Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༧༧༽གུརུདཱརིཀཱཔཱ། Mahāsiddha Dārikapa

༈གུརུདཱརིཀཱཔའི་ལོ་རྒྱུས་ནི། ཡུལ་སཱལིཔུཏྲབྱ་བ་ན་རྒྱལ་པོ་ཨིན་དྲ་པཱ་ལ་བྱ་བ་གནས་པ་ལ། དེ་ལིངས་ལ་སོང་ནས་ཉི་མ་དྲོས་པ་ན་ཚོང་འདུས་སུ་འོངས་པ་ལ་མི་ཀུན་གྱིས་ཕྱག་བྱེད་པའི་ཚེ་ལཱུཧིཔཱ་དེ་ན་འདུག་པ་རྒྱལ་པོས་མཐོང་བ་དང་རྒྱལ་པོས་སྨྲས་པ། ཁྱོད་འདྲ་བའི་སྐྱེས་བུ་བྱད་བཞིན་བཟང་ཞིང་ལྟ་ན་སྡུག་པ་ལ། འདི་འདྲ་བའི་ཉའི་རྒྱུ་ལྟོ་མི་གཙང་བ་མ་ཟོ་ཞིག །ཁྱོད་ལ་བཟའ་བ་ཅི་དགོས་བདག་གིས་སྟེར་ཞིང་། གཞན་གང་དགོས་པ་ཡང་སྟེར། རྒྱལ་སྲིད་དགོས་ཀྱང་སྟེར་རོ། །ཟེར་བས། དེས་སྨྲས་པ་མི་འཆི་མི་རྒས་པའི་ཐབས་ཡོད་ན་དེ་ཀུན་བདག་ལ་དགོས་སུ་རུང་ཟེར་རོ། །རྒྱལ་པོས་འོ་ན་བདག་གིས་རྒྱལ་སྲིད་དང་སྲས་མོ་སྦྱིན་བྱས་པས། ལཱུཧིཔས་བདག་མི་དགོས་ཟེར་རོ། །ཅིའི་ཕྱིར་མི་དགོས་བྱས་པས། དེ་ན་རེ། རྒྱལ་སྲིད་ནི་མནོག་ཆུང་ལ་ཉེས་དམིགས་ཆེ་བར་འདུག་པས་ངས་ཀྱང་སྤངས་པ་ཡིན་ཞེས་སྨྲས་པ་དང་། རྒྱལ་པོ་ཨིནདྲཔཱལ་ཡང་རྒྱལ་སྲིད་ལ་སྐྱོ་བ་སྐྱེས་ནས་བྲམ་ཟེའི་རིགས་ཀྱི་བློན་པོ་ལ་སྨྲས་པ། ང་ཡང་འཇིག་རྟེན་འདི་གཙུག་བྱས་ཀྱང་ཚེ་ཕྱིད་པས། ཟོས་པ་དང་གྱོན་པ་ནི་བྱེད་མ་ཡོགས་པར་འདུག་པས་ཆོས་ལ་འགྲོ། རྒྱལ་སྲིད་བུ་ལ་གཏད་པ་མི་ལེགས་སམ། སྨྲས་པས། བློན་པོས་རུང་ཞུས་ནས་སྲས་ལ་རྒྱལ་སྲིད་གཏད་ཏེ། རྒྱལ་བློན་གཉིས་ཀྱིས་དུར་ཁྲོད་དུ་ལཱུཧིཔཱའི་གམ་དུ་ཕྱིན་ནས་སྒོ་བརྡུངས་པ་དང་། སློབ་དཔོན་གྱིས་སུ་ཡིན་སྨྲས་པས། བདག་ཅག་རྒྱལ་བློན་ལགས་སོ་སྨྲས་པ་ན། འོ་ན་ནང་ཤོག་གསུངས་ནས། དེ་གཉིས་ལ་སློབ་དཔོན་གྱིས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས། དེ་གཉིས་ཀྱི་ཡོན་དུ་ཁོ་རང་གཉིས་ཕུལ་ལོ། །དེ་ནས་དཔོན་སློབ་གསུམ་ག་གཞན་གྱི་ཡུལ་ཨོ་དེ་ཤར་ཕྱིན་པ་དང་། དེར་དཔོན་སློབ་གསུམ་བསོད་སྙོམས་མཛད་ཅིང་བཞུགས་ལ། དེ་ནས་ཡུལ་བྷིར་པུར་བྱོན་ནས་ཛིནྟ་པུར་གྱིས་གྲོང་ཞེས་ཀྱང་ཟེར་ལ། དེ་ན་གྲོང་ཁྱེར་འབུམ་ཚོ་གསུམ་ཡོད་དེ། དེ་ན་ལྷ་ཁང་ཞིག་ཡོད་ལ་དེའི་མཆོད་པ་བྱེད་པའི་གར་མཁན་མོ་བདུན་བརྒྱ་ཡོད་པའི་གཙོ་མོའི་གམ་དུ་ཕྱིན་ནས། དེའི་སྒོ་རྩ་པ་སུམ་བརྒྱ་ཙམ་ཡོད་པ་ལ་སྨྲས་པ། ཁྱེད་ཅག་གི་ཇོ་མོ་མི་མི་ཉོ་འམ། དེ་དག་གི་ནང་དུ་སྨྲས་པས་བཙུན་པོ་ན་རེ། ཉོ་ལྟར་འདོང་ཟེར་ནས་སྒོར་བྱུང་སྟེ་བལྟས་པས། ཁྱེའུ་ལྟ་ན་སྡུག་པ་ཞིག་མཐོང་ནས། རིན་ཅི་དགོས། ཟེར་རོ། །གསེར་ཏོ་ལ་བརྒྱ་དགོས་བྱས་ཏེ། རྒྱལ་བུ་དེ་ལ་བཙོངས། དེ་ནས་གཙིགས་སུ་མཚན་ལ་མི་དང་ལྷན་ཅིག་ཏུ་ཉལ་དུ་མ་གཞུག་པར་གཅིག་པོར་གཞོག་ལ། ཁོའི་རིན་འཁོར་བ་དང་ཐོང་ཞིག་ཞེས་ཟེར་ནས་སློབ་དཔོན་དང་བྲམ་ཟེའི་བུ་གཉིས་སོང་ངོ་། །དེ་ནས་རྒྱལ་བུ་དེས་དཱརི་མོའི་ཁྱིམ་དུ་ལོ་བཅུ་གཉིས་ཀྱི་བར་དུ་རྐང་པ་བཀྲུས་པ་དང་། བསྐུ་བྱུག་ལ་སོགས་པ་བྱས། དེ་ཀུན་ཏུ་བླ་མའི་མན་ངག་མ་བརྗེད་པར་བྱས། དེས་ལས་ཀུན་གྱི་ཐོག་མར་འདྲིལ་བའི་ལས་བྱེད་དུ་བཅུག་པས། ལས་ཀྱིས་འཚོས་པའི་གཡོག་པོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པ་དང་། དེའི་དུས་སུ་དཱ་རི་མོའི་གམ་དུ་རྒྱལ་པོ་ཛིན་པ་ཞེས་ཀྱང་བྱ་ཀུཉྫྱི་ཞེས་བྱ་སྟེ། རྒྱལ་པོ་གཞན་ཞིག་གསེར་ཏོ་ལ་ལྔ་བརྒྱ་ཙམ་ཁུར་ནས་འཇིག་རྟེན་གྱི་ཆོས་དོན་དུ་གཉེར་ནས་འོངས་སོ། །སློབ་དཔོན་གྱིས་བར་བྱས་ནས་གསེར་ཏོ་ལ་བདུན་བདུན་འཇལ་གྱིན་འདུག་པ་དང་། དེ་ནས་ཞག་འགའ་ཙམ་ནས་ཀུཉྫྱི་ཕོ་བའི་མེ་དྲོད་ཤོར་བ་དང་། ཁ་ཟས་དྲགས་པའི་རྐྱེན་གྱིས་ཕོ་བ་ན་བས། དེས་མཚན་ཕྱེད་ན་ཕྱི་རོལ་དུ་ཕྱིན་པ་ན། ལྡུམ་རའི་ནང་ནས་ཤིན་ཏུ་དྲི་ཞིམ་པ་དང་འོད་ཅིག་འོང་བ་དེས་མཐོང་ནས་དེར་ཕྱིན་པས་དཱརིམོའི་ཁོལ་དེ་བུ་མོ་བཅོ་ལྔ་ཙམ་གྱིས་ནི་བསྙེན་བཀུར་བྱེད། ཁོ་རང་ཁྲིའི་སྟེང་ན་འདུག་པ་མཐོང་ནས་ངོ་མཚར་སྐྱེས་ཏེ། རིངས་པར་ཁྱིམ་དུ་ཕྱིན་ནས། སྨད་འཚོང་མ་ལ་སྨྲས་པ་དང་། སླར་དེ་ལྟར་གཉིས་ཀ་ཕྱིན་པས། སྔ་མ་བཞིན་མཐོང་ནས་སྨད་འཚོང་མ་འགྱོད་པ་སྐྱེས་ཏེ། དེའི་ཞབས་ལ་ཕྱག་བྱས། བསྐོར་བ་བྱེད་ཅིང་བདག་ཅག་སེམས་ཅན་ལགས་པས། འཁྲུལ་སྟེ་ཡོན་ཏན་ཅན་དུ་མ་ཤེས་ནས་ཉིད་བཀོལ་བས། བདག་ལ་སྡིག་པ་བྱུང་བ་བཟོད་པ་གསོལ། ལོ་བཅུ་གཉིས་ཀྱི་བར་མཆོད་གནས་མཛད་པར་ཞུ་ཞུས་པས། དེ་མ་བཞེད། དེ་ནས་སྨད་འཚོང་མ་དང་ཛིན་པས་བདག་ཅག་ཀྱང་རྗེས་སུ་གཟུང་དུ་གསོལ་བྱས་པས། བར་སྣང་ནས་གྲོང་ཁྱེར་སྟོང་བར་འབེབས་པ་ཞེས་བྱ་བའི་མན་ངག་གསུངས་པ། འཇིག་རྟེན་ཕལ་བའི་རྒྱལ་པོ་ཡི། །གདུགས་དང་གླང་པོ་ཁྲི་དག་ལས། །ང་ཡི་རྒྱལ་སྲིད་ཁྱད་པར་འཕགས། །ཐར་པའི་གདུགས་དང་ཐེག་ཆེན་ཞོན། །སྲིད་པ་གསུམ་གྱི་གདན་ཁྲི་ལ། །དཱརིཀཔཱ་ལོངས་སྤྱོད་བྱེད། །ཅེས་གསུངས། སློབ་དཔོན་འདི་དཱརིམོའི་ཁོལ་པོ་བྱས་པས་མཚན་དཱརིཀཔཱ་བྱ་བར་གྲགས། མཐར་འཁོར་བདུན་བརྒྱ་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་སོ། །གུརུདཱརིཀཔའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact