Only Dharma. Since 1992
/ Mahamudra / Gampopa

Gampopa's collected works (9)

༼༡ན༽རྗེ་དྭགས་པོའི་ཞལ་གདམས་དང་། རྗེ་སྒོམ་ཚུལ་གྱི་ཞུས་ལན་བཞུགས་སོ། །

༼༡བ༽༄༅། །བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ་ལོ། །ངོ་བོ་གང་ཡིན་ཞུས་པའི། རྗེའི་ལན་གསུང་པ་རྣམས་བརྗེད་ཐོར་བྲིས་ཤིང་བཀོད་པའོ། །གཞན་ཡང་རང་གི་རིག་པ་དང་། གཞན་གྱི་རིག་པ་གཉིས་གང་ཡིན་ཞུས་པས། གཉིས་པོ་མ་ཡིན། རང་བཞིན་གྱིས་རིག་པའི་ངང་དུ་ལུང་མ་བསྟན་དེ་ཡིན་གསུང་ངོ་། །སྟོང་པ་ལ་སྟོང་སང་ངེ་བ་ཉམས་མྱོང་ཅན་གྱི་སྟོང་པ་དང་། སྟོང་པ་ཉིད་ཡིན་སྙམ་པ་ཅན་གྱི་སྟོང་པ་དང་། སྤྲོས་བྲལ་གྱི་སྟོང་པ་གསུམ་གང་ལགས་ཞུས་པས། གཉིས་པོ་མིན། སྤྲོས་བྲལ་གྱི་སྟོང་པ་ཡིན་གསུང་ངོ་། །རིག་པ་རང་དང་སྤྲོས་བྲལ་གྱི་སྟོང་པ་དེ་གཉིས་ལྷན་ཅིག་སྐྱེས་པ་དེ་ལྷན་སྐྱེས་ཡིན། དེ་ཡེ་ནས་གནས་པ་དེ་ངོ་ཤེས་པ་དེ་ཡེ་ཤེས་ཡིན་གསུང་ངོ་། །མཉམ་བཞག་དང་རྗེས་ཐོབ་འདྲེས་པའི་ཚད་ཅི་ཙམ་ལགས། མཉམ་བཞག་རྩེ་གཅིག་དང་མ་བྲལ་བར་སྤྱོད་ལམ་ཐམས་ཅད་བཏུབ་པ་ལགས་སམ། རྗེས་ཐོབ་ལ་རྣམ་རྟོག་དང་འགྲོགས་སུ་ཡོད་པ་ལགས་སམ། རྗེས་རྨི་ལམ་སྒྱུ་མ་ལྟ་བུ་༼༢ན༽ལགས་སམ། རྗེས་ལ་རྣམ་རྟོག་ཐ་མལ་དུ་སྣང་བ་དེའི་རྗེས་ཆོད་པ་ལགས་ཞུས་པས། སྔ་མ་ལྟར་བྱུང་ན་བཟང་སྟེ་སྲིད་པ་ཙམ་ཡིན། བར་པ་དེ་ཡིས་ཆོག་པ་ཡིན། རྗེས་ལ་རྣམ་རྟོག་ཐ་མལ་དུ་སོང་ནས་རྗེས་མ་ཆོད་ན་མཉམ་རྗེས་མ་འདྲེས་པ་ཡིན་གསུང་། ཡེ་ཤེས་ཀྱི་རླུང་ལ་གཡོ་བ་ཡོད་དམ་མེད་ཞུས་པས། གཡོ་བ་ཐམས་ཅད་ལས་ཀྱི་རླུང་ཡིན། དེ་ཕྲ་བ་ཐམས་ཅད་དག་ནས་ཡེ་ཤེས་ཀྱི་རླུང་གཅིག་པོར་སོང་ཙ་ན་སངས་རྒྱ་བ་ཡིན་ནོ། །ཡེ་ཤེས་ཀྱི་རླུང་རྒྱུན་ཆད་དམ་མ་ཆད། འཁོར་བ་ལ་ཐོག་མཐའ་ཡོད་དམ་མེད་ཞུས་པས། ཆོས་སྐུ་ལ་རྒྱུན་ཆད་མ་ཆད་གཉིས་ལས་འདས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་བློ་ལས་འདས་པའི་ཉམས་མྱོང་དུས་ཐམས་ཅད་པ་ཆོས་སྐུ་ཡིན། གཟུགས་སྐུ་གཉིས་རང་སྣང་ལ་རྒྱུན་ཆད། གཞན་སྣང་ལ་རྒྱུན་མ་ཆད། འཁོར་བ་ཐོག་མཐའ་འདི་ཡིན་མེད་གསུང་ངོ་། །ལྟ་བ་བསྒོམས་པའི་ཚད་ཅི་ཙམ་གྱིས་བར་དོར་སྐྱེ་བ་འདག་ལགས་ཞུས་པས། དབང་པོ་རབ་བར་དོར་སྐྱེ་བ་འདག་པ་ཡིན་ཏེ། དབང་པོ་རབ་༼༢བ༽ངོ་བོ་གཤའ་མ་རྟོགས་པ་ལ་བྱའོ། །རྟོགས་ནས་བསྒོམས་ན་ཨ་ཅང་ཆེ་གསུང་། རྨི་ལམ་ན་ངོ་བོ་བསྒོམ་པ་མ་བྱུང་ན་བར་དོར་ཅང་འོང་ངམ་ཞུས་པས། རྨི་ལམ་ན་ངོ་བོ་བསྒོམ་པ་མ་བྱུང་ཡང་བར་དོར་འོང་ངེས་གསུང་ངོ་། །ངོ་བོ་བསྒོམས་པས་ལས་རླུང་འདག་གམ་མི་འདག་ཞུས་པས། འདག་གསུང་ངོ་། །རླུང་བསྒོམས་པས་ངོ་བོ་ཨེ་འབྱོངས་ཞུས་པས། དེ་འབྱོངས་གསུངས། ངའི་བླ་མ་མི་ལས་གཏུམ་མོ་གཅིག་པོ་བསྒོམས་པ་ཡིན་གསུང་ངོ་། །ངོ་བོ་བསྒོམ་པ་དང་རླུང་བསྒོམ་པ་གཉིས་ལས་རླུང་འདག་གང་སླ་ཞུས་པས། ངོ་བོ་བསྒོམ་པ་སླ་གསུང་ངོ་། །ངོ་བོ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་སོང་བ་ལ། བོགས་འདོན་རྒྱུ་ཡོད་དམ་མེད་ཞུས་པས་མེད་གསུང་ངོ་། །རྟོགས་མ་རྟོགས་ཀྱི་ངོ་བོ་དང་། གོམས་པའི་ངོ་བོ་ལ་ཁྱད་ཡོད་དམ་མེད་ཞུས་པས། ཡུན་རིང་ཐུང་ལས་ངོ་བོ་ལ་ཁྱད་མེད་གསུང་ངོ་། །ངོ་བོ་རྟོགས་ནས་ཇི་ཙམ་བསྒོམས་པ་དེ་ཆུ་བོ་རྒྱུན་དུ་སོང་བ་ལས་ངོ་བོ་ལ་བཟང་དུ་སོང་བ་མེད་གསུང་། ད་ལྟའི་སྒོམ་པའི་རྟོགས་ལྡན་དང་ས་བཅུའི་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་གསུམ་གྱི་ངོ་བོ་ལ་བཟང་ངན་མེད་གསུང་། ངོ་བོ་རྟོགས་ནས་ཆུ་བོ་རྒྱུན་དུ་མ་སོང་བ་ལ་ཤི་ན། ཚེ་སྔ་མ་ཕན་ཆད་ལ་ལན་གྲངས་གཞན་ལ་མྱོང་བའི་ལས་དང་། འདི་ལ་སྡིག་པ་བྱས་པས་ཕྱི་མ་ཨེ་གནོད་ལས་རྗེས་སུ་འབྲང་ངམ་མི་འབྲེང་ཞུས་པས། མི་གནོད་ལས་རྗེས་སུ་མི་འབྲེང་། ངའི་སློབ་མ་གཙང་པ་ཞིག་ཚེ་སྟོད་ལ། ཁོང་གསུམ་གྱིས་རྒྱས་པ་ཞིག་བཙོངས་ནས་སྤྱད་པ་ཞིག་འདིར་བྱུང་། བསྒོམ་བསླབས་པས་སྐྱེས། ངས་ཁོང་ལ་སྡིག་པ་སྦྱོང་དགོས། དེའི་ཐབས་ཤེས་རབ་སྙིང་པོ་མང་པོ་བྲིས་ལ་འབུལ་དགོས་བྱས་པས། དེས་འདག་གམ་ཟེར་བ་ལ་འདག་བྱས་པས་འོ་ན་བྱའོ་ཟེར། ཕྱིས་མ་ངས་སྐྱོ་སངས་ལ་སོང་བའི་དྲུང་དུ་བྱུང་། ང་ལ་སྡིག་པ་སྦྱོང་རྒྱུ་རང་མི་༼༣ན༽འདུག་ཟེར། ཁོས་ངོ་བོ་རྟོགས་པ་དེ་ཙུག་ཡིན་གསུང་། སྔར་གྱི་སྡིག་པ་རྣམས་སྟོབས་བཞིའི་སྒོ་ནས་བཤགས་པ་དང་། ངོ་བོ་ཡུད་ཙམ་ཅིག་བསྒོམ་པ་གཉིས་སྡིག་པ་འདག་སྟོབས་གང་ཆེ་ཞུས་པས། ངོ་བོ་ཡུད་ཙམ་བསྒོམས་པ་སྟོབས་ཆེ་གསུང་། ངོ་བོ་རྟོགས་ནས་བསྒོམ་པའི་གང་ཟག་དེ་ཏིང་ངེ་འཛིན་རང་བཞིན་གྱི་ངོས་ནས་བལྟས་ན་སྒོམ་ལམ་ནོན་ནས་འདུག །སྣང་བའི་རྟགས་ངོས་ནས་བལྟས་ན། ཚོགས་ལམ་ཆེན་པོ་ཡང་མནོན་པར་འདུག་ནའང་། ངོ་བོ་ཅན་དེས་ས་ལམ་དང་བསྟུན་ན་སྒོམ་ལམ་ནོན། རང་བཞིན་ནི་དབང་ཆེ་གསུང་། སྣང་བའི་ལམ་རྟགས་ཐམས་ཅད་དྲང་དོན་གྱི་བཤད་པ་ཡིན། སུ་ལའང་བྱུང་བ་མེད། གཞན་སྣང་ལ་སྣང་བ་ཙམ་ཡིན། དེས་ན། ལམ་རྟགས་རྩ་རླུང་བསྒོམ་ན། ལམ་དང་ཐད་དཀར་མཐུན་པའི་རྟགས་འོང་། དེ་ཐམས་ཅད་ཐུན་མོང་གི་སིདྡྷི་ཡིན། སངས་རྒྱ་བ་ལ་མི་ཕན། བྱམས་ཆོས་ལ་སོགས་པ་ནས་རྟགས་འོང་བ་མང་པོ་བཤད། རྟགས་ཚད་ཀྱང་རྟོགས་པ་མེད་པ་ཡང་བཤད། རྟོགས་པ་ཡོད་ཀྱང་རྟགས་མེད་པ་ཡང་བཤད། རྟོགས་པ་དང་ལམ་རྟགས་གཉིས་ཀ་ཡོད་པ་ཡང་བཤད། ལ་ལ་ཅི་ཙུག་འོང་མ་ངེས་པར་བཤད་ཡོད་གསུང་། རྒྱུ་བསོད་ནམས་ཀྱི་ཚོགས་དེ་འབྲས་བུ་ཡེ་ཤེས་ཀྱི་རྒྱུ་ཡིན་ནམ། སྐྱེ་བའི་རྒྱུ་ཡིན་ནམ། གནས་པ་དང་འཕེལ་བའི་རྒྱུ་ཡིན། སངས་རྒྱས་མན་ཆད་དུ་ཟུང་འབྲེལ་དུ་དགོས་སམ་མི་དགོས་ཞུས་པས། འབྲས་བུ་ཡེ་ཤེས་བྱ་བ་དེ་ངོ་བོ་ཡིན། རེས་གནས་པ་དང་མི་གནས་པ་མེད། འཕེལ་འགྲིབ་མེད། ངོ་བོ་མ་ཤེས་པ་ཤེས་པར་བྱེད་པའི་རྒྱུ། ངོ་བོ་ཤེས་ནས་བསོད་ནམས་བསག་ཅིང་། བསྒོམ་ན་གསལ་བར་འདུག་ཟེར། ང་ལ་བསོད་ནམས་བསགས་ཀྱང་གསལ་དུ་མ་ཚོར་བ་འདྲ་བར་འདུག་གསུང་། ངོ་བོ་༼༣བ༽བསྒོམས་པས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དང་། སྡིག་པའི་ཆོས་འཁོར་བ་མྱང་འདས་ཐམས་ཅད་རང་སར་དག །སྤང་བྱ་ཐམས་ཅད་ཟད་འདུག་ན། ཟད་སར་ཟད། ཕྱིན་སར་ཕྱིན། དེ་ལས་ཡར་བཤགས་ཀྱང་གུང་མི་མཐོང་བར་འདུག་ན་ཞུས་པས། དེ་ཁོ་ན་ལྟར་ཡིན་ངོ་བོ་བསྒོམ་པ་གཅིག་པུས་ཆོག་པ་ཡིན་གསུང་ངོ་། །འཇིག་རྟེན་བློས་བཏང་ནས་རི་ཁྲོད་འགྲིམས་པ་ལ་ལྟོ་དགོས་པས། ཀ་ཅ་བག་ཙམ་གཉེར་ར་བྱའམ། བཅུད་ལེན་ནམ། ནོར་སྒྲུབ་རེ་བྱའམ་མི་བྱ། ཤི་མ་ཤི་མེད་པར་བསྒོམ་མམ་ཞུས་པས། དེ་ཡང་བླ་མ་མི་ལའི་ཞལ་ནས། ཀ་ཅ་མེད་པར་སྤངས་ན་མི་འོང་། རང་འཚོ་ཙམ་རེ་གཉེར་ར་བྱ་གསུང་སྟེ། ཐམས་ཅད་གཞག་ནས་བསྒོམ་པ་གལ་ཆེ། འཚོ་བ་ཌཱ་ཀི་མས་སྦྱོར། བཅུད་ལེན་མ་བྱེད་གྲུབ་པ་ཡང་མེད། ནད་ལ་ཕན་ན་ཅོང་ཞི་བག་རེ་མི་ལྟོ། དཀའ་ཐུབ་ངས་ཀྱང་མ་བྱས། ནོར་སྒྲུབ་སླ་བ་རེ་ལ་འགལ་བ་ཡང་མེད་གསུང་། གནས་གྲུབ་ཐོབ་ཀྱི་གནས་སུ་བསྒོམ་པའམ། རི་སྟོང་བྲག་སྟོང་དུ་བསྒོམ་མམ། དགོན་པར་བསྒོམ་མམ། ལུང་ཞིག་ཞུ་ཞུས་བྱས་པས། གནས་གར་བདེར་བསྒོམ། རང་དགའ་ན་ཡུན་རིང་། མི་དགའ་ན་ཡུན་ཐུང་བྱ་གསུང་ངོ་། །ལུས་ངག་གི་དགེ་སྦྱོར་བྱེད་སྙིང་མ་འདོད་ན་བཞག་ལ། ངོ་བོ་གཅིག་པུ་བསྒོམ་མམ་ཞུས་པས། བླ་མ་མི་ལའི་ཞལ་ནས་མི་དགོས་སྙམ་ན་དགོས་རྡོ་བ་ཡིན། དགོས་མི་དགོས་གཉིས་ཀ་དང་བྲལ་ན་མི་དགོས་པ་ཡིན་གསུང་ངོ་། །གཞན་དོན་རྒྱུན་བཅད་ཀྱིས། བསྒོམ་ན་ཞུས་པས། བསམ་པས་སེམས་ཅན་མ་སྤངས་པས། གཞན་དོན་ལ་གཟུགས་སྐུ་གཉིས་འགྲུབ། སྦྱོར་བས་སྤངས་པས་ཆོག་གསུང་ངོ་། །ངོ་བོའི་ནང་དུ་སྐྱབས་སུ་འགྲོ་ན་ཆོས་ཉིད་ཀྱི་ཐོབ་པ། སྡོམ་པ་ན་ཟག་མེད། སྙིང་རྗེ་ན་དམིགས་མེད། ༼༤ན༽སེམས་བསྐྱེད་ན་དོན་དམ། དམ་ཚིག་ན་ཡེ་བསྲུངས། ཡར་ལྡན་དུ་ཚང་བས་གཞན་ཚོ་མི་དགོས་སམ་ཞུས་པས། གཞན་ཚོ་ཐམས་ཅད་བརྫུན་པ་ཡིན། བདེན་པ་གཅིག་པུ་བསྒོམ་གསུང་ངོ་། །ཀུན་གཞི་རྣམ་ཤེས་དང་ངོ་བོ་གཉིས་ཁྱད་ཅི་ཙམ་ཞུས་པས། ཀུན་གཞིའི་རྣམ་ཤེས་ཀྱི་རང་བཞིན་ངོ་བོ་ཡིན། མ་རིག་པ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས། ལག་པ་ལོག་པ་དང་འདྲ། མ་རྟོགས་བར་དུ་འཁོར་བའི་རྩ་བ་ཡིན་རྟོགས་ན་ཡེ་ཤེས་རྩ་བ་ཡིན་གསུང་ངོ་། །ངོ་བོ་རྩེ་གཅིག་ཏུ་ཡེར་རེ་བ་དང་། རིག་པ་གྱ་གྱུ་ཅན་གཉིས་གང་ཡིན་ཞུས་པས། དེ་གཉིས་ཀ་ཡིན། སེམས་ཀྱི་ངོ་བོ་འདི་ཡིན་བྱ་བ་མེད། སྣང་བ་ཐམས་ཅད་སེམས། སེམས་ཐམས་ཅད་རིག་པ། རིག་པ་ཐམས་ཅད་ངོ་བོ་ཡིན་གསུང་ངོ་། །ངོ་བོ་ལ་སྤྱོད་ལམ་ཅི་ཙུག་བསྒོམ། མིག་ཕྱེ་བ་དང་བཙུམ་པ་གང་ལགས་ཞུས་པས། སྤྱོད་ལམ་རྣམ་བཞི་གང་དགྱེས་བསྒོམས་པས་ཆོག །མིག་འདྲ་མ་བཙུམ་ན་བདེ་བ་ཙུག་ཡོང་། འབྱོངས་ནས་བཙུམ་པ་བདེ། ལར་བཙུམ་པ་འདྲེ་སླ། འོད་གསལ་དང་གཏུམ་མོ་བསྒོམ་པ་ལ། དང་པོ་རྩའི་སྤྲུག་པ་རེ་བྱ། འདུག་སྟངས་བྱེད་དགོས་གསུང་ངོ་། །དང་པོ་འཁྲུལ་ལུགས་ཇི་ལྟར་འཁྲུལ། སྣང་ལུགས་ཇི་ལྟར་སྣང་། རྟོགས་ལུགས་ཇི་ལྟར་རྟོགས། གྲོལ་ལུགས་ཇི་ལྟར་གྲོལ་ཞུས་པས། མ་འཁྲུལ་པའི་གོང་དུ་འདི་ཡིན་བྱ་བ་མི་སྲིད། ཡེ་འཁྲུལ་ཆེན་པོ། །སྣང་བ་སྒྱུ་མ་བག་ཆགས་སྣ་ཚོགས་སུ་སྣང་། རྟོགས་པ་རང་ལ་ཡོད་པའི་ཆོས་སྐུ་ངོ་ཤེས་པར་རྟོགས། གྲོལ་ཡང་རང་གྲོལ། རྟོགས་པ་རང་རྒྱུའི་དུས་ན་འབྲས་བུ་གནས་པས་སངས་རྒྱས་པ་དེ་རང་ཡིན་གསུང་ངོ་། །གཞུང་བལྟས་ཀྱང་ཤེས་ནས་འོང་། བླ་མ་ལ་དྲི་མི་༼༤བ༽དགོས་གསུང་ངོ་། །ངོ་བོ་བསྒོམ་ཙ་ན་ཁ་ནང་དུ་ལོག་ལ་སྙིང་རྗེ་བསྒོམ་མམ། ཕྱིར་བལྟས་ནས་བསྒོམ་པ་གཉིས་འདྲའམ། ཀུན་རྫོབ་ཏུ་སེམས་གང་གནས་པའི་སར་བསྒོམ་མམ། སེམས་གང་ལགས་ཞུས་པས། རྩ་རླུང་བསྒོམ་པ་དང་། ཕྱིར་བལྟས་པ་དང་། ཉེ་བ་དང་རིང་བ་དང་འདྲ། ངོ་བོས་ཐམས་ཅད་ཡང་ཁྱབ། ཕྱོགས་ཐམས་ཅད་པ། དུས་ཐམས་ཅད་པ་ཡིན་གསུང་ངོ་། །སེམས་རྒྱུད་ནས་རླུང་སེམས་ངོ་བོ་གཅིག་ཏུ་གནས་པའི་དོན་ནང་དུ་གྲོལ། ཕྱིར་སོར་བཅུ་གཉིས་ཚུན་ཆད་དུ་གནས་པ་ཡིན། ཐག་རིང་པོའི་དྲན་པ་སྟེ་སེམས་སོང་བ་ཡིན། ནང་དུ་དྲན་པ་སོང་བར་སྣང་བ་ཡིན། སེམས་ཉིད་འདི་ན་ཡོད་འདི་ན་མེད་བྱ་བ་མེད་གསུང་ངོ་། །ངོ་བོ་གཅིག་པུ་བསྒོམ་པ་ལ་གོལ་ས་བཅད་ཡོད་དམ། རྒྱ་ལ་བར་དོར་སྐྱེ་བ་མ་དག་ན་ཕྱི་མ་གར་སྐྱེ་ཞུས་པས། ངོ་བོ་བསྒོམ་པ་ལ་གོལ་ས་མེད། ཁྱོད་རང་གི་ཉམས་ལ་འདུག་གམ། ལྟོས་དང་གོལ་ས་གཅིག་ཀྱང་མེད། ངོ་བོ་བསྒོམས་པས་བར་དོ་མ་མཐོང་བར་སངས་རྒྱས་ཐོབ། རྒྱ་ལ་མ་ཐོབ་ན་གནས་གཙང་མའི་འཕགས་པར་སྐྱེས་ནས། སངས་རྒྱས་དང་བླ་མས་རྒྱུད་བསྐུལ་ནས་སངས་རྒྱ་བ་ཡིན། དེ་ལས་འགྲོ་ས་མེད་གསུང་ངོ་། །བདག་འཛིན་བློས་བཏང་ཟིན། ཚེ་གཞུག་རི་ཁྲོད་འགྲིམ་ཞིང་ངོ་བོ་བསྒོམ་པ་ཡིན། དེ་ལ་འདི་དགོས་བྱ་བའི་གདམས་ངག་ཅིག་ཞུ། རྒྱ་ལ་གཉན་སར་འགྲོ་བའམ་རི་སྟོང་ལུང་སྟོང་དུ་འདྲེ་རྒོད་དང་ཕྲད་པ་དང་། ཡི་དྭགས་ཀྱི་བར་ཆད་བྱུང་ན་ཇི་ལྟར་བགྱི་ཞུས་པས། རི་ཁྲོད་འགྲིམ་པ་ལ་ལྟ་བའི་གདེང་དང་། སྒོམ་པའི་གདེང་དང་། སྙིང་པོ་ལྷའི་གདེང་དང་གསུམ་ལྡན་པར་བྱ། དེ་ལས་གཞན་མེད་གསུང་ངོ་། །གཉན་སར་འདྲེ་རྒོད་བར་ཆད་རྩོམ་པ་ལ། གནས་དེ་ན་གནས་པ་ལ་གཏོར་མ་བྱིན་ལ་བར་༼༥ན༽ཆད་དང་གནོད་པ་མ་བྱེད་བྱ། ཆོས་སྐྱོང་ལ་གཏོར་མ་བཏང་། ཌཱ་ཀི་ཆོས་སྐྱོང་དང་བླ་མ་དཀོན་མཆོག་ལ་གསོལ་བ་གདབ། སྙིང་པོ་མང་དུ་བཟླས་ན་བར་ཆད་མི་ཡོང་། སངས་རྒྱས་ནས་འོ་སྐོལ་བར་ལ་བརྒྱུད་པ་བཞི་ལས་མེད། དེ་རྣམས་ཀྱི་མཁའ་འགྲོ་ཆོས་སྐྱོང་རྣམས་སུས་བསྒོམ་པའི་ཕྱི་བཞིན་ཁྱི་བཞིན་དུ་འབྲེང་པར་འདུག་པས་སློབ་མ་སྒོམ་པ་ཡོང་བ་ལ་བར་ཆད་འབྱུང་བ་མེད་གསུང་ངོ་། །ངོ་བོ་བསྒོམ་པའི་སྟེང་དུ་ལྷ་རྣམས་ཀྱང་མི་འགོང་བ་ཡིན། འདྲེ་ལ་སོགས་པས་མི་ཚུགས་པ་ཡིན། སྟོང་པ་ལྷ་འདྲེས་ཀྱང་བསྒོམ་ཤེས་སྤྲུལ་པ་སྣ་ཚོགས་ཤེས་ཀྱང་། ངོ་བོ་རྟོགས་མ་མྱོང་། ངོ་བོ་བསྒོམ་མི་ཤེས། ངོ་བོ་ལྷ་འདྲེའི་ཡུལ་དུ་མ་གྱུར་པས། ངོ་བོ་བསྒོམ་པ་དགའ་གསུང་ངོ་། །གཏུམ་མོ་ལ་འཇམ་རླུང་དང་རྩུབ་པ་རླུང་གི་ཁྱད་ཅི་ལགས་ཞུས་པས། རླུང་དྲག་ཏུ་གནོན་པ་དང་། ཞན་པར་གནོན་པ་ལས་མེད། དམིགས་པའི་ཡུལ་འདྲ། ཡི་གེ་དང་མེ་འོད་འདྲ་གང་བྱས་ཀྱང་བཏུབ། གཉིས་ཀ་ལ་འོག་རླུང་མི་སྡོམ་པ་བླ་མ་མི་ལའི་ལུགས་ཡིན། རླུང་ནན་ལྟར་འབྱོངས་ན་འོག་རླུང་བག་རེ་སྡོམ། འོད་གསལ་གཏུམ་མོ་ལ་རྩིས་ཆེ་བ་ཡིན་གསུང་། ངོ་བོ་བསྒོམས་པས་ཐུན་མོང་གི་སིདྡྷི་འོང་ངམ་ཞུས་པས། འོང་བར་བཤད་ནས་འདུག །ཕལ་ཆེར་གཏུམ་མོ་བསྒོམས་པ་ལས་འོང་བ་ཡིན། ངོ་བོ་བས་ཀྱང་གནས་པ་ཅན་ལ་ཐུན་མོང་འོང་བ་ཡིན། སངས་རྒྱས་མི་འོང་། ཏིང་ངེ་འཛིན་གྱི་ཟས་ཟ་བ་དེ་ཇི་ལྟར་བྱས་པས་འོང་ཞུས་པས། བླ་མ་མི་ལ་ལ་དགོངས་མོ་ཙ་ན་ཌཱ་ཀི་མས་སྟོན་མོ་དྲངས། ཟས་ཟ་མ་དགོས་སྐྱུག་ཆིལ་ལི་འོང་ཞིང་འདུག་གསུང་། གནས་པ་ཤས་ཆེ་བའི་རྩེ་གཅིག་ལས་མ་ཡེངས་པ་ལ་ལྟོ་མི་དགོས་པ་འོང་བར་འདུག་སྟེ། སངས་རྒྱས་པའི་འབྲས་བུ་མི་འོང་ངོ་༼༥བ༽བོ་མེད་གསུང་ངོ་། །ངོ་བོ་བསྒོམ་པ་ལ་ཉམས་མྱོང་མཆིས་མ་མཆིས་ཞུས་པས། ཉམས་སུ་མྱོང་ན་ང་རྒྱལ་དང་། ཆགས་པ་ཡིན། འཇིག་རྟེན་ལ་ཞེན་པ་ལིངས་ཀྱིས་བོར་བ་ཞིག་འོང་བ་ཡིན། ཆོས་གཞན་ཡོ་ལ་དགོས་མེད་དུ་ཕྱི་ཤུན་དུ་ལིངས་ཏེ་འགྲོ །རང་ལ་ཡིད་ཆེས་པའི་བློ་བདེ་ལྷན་གྱིས་འགྲོ་བ་ཡིན། ངོ་བོ་ལ་ཉམས་རྟོགས་རྣམས་འོང་གསུང་ངོ་། །བར་དོར་སྐྱེ་བ་དག་ཙ་ན་ལུས་དང་རིག་པ་བྲལ་དུས། ངོ་བོ་རང་དུ་ཆོས་སྐུར་འགྲོའམ། འོན་ཏེ་རིག་པ་འོག་མིན་དུ་འགྲོ་བ་ལགས་ཞུས་པས། རིག་པ་ཕར་སོང་ནས་སྲིད་རྩེ་མན་ཆད་ལས་འདས་པའི་འོག་མིན་བྱ་བ་མེད། འདི་རང་དུ་བློ་ལས་འདས་པའི་ཆོས་སྐུ་ལ་འོག་མིན་ཟེར་བ་ཡིན། རིག་པ་ལ་འགྲོ་འདུག་མེད། ངོ་བོ་ལ་འགྲོ་འདུག་མེད། ངོ་བོ་ལ་མཉམ་བཞག་དང་རྗེས་ཐོབ་མེད་པའོ་གསུང་ངོ་། །རྣམ་རྟོག་བྱུང་བ་སེམས་ཡིན་ནམ་སེམས་ལས་བྱུང་བ་ཡིན། སེམས་ཡིན་ན་རྣམ་རྟོག་སྣ་ཚོགས་སུ་སོང་བ་ཡང་ངོ་བོར་སོང་ལ། སེམས་ལས་བྱུང་བ་ཡིན་ན་རྣམ་རྟོག་སྣ་ཚོགས་ཀྱི་ཐོག་ནས་བསྒོམ་ན། གཞི་ཐོག་ཏུ་འགྲོ་བས་རྩེ་གཅིག་ཏུ་བསྒོམ་འཚལ་ན། ཇི་ལྟར་ལགས་ཞུས་པས། དེ་གཏན་ལ་འབེབས་པའི་དུས་སུ་མཉམ་བཞག་དང་། རྗེས་ཐོབ་མེད་པ་ཡིན་པས། རྣམ་རྟོག་གི་ཐོག་ཏུ་སོང་བ་ཡང་ངོ་བོ་ཡིན་པ་ལྟ་བུར་ཡོད། དེ་ཉམས་སུ་ལེན་པའི་དུས་སུ་རྣམ་རྟོག་ཏུ་མི་བསྒོམ། གཞི་ཐོག་ཏུ་འགྲོ་བས་རྩེ་གཅིག་འབའ་ཞིག་ཏུ་བསྒོམ་གསུང་། ངོ་བོ་རྟོགས་པའི་དུས་སུ་མ་རིག་པ་དག་པས་རླུང་དག་ཀྱང་། དེ་རླུང་གིས་རྟོགས་པས་གཡོ་བ་དེ་ངོ་བོ་ཉིད་ཀྱི་རྣམ་པའི་རྟོག་པ་ཡིན་པས། དགེ་མི་དགེའི་འབྲས་བུ་གང་ཡང་མི་འབྱིན་པ་ལགས་སམ་ཞུས་པས། དེ་ཙུག་ཡིན་རྨི་ལམ་སྒྱུ་མ་ལྟ་བུའི་རླུང་རྨི་ལམ་སྒྱུ་མ་ལྟ་བུའི་རྟོགས་པ་ཡིན་པས། འབྲས་བུ་དེ་རྣམ་སྨིན་གང་ཡང་འབྱིན་མི་ནུས་གསུང་ངོ་། །༼༦ན༽སྒྱུ་ལུས་འོད་གསལ་དང་གཏུམ་མོ་བསྒོམས་པས་རླུང་དྷཱུ་ཏིར་ཚུད་དམ་མི་ཚུད། རྒྱུད་ཀྱི་དྲོད་རྙེད་དམ་མི་རྙེད། འོག་རླུང་འཐེན་པ་ཡང་བཏུབ་བམ་མི་བཏུབ་ཞུས་པས། འོད་གསལ་གཏུམ་མོ་བསྒོམས་པས་དྲོད་མེ་ལ་དམིགས་པ་དང་ཁྱད་མེད་པ་འོང་། དྷཱུ་ཏིར་དམིགས་པ་དང་ཁྱད་མེད་པར་ཚུད། འཇམ་རླུང་དང་རྩུབ་རླུང་དང་འོག་རླུང་འཐེན་པ་ཀུན་འོད་གསལ་དང་གཏུམ་མོ་ལ་བྱེད་པ་ཡིན་གསུང་ངོ་། །རླུང་ཕྱེད་ལེན་དེ་མ་ཐུབ་ན་ཨེན་ཙམ་ཞིག་བཏང་ནས། འཕྲོ་བཅད་ནས་གནོན་ནམ། འོན་ཏེ་ཚུར་བཏང་ནས་རྔུབས་གནོན་ལགས་སམ་ཞུས་པས། དེ་ཕྱི་མ་ལྟར་གནོད་པ་ཡིན་གསུང་ངོ་། །ལྟ་བ་ཆ་མཐུན་ཁྱད་འཕགས་ཤིག་ཞུ་ཞུས་པས། སེམས་ཙམ་དང་ཐམས་ཅད་སེམས་སུ་འདུས་པས་མཐུན། སེམས་ཙམ་ནི་སེམས་དོན་དམ་དུ་འདོད་ལ། ངོ་བོ་ནི་སེམས་སྐྱེ་བ་མེད་པས་འཕགས། དབུ་མ་དང་སྤྲོས་བྲལ་དུ་མཐུན་ཏེ། ཡེ་ཤེས་ཀྱིས་ཁྱད་པར་འཕགས། སྔགས་ཀྱི་ཐེག་པ་ཚོ་ནི་རྣམ་བདེན་དུ་མི་འདོད། རྣམ་པར་གྲོལ་བའི་ལམ་དང་མཐུན་ཏེ། མ་རྒྱུད་པ་བདེ་བ་ཡུལ་དུ་བྱས་ནས་བསྒོམ། རྫོགས་ཆེན་སྟོང་པ་ཡུལ་དུ་བྱས་ནས་བསྒོམ། ཕྱག་རྒྱ་ཆེན་པོ་བ་བཏང་སྙོམས་ཡུལ་དུ་བྱས་ནས་བསྒོམ། དེ་ཚོ་བློས་བྱས་ཡིན། བློས་མ་བྱས་པའི་ངོ་བོ་གནས་ལུགས་བསྒོམས་པས་ངོ་བོ་འཕགས། ཆ་མཐུན་ཁྱེད་རང་གིས་བལྟས་པས་འོང་། ལར་ཉམས་སུ་ལེན་པ་དེ་གང་དང་མཐུན་པར་གོ་ན་བྱིན་རླབས་ཆེ་གསུང་ངོ་། །སེམས་ཀྱི་ངོ་བོ་དང་། དོན་གྱི་ངོ་བོ་གཉིས་ཁྱད་གང་ལགས་ཞུས་པས། སེམས་ཀྱི་ངོ་བོ་ནི་གསལ་ལ་མ་འགགས་པ་ཡིན། སེམས་ཀྱི་མཚན་ཉིད་ནི། རྣམ་རྟོག་སྣ་ཚོགས་སུ་འགྱུ་བ་དེ་ཡིན། དོན་གྱི་ངོ་བོ་ནི་སེམས་ཀྱི་ངོ་བོའི་རང་བཞིན་གཞི་ཤེས་པ་དེ་ཡིན། དོན་གྱི་མཚན་ཉིད་ནི་སྐྱེ་བ་མེད་པ་ཡིན་གསུང་ངོ་། །མཁྱེན་པ་གཉིས་༼༦བ༽དང་ཡེ་ཤེས་ལྔ་པོ་དེ་སངས་རྒྱས་ཀྱི་དུས་ན་ཅི་ཙུག་མངའ་ཞུས་པས། དེ་ཚོ་བཤད་པ་ཐམས་ཅད་བློས་བྱས་ཀྱི་ཡོན་ཏན་ཡིན། འོ་སྐོལ་གྱིས་ཀྱང་བློས་བྱས་ནས་འབྲུ་མནན་ན། ཆོས་སྐུ་དང་གཟུགས་སྐུ་གཉིས་ལ་སྦྱར་དུ་བཏུབ་སྟེ། དོན་ལ་སངས་རྒྱས་བྱ་བ་བློ་ལས་འདས་པ་ཡིན། ཆོས་སྐུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན། གཟུགས་སྐུ་གཉིས་ལ་གཞན་ཁོ་རང་གི་བློས་བྱས་པ་དེ་གཙོ་བོར་སྣང་གསུང་ངོ་། །ངོ་བོ་བསྒོམས་པ་ལས་རླུང་དག་པའི་རྟགས་ལྔ་དང་། ཕན་ཡོན་བརྒྱད་ལ་སོགས་པ་འོང་ངམ་མི་འོང་ཞུས་པས། འོང་བ་ཡིན་ཏེ་ངོ་བོ་གནས་པ་རྒྱུན་དུ་གནས་ན་རྒྱུན་དུ་འོང་། རེས་འཇོག་ལ་རེས་འཇོག་ཙམ་ལས་མི་འོང་གསུང་ངོ་། །ངོ་བོ་བསྒོམས་པས་རླུང་ཨ་ཝ་དྷཱུ་ཏིར་ཚུད་ནས་འདག་གམ། མ་ཚུད་པར་འདག་གམ་ཞུས་པས། དེར་ཚུད་ནས་འདག་པ་ཡིན། ཚུད་ཀྱང་རང་བཞིན་གྱིས་ཚུད་ནས་འགྲོ་བ་ཡིན་གསུང་ངོ་། །རིག་པ་ཐམས་ཅད་ལ་སྟོང་པས་ཁྱབ། སྟོང་པ་ཐམས་ཅད་ལ་རིག་པས་ཁྱབ་བམ་ཞུས་པས། རིག་པ་ཐམས་ཅད་ལ་སྟོང་པས་ཁྱབ། སྟོང་པ་ཐམས་ཅད་ལ་སྣང་བས་ཁྱབ་པ་ཡིན་གསུང་ངོ་། །ཙོག་ཙོག་པོར་འདུག་ནས་ཕྱག་རྒྱ་མ་བྱས་པར་རླུང་བསྒོམ་ན་ཨེ་མཆི་ཞུས་པས། དེས་འོང་དང་འོང་སྟེ་དུས་རྟག་ཏུ་ཙོག་པུར་རྐང་པ་གཉིས་བཤིབས་ནས་བསྡད་ན། རྒྱུད་ནས་རྒྱུ་མ་རུལ་བར་བཤད། སྐྱིལ་ཀྲུང་ཡོན་ཏན་མང་པོ་བཤད་པས་དགའ་གསུང་ངོ་། །ད་ལྟ་མཉམ་བཞག་འོད་གསལ་དུ་འདུག་ཀྱང་། རྗེས་ལ་རིག་པ་རླུང་གིས་གཡོ་བ་ལྟར་སྣང་ནས། རླུང་མ་དག་ན་བར་དོར་ཡང་དེ་ཙུག་མི་འོང་ངམ་ཞུས་པས། མི་འོངས་ཏེ་བླ་མ་མར་པའི་བཞེད་པས་འཆི་ཙ་ན་འབྱུང་བ་རིམ་གྱིས་ཐིམ་ནས། རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པའི་དུས་སུ། ཞེ་སྡང་ལས་གྱུར་པའི་སྐད་ཅིག་མ་སུམ་ཅུ་རྩ་གསུམ་འགགས། སྣང་བ་མཆེད་པ་ལ་ཐིམ་པའི་དུས་སུ། ༼༧ན༽འདོད་ཆགས་ལས་གྱུར་པ་སྐད་ཅིག་མ་བཞི་བཅུ་འགགས། མཆེད་པ་ཐོབ་པ་ལ་ཐིམ་པའི་དུས་སུ། གཏི་མུག་ལས་གྱུར་པའི་སྐད་ཅིག་མ་བདུན་འགག །ཐོབ་པ་འོད་གསལ་ལ་ཐིམ་པས་ཚེ་འདི་ལ་འོད་གསལ་ངོ་ཤེས་པས། དེར་ངོ་འཕྲོད་ནས་མི་ལྡང་བར་རྟག་ཏུ་གནས་སོ། །འདིར་ངོ་མ་ཤེས་པ་ལ་ནི། ལ་ཆ་གྲང་མོ་འབྱར་དུ་མ་བཏུབ་པའོ། །བླ་མ་མི་ལའི་ཞལ་ནས། འོད་གསལ་བ་ནི་རྒྱུན་པར་གནས། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །གསུང་ངོ་། །བཀའ་གདམས་པའི་བླ་མ་ཐམས་ཅད་ཀྱང་། སྔགས་བསྒོམ་པར་འདུག་སྟེ། ཁོང་གི་ཞལ་ནས་རབ་འདི། འབྲིང་བར་དོ། །ཐ་མ་ཕྱི་མ་ལ་སངས་རྒྱ། དེ་ལ་མ་རྒྱས་ན། སྔགས་ཀྱི་ལམ་ལ་ཕྱི་བར་མི་སྡོད་པས། བསྡད་ན་དམ་ཚིག་ཉམས་པས་མནར་མེད་དུ་ཕོགས་ཅིག་འགྲོ །རྟེན་འབྲེལ་དབང་ཆེ་གསུང་ངོ་། །འདི་ལ་རླུང་དག་ཀྱང་རྗེས་ལ་ལྡང་བ་ལུས་བྱུང་བ་ལྔ་ཡོད་པས་གསུང་། བར་དོར་ལུས་མེད་པས་མི་ལྡང་། ཁྱོད་བླ་མ་ལ་དྲི་མི་དགོས། ནང་དུ་རིག་པའི་སྒྲོ་འདོགས་ཆོད་ནས་འོང་གསུང་ངོ་། །ལས་ཀྱི་རླུང་ལུང་མ་བསྟན་དང་། རྣམ་རྟོག་སྒྱུ་མ་ལྟ་བུ་དང་། ཡུལ་ལྔ་ལ་སོགས་པའི་སྣང་གྲགས་ཐམས་ཅད་སེམས་ལས་ལོགས་ན་མི་འདུག་པས་མཉམ་བཞག་དང་། རྗེས་ཐམས་ཅད་སེམས་ཉིད་གཅིག་པ་ལགས་སམ་ཞུས་པས། དེ་ཁོ་ན་ཡིན་ཏེ། ཐམས་ཅད་སེམས་ཡིན། ཐམས་ཅད་སེམས་ཉིད་དུས་ཐམས་ཅད་པ་ཡིན། རྣམ་རྟོག་འཕྲོ་བ་དེ་རང་རིག་དང་སྟོང་པ་གཉིས་སུ་མེད་པས། རྣམ་རྟོག་ཏུ་འཕྲོ་བ་སེམས་ཀྱི་དྲི་མའམ། བག་ཆགས་ཡིན། རང་འགྲོ་རང་སྣང་རང་དག་ཡིན། དུས་ཐམས་ཅད་དུ་སེམས་ཀྱི་ངང་ལས་མ་ཡེངས་པར་བྱ་བ་ལས་མེད། ལན་ཅིག་གོམས་པའི་དུས་སུ་དྲན་པས་མ་ཡེངས་པར་བྱ་མི་དགོས། དེ་ནམ་འོང་ན་ལས་ཀྱི་རླུང་ལུང་མ་བསྟན་དུ་དག་༼༧བ༽ནས། ཡེ་ཤེས་ཀྱི་རླུང་རང་དུ་སོང་ཙ་ན། རྣམ་རྟོག་ལ་བག་ཆགས་ཀྱི་དྲི་མི་འོང་། སེམས་འཕྲོ་བ་མི་འོང་། དྲན་པ་བརྟེན་མི་དགོས། མ་ཡེངས་པ་བྱ་མི་དགོས་གསུང་ངོ་། །གཉིད་ཀྱི་དུས་མི་རྟོག་པ་ཡོད་དེ། རིག་པ་བག་ལ་ཉལ་དུ་གནས་པ་དེ། མཉམ་གཞག་ཡིན་ནམ་མིན། རྨི་ལམ་དུས་སུ་རིག་པ་ཡོད་དེ་མི་རྟོག་པར་འདུག་ན། རིག་པ་ལ་མི་རྟོག་པ་རང་ཆས་སུ་ཡོད་པས། ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་འགྲོའམ་མི་འགྲོ །མི་འགྲོ་ན་གཉིད་ཀྱི་དུས་སུ་འོད་གསལ་དང་། རྨི་ལམ་གྱི་དུས་སུ་སྒྱུ་ལུས་བསྒོམ་དགོས་སམ་ཞུས་པས། གཉིད་ཀྱི་དུས་སུ་རིག་པ་བག་ལ་ཉལ་མིན། རིག་པ་གསལ་སིང་ངེ་ཡོད་པས་མི་རྟོག་པས་མ་ཚོར་བ་ཡིན། འོད་གསལ་དང་སྒྱུ་ལུས་བསྒོམ་མི་དགོས། གཉིད་དང་རྨི་ལམ་དུས་སུ་འོད་གསལ་རང་ཆས་སུ་ཡོད་པས་ཆོག །དྲན་པས་མ་ཟིན་པ་དེ་ཉིད་སད་པའི་རྗེས་སུ་བལྟས་པས། དེ་ཡང་འོད་གསལ་ལས་གཞན་མེད་པར་ཡིད་ཆེས་པས་ཆུ་བོ་རྒྱུན་ཡིན་གསུང་ངོ་། །བར་དོའི་གདམས་པ་འཚལ་ལམ་མི་འཚལ་ཞུས་པས། བར་དོས་ཅི་བྱེད། ད་ལྟ་དང་འཆི་ཁ་གཉིས་ཁ་རུ་བར་དོ་བསྒོམ་མི་དགོས། འོད་གསལ་གཅིག་པོ་བསྒོམ། འོད་གསལ་དུས་ཐམས་ཅད་པ་ཡིན་པས་བར་དོ་མི་མཐོང་། དཔེར་ན་དགྲ་མི་འོང་བ་ལ་ཟོན་དང་སྐྱེལ་མ་མི་དགོས་གསུང་ངོ་། །ཡུལ་གཅིག་ལ་དམིགས་པ་གང་ལས་འཕོས་པ་དེ་ལ་ཡེར་རེ་བསྒོམ་པ་དང་། དེ་ལས་ཚུར་ལོག་ནས་བསྒོམ་པ་གཉིས་གང་དགའ་ཞུས་པས། དེ་གཉིས་འདྲ། སེམས་དང་སེམས་ཀྱི་འོད་གཉིས་བཞིན་དུ་གོ་བ་མ་ཡེངས་པར་བསྒོམས་པས་སེམས་དང་སེམས་ཀྱི་འོད་དུས་ཐམས་ཅད་མ་ཡེངས་པ་གཅེས་གསུང་ངོ་། །ད་བླ་མ་ལ་དྲི་མི་དགོས་ཁྱོད་རང་གི་རིག་པའི་ཐེ་ཚོམ་ཐམས་ཅད་ཆོད་ནས་འོང་། དྲི་མི་དགོས་གདོས་ཐག་ཆོད་ལ་སྒོམས་ཤིག །ང་དང་གཏན་ནས་མི་འབྲལ་བར་༼༨ན༽དུས་ཐམས་ཅད་དུ་ཡོད་པ་ཡིན་གསུང་ངོ་། །ད་བདག་ལ་དོན་ཕུལ་དུ་བྱུང་བ་དང་། གདམས་པ་མ་ཚང་བ་ཡོད་ན་ཞུ་ཞུས་པས། ད་དོན་ལ་ཕུལ་དུ་དབྱུང་རྒྱུ་ཡང་མེད། གདམས་པ་མ་ཚང་བ་ཡང་མེད། སངས་རྒྱས་ལ་རྒྱུ་མེད་པས། ཁྱོད་རང་ཉམས་མྱོང་ལ་ལྟོས། ང་འདས་མ་འདས་མེད་པར་ཁྱོད་སེམས་ཀྱིས་བཟུང་གིས། བྱིན་གྱིས་རློབ་པ་ཨ་ཅང་ཆེ། བཀའ་བརྒྱུད་བླ་མ་རྣམས་དང་ཌཱ་ཀི་མ་ཐམས་ཅད་ཀྱང་། ཁྱོད་སྒོམ་སྒྲུབ་བྱེད་པའི་ཕྱི་བཞིན་འབྲེང་། བྱིན་གྱིས་རློབ་པར་འདུག །ཁྱོད་ལ་བར་ཆད་མི་འོང་དོན་གྲུབ་ནས་འོང་། ཁྱོད་རང་སེམས་ཉིད་རིན་པོ་ཆེ་གདོས་ཐག་ཆོད་པ་སྒོམས་ཤིག་གསུང་ངོ་། །བླ་མ་རིན་པོ་ཆེ་ལ་ངོ་བོའི་གདར་ཤ་གཅོད་པ་ཞུས་ལན་དང་བཅས་པ། ཉམས་རྟོགས་ཐམས་ཅད་ཀྱི་འཕྲང་སེལ་བར་བྱེད་པ་རྫོགས་སོ།། །།ལས་ཅན་འགའི་སྙན་དུ་ཐོས་ནས་མོས་པ་སྐྱེ་ཞིང་རྟོགས་པ་འཆར། སྐལ་མེད་ལོག་ལྟ་ཅན་ལ་གདམས་ངག་འདི་ནི་གསང་བར་བྱའོ། །སྣོད་བཅུད་ཕྲ་རག་རྟག་པ་གཅིག་ཀྱང་མེད། །དྲན་པའི་རྒྱལ་པོ་མ་ཡེངས་ལྟ་བསྒོམ། །སྣ་ཚོགས་རྐྱེན་གྱིས་མི་འགྱུར་དེ་ལ་བརྩོན། །མ་ཡེངས་དྲན་པའི་རྒྱུན་ལས་གཞན་མི་བཙལ། །དུས་གསུམ་རྒྱལ་བའི་སྙིང་པོ་ཡིན་གྱུར་ནས། །བདག་དོན་གྲུབ་ནས་གཞན་དོན་འབད་མེད་འབྱུང་། །ཨེ་མ་ཡ་མཚན་ཆེ་བས་རང་སེམས་ལྟོས། །སེམས་མཐོང་རྣམ་གྲོལ་དུས་གསུམ་རྒྱལ་བའི་མཛོད། །རྗེ་སྒམ་པོ་པ་དང་། རྗེ་སྒོམ་ཚུལ་གྱིས་ཞུས་ལན་འདི། ལང་བན་དྷརྨ་ཀུ་མཱ་རས། རི་ཁྲོད་དགོན་པར་བྲིས་པའོ།། །།དྭགས་པོ་སྒོམ་ཚུལ་གྱི་བུ་ཆེན་དམ་པ་བག་སྒོམ་གྱི་ཞལ་ནས། སྤྱིར་སྒྲུབ་པ་བྱེད་པ་ལ་བྱ་བ་ལྟོ་གོས་ལ་གྱོང་བཀུར་ནས། སྡུག་ནུས་པ་ཞིག་བྱེད་དགོས་པ་ཡིན་པས། བློ་ཕུགས་སྤྲང་ལ་གཏོད། ༼༨བ༽རང་འདོད་པ་ལས་བློ་ལྡོག་དགོས་པ་ཡིན་པས། ཚེ་འདི་སྐྱོང་བ་རྣམས་དང་སྣང་བློ་མ་བསྟུན་ན། བྱ་རྒྱུ་སེམས་ཅན་གྱི་དོན་ལས་མེད་པས་ཕན་ཅི་ཐོགས་གྱིས། ཡག་ཏུ་རེ་བའི་སྐྱིད་སྐྱིད་པོ་ཞིག་ལ་བློ་གཏད་པས་མི་ཡོང་བ་ཡིན་ནོ་གསུང་། སྣང་སེམས་ཞེན་མེད་ཀྱི་ལྷ་སྐུ་ལ། །སྒྱུ་མའི་ཡིད་དང་མི་འབྲལ་འཚལ། །སྐུ་གསུམ་ངོ་སྤྲད་ཀྱི་རྗེ་བཙུན་ལ། །དད་གུས་ཀྱི་ཡིད་དང་མི་འབྲལ་འཚལ། །རང་བཞིན་སྐྱེ་མེད་འོད་གསལ་ལ། །གཅེར་མཐོང་གི་ཡིད་དང་མི་འབྲལ་འཚལ། །སྤྱོད་པ་རང་འབྱུང་འགག་མེད་ལ། །ཆོས་ཉིད་ཀྱི་ཉམས་དང་མི་འབྲལ་འཚལ། །སློབ་དཔོན་དྭགས་པོ་སྒོམ་ཚུལ་གྱིས་གསུངས་སོ།། །།རྟོགས་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་རྟོགས་འདོད་རྣལ་འབྱོར་གྱིས། །གང་གིས་མི་བསྐྱོད་རྒྱ་མཚོ་ལྟ་བུར་གཞག །གསལ་ལ་རང་བཞིན་མེད་པ་ནམ་མཁའ་ལྟ་བུར་གཞག །ཉམས་ལ་ཐོགས་རྡུགས་མེད་པ་བར་སྣང་རླུང་བཞིན་གཞག །འཁོར་འདས་གཉིས་མེད་ཡིན་པས་ཆོས་ཉིད་ངང་དུ་གཞག །དུས་གསུམ་རང་བཞིན་ཆོས་ཀྱི་སྐུ་ཡིན་ཏེ། །སེམས་ཉིད་ལྷན་ཅིག་སྐྱེས་པ་མཁྱེན་པར་མཛོད། །རྣམ་རྟོག་མ་བསླད་ཆོས་ཉིད་རང་བཞིན་ཏེ། །མ་བཅོས་རང་སར་གྲོལ་བ་མཁྱེན་པར་མཛོད། །ཨེ་མ་ཧོ། །ཆོས་རྣམས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ངང་། །རང་བཞིན་མི་དམིགས་བསྒོམ་དུ་མེད་པའི་ངང་། །འཁོར་བའི་རང་བཞིན་རྩ་བྲལ་གཉུག་མའི་ངང་། །རྣམ་དག་རང་བཞིན་སྐྱེ་མེད་ཆོས་སྐུའི་ངང་། །མ་བསམ་ལྷུན་གྱིས་གྲུབ་པ་ཆོས་ཀྱི་སྐུ། །དུས་གསུམ་མཉམ་པར་སྣང་བ་གཉུག་མའི་ལམ། །རང་བཞིན་སྤྲོས་དང་བྲལ་བ་རྣལ་འབྱོར་སེམས། །སྐུ་གསུམ་རང་ལ་ཤར་བ་སྐྱེ་མེད་ཐུགས། །འཁོར་འདས་ཐམས་ཅད་གཉུག་མའི་ཀློང་དུ་ཐིམ། །གཟུང་འཛིན་ཐམས་ཅད་སྐྱེ་མེད་༼༩ན༽དབྱིངས་སུ་ཡལ། །རྩོལ་སྒྲུབ་ཐམས་ཅད་མ་བཅོས་ལམ་དུ་སློངས། །འབྲས་བུ་ཐམས་ཅད་ཐོབ་ཏུ་མེད་པ་ཤར། །ཕྱག་རྒྱ་ཆེན་པོ་བརྗོད་དུ་མེད་པ་ཞེས་བྱ་བ། རྗེ་བཙུན་རིན་པོ་ཆེ་ཚུལ་ཁྲིམས་སྙིང་པོའི་ཞལ་ནས་གསུངས་པའོ།། །།རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ཁྱེད་འདིར་ཚོགས་པའི་སྒོམ་ཆེན་པ་རྣམས། སྒྲུབ་པ་རྣལ་མར་བྱེད་ན་ཚེ་འདིའི་གདོས་ཐག་བཅད་ནས། ལུས་སྲོག་འབེན་དུ་བཙུགས། ལྟོ་རྒྱབ་ལ་གྱོང་བསྐུར་ནས། སྒྲུབ་པ་ཉམས་སུ་ལེན་དགོས་པ་ཡིན། དེ་ལྟར་བྱེད་པ་ལ་རི་ཁྲོད་བསྟེན་དགོས་པ་ཡིན། རབ་སེང་གེ་བཞིན་དུ་གངས་ལ་སོང་། འབྲིང་རྒྱ་སྟག་བཞིན་དུ་ནགས་ལ་སོང་། ཐ་མ་བྱ་རྒོད་བཞིན་དུ་བྲག་ལ་སོང་། དུར་ཁྲོད་ཀྱི་ཝ་མོ་བཞིན་དུ་གྲོང་དུ་གཞོལ་བར་མ་བྱེད། ལར་ཟས་གོས་གཉིས་ཀྱི་འཁྲི་བས་ཚོ་བ་ལ་རིབ་མི་འོང་བས། གོས་རས་གོས་རྐྱང་པ་ཐུབ་པ་གལ་ཆེ། ཟས་གྱི་ན་ཙམ་ལ་བརྟེན་ནས་ཆེ་རུང་ཆུང་རུང་དོན་ཅིག་སྒྲུབ་ན། ཚེ་འདི་ལ་སྐྱིད་ཀྱང་བཟང་། སྡུག་ཀྱང་བཟང་། ཅི་བྱུང་འདྲ་སྙམ་པ་ཞིག་དགོས། ལར་ཆོས་བྱེད་ན་མི་ཐམས་ཅད་ལ་རེ་མ་ཆེ། མགུ་མ་སླ། འཁང་མ་སྐྱེན། དྲིན་མ་རྩི་དང་། ཡག་པར་ཡོང་། ཁོ་བོ་ནི་སུ་ལ་དྲིན་རྩི་མ་མྱོང་སྟེ། ཁོ་བོ་ནི་ཁྱེད་ཅག་རྣམས་ལ་དྲིན་ཆེ་སྙམ། ལར་སློབ་མས་སློབ་དཔོན་གྱི་ཞབས་འདྲེན་པ་དང་། སློབ་དཔོན་གྱིས་སློབ་མའི་ཞབས་འདྲེན་པ་གཉིས་མཉམ་པོ་ཡིན་ལ། ཁོ་བོའི་སློབ་མར་གྱུར་པ་ཐམས་ཅད། རབ་སྐྱེ་བ་འདི་ལ་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་པ་ཡིན། ཁྱེད་ཚོ་རང་མགོ་རང་གིས་མ་བརྡུང་། རང་ལ་རང་གིས་ཐུགས་ལ་ཐོགས་དང་། ངེས་པར་དེ་ཁོ་ན་ལྟར་ཡིན། སྤྱིར་ཆོས་བྱེད་པ་ལ་ཁ་ཆོས་པར་མ་སོང་བ། སླ་ཆོས་པར་མ་སོང་བ། ལོ་ཆོས་པར་མ་སོང་བར་གྱིས། མིས་ཀྱང་ཆོས་བྱེད་སྙམ། རང་༼༩བ༽གིས་ཀྱང་ཆོས་བྱེད་སྙམ་ནས། མི་ནག་ཏུ་འཆི་ཉེན་ཡོད་པ་ཡིན་པས། སྐྱེས་བུ་གསུམ་གྱི་ལམ་རིམ་དང་། འཆི་བ་མི་རྟག་པ་བསྒོམ་པ་དང་། ལས་རྒྱུ་འབྲས་བསྒོམ་པ་གལ་ཆེ། འདི་བརྩོན་འགྲུས་ཀྱི་ལྕག་ཡིན། ལར་ཆོས་སྒོར་ཞུགས་པའི་གང་ཟག་དེ། རབ་འཆི་ཁར་དགའ་ཡལ་ལེ། འཛུམ་མུ་ལེ། བྲོད་ཏིང་ངེ་། བདེ་བ་ནས་བདེ་བར་འགྲོ་བ་ཞིག་དགོས། འབྲིང་འཆི་ཁར་མི་འཚེར་བ་ཞིག་དགོས། ཐ་མ་ལུས་ངག་ཡིད་གསུམ་གྱི་སྒོ་ནས། ངས་འདི་དང་འདི་བྱས་སྙམ་པའི་འགྱོད་པ་མེད་པ་ཞིག་དགོས། སྒོམ་ཆེན་པ་རྣམས་རི་ཁྲོད་བསྟེན་དགོས་པ་དེ། བྱ་བྲལ་གཡེང་བ་ཐམས་ཅད་པས་དབེན་པར་རྩེ་གཅིག་ཏུ་ཉམས་སུ་ལེན་པར་འདོད་ནས། རི་ཁྲོད་བསྟེན་པ་ཡིན། གཡེང་བ་བྱེད་ན་གྲོང་གསེབ་དང་སྡེ་པའི་ནང་དུ་བྱས་པས་ཆོག་པས། རི་ལ་བསྡད་ཀྱང་གྲོང་གསེབ་པ་ལས་གཡེང་བ་ཆེ་བ་མ་བྱེད་དགེ་སྦྱོར་ལ་བརྩོན་པར་གྱིས། དགེ་སྦྱོར་ཅིག་སྐྱེས་ན་དེ་ཡིན་ཏེ། དགེ་སྦྱོར་ནི་མི་བཟད་པའི་གཏེར་ཆེན་པོ་ཡིན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་སྐྱེ་བ་ཐམས་ཅད་ཀྱི་བསོད་ནམས་ཡིན་པས་ཤིན་ཏུ་གལ་ཆེ། དགེ་སྦྱོར་དེ་སྐྱེས་ཀྱང་གོམས་པ་མཐར་ཕྱིན་དགོས། སྒོམ་ལྟ་ཐོག་ཏུ་སྐྱེལ་དགོས་པ་ཡིན། དེ་ལྟ་བུ་ཞིག་གིས་གཞན་དོན་བྱེད་པ་ཡིན་པས། དེ་མིན་པས་གཞན་དོན་བྱས་པས་རང་ལ་གནོད། གཞན་ལ་ཕན་པར་དཀའ་བས། སྔོན་ལ་རང་དོན་མཐར་ཕྱིན་པར་མཛོད་ལ། དེ་ནས་སློབ་མ་སྐྱོངས། རང་དོན་མཐར་ཕྱིན་པ་ལ་རི་ཁྲོད་འགྲིམ་པ་གལ་ཆེ། དེ་ལ་བཀའ་གདམས་པའི་ཞལ་ནས། རི་ཁྲོད་འགྲིམ་པ་ལ་ཆོས་ལྔ་ཡིན་གསུང་། ཚུལ་ཁྲིམས་ལ་ངོས་ལྐོག་མེད། གཉེན་པོས་རྐྱེན་ཐུབ་པ། གདམས་ངག་ལ་རང་བྱན་ཚུད་པ། དད་པས་ཁམས་སོས་པ། ནུས་པས་གནོད་པ་ཕྲ་མོ་སེལ་ནུས་པ་ཞིག་དགོས་གསུང་། བདེ་༼༡༠ན༽བར་གཤེགས་པ་རིན་པོ་ཆེའི་ཞལ་ནས། རི་ཁྲོད་བསྟེན་པ་ལ་ཆོས་བཞི་ཡིན་གསུང་། གདམས་ངག་གི་གདེང་ཐོབ་པ། ནུས་པའི་གདེང་ཐོབ་པ། ཉམས་མྱོང་གི་གདེང་ཐོབ་པ། ལྟ་བའི་གདེང་ཐོབ་པ་ཞིག་དགོས་ཏེ། དོན་དེ་ཚོ་དང་ལྡན་པར་བྱེད་པ་ལ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་ཉེ་བར་འཇོག་པ། གསོལ་བ་རྒྱུན་ཆད་མེད་པ་འདེབས་ཤིང་། བླ་མའི་སྤྱན་སྔར་ཡུན་རིང་དགོས། བྱ་མོས་ལུང་པ་ཐོབ་པ་བཞིན་སོང་བས་མི་ཆོག །དེ་ཡང་དགེ་བའི་བཤེས་གཉེན་ལ་གོ་འདྲིས་སུ་མ་སོང་བ། གདམས་ངག་ལ་སྣ་དྲེད་དུ་མ་སོང་བ། དད་པ་སྣོད་རྙིང་དུ་མ་སོང་བ་གལ་ཆེ། མི་ལུས་རིན་པོ་ཆེ་ཐོབ། བསྟན་པ་རིན་པོ་ཆེའི་སྒོར་ཞུགས། ཆོས་རིན་པོ་ཆེ་ཐོས། ཡང་དག་པའི་དགེ་བའི་བཤེས་གཉེན་རིན་པོ་ཆེ་དང་མཇལ། གདམས་ངག་རིན་པོ་ཆེ་ཞུས། སྒྲུབ་པ་ཉམས་སུ་ལེན་པའི་རང་དབང་ཡོད་པའི་རྟེན་འབྲེལ་འདི་རྣམས་འཛོམ་སྟེང་ལ་བསྒོམ་དགོས། དེའི་དུས་སུ་བསྒོམ་ན་བསྒོམ་མི་ཡོང་མི་སྲིད། མ་བྱུང་ན་རང་གིས་མ་བསྒོམས་པ་ཡིན། བླ་མ་མཉེས་པར་བྱེད་པ་ལ། རབ་སྒྲུབ་པའི་ཞབས་ཏོག་ཡིན། འབྲིང་ལུས་ངག་གི་ཞབས་ཏོག་ཡིན། ཐ་མ་ཟང་ཟིང་གི་ཞབས་ཏོག་ཡིན་པས། ཆོས་གཤའ་མར་བྱས་ན་རང་དོན་གཞན་དོན་ཀུན་འབྱུང་། ཚེ་འདི་དང་ཕྱི་མ་དུས་ཐམས་ཅད་དུ་སྐྱིད། སྐྱིད་པ་རང་སྐྱིད། སྨོན་པ་མིས་སྨོན་པ་ཞིག་འོང་བ་ཡིན། དེ་ལྟར་མ་བྱས་ན། འཕྱ་བ་མིས་འཕྱ། སྡུག་པ་རང་སྡུག །འབྲས་བུ་ངན་སོང་གསུམ་དུ་འགྲོ་བ་ཡིན་གསུང་། ཁྱེད་རྣམས་སྙིང་ཐག་པ་ནས་ཆོས་བྱ་སྙམ་ན། བརྩོན་འགྲུས་དང་། གཉེན་པོ་དང་། དད་གུས་ཀྱི་སྟོབས་བསྐྱེད་ལ། བླ་མ་དང་གྲོགས་པོའི་ཞབས་འདྲེན་དུ་མ་སོང་བ། སེམས་ཅན་གྱི་སྡིག་རྐྱེན་དུ་མ་སོང་བ། མདོར་ན་ལས་མཐའ་མ་ལོག་པ་རེ་མཛད་པར་ཞུ་གསུང་ངོ་།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact