན་ལས་ཀྱི་དབང་གིས་ཤིན་ཏུ་ཡང་ཀུ་ཅོ་ཆེ་ནས་གྲོང་ཁྱེར་གྱི་མི་ཀུན་སུན་ཏེ། བསྐྲད་ནས་བཏང་བ་དང་། དེ་སྐྱོ་བ་སྐྱེས་ནས་མཐར་གྱིས་དུར་ཁྲོད་དུ་ཕྱིན་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པའི་ཚེ། རྣལ་འབྱོར་པ་ཞིག་དེར་བྱོན་ནས། ཁྱོད་དུར་ཁྲོད་དུ་ཅིའི་ཆེད་དུ་འདུག །ཅེས་དྲིས་པས། དེས་སྔར་གྱི་ལོ་རྒྱུས་བདེན་པར་སྨྲས་པ་དང་། རྣལ་འབྱོར་པས་དེ་ལ་ཁྱོད་མི་སྐྱོ་བ་དང་། འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཐབས་མི་དགོས་སམ་བྱས་པས། དེས་ཅིས་ཀྱང་དགོས་ཞུས་པས། དེ་ལ་ཕྱག་དང་མཆོད་པ་བྱེད་དུ་བཅུག་ནས། གསང་བ་འདུས་པ་དབང་བསྐུར་ཏེ་སྣང་བ་རང་གྲོལ་གྱི་གདམས་པ་འདི་གནང་ངོ་། །སྒྲ་ཙམ་ཉིད་དུ་རང་དང་གཞན་གྱི་སྒྲ། །ངོ་བོ་གཅིག་ལ་ཐ་དད་མེད་པར་སྒོམས། །དེ་ནས་རང་སྒྲ་ནམ་མཁའི་དབྱིངས་ནས་ནི། །འབྲུག་སྒྲ་ལྟར་གྲགས་མེ་ཏོག་ཆར་འབབ་སྒོམས། །ཞེས་གསུངས་པས། དེས་ཀྱང་འབད་ནས་བསྒོམས་པས། གཞན་ཁྲོ་བ་ལ་སོགས་པའི་སྒྲ་སྒྲ་རང་གིས་རང་སྒྲའི་ནང་དུ་སྟོར་ལ། རང་སྒྲ་དེ་ཡང་མེ་ཏོག་ཆར་འབབ་པའི་ནང་དུ་སྟོར། མེ་ཏོག་གི་རྟོག་པ་ནམ་མཁའི་དབྱིངས་སུ་སྟོར་ནས། སྣང་བ་ཐམས་ཅད་ཕྱག་རྒྱ་ཆེན་པོར་ཤར་ཏེ། སྣང་བ་རང་གྲོལ་དུ་སོང་ནས་གྲུབ་པ་ཐོབ། ཕྱོགས་ཐམས་ཅད་དུ་བླ་མ་ཀུ་ཅོ་ཅན་བྱ་བར་གྲགས། མཐར་གདུལ་བྱའི་དོན་མང་དུ་བྱས་ནས་རྟོགས་པ་བརྗོད་པ་ལ་སོགས་པ་གསུངས་ཏེ། འཁོར་སུམ་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །གུརུཀལཀལའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact