Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༧༢༽གུརུཀཔཱལ། Mahāsiddha Kapālapa

༈གུརུཀཔཱལའི་ལོ་རྒྱུས་ནི། ཀཔཱལ་སྟེ་ཐོད་པ་ཅན་ནོ། །དེ་ཡང་ཡུལ་རཱཇཔུརི་བྱ་བར་དམངས་རིགས་ལས་ཀྱི་འཚོ་བ་ཞིག་ལ་བུ་ཚ་ལྔ་ཡོད་པ་ལ། སྔོན་ལས་ཀྱི་དེའི་ཆུང་མ་ཤི་ནས་རོ་དུར་ཁྲོད་དུ་བསྐྱལ་པ། དེས་དེ་ཉིད་དུ་ངུ་ཡིན་བསྡད་པ་ན། ཡང་བུ་ཚ་ཀུན་ཀྱང་ཤི་ནས་མིས་དེ་ལ་སྐད་བཏང་བས། དེ་ཀུན་གྱི་རོ་དེར་བསྐྱེལ་ནས་ཡང་ངུ་ཡིན་བསྡད་པ་ན། རྣལ་འབྱོར་པ་ནག་པོ་སྤྱོད་པ་དེར་བྱོན་ནས། ཁྱོད་འདི་ན་ཅི་བྱེད་ཅིང་འདུག་གསུངས་པས། དེ་ན་རེ། རྣལ་འབྱོར་པ། བདག་ཁྱིམ་ཐབ་དང་བུ་ཚ་ཀུན་བྲལ་བའི་མྱ་ངན་གྱིས་ཡིད་གདུངས་ནས་རོ་འདི་རྣམས་བློས་གཏོང་མ་ནུས་ཏེ་འདིར་འདུག་གི་གདའ། ཞུས་པས། སློབ་དཔོན་ནག་པོ་སྤྱོད་པས་གསུངས་པ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འདིའི་རང་བཞིན་ཡིན་ཞིང་། ཁྱོད་གཅིག་པུའི་མ་ཡིན། དེ་ལ་མྱ་ངན་བྱར་མེད་ཅིང་བྱས་ཀྱང་མི་ཕན་པས་དེ་བས་ཆོས་གྱིས། ཁྱོད་འཁོར་བའི་སྐྱེ་འཆི་ལ་མི་འཇིགས་སམ། གསུངས་པས་དེ་ན་རེ། སྐྱེ་འཆི་ལ་འཇིགས་ཏེ། དེ་ལས་ཐར་བའི་ཐབས་མངའ་ན་བདག་ལ་རྩོལ་ཅིག་ཞུས་པས། དེས་དེ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ནས། བསྐྱེད་རྫོགས་ཀྱི་གདམས་པ་བྱིན་ཏེ་སྤྱོད་པ་བྱེད་དུ་བཅུག་བུ་ཚའི་རུས་པས་རྒྱན་དྲུག་བྱེད་དུ་བཅུག་ནས་གྱོན། ཆུང་མའི་མགོ་བོ་བཅད་ནས་ཁ་ཕོར་བྱས་ཏེ། ཐོད་པ་ནི་བསྐྱེད་རིམ། ཐོད་པའི་ནང་སྟོང་པར་ཡོད་པ་ནི་རྫོགས་རིམ་ཡིན་པར་བསྟན་པས། དེས་ཀྱང་སྤྱོད་པ་བྱེད་ཅིང་བསྒོམས་པས། ལོ་དགུ་ན་ཟུང་འཇུག་ཏུ་སོང་སྟེ་གྲུབ་པ་ཐོབ། དེ་ནས་གདུལ་བྱ་རྣམས་ལ། ང་ནི་རྣལ་འབྱོར་ཐོད་པ་ཅན། །ཆོས་རྣམས་རང་བཞིན་བདག་གིས་ནི། །ཐོད་པ་ལྟ་བུར་རྟོགས་པ་ན། །ཤུགས་ལས་བྱུང་བའི་སྤྱོད་པར་གནས། །ཞེས་གསུངས་ནས་ནམ་མཁའ་ལ་གར་བྱས་པས། མི་ཐམས་ཅད་དད་ནས་བླ་མ་ཀཔཱལ་པཱ་ཞེས་གྲགས། རང་གི་རྟོགས་པ་ཡང་བརྗོད། དེ་ནས་ལོ་ལྔ་བརྒྱར་དོན་མཛད། མཐར་འཁོར་དྲུག་བརྒྱ་དང་བཅས་ནས་མཁའ་སྤྱོད་དུ་གཤེགས་སོ། །གུརུཀཔཱལའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact