| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༧༡༽གུརུཨུདྷིལི་པཱ། Mahāsiddha Udhilipa
༈གུརུཨུདྷིལི་པཱའི་ལོ་རྒྱུས་ནི། ཨུདྷིལི་སྟེ་འཕུར་བ་བྱ་བ་ཡིན་ལ། དེ་ཡང་ཡུལ་དེཝཱིཀོཊབྱ་བ་ན་རྗེའུ་རིགས་ཀྱི་གང་ཟག་ཅིག་སྔར་གྱི་སྦྱིན་པའི་འབྲས་བུས་འབྱོར་པ་རྒྱ་ཆེ་ཞིང་། རང་ཉིད་ཁང་བཟང་གི་ནང་ན་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཅིང་གནས་པའི་ཚེ། ནམ་མཁའ་ལ་སྤྲིན་ཁ་དོག་ལྔ་འདུས་ཏེ་སྤྲིན་ལས་སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་འདྲ་བ་མཐོང་ནས་དེ་ལ་བལྟས་པས། བྱ་ངང་པ་ནམ་མཁའ་ལ་འཕུར་བ་མཐོང་ནས། དེའི་བསམ་པ་ལ་ང་ཡང་འཕུར་ནུས་ན་རེ་དགའ་སྙམ་ནས་བྱ་བ་གང་ཡང་མ་དྲན་པའི་དུས་སུ་བླ་མ་ཀཎརི་པཱ་དེར་བྱོན་ནས་བསོད་སྙོམས་མཛད་པས། དེ་ན་རེ། རྣལ་འབྱོར་པ་བསོད་སྙོམས་འདྲེན་ལགས་ཀྱི་ཉིད་ལ་ནམ་མཁའ་ལ་འཕུར་བའི་ཐབས་མངའ་ན་ཞུ་ཟེར་ནས། བཞེས་ཆབ་གྱ་ནོམ་པ་དྲངས་ནས་ཕྱག་བཙལ་ཡོན་ཕུལ་བས། དེས་དེ་ང་ལ་ཡོད་ཀྱི་གསུངས་པས། རྡོ་རྗེ་གདན་བཞིར་དབང་བསྐུར་ནས། གདམས་ངག་ཏུ་གནས་ཆེན་ཉི་ཤུ་རྩ་བཞི་ན་སྨན་ཉི་ཤུ་རྩ་བཞི་ཡོད་པ་དེར་སོང་ལ་ཊཱཀི་མ་རེ་རེའི་བཟླས་པ་ཁྲི་ཚོ་རེ་ཟློ་ཡིན་སྨན་རེ་འཁྱེར་ཤོག་གསུངས་ནས་བཏང་བས། དེ་ན་རེ། དེ་དག་ཚང་བ་དང་ཇི་ལྟར་བྱེད་པ་ཡིན། ཟེར་བ་ལ། དེ་དང་པོར་ཟངས་ཀྱི་སྣོད་དུ་ཆུག །དེ་ནས་དངུལ། དེ་ནས་གསེར་གྱི་སྣོད་དུ་ཆུག་ཅིག་ནམ་མཁའ་ལ་འགྲོ་བར་ནུས་སོ་གསུངས་པས། དེས་ཀྱང་ལོ་བཅུ་གཉིས་ནས་སྨན་ཚང་བ་དང་། དེ་ལྟར་བྱས་པས་ནམ་མཁའ་ལ་འཕུར་བས་མིང་ཡང་ཨུདྷལི་ཞེས་བྱ་བར་ཕྱོགས་ཐམས་ཅད་དུ་གྲགས་ཤིང་། རྟོགས་པ་བརྗོད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ།། །།གུརུཨཊིལིའི་༼ཨུདྷི་ལིའི་༽ལོ་རྒྱུས་རྫོགས་སོ།། །།
