Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༨༠༽གུརུཀོཀིལཔཱ། Mahāsiddha Kokilipa

༈གུརུཀོཀིལ་པཱའི་ལོ་རྒྱུས་ནི། གྲོང་ཁྱེར་ཅམཔཱརྣ་༼ཅམཔརྞབ༽ན་རྒྱལ་པོ་ཞིག་ཡོད་པ་ལ། སོས་ཀའི་དུས་སུ་རྒྱལ་སར་ཚ་བས་མ་ཚུགས་ནས། ཤིང་ཨམྲའི་སྐྱེད་མོས་ཚལ་གྱིས་གྲིབ་མ་དང་། ཆུ་གྲང་མོ་དང་མེ་ཏོག་ཤིང་ཐོག་སྣ་ཚོགས་པ་དྲི་ཞིམ་པ་ཁ་དོག་ལེགས་པ་ལ་སོགས་པས་དགྱེས་ནས། ཨ་མྲའི་སྐྱེད་མོས་ཚལ་དུ་དར་ཟབ་ལ་སོགས་པའི་སྟན་དང་སྔས་ལ་ནི་འདུག །རྒྱལ་བུ་ལ་སོགས་པས་བསྙེན་བཀུར་བ་དང་། བུ་མོ་གཞོན་ནུ་མ་མང་པོ་ལ་ལས་དྲིལ་ཕྱིས་བྱེད། ལ་ལས་རླུང་གཡབ་གཡོབ། ལ་ལས་གླུ་དང་ལ་ལས་གར་བྱེད། ལ་ལས་མེ་ཏོག་འཐོར་ཞིང་། རྒྱལ་སྲིད་ཀྱི་འདོད་ཡོན་ལ་ཆགས་པས། མི་ལུས་ཆུད་ཟོས་པའི་ཚེ། ཡང་དག་པའི་དགེ་སློང་ཞིག་དེར་བྱོན་པ་ན། སྒོ་རྩ་པ་སུམ་བརྒྱ་ཙམ་ཡོད་པ་དེས་དེ་དག་གིས་ནང་དུ་མ་བཏང་བ་ན། རྒྱལ་པོས་དེ་ཐོས་ཏེ་དེ་ནང་དུ་ཐོང་ཞིག་གསུངས་ནས་ནང་དུ་བྱོན་པས། རྒྱལ་པོས་དེ་ལ་བཟའ་བ་ལ་སོགས་པ་དྲངས་ནས། རྒྱལ་པོས་དགེ་སློང་ལ་ཁྱོད་ཀྱི་ཆོས་དང་ངའི་ཆོས་གང་དགའ། བྱས་པས། དགེ་སློང་གིས་སྨྲས་པ། བྱིས་པས་བལྟས་ན་ཁྱེད་ཀྱི་བཟང་། །མཁས་པས་བལྟས་ན་དུག་དང་བཅས། །གསུངས་པས། རྒྱལ་པོས་དུག་ཅེས་བྱ་བ་ཅི་ལ་ཟེར་བ་ལགས། བྱས་པས། དེས་དུག་གསུམ་རྒྱས་པར་གསུངས་ཏེ། དུག་དེ་དང་རྒྱལ་སྲིད་བསྲེས་ན་ཐ་མ་ངན་སོང་དུ་འགྲོ་ཞིང་སྡུག་བསྔལ་ཏེ། དཔེར་ན་དུག་དང་འདྲེས་པའི་བཟའ་བཏུང་བཟང་པོ་ཟོས་པ་དང་འདྲའོ། །བྱས་པས། རྒྱལ་པོ་དེ་རིགས་སད་ཀྱི་གང་ཟག་ཡིན་པས་དེ་བླ་མར་བཟུང་། གདམས་ངག་ཞུས་པས་དགེ་སློང་དེས་དེ་ལ་བདེ་མཆོག་ཏུ་དབང་བསྐུར་ནས་ལམ་བསྟན་ནོ། །དེས་རྒྱལ་སྲིད་བུ་ལ་གཏད་དེ་རྩ་བ་ནས་སྤང་ནུས་ཀྱང་། ཨམྲའི་ཚལ་གྱི་ཀོཀིལའི་སྒྲ་ལ་ཡིད་ཆགས་ནས་ལམ་སྒོམ་དུ་མ་བཏུབ་པ་ལ། དགེ་སློང་དེས་དེ་ལ་རྟོག་པ་གང་སྐྱེས་གཅིག་ཅར་གྲོལ་བའི་གདམས་པ་འདི་ལྟར་གནང་ངོ་། །དཔེར་ན་ནམ་མཁའ་སྟོང་པ་ལ། །འབྲུག་སྒྲ་སྤྲིན་རྣམས་འདུ་བར་བྱེད། །དེ་ལས་ཆར་རྒྱུན་འབྱུང་བ་ཡིས། །རྩི་ཤིང་ལོ་ཏོག་རྒྱས་པ་ལྟར། །དེ་བཞིན་རྣ་བ་སྟོང་བར་ནི། །ཀོ་ཀི་ལ་ཡི་འབྲུག་སྒྲ་ཡིས། །ཉོན་མོངས་དུག་གི་ཆར་རྒྱུན་གྱིས། །ཆགས་སྡང་ལོ་འདབ་རྒྱས་པར་བྱེད། །མི་མཁས་བྱིས་པའི་རང་བཞིན་ཅན། །སེམས་ཉིད་སྟོང་པའི་ངང་ལས་ནི། །གྲགས་སྟོང་དབྱེར་མེད་འབྲུག་སྒྲ་ཡིས། །བདེ་ཆེན་ཟག་མེད་སྤྲིན་བཞིན་བསྡུད། །གནས་ལུགས་རང་གསལ་ཆར་རྒྱུན་ཀྱིས། །ཡེ་ཤེས་ལྔ་ཡི་ལོ་ཏོག་རྒྱས། །ཨེ་མ་བློ་ལྡན་ངོ་མཚར་ཆེ། །ཞེས་གསུངས་པས། དེས་ཀྱང་བསྒོམས་པས་ཟླ་བ་དྲུག་ན་གྲུབ་པ་ཐོབ་སྟེ་མཚན་ཡང་ཀོཀིལཔཱ་ཞེས་གྲགས་ནས། འགྲོ་དོན་མང་དུ་མཛད་དེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུརུཀོཀིལཔཱི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact