Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༧༦༽གུརུནཱགབོདྷི། Mahāsiddha Nāgabodhi

༈གུརུནཱགབོདྷིའི་ལོ་རྒྱུས་ནི། འཕགས་པ་ཀླུ་སྒྲུབ་སུཝརྣའི་དགོན་པ་ན་བཞུགས་པའི་ཚེ། རྒྱ་གར་ནུབ་ཕྱོགས་ནས་བྲམ་ཟེ་ཞིག་རྐུ་ཡིན་མཐར་གྱིས་ཡོང་སྟེ། བླ་མ་དེའི་སྒོ་ནས་བལྟས་པས། གསེར་གྱི་སྣོད་ཀྱི་ནང་དུ་བཟའ་བ་གྱ་ནོམ་པ་གསོལ་བ་མཐོང་སྟེ། དེ་ལ་བརྐུ་བའི་བསམ་པ་ཤར་བ་བླ་མས་ཐུགས་ཀྱིས་མཁྱེན་ཏེ། གསེར་གྱི་སྣོད་དེ་ཐང་ལ་བསྐྱུར་བས་འདི་ལྟར་མཛད་པ་ཅི་སྙམ་པ་ན། དེས་དེའི་ནང་དུ་ཕྱིན་ནས་བདག་བརྐུ་སྙམ་པ་ལ། བརྐུ་མི་དགོས་པར་བདག་ཅན་དུ་བསྐྱུར་བ་འདི་ཅི་ལགས། ཞུས་པས། བླ་མས་ང་ནི་འཕགས་པ་ཀླུ་སྒྲུབ་བྱ་བ་ཡིན། ངའི་ནོར་ལ་སོགས་པ་ནི་གཞན་དོན་ཡིན་པས། ཁྱོད་རྐུ་མི་དགོས་ཀྱི་བཟའ་བ་དང་བཅའ་བ་འདི་དག་ཟོ་ལ་སྡོད་ཅིག །འགྲོ་བའི་དུས་སུ་ནོར་ཅི་དགོས་པ་བསྐུར་ལ་བཏང་གི་གསུངས་པས་དེས་དེའི་མཛད་སྤྱོད་ལ་དད་དེ་ཆོས་ཞུས་པས། དེ་གསང་བ་འདུས་པར་དབང་བསྐུར་ནས་མངོན་ཞེན་རང་གྲོལ་གྱི་གདམས་པ་འདི་གནང་ངོ་། །བྱ་བ་ཐམས་ཅད་བློས་ཐོང་ལ། །སྤྱི་བོར་ཀུན་བརྟགས་རྭ་མཆོག་ནི། །རིན་ཆེན་མར་གད་རང་བཞིན་ཅན། །གསལ་འོད་འཕྲོ་བ་བསྒོམས་པར་བྱ། །ཞེས་གསུངས། དེ་ནས་གནས་ཁང་གི་མཐའ་མར་རིན་པོ་ཆེས་གང་བར་བྱས་ནས་བཞག་པས་དེ་དགའ་སྟེ་གདམས་པ་དེ་བསྒོམས་པས། ལོ་བཅུ་གཉིས་ནས་རྭ་དེ་ཆེར་སོང་ནས་གཡོ་འགུལ་དུ་བྱེད་པའི་ཚེ་དེ་ཐུག་ན་སྡུག་བསྔལ་བ་ན། བླ་མ་དེ། དེར་བྱོན་ནས། ཁམས་བདེའམ། གསུངས་པས། དེས་མ་བདེ་བའི་གཏམ་ཞུས་པས་དེ་མཁྱེན་ནས་ཡང་གདམས་པ་གསུངས་པ་ནི། ཀུན་བརྟགས་བསྒོམས་པའི་རྭ་ཆེན་གྱིས། །བདེ་བ་ཐམས་ཅད་འཇོམས་པ་ལྟར། །དེ་བཞིན་དངོས་པོར་མངོན་ཞེན་པས། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལོ། །ཆོས་རྣམས་ཡང་དག་ཡོད་མིན་ཏེ། །མཁའ་ལ་སྤྲིན་ནི་འཁྲིག་པ་བཞིན། །སྐྱེ་བ་གནས་པ་འགག་པ་གསུམ། །གང་ལ་གང་གི་ཕན་གནོད་འབྱུང་། །དེ་བཞིན་སེམས་ཉིད་དག་པ་ལ། །ཅི་ཞིག་ཕན་ཞིང་ཅི་ཞིག་གནོད། །གདོད་ནས་མ་གྲུབ་གཟུང་འཛིན་ཏེ། །རང་རང་ངོ་བོ་ཉིད་ཀྱིས་སྟོང་། །ཞེས་གསུངས་པས། དེས་གནས་ལུགས་སྟོང་པ་ཉིད་རྟོགས་ཏེ། དེ་ལ་ཟླ་དྲུག་མཉམ་པར་བཞག་པས་འཁོར་འདས་དབྱེར་མེད་དུ་རྟོགས་ནས་གྲུབ་པ་ཐོབ་སྟེ། མཚན་ཡང་ནཱ་ག་བོ་དྷི་ཞེས་བྱ་བར་གྲགས། བླ་མའི་གདུང་འཚོབ་ཏུ་བསྐོས་ནས་སེམས་ཅན་ལ་གྲུབ་པ་ཆེན་པོ་བརྒྱད་དེ། ས་འོག་འགྲོ་དང་རལ་གྲི་དང་། །ཚར་བཅད་ཕན་འདོགས་གཉིས་ཀ་དང་། །རིལ་བུ་མིག་སྨན་གཏེར་རྣམས་དང་། །རྐང་མགྱོགས་དག་དང་བཅུད་ཀྱིས་ལེན། །བརྒྱད་པོ་གང་འདོད་བྱིན་ཅིག་གསུངས། །དེ་ལྟར་བྱམས་པའི་བསྟན་པའི་བར་དཔལ་གྱི་རི་དེ་ཉིད་དུ་གནས་ནས་འགྲོ་དོན་གྱིས་ཤིག་གསུངས་ནས་བཞག་པ་ཡིན་ནོ། །ལོ་ཉི་ཁྲིར་བཞུགས་སྐད་དོ། །གུརུནཱགབོདྷིའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact