Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༨༢༽གུརུལཀྵིཀཱར། Mahāsiddha Lakṣmīṅkarā

༈གུརུལཀྵིཀཱརའི་ལོ་རྒྱུས་ནི། ཡུལ་ཨུརྒྱན་གྱི་སམབྷོལནགར་ཞེས་པ་གྲོང་ཁྱེར་འབུམ་ཚོ་ཕྱེད་དང་གསུམ་གྱི་རྒྱལ་པོ་ཨིནདྲབྷཱུཏིའི་ལྕམ་སྲིང་མོ་ཡིན་ལ། དེ་ལ་གཞོན་ནུ་ནས་རིགས་སད་པའི་ཡོན་ཏན་དུ་མ་མངའ་ཞིང་། གྲུབ་ཆེན་ལྭ་ཝ་པཱ་ལ་སོགས་པ་ལས་ཆོས་ཀྱང་མང་དུ་གསན་ཞིང་རྒྱུད་སྡེ་མང་པོ་ཡང་མཁྱེན་པ་ལ། དེ་ལངྐའི་རྒྱལ་པོ་ཇཱལེནདྲའི་བུ་སམ་བོལ་བྱ་བའི་ཆུང་མར་བླངས་པས། རང་གི་མིང་པོ་རྒྱལ་པོ་ཨིནདྲབྷཱུཏིས་ཀྱང་བྱིན་པར་བྱས་ཏེ། ལེན་པའི་ཕོ་ཉ་པ་བྱུང་བ་ན། འཁོར་ཆོས་ཤེས་པ་མང་པོ་དང་བཅས་ཏེ། ནོར་རྫས་ཟད་པ་མེད་པར་བསྐུར་ནས་གྲོང་ཁྱེར་ལངྐཔུརིར་བྱོན། གཟའ་སྐར་ངན་ཟེར་ནས་རྒྱལ་སར་སྤྱན་མ་དྲངས་པའི་དུས་སུ། ལྕམ་གྱིས་སྐྱེ་བོ་དག་གཟིགས་པས། ཐམས་ཅད་ཕྱི་པར་འདུག་པས་ཐུགས་སྐྱོ་བའི་ཚེ། རྒྱལ་བུ་དེའི་འཁོར་རྣམས་ཀྱིས་ཤ་མང་པོ་ཁྱེར་ཏེ་ལིངས་ལས་ལོག་ནས་དེའི་མདུན་ནས་མར་འོངས་པས། ལྕམ་ན་རེ། འདི་ཀུན་སུ་ཡིན། ཅི་བསད། གང་ནས་འོངས། གང་པ་ཡིན། གསུངས་པས། འཁོར་རྣམས་ཀྱིས། ཁྱོད་ཀྱི་ཁྱོ་རྒྱལ་པོས་རི་དཱགས་གསོད་དུ་བཏང་བ་ཡིན། བྱས་པས། གཏམ་དེ་ལྟོ་འགྲངས་པ་ལ་ཁ་ཟས་ཀྱི་གཏམ་བཏང་བ་ལྟར་ཤིན་ཏུ་ཡང་ཐུགས་ལོག་སྟེ། ངའི་མིང་པོ་དེ་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པ་ལ། མུ་སྟེགས་འདི་འདྲ་བ་ལ་ང་བཏང་སྙམ་ནས་དེ་ཉིད་དུ་བརྒྱལ་ལོ། །དེ་ནས་བརྒྱལ་བ་སངས་པ་དང་། གྲོང་ཁྱེར་བ་དེ་རྣམས་ལ་ནོར་རྣམས་བྱིན། འཁོར་ཀུན་ལ་རྒྱན་ཆ་བསྐུར་ནས་ཡུལ་དུ་བཟློག །དེ་ནས་དེ་མན་ཆད་ཞག་བཅུ་རུ་སུ་ཡང་མ་གཏང་ཞིག་ཟེར་ནས། ཁང་པ་གཅིག་ཏུ་བཞུགས་ཏེ། ལུས་ལ་མར་ནག་དང་སོལ་བ་བྱུགས། སྐྲ་བཤིག །གཅེར་བུར་ཕྱུང་ནས་སྨྱོ་རྫུན་བྱེད་ཅིང་། སྙིང་པོའི་དོན་ལས་མ་གཡོས་པར་བཞུགས་པས། དེས་རྒྱལ་པོ་ལ་སོགས་པ་མྱ་ངན་གྱིས་ནོན་ནས་སྨན་པ་ལ་སོགས་པས་སྨན་གྱི་སྦྱོར་བ་བྱེད་པར་བྱས་པས། དེར་སུ་འོངས་པ་ལ་རྡེག་འཚོགས་ཁྲོ་ཕྱང་འཕག་པ་ན། དེ་རྣམས་ཀྱིས་མིང་པོ་ཅན་དུ་ཕོ་ཉ་བཏང་བས། དེ་ཐུགས་བདེ་བར་གནས་ཏེ། འཁོར་བ་ལ་ཐུགས་ལོག་པ་ཡིན་ཏེ་འོང་སྙམ་དུ་དགོངས་སོ། །ལྕམ་གྱིས་དེ་མན་ཆད་སྨྱོན་མའི་བརཏལ་ཞུགས་ཀྱིས་གནས་ནས། ལངྐཔུརིར་ཟས་ཀྱི་ལྷག་མ་ཟ་ཞིང་། དུར་ཁྲོད་དུ་ཉལ་ནས་སྙིང་པོའི་ཆོས་ཉམས་སུ་བླངས་པས། ལོ་བདུན་ནས་གྲུབ་པ་ཐོབ། རྒྱལ་པོ་དེའི་ཕྱག་དར་བ་ཞིག་གིས་ལྕམ་ལ་བསྙེན་བཀུར་བྱས་པས། དེ་ལ་ཡང་གདམས་པ་གནང་ནས་ཡོན་ཏན་ཐོབ་པས། དེས་ཡོན་ཏན་རྟོགས་པ་གཞན་གྱིས་མ་ཚོར་བའི་དུས་སུ་རྒྱལ་པོ་ཇཱལེནདྲ་འཁོར་དང་བཅས་པ་ལིངས་ལ་བྱོན་པ་ན་ནམ་ཚོད་མ་རིག་སྟེ། དེ་ཉིད་ལ་རྒྱལ་པོ་གཉིད་དུ་སོང་། དེ་ནས་ཕྱིན་པས་ལམ་ལོག་པར་འཁྱམས་ཏེ། དེ་དགོངས་ཡུལ་དུ་ལོག་མ་ནུས་པས་ཉལ་ས་མེད་དེ་ལཀྵིཀཱར་ཉལ་བའི་ཕུག་ཏུ་ཕྱིན་ནས། སྨྱོན་མ་འདི་ཅི་རང་བྱེད་དམ་སྙམ་བལྟས་པས། དེ་ནི་རང་ལུས་ལས་འོད་འཕྲོ་བས་གནས་པ་ལ། ཕྱོགས་ཐམས་ཅད་ནས་ལྷའི་བུ་མོ་དཔག་ཏུ་མེད་པས་བསྐོར་ནས་མཆོད་པ་བྱེད་པར་མཐོང་བས། དད་པ་ཡང་དག་པར་སྐྱེས་ཏེ། དགོངས་ཀ་དེར་བསྡད་ནས་ཕྱི་དེ་ཡུལ་དུ་ཕྱིན། སླར་ལོག་སྟེ་ཕྱག་བྱས་པས། ང་འདྲ་བའི་བུད་མེད་ལ་ཕྱག་བྱེད་པ་ཅིག་སྟེ། བྱས་པས། ཡོན་ཏན་ཡོད་པས་ན་གདམས་པ་ཞུ་བྱས་པས། དེས་དེ་ལ། འཁོར་བའི་སེམས་ཅན་ཐམས་ཅད་སྡུག་བསྔལ་བཅས། །བདེ་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། །དེ་ཡང་སྐྱེ་རྒ་ན་འཆི་ལ་སོགས་པས། །འགྲོ་བའི་གཙོ་བོ་ལྷ་མི་དག་ཀྱང་གདུངས། །ངན་སོང་གསུམ་ནི་སྡུག་བསྔལ་ཉིད་ཡིན་ཏེ། །ཕན་ཚུན་ཟ་ཞིང་བཀྲེས་པས་རྟག་ཏུ་ཉེན། །ཚ་ཞིང་གྲངས་པས་ཉེན་པ་དཔག་ཏུ་མེད། །དེས་ན་རྒྱལ་པོ་ཐར་པའི་བདེ་ཆེན་ཚོལ། །ཞེས་གསུངས་པའི་མཐར། ཁྱོད་ངའི་གདུལ་བྱ་མ་ཡིན་གྱི། ཁྱེད་རང་གི་ཕྱག་དར་བ་ངའི་སློབ་མ་ཞིག་གྲུབ་པ་ཐོབ་ནས་ཡོད་པས། དེ་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན་ནོ། །གསུངས་པས། རྒྱལ་པོ་ན་རེ་དེ་མང་དུ་ཡོད་པས་ཇི་ལྟར་ཤེས་པ་ཡིན། ཟེར་བས། དེ་ནི་ཕྱག་དར་བྱས་ནས་བཟའ་བ་སེམས་ཅན་ལ་སྟེར་བ་ཡིན་པས་དེ་ལ་མཚན་པར་གཟུང་ཞིག་གསུངས་པས། དེས་ཀྱང་ལེགས་པར་ཕྱག་དར་བ་ལ་བལྟས་པས་གཅིག་དེ་ལྟར་བྱེད་པས། དེ་སྤྱན་དྲངས་ཏེ་ཁྲི་ལ་བཞག་ནས་ཕྱག་བྱས་གདམས་པ་ཞུས་པས། དེས་དེ་ལ་བྱིན་རླབས་འཕོ་བའི་དབང་བསྐུར་ཏེ། རྡོ་རྗེ་ཕག་མོའི་བསྐྱེད་རྫོགས་གཉིས་བསྟན་ནས། མཐར་ཕྱག་དར་པ་དང་ལྕམ་གཉིས་ཀྱིས་ལངྐཔུརིར་རྫུ་འཕྲུལ་བསྟན་ཏེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུལཀྵིཀཱརའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact