| / Buddhism / Mahasiddhas |
Biographies of "Eighty-Four Siddhas"
༼༨༡༽གུརུཨནཾགཔཱ། Mahāsiddha Anaṅgapa
༈གུརུཨནཾགའི་ལོ་རྒྱུས་ནི། ཡུལ་གྷཧུར་༼གཽཊ༽བྱ་བ་ན་དམངས་རིགས་ཀྱི་གང་ཟག་ཅིག་སྐྱེ་བ་སྔ་མ་ལ་བཟོད་པ་བསྒོམས་པས་གཟུགས་བྱད་ཤིན་ཏུ་མཛེས་པ་ཞིག་ཡོད་པ་དེས་གཞན་ལ་བལྟས་པས་ང་རྒྱལ་སྐྱེས་པ་ན། དེའི་གམ་དུ་དགེ་སློང་ཞི་བ་དུལ་བ་སྤྱོད་ལམ་མཛེས་པ་ཞིག་བྱོན་ནས་བསོད་སྙོམས་མཛད་པས། དེ་ན་རེ། ནང་དུ་གཤེགས། བདག་གིས་ཉིན་ཞག་གཅིག་གི་འཚོ་བ་འདྲེན་པ་ཡིན། ཟེར་ནས་སྤྱན་དྲངས་ཏེ། ཞབས་བཀྲུས་སྟན་བསྟབ་པ་ལ་སོགས་པ་བྱས་ནས་བཞེས་ཆབ་གྱ་ནོམ་པ་དྲངས། དེ་ནས་དེ་ན་རེ་འཕགས་པ་ཉིད་ཟས་བསོད་སྙོམས་དང་དཀའ་ཐུབ་འདི་ལྟར་མཛད་པའི་ཆེད་དུ་བྱ་བ་ཅི་ལགས། ཟེར་བ་ལ། དགེ་སློང་གིས་དེ་ལ་བདག་འཁོར་བ་ལ་འཇིགས་ནས་ཐར་པ་ཐོབ་པར་འདོད་པས་དེའི་ཕྱིར་ཡིན་གསུངས། ཡང་དེས་འཕགས་པ་འོ་སྐོལ་གཉིས་ཀྱི་རྟེན་ལ་ཁྱད་པར་ཅི་ཙམ་བདོག་བྱས་པས། དེས། ཁྱད་ཆེ་སྟེ། ཁྱོད་ཀྱི་རྟེན་ང་རྒྱལ་ལ་ཡོན་ཏན་གྱི་ཆོས་མི་འབྱུང་ལ། བདག་གི་དད་པའི་རྟེན་ལ་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ་། །གསུངས་པས། ཡང་དེས། འཕགས་པ། ཡོན་ཏན་བྱ་བ་ཅི་ལ་ཟེར། ཞུས་པས། དེས། ཚེ་འདིར་ཆོས་བྱེད་པའི་རྟེན་ལ་མི་དང་མི་མ་ཡིན་གྱི་བར་ཆད་མི་འབྱུང་ཞིང་། མཐར་ཐུག་སངས་རྒྱས་ཀྱི་སྐུ་ཐོབ་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་བཤད་པས། དེས་དེ་འདྲ་བ་ཐོབ་པའི་ཐབས་ཤིག་ཞུ། ཟེར་བ་ལ། དེས་དེ་ལ་ས་བརྐོ་བ་དང་འཚོང་པ་ལ་སོགས་པའི་འཇིག་རྟེན་པའི་ལས་ནུས་སམ། གསུངས་པས། དེ་འདྲ་བ་གང་ཡང་མི་ནུས་ཟེར་བ། འོ་ན་སྟན་ཐོག་གཅིག་ཏུ་བསྡད་ནས་སྒོམས་ནུས་སམ་གསུངས་པས། ནུས་ཟེར་ནས། དེས་དེ་བདེ་མཆོག་ཏུ་དབང་བསྐུར་ནས། ཚོགས་དྲུག་རང་གསལ་གྱི་གདམས་པ་འདི་གནང་ངོ་། །སྣ་ཚོགས་སྣང་བ་སེམས་ཀྱི་རང་བཞིན་ལས། །འགའ་ཡང་གུད་ན་ཡོད་པ་མ་ཡིན་པས། །ཚོགས་དྲུག་ཡུལ་ལ་རང་སར་བཞག་པར་བྱ། །མ་ཞེན་མི་འགེགས་དེ་ཡི་ངང་ལ་གཞོག །ཅེས་གསུངས་པས། དེས་ཀྱང་དེ་ལྟར་བསྒོམས་པས་ཟླ་བ་དྲུག་ན་གྲུབ་པ་ཐོབ་སྟེ། བླ་མ་ཨནཾག་པར་གྲགས་ཤིང་། འགྲོ་དོན་མང་དུ་མཛད་ནས། མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཨནཾགཔཱའི་ལོ་རྒྱུས་རྫོགས་སོ།། །།
