Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༧༨༽གུརུཔུཏལི་པཱ། Mahāsiddha Putalipa

༈གུརུཔུཏལི་པཱའི་ལོ་རྒྱུས་ནི། བྷཾགཱལ་ན་དམངས་རིགས་གྱི་གང་ཟག་ཅིག་གིས་ཁྱིམ་ཐབ་བླངས་ནས་ཡོད་པའི་དུས་སུ། བླ་མ་རྣལ་འབྱོར་པ་ཞིག་དེར་བྱོན་ནས་བསོད་སྙོམས་མཛད་པས། དེས་བཟའ་བ་དང་བཅའ་བ་གྱ་ནོམ་པ་དྲངས་ཤིང་། ཡང་དག་པར་དད་དེ་བླ་མར་བཟུང་བ་ན། རྣལ་འབྱོར་པ་དེས་དེ་ལ་དགྱེས་རྡོར་གྱི་དབང་དང་གདམས་པ་གནང་། དགྱེས་རྡོར་གྱི་ཐང་ཀ་ཞིག་ཀྱང་གནང་ནས། འདི་ཐོགས་ལ་གྲོང་དང་གྲོང་ཁྱེར་དུ་བསོད་སྙོམས་གྱིས་སྒྲུབས་ཤིག །གསུངས་པས། དེས་ཀྱང་དེ་བཞིན་དུ་ལོ་བཅུ་གཉིས་སུ་བསྒྲུབས་པས་གྲུབ་པ་ཐོབ་ནས་ཡོད་པ་སུས་ཀྱང་མ་རྟོགས་པ་ན། ཞག་གཅིག་རྒྱལ་པོའི་ཁང་པར་སློང་དུ་ཕྱིན་པས། དེའི་ཐང་སྐུ་ལ་ཁོའི་ལྷ་གདན་དུ་བྱས་ནས་འདུག་པ་མཐོང་བས། རྒྱལ་པོས་དེ་ལ་གཤེ་རུ་བྱུང་བས། དེ་ན་རེ། འདི་བདག་གིས་བྲིས་པ་མ་ཡིན། ལྷ་བཟོ་བས་བྲིས་པ་ལགས་པས། ཉེས་པ་ཡང་བདག་གི་ལྷ་ཁྱེད་རང་གི་ལྷའི་གདན་དུ་བྱས་པ་བྲིས་པས་ཆོག་མོད་བྱས་པས། དེ་བདེན་སྙམ་སྟེ། དེས་ལྷ་བཟོ་བ་བཀུག་ནས་བྲིས་པས། རྣལ་འབྱོར་པ་དེ་ན་རེ། ངའི་ལྷའི་གདན་དུ་ཁྱོད་ཀྱི་ལྷ་འོང་བ་ལ་འདི་ལྟར་བྲིས་ཀྱང་ཅི་བཏུབ། བྱས་པས། རྒྱལ་པོས་དེ་ཅིས་ཏེ་ཟེར་བས། རྣལ་འབྱོར་པས་ངའི་ལྷ་ནི་ལྷའི་ལྷར་གྱུར་བས་སོ་བྱས་པས། རྒྱལ་པོས་དེའི་རྟགས་ཅི་ཡོད་ཟེར། རྣལ་འབྱོར་པས་རྒྱལ་པོའི་ལྷ་སྟེང་དུ་བྲིས་ཀྱང་ནངས་པར་འོག་ཏུ་བབས་ནས་སྡོད་པ་ཡིན་ནོ་བྱས་པས། རྒྱལ་པོ་ན་རེ། དེ་ལྟར་བྱུང་ན་ང་ཡང་ཁྱེད་ཀྱིས་བསྟན་པ་ལ་འཇུག་པ་ལགས་ཟེར་ཆད་བྱས། དེའི་དགོངས་ཀ་རྣལ་འབྱོར་པས་དེ་ལྟར་བསྒོམས་པས་ཕྱི་དེ་བལྟས་པ་ན། རྒྱལ་པོའི་ལྷ་གདན་དུ་སོང་ནས། འདུག་པ་དང་། རྒྱལ་པོ་ངོ་མཚར་སྐྱེས་ཏེ་བླ་མར་གཟུང་ནས་ཆོས་ཞུས་སོ། །དེའི་རྒྱལ་ཁམས་ཐམས་ཅད་ཀྱང་ཆོས་ལ་ཞུགས་པས། བླ་མ་པུཏལིཔཱ་བྱ་བར་གྲགས་ཤིང་། ལོ་ལྔ་བརྒྱར་འགྲོ་དོན་མཛད་ནས་རྟོགས་པ་བརྗོད་དེ། མཐར་འཁོར་དྲུག་བརྒྱ་དང་བཅས་མཁའ་སྤྱོད་དུ་གཤེགས་སོ། །གུརུཔུཏལིཔཱའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact