Only Dharma. Since 1992
/ Buddhism / Mahasiddhas

Biographies of "Eighty-Four Siddhas"

༼༨༣༽གུརུསམུདྲ། Mahāsiddha Samudra

༈གུརུསམུདྲའི་ལོ་རྒྱུས་ནི། ཡུལ་སརྦཊིར་བྱ་བ་ན་རིགས་ངན་ཞིག་རྒྱ་མཚོ་ནས་ནོར་བུ་བླངས་ཀྱིན་བཙོངས་ནས་འཚོ་བ་ལ། དུས་གཅིག་ན་དེ་ཡང་མ་རྙེད་ནས་འཚོ་བ་ཆད་པས་སྐྱོ་བ་སྐྱེས་ཏེ་དུར་ཁྲོད་དུ་བསྡད་པས། རྣལ་འབྱོར་པ་ཨཅིནྟ་དེར་བྱོན་ནས་དེ་ལ་དྲིས་པ། ཁྱོད་འདི་ན་ཅི་བྱེད་ཅིང་འདུག །གསུངས་པས། དེས་སྔར་གྱི་གཏམ་དེ་བདེན་པར་སྨྲས་པ་ལ། དེས་འཁོར་བའི་སེམས་ཅན་ལ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་ཅིང་། ཁྱོད་ཀྱིས་སྔ་མ་ཡན་ཆད་ཀྱང་སྡུག་བསྔལ་མི་བཟོད་པ་དྲག་པོ་དག་མྱོང་ལ། ད་དུང་སྡུག་བསྔལ་མ་ཡིན་པ་བདེ་བ་སྐད་ཅིག་ཀྱང་མི་འོང་། གསུངས་པས། དེ་ན་རེ་རྣལ་འབྱོར་པ་སྡུག་བསྔལ་ལས་ཐར་བའི་ཐབས་ཤིག་ཅིས་ཀྱང་ཞུ་ཟེར་བས། རྣལ་འབྱོར་པ་དེས་ཀྱང་དེ་ལ་དབང་བསྐུར་ཏེ། ཕྱི་ཚད་མེད་བཞི། ནང་དགའ་བཞིའི་གདམས་པ་གནང་སྟེ། བྱམས་པ་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་ཚད་མེད་བཞི་པོ་ཡིས། །འཇིག་རྟེན་ཆོས་བརྒྱད་ཆ་སྙོམས་ནས། །དབུས་ནས་བདེ་རྒྱུན་དབབ་བྱས་ཏེ། །འཁོར་ལོ་བཞི་ལ་དགའ་བ་བཞི། །བདེ་སྟོང་དབྱེར་མེད་རྣམ་པ་ཅན། །ཡང་དག་པར་ནི་སྒོམ་བྱས་ན། །བདེ་བ་ཟག་མེད་འབའ་ཞིག་ལས། །སྡུག་བསྔལ་སྐད་ཅིག་ཙམ་མི་སྲིད། །ཅེས་གསུངས་པ་གོ་ནས་བསྒོམས་པས། ལོ་གསུམ་ན་གྲུབ་པ་ཐོབ་སྟེ། ཕྱོགས་ཐམས་ཅད་དུ་བླ་མ་སམུདྲ་བྱ་བར་གྲགས་ཤིང་། དེས་རྟོགས་པ་བརྗོད་ཅིང་འགྲོ་དོན་བྱས་ནས། འཁོར་བརྒྱད་བརྒྱ་དང་བཅས་མཁའ་སྤྱོད་དུ་གཤེགས་སོ། །གུརུསམུདྲའི་ལོ་རྒྱུས་རྫོགས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact