Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༦༩༽གུརུཀནྟལི། Mahāsiddha Kantalipa

༈གུརུཀནྟལིའི་ལོ་རྒྱུས་ནི། ཀནྟལི་སྟེ་ཚེམ་བུ་པ་བྱ་བ་ཡིན་ལ། ཡུལ་མ་ཎི་དྷར་ཞེས་བྱ་བར་ཕྱག་དར་བའི་གང་ཟག་ཅིག་འབྱོར་པ་དང་ལོངས་སྤྱོད་ཀྱིས་ཕོངས་ནས་གོས་ཚེམ་བུ་བྱེད་ཅིང་སྦྱངས་པ་ན། དུས་གཅིག་གི་ཚེ་ཚེམ་བུ་བྱེད་པའི་ཁབ་ལག་པ་ལ་ཟུག་སྟེ་ཁྲག་བྱུང་ནས་ཟུག་ཀྱང་ཆེ་བས་མ་བཟོད་ནས་ཕྱོགས་གཅིག་ཏུ་འདྲེ་ལྡོག་བྱེད་པ་ན། མཁའ་འགྲོ་མ་བཻཏལཱི་བུད་མེད་ཅིག་ཏུ་སྤྲུལ་ཏེ་དེའི་གམ་དུ་བྱོན་ནས། ཁྱོད་ཅི་བྱེད་ཅིང་འདུག་གསུངས་པས། དེར་སྔར་གྱི་གཏམ་ལེགས་པར་བཏང་བས། དེས་གསུངས་པས། འདི་བས་སྐྱེ་བ་སྔ་མར་ཡང་སྡུག་བསྔལ་བ་ཆེན་པོ་མྱོང་ལ། ད་དུང་སྐྱེ་བ་ཕྱི་མར་ཡང་དང་ཡང་དུ་འདི་བས་ལྷག་པའི་སྡུག་བསྔལ་ཉམས་སུ་མྱོང་བས་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ་ཡིན་ནོ། །ཞེས་གསུངས་པས། དེ་ན་རེ། དེ་ལས་ཐར་པའི་ཐབས་ཤིག་ཞུ་ཟེར་བ་ལ། མཁའ་འགྲོ་མ་དེས་ཀྱང་ཁྱོད་ཀྱིས་སྒྲུབ་ནུས་སམ། གསུངས་པས། དེས་ཅིས་ཏེ་མི་ནུས་ཟེར། དེ་ནས་དེར་དགྱེས་པ་རྡོ་རྗེར་དབང་བསྐུར། ཚད་མེད་པ་དང་། བླ་མའི་རྣལ་འབྱོར་དང་། བསྐྱེད་རིམ་གྱི་རྣལ་འབྱོར་གནང་སྟེ། བསྒོམས་པས། དེ་ཚེམ་བུ་ལ་རྟོག་པ་སོང་བ་ན་རྟོག་པ་ལམ་ཁྱེར་གྱི་གདམས་པ་འདི་གནང་ངོ་། །སྟོང་ཉིད་བར་སྣང་ཕྱག་དར་ཁྲོད། །དྲན་དང་རིག་པའི་ཁབ་སྐུད་ཀྱིས། །གོས་དག་བཙེམས་པ་སྙིང་རྗེའི་ཁབ། །སྲིད་གསུམ་སེམས་ཅན་ཁྱབ་པར་སྒོམས། །ཞེས་གསུངས་པས། དེས་ཀྱང་དེ་བཞིན་དུ་བསྒོམས་པས་ཆོས་ཐམས་ཅད་སྟོང་པར་རྟོགས་ནས་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་ཐུགས་རྗེ་ཆེན་པོ་སྐྱེས་ནས། དེ་གཉིས་ཟུང་དུ་འཇུག་པའི་མཧཱམུདྲའི་དངོས་གྲུབ་ཐོབ། ཕྱོགས་ཐམས་ཅད་དུ་བླ་མ་ཀནྟལིཔཱ་ཞེས་གྲགས། འགྲོ་བའི་དོན་མང་དུ་མཛད། རྟོགས་པ་བརྗོད་པ་ལ་སོགས་པ་གསུངས་ནས་མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཀནྟལིའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact