| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༧༥༽གུརུསརྦབྷཀྴ། Mahāsiddha Sarvabhakṣa
༈གུརུསརྦབྷཀྴའི་ལོ་རྒྱུས་ནི། སརྦབྷཀྴསྟེ་ཐམས་ཅད་ཟ་བ་བྱ་བ་ཡིན་ལ། དེ་ཡང་གྲོང་ཁྱེར་ཨབྷིར་བྱ་བ་རྒྱལ་པོ་སེངྒེ་ཟླ་བའི་མངའ་རིས་ཡིན་ལ། དེ་ན་དམངས་རིགས་ཀྱི་གང་ཟག་ཅིག་ཤིན་ཏུ་གྲོད་པ་ཆེ་ནས་ཟས་ཅི་ཐོབ་ཟ་བ་ན། དུས་གཅིག་གི་ཚེ་བཟའ་བ་ཅི་ཡང་མ་རྙེད་ནས་ཕྱོགས་གཅིག་ཏུ་ལྟོ་ཡིད་ལ་བྱེད་ཅིང་གནས་པ་ན། དཔལ་སརཧཔཱ་དེར་བྱོན་ནས་ཁྱོད་འདི་ན་ཅི་བྱེད་ཅིང་འདུག་གསུངས་པས། དེ་ན་རེ། བདག་ཕོ་བའི་མེ་དྲོད་ཆེ་བས་བཟའ་བ་ཅི་ཟོས་ཀྱང་འགྲང་བ་མི་འོང་ལ། ཁྱད་པར་དེ་རིང་བཟའ་བ་ཅི་ཡང་མ་རྙེད་ནས་སྡུག་བསྔལ་བར་གདའ་ཟེར་བས། སརཧས་ཁྱོད་དེ་རིང་གི་ལྟོགས་པ་ཙམ་ཡང་མི་བཟོད་ན་ཡི་དྭགས་སུ་སྐྱེས་ན་ཅི་ཙུག་བྱེད། གསུངས་པས། དེ་ན་རེ། དེ་འདྲ་བ་གང་ན་ཡོད། ཟེར་བས། དེར་ལྟོས་དང་། གསུངས་ནས་ཡི་དྭགས་བསྟན་པས། འདི་འདྲ་བར་སྐྱེ་བའི་རྒྱུ་གང་ལགས། དེའི་རྒྱུ་བསྟན་པས་བླ་མ་འདི་འདྲ་བ་ལས་ཐར་བའི་ཐབས་ཤིག་ཞུ་ཟེར་བས། རྣལ་འབྱོར་པས་དེ་ལ་དང་པོ་དབང་བསྐུར་ནས་བྷུསུཀུའི་འཇུག་པ་བསྟན་པ་ནི། གྲོད་པ་ནམ་མཁའ་སྟོང་པ་ལ། །ཕོ་བའི་མེ་དྲོད་དུས་མེ་འབར། །སྣང་སྲིད་བཟའ་བཏུང་གཉིས་ཡིན་ཏེ། །ཟོས་པས་ཐམས་ཅད་ཟད་པར་སྒོམས། །ཞེས་གསུངས་ཏེ། དེས་ཀྱང་གུས་པས་བསྒོམས་པས། ཉི་ཟླ་གཉིས་ཀྱང་འཇིགས་ནས་རི་རབ་ཀྱི་ཁོང་སེང་དུ་ཡིབ་པས། མི་རྣམས་མགྲིན་གཅིག་ཏུ། སྣང་བ་ནུབ་པར་གྱུར་ཀྱེ་མ་ཟེར་བས། བྲམ་ཟེ་ཆེན་པོ་ལ་ཊཱཀིམཱ་ཀུན་གྱིས་བསྐུལ་བས་དེ་དེར་བྱོན་ཏེ། དེ་ལ་ད་ཐམས་ཅད་ཟོས་ཟིན་པས་མེད་པར་སྒོམས་ཤིག་གསུངས་པས། དེ་བཞིན་དུ་བྱས་པས་སྣང་སྟོང་ཟུང་འཇུག་ཏུ་རྟོགས་ཏེ། གྲུབ་པ་ཐོབ་ནས་ཉི་ཟླ་ཡང་བྱུང་བས་ཐམས་ཅད་དགའ་བར་གྱུར་ཏོ། །དེར་ལོ་བཅོ་ལྔ་ནས་གྲུབ་པ་བརྙེས་ཤིང་། རྟོགས་པར་བརྗོད་དེ་འགྲོ་དོན་ལོ་དྲུག་བརྒྱར་མཛད། མཐར་འཁོར་སྟོང་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་སོ། །གུརུསརྦབྷཀྵའི་ལོ་རྒྱུས་རྫོགས་སོ།། །།
