Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༧༤༽གུརུསཱགར། Mahāsiddha Sakara

༈གུརུསཱགརའི་ལོ་རྒྱུས་ནི། ཡུལ་ཀཱཉྩྨི་ན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བ་ཡོད་ལ། དེ་གྲོང་ཁྱེར་འབུམ་ཚོ་བཅུ་བཞི་ལ་དབང་བྱེད་པ་སྟེ། རྒྱལ་པོ་ཆེན་པོ་ཡིན་པ་ལ་སྲས་མེད་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ལ་གསོལ་བ་བཏབ་པས། དུས་གཅིག་ན་དེའི་ཆུང་མའི་མངལ་དུ་སེམས་ཅན་ཞུགས་པས། བསམ་པ་ཡང་དགེ་བ་ལ་སོགས་པ་བྱུང་ལ། ཟླ་བ་དྲུག་ན་ཉི་ཟླ་ཕྲག་པར་འཆར་བ་དང་། རྒྱ་མཚོ་འཐུང་བ་དང་། རི་རབ་ཟོས་པ་དང་། ཁམས་གསུམ་རྐང་མཐིལ་དུ་མནན་པའི་རྨི་ལམ་བྱུང་བས། དེ་རྒྱལ་པོ་ལ་ཞུས་པས། ངས་མི་ཤེས་པས་མཆོད་གནས་པཎྜྻིཏ་དང་བྲམ་ཟེ་ལ་དྲི་བར་བྱ་གསུངས་ནས། དེ་དག་ལ་ཆོས་སྟོན་ཡོན་དང་བཅས་པ་ཕུལ་ནས་ཞུས་པས། དེ་དག་གི་བརྟགས་པ་ན་ཆོས་ཀྱི་རྒྱལ་སྲིད་འཛིན་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཞིག་བལྟམ་པར་འདུག་པ་ལ། དེ་ལ་འཇིག་རྟེན་པ་མི་དགའ་བས། དེ་དགའ་བའི་ཕྱིར་འཇིག་རྟེན་གྱི་ཕུན་སུམ་ཚོགས་པའི་འབྱུང་གནས་ཤིག་འཁྲུང་ངོ་བྱས་པས། ཐམས་ཅད་དགའ་བར་གྱུར་ཏོ། །དེ་ནས་ཟླ་དགུ་ངོ་བཅུ་ཚང་བ་དང་། བལྟམས་པ་ཡང་མཚན་ཕྱེད་ན་བསོད་ནམས་དང་ལས་ལས་གྲུབ་པའི་མཚོ་ཆེན་པོ་ཞིག་གི་པདྨའི་སྟེང་དུ་བཙས་ཏེ། ཡུལ་ཕྱོགས་དེར་འདོད་པའི་ཡོ་བྱད་ཀྱི་ཆར་བབས་པས། སྐྱེ་བོ་དག་ངོ་མཚར་ནས་སུའི་མཐུ་སྙམ་པ་དང་། ཉིན་ཕྱེད་ཙམ་ནས་དེའི་མཐུ་ཡིན་པར་ཤེས་ནས། མཚན་ཡང་མཚོ་སྐྱེས་གཞོན་ནུ་ཞེས་བཏགས། དེའི་མཐུས་སྐྱེ་བོ་ཐམས་ཅད་འདོད་པའི་ཡོན་ཏན་དང་ལོངས་སྤྱོད་ལ་སྤྱོད་པ་ན། ཡང་སྲས་གཅིག་བལྟམས་ནས་མཆེད་གཉིས་སུ་སོང་བ་དང་། ཡབ་ཡུམ་གྲོངས་ནས་རྒྱལ་སྲིད་གཅེན་ལ་ཕུལ་བས། ཁོང་གི་གཅུང་ལ་གཏད་དེ། དགེ་སློང་མཛད་ནས། ཤྲཱིདྷཱནར་བྱོན་པའི་ཚེ། ལམ་ཁར་འཕགས་པ་སྤྱན་རས་གཟིགས་ཀྱིས་དགེ་སློང་ཞིག་ཏུ་སྤྲུལ་ཏེ་མཇལ་བས་ངོ་མ་ཤེས་པ་ལ། སྤྲུལ་པ་དེས་དགེ་སློང་༼མཚོ་སྐྱེས་༽ལ་གཏམ་དྲིས་པར་བདེན་པར་གསུངས་པས། སླར་དེ་ལ་ལོངས་སྐུ་དང་འཕྲད་པར་འདོད་དམ། གསུངས་པས། དགེ་སློང་གིས་༼མཚོ་སྐྱེས་༽ང་ལ་ཐབས་མེད་ན་འདོད་པ་དེ་ཀ་འདོད་དེ་གསུངས་པས། དེས་འོ་ན་ང་ལ་བླ་མར་འཛིན་ཅིང་གུས་ན་ཐབས་ཡོད་དོ། །གསུངས་པས། དེས་ཕྱག་ལ་སོགས་པ་བྱས་ཏེ་ཞུས་པས། དེས་དགྱེས་རྡོར་གྱི་ལྷ་ཚོགས་སུ་དངོས་སུ་སྤྲུལ་ནས་ཞལ་བསྟན་ཏེ་དབང་བསྐུར་གདམས་པ་གནང་ནས་འཕགས་པ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེས་ཀྱང་ཤྲཱིདྷཱནར་བྱོན་ནས་སྒྲུབ་པ་བྱེད་པའི་ཚེ། རྣལ་འབྱོར་པ་འདྲ་བ་ཞིག་བྱོན་ནས་དེ་ལ་ཁྱོད་འདིར་ཅི་བྱེད་པ་ཡིན་ཟེར་བས། དེས་ཀྱང་དྲང་པོར་གསུངས་པ་དང་། འོ་ན་ང་ཡིས་བསྙེན་བཀུར་བྱ་ཡི། གྲུབ་པ་ཐོབ་པའི་དུས་སུ་བདག་ལ་གདམས་པ་གནང་དགོས་ཟེར་བས། རུང་གསུངས་ནས་ཕུག་པ་སྟོང་པ་ཞིག་ཏུ་བཞུགས་པ་ན། མི་དེས་གཡོག་བྱས་ནས་ལོ་བཅུ་གཉིས་བསྒྲུབས། དེའི་བར་དུ་མུ་གེ་ཆེན་པོ་བྱུང་ནས་མི་མང་དུ་ཤི་བ་ལ། དེ་བླ་མའི་བར་ཆད་དུ་སོང་དོགས་ནས་གསང་གིན་བླ་མའི་ཟས་ཀྱི་ལྷག་རོ་ཉུང་ངན་གྱིས་འཚོ་བ་ན། ཞལ་གཅིག་ཟས་བསླངས་པས་མ་ཁུགས་ནས་རྒྱལ་པོ་ཞིག་གི་ཁང་པར་ཕྱིན་པས་འབྲས་ཆན་ལྷུང་བཟེད་གང་རྙེད་ནས་དེ་ཁྱེར་ཏེ་འོངས་པ་ན། བཟའ་བ་མ་ཟོས་པས་ཕུག་དེར་འོངས་པས་རླུང་ལངས་ཏེ་ས་ལ་འགྱེལ་ནས་འབྲས་ཆན་ཡང་བོ་ནས་སོང་བས། དགེ་སློང་དེས་དེ་ལ་ཆང་འཐུངས་སམ་ཅི། གསུངས་པས། ཆང་གང་ན་འཐུང་། ལྟོགས་ནས་ཤེད་ཆུང་སྟེ་འགྱེལ་བ་ཡིན་སྨྲས་པས། ཟས་མི་ཁུག་པ་ཅི་ཡིན། གསུངས་པ་ལ། བདག་གིས་བླ་མ་ལ་བར་ཆད་དུ་སོང་དོགས་མ་ཞུས་ཏེ། ལོ་བཅུ་གཉིས་སུ་མུ་གེ་ཆེན་པོ་བྱུང་ནས་སྲོག་ཆགས་མང་པོ་ཡང་ཤི། སེམས་ཅན་རྣམས་སྡུག་བསྔལ་བར་གདའ་ཞུས་པས། སློབ་དཔོན་མཚོ་སྐྱེས་ཀྱིས་གསུངས་ནས་དེ་ཙ་ན་ང་ལ་མི་སྨྲ་བར་གསང་བའི་ལུགས་ཡོད་དམ། མུ་གེ་མི་འོང་བའི་ཐབས་ང་ལ་ཡོད་པ་ལ་ད་འདོངས་ཤིག་གསུངས་ནས། འབྲན་ཆན་རྣམས་བསྡུས་ཏེ་ཆུ་ཁར་བྱོན་ནས་གཏོར་མ་བཏང་། ཀླུ་ཆེན་པོ་བརྒྱད་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་གཟིར་བས། དེ་རྣམས་ཀླད་པ་འགེམས་པ་སྙམ་བྱེད་ནས། དེར་འོངས་ཏེ་ལས་ཅི་བགྱི། ཟེར་བ་ལ། འཛམ་བུའི་གླིང་དུ་ཆར་མེད་ནས་སེམས་ཅན་རྣམས་ཤི་བ་ཁྱེད་ཀྱིས་ཉེས་པས། ད་ཡང་ཞག་དང་པོ་ལ་བཟའ་བའི་ཆར་ཕོབ་ཅིག །དེ་བཞིན་དུ་གཉིས་པ་ལ་འབྲུ་དང་། གསུམ་པ་ལ་གནས་མལ་དང་། དེ་ནས་ཞག་གསུམ་དུ་རིན་པོ་ཆེའི་ཆར་ཕོབ་ཅིག །དེ་ལྟར་བྱས་པ་དང་ཆུའི་ཆར་ཕོབ་ཅིག །གསུངས་པས། ཀླུ་རྣམས་ཀྱིས་དེ་བཞིན་དུ་བཀའ་བསྒྲུབས་པས་སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་བ་དང་། དེའི་སྙན་པ་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཅིང་། འདི་ནི་སློབ་དཔོན་ཆེན་པོ་མཚོ་སྐྱེས་ཀྱི་མཐུ་ཡིན་ནོ། །ཟེར་ཞིང་ཐམས་ཅད་དད་པར་གྱུར་ཏོ། །དེ་ནས་སྔར་གྱི་གཡོག་ར་མ་༼རཱམ༽ཞེས་པ་ལ་དབང་བསྐུར་ཏེ་གདམས་པ་གནང་བས་འཇིག་རྟེན་པའི་དངོས་གྲུབ་ཐོབ། གདམས་པ་ནི་དགྱེས་རྡོར་གྱི་བསྐྱེད་རྫོགས་ཀྱི་གདམས་པ་གནང་ནས་འགྲོ་བ་སེམས་ཅན་གྱི་དོན་མ་བྱས་པར་མཁའ་སྤྱོད་ལ་མ་འགྲོ་ཞིག །ད་དཔལ་གྱི་རི་ལ་སོང་ལ་འདི་ལྟར་གྱིས། འགྲུབ་པར་འགྱུར་རོ་གསུངས་ནས། བླ་མ་མཁའ་སྤྱོད་ལ་གཤེགས་སོ། །ར་མས་༼རཱམས་༽ཀྱང་དཔལ་གྱི་རི་ལ་ཉེ་བ་ན་རྒྱལ་པོའི་བུ་མོ་དབང་དུ་བསྡུས་ནས་གཉིས་ཀས་ར་མར་༼རཱམར་༽གཙུག་ལག་ཁང་བཞེངས་པ་ལ་སོགས་པ་བྱས་ཏེ། མཐར་མཁའ་སྤྱོད་དུ་གཤེགས་སོ། །གུརུསཱགརའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact