| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༦༦༽གུརུམེཁལཱ། Mahāsiddha Mekhalā
༈གུརུམེཁལཱའི་ལོ་རྒྱུས་ནི། ཡུལ་དེཝཱིཀོཊ་ན་ཁྱིམ་བདག་ཅིག་ལ་བུ་མོ་གཉིས་ཡོད་པ་ལ། དེད་དཔོན་ཞིག་ལ་ཡང་བུ་གཉིས་ཡོད་པ་གཉེན་དུ་བྱས་པ་དང་། བུ་མོ་དེ་གཉིས་ལ་ཐམས་ཅད་ཁ་ཟེར་བར་བྱེད་པ་ལ། དེ་གཉིས་ཀྱིས་ངན་པ་བྱས་པ་ནི་ཅི་ཡང་མེད་དོ། །དེའི་ཚེ་ནུ་མོ་ན་རེ། རྒྱུ་མཚན་མེད་པ་ལ་ཁ་ཟེར་བ་འདི་འདྲ་ལས་གཞན་དུ་འཁྱམས་དགོས་ཟེར། ཕུ་མོ་ན་རེ། གང་དུ་ཕྱིན་ཀྱང་ཚོགས་མ་བསགས་པས་འདི་དང་ཁྱད་མི་འོང་བས་འདི་རང་དུ་བསྡད་དགོས་ཟེར་བའི་ཚེ་བླ་མ་ཀཔཱ་བྱ་བ་དེར་བྱོན། དེ་ནི་རྣལ་འབྱོར་ཕོ་མོ་བདུན་བརྒྱས་བསྐོར་བ། མ་རེག་པའི་གདུགས་དབུ་ལ་འཁོར་བ། ཌཱམརུའི་སྒྲ་མ་དཀྲོལ་བར་འཁྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་གྲགས་པས། སྤུན་གཉིས་ཀྱིས་འོ་སྐོལ་གཉིས་ལ་ཡུལ་མི་དང་ཁྱོས་ཀྱང་ཁ་ཟེར་བས། བླ་མ་འདི་ལ་གདམས་པ་ཞུས་ནས་སྒྲུབ་པ་བྱེད་དགོས་བྱས་ནས་དེའི་ཅན་དུ་ཕྱིན་ནས། སྔར་གྱི་ལོ་རྒྱུས་བསྙད་ཅིང་གདམས་པ་ཞུས་པས། དེས་ཀྱང་གནང་སྟེ། དབང་བསྐུར་ནས་ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་ཟུང་འཇུག་ཕག་མོའི་གདམས་པ་གནང་ངོ་། །དེ་གཉིས་ཀྱིས་ཀྱང་བརྩོན་པས་བསྒྲུབས་པས་ལོ་བཅུ་གཉིས་ནས་གྲུབ་པ་ཐོབ་སྟེ། བླ་མ་ཅན་དུ་ཕྱིན་ནས་ཕྱག་དང་མཆོད་པ་བྱས། བཀའ་དྲིན་གྱིས་ཁྱབ་པའི་གཏམ་བཏང་བས། བླ་མས་ཁྱེད་གང་པ་ཡིན། ངས་མ་ཤེས་གསུངས་པས། སྔར་གྱི་ལོ་རྒྱུས་བསྙད་དོ། །འོ་ན་ང་ལ་ཡོན་འབུལ་དགོས་གསུངས་པས། དེ་གཉིས་ཀྱིས་བླ་མ་ཅི་བཞེད་པ་འབུལ་ཞུས་པས། འོ་ན་ང་ལ་ཁྱེད་གཉིས་ཀྱི་མགོ་བོ་བྱིན་ཅིག །གསུངས་པས་དེས་ཀྱང་བླ་མ་བཞེད་ན་འབུལ་ཟེར་ནས། དེ་གཉིས་ཀྱི་རང་རང་གི་ཁ་ནས་ཡེ་ཤེས་ཀྱི་རང་གྲི་རྣོ་ངར་དང་ལྡན་པ་རེ་ཕྱུང་ནས་ཡན་ལག་གི་དམ་པ་མགོ་བཅད་ནས་ཕུལ་ཏེ། བདག་ཅག་གཉིས་པོ་བླ་མའི་བཀའ་དྲིན་གྱིས། །བསྐྱེད་རྫོགས་ཟུང་འཇུག་འཁོར་འདས་སྤྲོས་པ་བཅད། །ལྟ་སྤྱོད་ཟུང་འཇུག་སྤང་བླང་སྤྲོས་པ་བཅད། །དབྱིངས་རིག་ཟུང་འཇུག་བདག་གཞན་སྤྲོས་པ་བཅད། །སྤྲོས་མེད་བརྡ་ཡི་ཚུལ་དུ་འདི་འབུལ་ལོ། །ཞེས་གསུངས་བཞིན་དབུ་བཅད་དེ་གར་མཛད་པས། ཀ་པའི་ཞལ་ནས། ཨེ་མ་རྣལ་འབྱོར་ཆེན་མོ་གཉིས། །ཡོན་ཏན་མཆོག་ཐོབ་དགེ་བ་སྟེ། །རང་ཉིད་ཞི་བདེ་དམན་པས་ན། །འགྲོ་བའི་དོན་ཕྱིར་གནས་པར་མཛོད། །ཅེས་གསུངས་པས། མགོ་བོ་སླར་གསོས་ཏེ་རྨ་མེད་པར་གྱུར་པས། ཐམས་ཅད་ངོ་མཚར་སྐྱེས་ནས་དབུ་བཅད་མ་སྤུན་གཉིས་སུ་གྲགས། ཀནྷཔཱའི་ཞབས་འབྲིང་བྱས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། ལོ་མང་དུ་འགྲོ་དོན་མཛད་ནས་རྟོགས་པ་བརྗོད་པ་ལ་སོགས་པ་མཛད། དེ་ནས་མཁའ་སྤྱོད་དུ་གཤེགས་སོ། །ཕུ་མོ་སྟེ་གུརུམེཁལའི་ལོ་རྫོགས་སོ།། །།
