Only Dharma. Since 1992
/ Mahamudra / Gampopa

Gampopa's collected works (4)

༼༡ན༽ཚོགས་ཆོས་བཀྲ་ཤིས་ཕུན་ཚོགས་བཞུགས་སོ། །

༼༡བ༽༄༅། །ན་མོ་རཏྣ་གུ་རུ། བཀྲ་ཤིས་ཕུན་ཚོགས་དཔལ་དང་ལྡན། །བདེ་སྐྱིད་དགེ་ལེགས་ཐམས་ཅད་ཀྱི། །འབྱུང་གནས་བླ་མ་རིན་པོ་ཆེ། །འགྲོ་མགོན་རྗེ་ལ་ཕྱག་འཚལ་ལོ། །འགྲོ་མགོན་རིན་པོ་ཆེ་སྒམ་པོ་པའི་ཞལ་ནས། ལས་དང་པོ་པའི་གང་ཟག་གཅིག་སངས་རྒྱས་ཀྱི་སར་འགྲོ་བ་ལ་ལམ་གཉིས་ལས་མེད། ཕ་རོལ་ཏུ་ཕྱིན་པའི་ལམ་དང་། གསང་སྔགས་ཀྱི་ལམ་དང་གཉིས་ཡིན་གསུང་། དེ་ལ་དང་པོ་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་ལྷ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་སྤྱན་དྲངས་ནས། ཇོ་བོས་བྱང་ཆུབ་ལམ་གྱི་སྒྲོན་མེ་གསུངས། དེ་ལ་སྐུ་མཆེད་གསུམ་གྱིས་སྐྱེས་བུ་གསུམ་བྱ་བར་བཀྲལ། དེ་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་ཡིན་ཏེ། གང་ཟག་གི་དབང་པོ་རབ་འབྲིང་གསུམ་ལ་ཆོས་དྲུག་ཅིག་དགོས། དྲུག་གང་ཞེ་ན་འཇུག་པའི་ཆོ་ག །བསྲུང་བྱ། བསྒོམ་བྱ། མཉན་བྱ། ལས། འབྲས་བུ་དང་དྲུག་གོ །དང་པོ་འཇུག་པའི་ཆོ་ག་ནི། སྐྱེས་བུ་ཆུང་ངུའི་དུས་སུ་ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་ནས་བླ་མ་གཅིག་ལ་ཆོས་ཤིག་༼༢ན༽ཞུས་པས། བླ་མ་དེས་དང་པོ་སྐྱབས་སུ་འགྲོ་བ་ལ་སློབ་པ་ནི། སྐྱབས་འགྲོ་འབོགས་པའི་ཚིག་སྟེ་འཇུག་པའི་ཆོ་གའོ། །གཉིས་པ་བསྲུང་བྱ་ནི་བསླབ་བྱ་རྣམས་དང་། གསུམ་པ་བསྒོམ་བྱ་ནི། ངན་སོང་གསུམ་གྱི་སྡུག་བསྔལ། བཞི་པ་ཉན་བྱ་ནི། ལས་འབྲས་ཀྱི་ཆོས། ལྔ་པ་ལས་ནི། བསོད་ནམས་ཀྱི་ཚོགས། དྲུག་པ་འབྲས་བུ་ནི། ལྷ་མིའོ། །དེ་ནས་དགེ་བསྙེན་གྱི་དུས་སུ་དང་པོ་སྐྱབས་འགྲོ་བྱས་ནས། རྩ་བ་བཞི་ཆང་དང་ལྔའི་སྡོམ་པ་འབོགས་པ་ནི་འཇུག་པའི་ཆོ་ག །མི་དགེ་བ་བཅུ་ཆང་དང་བཅུ་གཅིག་སྤངས་ནས། བསླབ་བྱའི་སྟེང་དུ་དགེ་བ་བཅུ་དང་དུ་ལེན་པ་བསྲུང་བྱ། བསྒོམ་བྱ་མན་ཆད་གོང་མས་འགྲེ། དེ་ནས་སྐྱེས་བུ་འབྲིང་གི་དུས་སུ་དགེ་ཚུལ་གྱི་སྡོམ་པ་ནི་དང་པོ་སྐྱབས་འགྲོ་བྱེད། དེ་ནས་མཁན་པོས་བཞི། སློབ་དཔོན་གྱིས་བཅུ་འབོགས་པ་ནི་འཇུག་པའི་ཆོ་གའོ། །བསྲུང་བྱ་ནི་བསླབ་བྱའི་སྟེང་དུ་འོད་ལྡན་དང་ཀཱ་རི་ཀཱ་དང་འཁོར་བའི་ཉེས་དམིགས་ཉན། ལས་དང་འབྲས་བུ་༼༢བ༽ནི་གོང་དང་མཐུན། དགེ་སློང་ལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་སྡོམ་པ་འབོགས། བསྲུང་བྱ་ནི་བཀའ་སོ་སོར་ཐར་པའམ་འདུལ་བ་ནས་ཇི་ལྟར་བྱུང་བ་བཞིན་བསྲུང་། གཞན་དགེ་ཚུལ་དང་མཐུན་ནོ། །སྐྱེས་བུ་མཆོག་གི་དུས་སུ་དང་པོ་སྐྱབས་འགྲོ་ཁྱད་པར་ཅན་བྱེད། དེ་ནས་འཇུག་པའི་སེམས་བསྐྱེད་དེ་གསུམ་སྡོམ་པའི་ཆོ་ག །སྐྱབས་འགྲོའི་བསླབ་བྱའི་སྟེང་དུ་བྱང་ཆུབ་སེམས་དཔའི་བསླབ་བྱ་ལ་སོགས་པ་སྡོམ་པ་ཉི་ཤུ་པ་ནས་ཇི་ལྟར་གསུངས་པ་བཞིན་བསྲུང་བ་ནི་བསྲུང་བྱ། བསྒོམ་བྱ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབའ་ཞིག་ཏུ་བསྒོམ། མཉན་བྱ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཆོས་འབའ་ཞིག་མཉན། ལས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེད་དུ་གསོག །འབྲས་བུ་ནི་སེམས་བསྐྱེད་ནས་སྟོང་པ་ཉིད་བསྟན་པས་སྲིད་དུ་རུང་བས་སྟོང་པ་ཉིད་རྟོགས་ནས་སངས་རྒྱའོ། །དེ་ཐམས་ཅད་ཀྱི་སྔོན་དུ་སྐྱབས་འགྲོ་འོང་བ་ཅི་སྟེ་ཞེ་ན། སྐྱབས་འགྲོ་ནི་སྡོམ་པའི་ངོ་བོ་ཡིན་ཏེ། རྒྱུད་སྡོམ་པ་གསུམ་ལྡན་ནས། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པས་སྐྱབས་འགྲོ་མ་བཏང་ན། རྩ་བ་བཞི་ཤོར་བསླབ་བྱ་ཉམས་པ་ལས། སྡོམ་པ་ཤོར་ཀྱང་སྡོམ་པའི་རོ་ཡིན་ཏེ། དཔེར་ན་སྦྲང་མ་སྣ་བར་གཙེར་བ་དང་འདྲ། ཕྱིར་སྐྱོར་ན་སྐྱབས་འགྲོ་སྐྱོར་དགོས། རྩ་བ་བཞི་བླང་བྱ་ཡིན་པས་བླངས་པས་ཆོག །སྐྱབས་འགྲོ་ཤོར་ན་སྡོམ་པ་ཡང་དུང་གི་རྡུལ་ཕྱིས་པ་བཞིན་འགྲོ །སྐྱབས་འགྲོ་ཉམས་པའི་རྒྱུ་དང་འཆོར་བའི་རྒྱུ་གཉིས་ཡིན། ཉམས་པ་ནི། ཤ་གཅོད་པ་དང་། སྣ་འབུགས་པ་དང་། སྤུ་འབལ་བ་དང་། སྒྲ་གཅན་གོ་རར་འཇུག་པ་དང་ལྔའོ། །འཆོར་བའི་རྒྱུ་ནི་དཀོན་མཆོག་གསུམ་གྱི་སྐྱབས་དེ་མི་འདོད་དོ་བྱས་ནས་བཏང་ན་༼༣ན༽འཆོར། མ་བཏང་ན་མི་འཆོར་གསུང་། ཡང་ཆོས་རྗེ་སྒམ་པོ་པའི་ཞལ་ནས། ཚེ་ལ་ལོང་མེད་པས་ཆོས་མང་པོ་བྱེད་མི་ཁོམ། སྒྲུབ་པའི་དུས་ལ་བབ། སྒྲུབ་པ་ལ་ཆོས་མང་པོ་མི་དགོས། ཚེ་འདི་ལ་བློ་ལོག་ན་ཆོས་ཚིག་བཞི་པའི་ཚིགས་སུ་བཅད་པ་རེ་རེ་ལ་བརྟེན་ནས་བསྒྲུབས་པས་ཆོག་གསུང་། དེ་ཡང་ཆོས་ཐམས་ཅད་ཀྱི་གཞིའམ་རྩ་བ་ནི་དད་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དད། དེས་གསུངས་པའི་ཆོས་ལ་དད། དེ་སྒྲུབ་པའི་དགེ་འདུན་ལ་དད། དེ་ལྟར་དད་ཙ་ན་དུས་རྟག་ཏུ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཡིན། དེ་ཡང་ཡང་དག་པའི་དགེ་བའི་བཤེས་གཉེན་ཞིག་དང་མ་ཕྲད་ན་དད་པ་དེ་ཡང་ཇི་ལྟར་འགྲོ་ཆ་མེད་དེ། དེ་བས་དགེ་བའི་བཤེས་གཉེན་གྱི་གདམས་པ་གལ་ཆེ། དེ་ཡང་དཔེར་ན་མི་གཅེས་པ་ཅིག་ན་ནས་སྨན་པ་ཅིག་འཚོལ་ན་ཤིན་ཏུ་མཁས་པ་ཅིག་འཚོལ་དགོས། མཁས་པ་དེས་ནད་ཀྱི་གཞི་ཤེས་རྒྱུ་ཤེས། བཅོས་པའི་ཐབས་ཤེས། གཞི་རླུང་མཁྲིས་བད་ཀན་གསུམ། རྒྱུ་ཉོན་མོངས་པ་གསུམ། འདོད་ཆགས་ལས་རླུང་། གཏི་མུག་ལས་བད་ཀན། ཞེ་སྡང་ལས་མཁྲིས་པ། དེ་བཅོས་པའི་ཐབས་ནི་སྨན་གྱི་རོ་ཚ་བ། ཁ་བ་མངར་བ་གསུམ་ལ་སོགས་པ། བཤལ་བ་དང་། སྐྱུག་པ་དང་མེ་བཙའ་དང་། ཐུར་མ་དང་། གཏར་ཀ་ལ་སོགས་པ་བྱེད། དེ་ལྟར་བྱས་པས་ནད་པ་དེ་སོས་ནས་འོང་། སྨན་པ་མི་མཁས་པ་ཅིག་གིས་འཆོས་ན་དང་པོ་ནད་ཀྱི་གཞི་མ་ཤེས། ནད་ངོས་མ་ཟིན་པས་བཅོས་ལོག་བྱས་པས་ནད་པ་འཆི། མ་ཤི་ཡང་ཤི་ལ་ཐུག་པ་ཞིག་འོང་། དེ་བས་ན་འཆི་བ་མི་རྟག་པ་ནས་མགོ་བཟུང་ནས། ཆོས་ཐམས་ཅད་སྟོང་པ་ཉིད་རྣལ་མར་སྟོན་པའི་དགེ་བའི་བཤེས་གཉེན་ཞིག་༼༣བ༽གལ་ཆེ། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི། རང་ཡང་འཆི་བ་དང་མི་རྟག་པ་བསྒོམས་ལ། གཞན་ཡང་དེ་བསྒོམ་དུ་འཇུག་ན་དགེ་བའི་བཤེས་གཉེན་ཡིན། རང་ཡང་བྱམས་པ་དང་སྙིང་རྗེ་བསྒོམས། གཞན་ཡང་དེ་བསྒོམ་དུ་འཇུག་ན་དགེ་བའི་བཤེས་གཉེན་ཡིན། རང་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་བསྒོམས། གཞན་ཡང་དེ་བསྒོམ་དུ་འཇུག་ན་དགེ་བའི་བཤེས་གཉེན་ཡིན། ཡང་ན་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི་གཉིས་ཏེ། ཤེས་རབ་ཀྱི་མིག་ཅན་དང་། ཆོས་ཀྱི་མིག་ཅན་གཉིས་སོ། །ཤེས་རབ་ཀྱི་མིག་ཅན་ནི་འཁོར་བའི་མཚན་ཉིད་དང་། ལས་རྒྱུ་འབྲས་དང་། རྟེན་འབྲེལ་ཚོགས་པ་ལས་བྱུང་བ་དང་། རྒྱུ་དང་འབྲས་བུ་ཇི་ལྟར་བྱུང་བ་ལ་སོགས་པ་ཤེས་པ་ནི། ཤེས་རབ་ཀྱི་མིག་ཅན་ནོ། །ཆོས་ཀྱི་མིག་ཅན་ནི། རྒྱུད་ལ་ཡེ་ཤེས་ཤར་བའི་རང་གི་ཁྱབ་འབྲེལ་གཞན་ལ་བསྐྲུན་ནུས་པའོ། །ཡང་དག་པའི་བཤེས་གཉེན་གྱི་མཚན་ཉིད་ནི་བཞི་ལྡན་ཞེས་བྱ་སྟེ། ཟབ་མོའི་ཆོས་ལ་ངེས་པའི་བདག་ཐོབ་པ། སེམས་ཅན་ལ་སྙིང་རྗེའི་བདག་ཐོབ་པ། དཀོན་མཆོག་གསུམ་ལ་དད་པའི་བདག་ཐོབ་པ། འགྲོ་བ་རྣམས་ལ་ཟང་ཟིང་མེད་པའི་ཆོས་སྟོན་པ། དེ་ལྟ་བུའི་དགེ་བའི་བཤེས་གཉེན་ལ་བསྟེན་དགོས། ལོག་པའི་བཤེས་གཉེན་དང་ཕྲད་ན། བེའུ་སྤྲེལ་གཡང་ལ་བསྐྱུར་བ་དང་འདྲ་སྟེ། ཐམས་ཅད་ཐུར་ལ་འགྲོ །ཆོས་བྱ་རྒྱུ་ནི་བསག་སྦྱང་གཉིས་ལས་མེད། སྡིག་པ་སྦྱངས་པས་བསོད་ནམས་བསགས། བསོད་ནམས་བསགས་པས་སྡིག་པ་སྦྱོངས། རང་གི་སེམས་ཉིད་ལྷན་ཅིག་སྐྱེས་པ་འདི་རྒྱུ་ལས་བྱུང་སྟེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་བསོད་ནམས་བསགས་པས་རྒྱུ་འདིས་བྱས་པར་མཐོང་བས་ན་རྒྱུ་ལས་བྱུང་བའི་ཚུལ་དུ་འདུག །འདི་རྐྱེན་ལས་༼༤ན༽བྱུང་སྟེ། བྱམས་སྙིང་རྗེ་བྱང་ཆུབ་སེམས་བསྒོམས་པས་བསོད་ནམས་བསགས་རྐྱེན་འདིས་བྱས་པར་མཐོང་བས་ན། རྐྱེན་ལས་བྱུང་བའི་ཚུལ་དུ་ཡང་འདུག །འདི་ཐབས་ལས་བྱུང་སྟེ། བྱམས་སྙིང་རྗེ་བསྒོམས་ཀྱིན་སེམས་བསྒོམས་པ་ལས་བསོད་ནམས་བསགས་པས་ཐབས་འདིས་བྱས་པར་མཐོང་བས་ན། ཐབས་ལས་བྱུང་བའི་ཚུལ་དུ་ཡང་འདུག །དེ་བས་ན་བསོད་ནམས་བསགས་པ་གལ་ཆེའོ་གསུང་ངོ་།། །།ཡང་ཆོས་རྗེ་སྒམ་པོ་པའི་ཞལ་ནས། འཆི་བ་མི་རྟག་པ་བསྒོམས་པས་ཚེ་འདིའི་དོན་མི་བྱེད། འཁོར་བའི་ཉེས་དམིགས་བསྒོམས་པས་འཁོར་བར་མི་སྐྱེ། ལས་རྒྱུ་འབྲས་བསྒོམས་པས་ངན་སོང་དུ་མི་སྐྱེ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་ཉན་ཐོས་དང་རང་སངས་རྒྱས་སུ་མི་ལྷུང་། ཆོས་ཟབ་མོ་སྟོང་ཉིད་བསྒོམས་པས་གཟུགས་དང་གཟུགས་མེད་ཀྱི་ཁམས་སུ་མི་སྐྱེ་གསུང་། དེ་ཡང་འཆི་བ་མི་རྟག་པ་བསྒོམས་པ་ལ་ཕན་ཡོན་ལྔ་ཡོད་དེ། སྐྱོ་བ་སྐྱེ་བ་ཡིན། དད་པ་གསོ་བ་ཡིན། བརྩོན་འགྲུས་ཅན་དུ་འགྱུར་བ་ཡིན། འཇིག་རྟེན་ལ་མི་ཆགས་པ་ཡིན། མྱ་ངན་ལས་འདས་པ་ལ་ཕྱོགས་པ་ཡིན། འཆི་བ་སྒོམ་པ་ལ་རབ་འབྲིང་ཐ་གསུམ་ཡིན། རབ་ཀྱིས་དངོས་པོ་ཞག་ཏུ་མི་འཛིན། འབྲིང་གིས་ཟླ་བར་མི་འཛིན། ཐ་མས་ཀྱང་ལོར་མི་འཛིན་པ་ཞིག་འོང་བ་ཡིན་གསུང་།། །།ཡང་རྗེ་སྒམ་པོ་རིན་པོ་ཆེའི་ཞལ་ནས། ཞི་གནས་སྐྱེ་བར་བྱེད་པ་ལ། རྒྱུ་བཞི་ཡིན་ཏེ། བླ་མའི་བྱིན་རླབས་ཀྱིས་སྐྱེ་བར་བྱེད་པ་དང་། རྟེན་འབྲེལ་གྱིས་སྐྱེ་བ་དང་། ཚོགས་བསགས་པ་ལས་སྐྱེ་བ་དང་། སྡིག་པ་སྦྱངས་པ་ལས་སྐྱེ་བ་དང་བཞི་ཡིན་གསུང་། དེ་ཡང་སེམས་ཀྱི་ངོ་བོ་མ་བཅོས་མ་བསླད་པ། རྣལ་མ། གསལ་བ། དག་པ་དུས་ཐམས་ཅད་དུ་རྒྱུན་ཆད་མེད་༼༤བ༽པ་ཡིན། དེ་ལ་གཉིས་ཏེ། སྣང་བ་ལ་ངེས་པ་དང་། སྣང་ལ་མ་ངེས་པའོ། །སྟོན་ཁའི་ནམ་མཁའ་ལྟ་བུ་དང་སེམས་ཉིད་གཉིས་སུ་མེད་པར་རྟོགས་པས་ཏེ། ཡར་སངས་རྒྱས་ལ་མི་རེ། མར་འཁོར་བ་ལ་མི་དོགས། གཞན་གྱིས་བསྒྱུར་ཡང་མི་འགྱུར་བ་སྟེ། སྣང་ལ་ངེས་པ་ཡིན། མ་ངེས་པ་ནི་ཉམས་མྱོང་ལའང་བཞི་སྟེ། ཞི་གནས་ཀྱི་བདེ་བ་དང་གསལ་བ་མི་རྟོག་པའོ། །ཉམས་ལ་རེས་ཡོད། རེས་མེད་པ་སྙམ་བྱེད་པ་སྟེ། མི་རྟོག་པས་རྒྱུ་བྱས་ནས། མར་ལ་ལྡོག་པའི་ཉེན་ཡོད། གཟུགས་ཁམས་དང་གཟུགས་མེད་པ་ལ་འགོག་པའི་རྒྱུར་ཡང་འགྲོ་ཉེན་ཡོད། དང་པོ་སློབ་པའི་དུས་སུ་རིག་པ་གསལ་སིང་ངེ་བ་ལ་སློབས། དེ་ཡང་ཤེས་པ་མ་ཡེངས་པ་ལ་སློབས། དེ་ཡང་རིག་པའི་ངོ་བོ་ལ་ཡེ་མ་ཡེངས་པར་བྱ། དེ་ལ་གོམས་ཙ་ན་རང་ལ་ངེས་ཤེས་སྐྱེ་བ་ཡིན། སེམས་ཀྱི་ངོ་བོ་མ་ཤོར་བར་བྱས་ནས། རྣམ་རྟོག་ཇི་ཙམ་ཡང་འཕྲོ་བ་ཡིན། དཔེར་ན་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་། སྤྲིན་དང་ན་བུན་དང་ཁུག་སྣ་ལ་སོགས་པ་ཇི་ཙམ་ཡང་འོང་བ་ཡིན། དེ་ནམ་མཁའ་རང་ལ་དེངས་ནས་འགྲོ་བ་དང་འདྲ་སྟེ། དེ་ཡང་རྣམ་རྟོག་གྲོགས་སུ་འགྲོ་བ་བྱ་བ་ཡིན། རྣམ་རྟོག་ལ་སྤྲོ་བསྡུ་མ་བཏུབ་ན་སླར་ཐུ་བ་ཡིན། གཟུགས་མེད་དུ་སྐྱེ་བའི་ཉེན་ཡོད། ཡི་དམ་ལྷའི་བསྐྱེད་རིམ་རྫོགས་པ་ཡང་སྐད་ཅིག་མ་རེ་བསྒོམ། སྐད་ཅིག་དྲན་རྫོགས་ཀྱིས་ཡི་དམ་ལྷར་བསྐྱེད་ནས། འོད་གསལ་འབའ་ཞིག་བསྒོམས་པ་ཡིན། དེ་ཡང་གསལ་སིང་ངེ་བ་དེ་ཉམས་མྱོང་ཡིན། དེ་ལ་མ་ཡེངས་པ་གནས་པ་ཡིན། ཤེས་རབ་ཀྱིས་བལྟས་པས་ཅིའི་ངོ་བོར་ཡང་མ་གྲུབ་པ་རྟོགས་པ་ཡིན། བླ་མ་རྟོགས་ལྡན་ཞིག་གིས་སློབ་མ་སྐལ་ལྡན་ཚེ་འདི་བློས་བཏང་བ་ཞིག་དང་ཕྲད་ནས། བླ་མ་དེས་མ་སྨིན་པ་སྨིན་པར་བྱེད་པའི་དབང་རྣམ་པ་བཞི་༼༥ན༽མཛད་ནས། སྨིན་ཏེ་གྲོལ་བར་བྱེད་པའི་ཐབས་བསྐྱེད་རྫོགས་གཉིས་ལ་སློབ་པ་ཡིན། བསྐྱེད་རིམ་ལྷའི་སྐུ་སྒྱུ་མ་ལྟ་བུ་བསྒོམ་པ་དང་། རྩ་རླུང་བསྒོམ་པ་དང་། སྤྲོས་པ་དང་བཅས་པའི་རྫོགས་རིམ་ཀྱང་དེ་ཡིན། སྤྲོས་མེད་ཀྱི་རྫོགས་རིམ་ནི་འོད་གསལ་སེམས་ཀྱི་སྟོང་ཉིད་མངོན་སུམ་དུ་གཟིགས་པ་འདི་ལགས། དེ་ལྟར་བསྐྱེད་རྫོགས་གཉིས་བསྒོམས་པས་ཡོན་ཏན་འབྱུང་སྟེ། དེ་ཡང་དབེན་པར་བསྒོམས་པ་ལས་འབྱུང་། ལུས་བདེ་ན་སེམས་བདེ་བར་འོང་སྟེ། ནང་དུ་རྟགས་རྣམ་པ་ལྔ་འཆར། སྤྱིར་ཡང་ཕན་ཡོན་རྣམ་པ་བརྒྱད་འབྱུང་སྟེ། རྟགས་དང་ཕན་ཡོན་དུ་བ་ལྟ་བུ་བྱུང་ཙ་ན། རླུང་འགགས་ཏེ་རླུང་ཨ་བ་དྷཱུ་ཏིར་ཚུད་པ་ཡིན། རྟགས་གཉིས་པ་ཤར་ཙ་ན། སྣང་བ་ཉམས་སུ་མྱོང་བ་འོང་སྟེ། ཕྱིའི་སྣང་བ་འདི་ལ་མི་ཟེར། སེམས་ཀྱིས་སེམས་ཉིད་ཉམས་སུ་མྱོང་བ་བྱ་བ་ཡིན། རྟགས་གསུམ་པ་ཤར་ཙ་ན་གསལ་བ་མི་རྟོག་པ་འབྱུང་། དེ་བསྒོམ་པའི་མཐར་ཐུག་པ་ཡིན། རླུང་སེམས་གནས་སུ་ཚུད་པ་ཡིན། རྟགས་བཞི་པ་ཤར་ཙ་ན། ལྟ་བའི་དོན་ཆོས་ཉིད་ཐམས་ཅད་རིག་ཅིང་གསལ་བ་དང་ཕྲིན་ལས་རྣམ་པ་བཞི་འགྲུབ་སྟེ། ལྟ་བའི་དོན་བྱ་བ་ཡིན། སེམས་ཉིད་ལ་བློ་ངེས་པའོ། །ཆོས་ཐམས་ཅད་རིག་ཅིང་གསལ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་འོད་གསལ་དུ་འཆར་བའོ། །ཕྲིན་ལས་བཞི་ནི་བཟླས་པ་ལ་སོགས་པ་བྱ་མི་དགོས་པའི་ཕྲིན་ལས་བཞི་ཀ་བྱས་ཀྱང་ཚེགས་ཆུང་ངུས་འགྲུབ་པའོ། །རླུང་འོད་གསལ་དུ་ཚུད་པའི་དུས་སུ་ཡེ་ཤེས་ཀྱི་རྟགས་འབྱུང་སྟེ། ལུས་འཇའ་ཚོན་ནམ་འོད་ཀྱི་གོང་བུ་ལྟ་བུ་ཡང་འབྱུང་ངོ་། །དེ་ཡེ་ཤེས་ཀྱི་རྟགས་བྱུང་བ་ཡིན། ལྟ་བ་དང་ལྟ་བྱེད་མེད་པ་ལ་སྟོང་ཉིད་ཟེར་བ་ཡིན། ཁམས་གསུམ་ལས་འདས་ཤིང་བློ་དང་བྲལ་བ་ལ་སྨོན་པ་མེད་པ་ཟེར་༼༥བ༽བ་ཡིན་གསུང་། ཡང་ཆོས་རྗེ་སྒམ་པོ་པའི་ཞལ་ནས། སྒྲུབ་པ་པོ་ལ་བདུད་ཀྱི་བར་ཆད་འབྱུང་བ་ནི་གཉིས་ཏེ། མི་དང་མི་མ་ཡིན་པའི་བདུད་དང་། རྣམ་པར་རྟོག་པའི་བདུད་དོ། །དེ་སེལ་བའི་ཐབས་གསུམ་ཡོད་དེ། དང་པོ་བྱམས་པ་དང་སྙིང་རྗེས་སེལ་བ་ཡིན་ཏེ། བྱམས་སྙིང་རྗེ་བསྒོམས་པ་ལས་མས་བུ་ལ་གནོད་པ་མི་སྲིད་པ་ཡིན། གཉིས་པ་ནི་སྒྱུ་མ་རྨི་ལམ་ལྟ་བུ་དང་སྟོང་པ་ཉིད་བསྒོམས་པས་སེལ་ཏེ། གནོད་བྱ་གནོད་བྱེད་གཉིས་མེད། གསུམ་པ་འཁྲུལ་པར་ཤེས་པས་སེལ་ཏེ། དེ་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་དུ་ཤེས་ཏེ། གནོད་པ་བྱེད་ཀྱང་མི་ཚུགས། དེ་ལ་འཁོར་མང་པོ་དང་རྫས་ཀྱི་བསོད་ནམས་ཆེན་པོ་འབྱུང་བ་ནི། གསང་སྔགས་ནས་ཐུན་མོང་གི་དངོས་གྲུབ་ཏུ་བཤད། བདུད་ཀྱི་བར་ཆད་ཀྱང་ཡིན་གསུང་། བདུད་ཀྱིས་ཀྱང་དངོས་སུ་བར་དུ་མི་ཆོད་དེ། སྔོན་ལ་འཁོར་གྱིས་བར་དུ་གཅོད། དེ་ནས་རྫས་དང་བསོད་ནམས་ཆེ་བས་དགེ་སྦྱོར་གྱི་བར་དུ་གཅོད། དེ་ནས་སྒྲུབ་པ་པོ་དེ་ལ་ཆགས་སྡང་གིས་བར་དུ་བཅད་ནས་འགྲོ་བ་ཡིན། བདུད་ཀྱི་བར་ཆད་ཡིན་ནམ་མིན། རང་གི་སེམས་ལ་བལྟ། རང་ལ་གནོད་ན་བདུད་ཀྱི་བར་ཆད་ཡིན། མི་གནོད་ན་དངོས་གྲུབ་ཡིན་གསུང་།། །།ཡང་ཆོས་རྗེ་སྒམ་པོ་པའི་ཞལ་ནས། སྟོན་པ་བདེ་བར་གཤེགས་པས་གསུངས་པའི་ཆོས་ཐམས་ཅད་བསླབ་པ་རྣམ་པ་གསུམ་དུ་མ་འདུས་པ་མེད་གསུང་། དེ་ཡང་བསླབ་པ་རྣམ་པ་གསུམ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་སེམས་ཀྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་གསུམ་ཡིན། དེ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཡིན་ན། མཁན་པོ་དང་སློབ་དཔོན་ལ་སོ་སོ་ཐར་པའི་སྡོམ་པ་བླངས་ནས་ཇི་ལྟ་བ་བཞིན་བསྲུང་བ་ནི་སྡོམ་པའི་ཚུལ་ཁྲིམས། དེ་ནས་སྨོན་པ་དང་འཇུག་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་༼༦ན༽དཔའི་བསླབ་བྱ་ལ་སློབ་པ་ནི་སྡོམ་པའི་ཚུལ་ཁྲིམས། དེ་ནས་གསང་སྔགས་ཀྱི་དབང་ཞུས་ནས་རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་གི་བརྒྱད་ལ་སོགས་པའི་དམ་ཚིག་ཇི་ལྟ་བ་བཞིན་བསྲུང་བ་ནི་སྡོམ་པའི་ཚུལ་ཁྲིམས། གང་ཟག་གཅིག་གི་རྒྱུད་ལ། སྡོམ་པ་གསུམ་རྟེན་འབྲེལ་སྐོར་ཅིག་ཏུ་གནས་དགོས་ཏེ། སྐྱེ་ན་ཇི་ལྟར་སྐྱེ། གནས་ན་ཇི་ལྟར་གནས། བསྲུང་ན་ཇི་ལྟར་བསྲུང་། ལྡན་ན་ཇི་ལྟར་ལྡན། འཆོས་ན་ཇི་ལྟར་འཆོས་སྙམ་ན། མཁན་སློབ་ལ་སྡོམ་པ་བླངས་པའི་དུས་སུ་ངས་སོ་སོར་ཐར་པའི་སྡོམ་པ་ཐོབ་སྙམ་པའི་དུས་སུ་སྐྱེ། བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་སྙམ་པའི་དུས་སུ་བྱང་ཆུབ་སེམས་དཔའི་སྡོམ་པ་སྐྱེ། དབང་བསྐུར་བའི་དུས་སུ་གསང་སྔགས་ཀྱི་དམ་ཚིག་ཐོབ་སྙམ་པའི་དུས་སུ། གསང་སྔགས་ཀྱི་སྡོམ་པ་སྐྱེ། གནས་ན་བྱེ་བྲག་ཏུ་གནས་ཏེ། བྱེ་བྲག་གང་ཞེ་ན། དེ་ལྟར་མཉམ་པའི་ངོ་བོ་ཅིག་སོ་སོར་ཡོད་པ་མ་ཡིན་ཏེ། སེམས་ཉིད་ཀྱི་ངོ་བོ་གང་ཟག་གཅིག་གི་རྒྱུད་ལ་གསུམ་ཚང་བའོ། །བསྲུང་ན་འཆོལ་བར་བསྲུང་སྟེ། འཆོལ་བ་གང་ཞེ་ན། སོ་ཐར་གྱི་དུས་སུ་འདུལ་བ་འོད་ལྡན་བཞིན་དུ་བསྲུང་། སེམས་བསྐྱེད་བྱས་ནས་སྡོམ་པ་ཉི་ཤུ་པ་ལ་སོགས་པ་བཞིན་བསྲུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བྱ། དབང་བསྐུར་ནས་རྩ་བའི་ལྟུང་བ་བཅུ་བཞི་པ་ལ་སོགས་པ་ནས། ཇི་ལྟར་གསུངས་པ་བཞིན་དུ་གསང་སྔགས་ཀྱི་དམ་ཚིག་བསྲུང་། ལྡན་ན་ཡར་ལྡན་ཏེ་ནང་ཐུག་བྱུང་བའི་དུས་སུ། འོག་མ་གོང་མའི་ཁོངས་ན་ཡོད་པས་རིམ་གྱིས་གོང་མ་གཙོ་ཆེར་བྱ། འཆོས་ནས་སོ་སོར་ཐར་པ་ལ་སྐྱོན་བྱུང་ན། མཁན་པོ་ལ་སོགས་པ་ལ་བཤགས་པས་ཆོག་ན་བཤགས། སྐྱོར་དགོས་བྱུང་ན་སྐྱོར། བྱང་ཆུབ་སེམས་དཔའི་དུས་སུ་སྐྱོན་བྱུང་ན། སེམས་བསྐྱེད་པའི་བྱང་ཆུབ་༼༦བ༽སེམས་དཔའ་ལ་བཤགས་པས་ཆོག་ན་བཤགས། སྐྱོར་དགོས་ན་སྐྱོར། དེ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའོ། །ལྷག་པ་སེམས་ཀྱི་བསླབ་པ་ནི། སྡོམ་པ་རྣམས་ལ་བདག་གིས་སོ་སོར་ཐར་པའི་དུས་སུ་སྐྱོན་མ་བྱུང་ངམ། བྱང་ཆུབ་སེམས་དཔའི་དུས་སུ་སྐྱོན་མ་བྱུང་ངམ། གསང་སྔགས་ཀྱི་དུས་སུ་སྐྱོན་མ་བྱུང་ངམ་སྙམ་དུ་སྔོ་བགྲང་བྱེད་ཅིང་། རང་སེམས་གླང་པོ་ཆེ་སྨྱོན་པ་དང་འདྲ་བ་དེ། ལྷག་པ་ཚུལ་ཁྲིམས་ཀྱི་དམིགས་པའི་ཀ་བ་ལ་དྲན་པའི་ཞགས་ཐག་གིས་བཅིངས། ཤེས་རབ་ཀྱི་ལྕགས་ཀྱུས་བཟུང་ནས། བློ་རིམ་གྱིས་གོམས་པར་བྱེད་པ་ནི་ཞི་གནས་སོ། །དེ་ལྟར་ཞི་གནས་ཀྱིས་སེམས་རྩེ་གཅིག་ཏུ་བྱས་ནས་ལྷག་མཐོང་གིས་དཔྱོད་གཞིག་འབྱེད་དོ། །སྡོམ་པ་ལ་རྟོག་དཔྱོད་བཏང་བས་ཇི་སྲིད་རྟོག་དཔྱོད་འདུག་ཕན་ཆད་དུ་བསགས་པའི་ཤེས་རབ་ཡིན་ལ། རྟོག་དཔྱོད་ལས་འདས་ཕན་ཆད་བསྒོམས་པའི་ཤེས་རབ་བོ། །ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་དེ་གོ་ཞིང་། རྟོགས་ན་ཤེས་རབ་ཀྱི་བསླབ་པ་ཡིན་གསུང་།། །།ཡང་ཆོས་རྗེ་སྒམ་པོ་པའི་ཞལ་ནས། ཚེ་ལ་ལོང་མེད་མྱུར་དུ་འཆི་བས་འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་མ་ཆགས་པ་ཞིག་དགོས་གསུང་། དེ་ཡང་རིགས་དྲུག་གར་སྐྱེས་ཀྱང་སྐྱིད་མེད་ཅིང་། འཁོར་བ་སྡུག་བསྔལ་གྱི་ཕུང་པོར་ཤེས་པས་འཁོར་བ་མཐའ་དག་ལ་མ་ཆགས་པ་ཞིག་དགོས། ཆོས་ཐམས་ཅད་ཀྱི་རྩ་བ་སྙིང་རྗེ་ཡིན་པས། དུས་ཐམས་ཅད་དུ་སེམས་ཅན་བློས་མི་སྤོང་བ་ཞིག་དགོས། ཆོས་ཐམས་ཅད་མ་སྐྱེས་ཤིང་སྐྱེ་བ་མེད་པར་ཤེས་པས། གང་ལ་ཡང་དངོས་པོ་དང་མཚན་མར་མི་འཛིན་པ་ཞིག་དགོས། ཆོས་དེ་རྣམས་རྒྱུད་ལ་སྐྱེ་བར་བྱེད་པ་ལ་བླ་མ་དང་ཇོ་བོ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་དད་པ་དང་གུས་པ་རྒྱུན་༼༧ན༽མི་འཆད་པའི་སྒོ་ནས་མཆོད་པ་དང་གསོལ་བ་འདེབས་པ་རྒྱུན་མི་འཆད་པ་ཞིག་དགོས། ཡུན་རིང་དུ་གོམས་པའི་མ་རིག་པའི་བག་ཆགས་མཐུག་པོས་འཁྲུལ་པའི་ཤེས་པ་སྣ་ཚོགས་སུ་ཤར་ཡང་བྱིས་པ་ཆུང་ངུའི་དཔེ་དང་། སེངྒེའི་གྲིབ་མའི་དཔེ་དང་། རབ་རིབ་ཅན་གྱི་སྐྲ་ཤད་ཀྱི་སྒོ་ནས་འཁྲུལ་པ་བཅས། སྣང་བ་དང་སེམས་ཐ་མི་དད་པ་ནི་ཆུ་དང་ཆབ་རོམ་གྱི་དཔེ་དང་། ཙནྡན་དང་དྲིའི་སྒོ་ནས་རྟོགས་པར་བྱའོ། །སྣང་བ་ལ་ཆོས་སྐུའི་ཁྱབ་པའི་དཔེ་ནི། གསེར་རྡོ་དང་དངུལ་རྡོ་དང་འོ་མ་ལ་མར་གྱིས་ཁྱབ་པ་ལ་སོགས་པའི་སྒོ་ནས་རྟོགས་པར་བྱའོ། །མེད་བཞིན་དུ་སྣང་བ་ནི་དུ་བ་དང་སྤྲིན་དང་ཁུག་སྣ་དང་གཟུགས་བརྙན་དང་བྲག་ཆ་ལ་སོགས་པའི་དཔེའི་སྒོ་ནས་རྟོགས་པར་བྱའོ། །རྟེན་འབྲེལ་ཚོགས་པ་ལས་སྣང་བ་ནི་མེ་ལོང་གི་གཟུགས་བརྙན་དང་། ཆུ་ཟླ་དང་། ནོར་བུ་རིན་པོ་ཆེའི་དཔེ་ལ་སོགས་པའི་སྒོ་ནས་རྟོགས་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་གདོད་མ་ནས་ཡོད་མ་མྱོང་བ་འཁྲུལ་པའི་ངོ་བོར་སྣང་བ་སྟེ། རྨི་ལམ་ལྟ་བུར་རང་གི་སེམས་ཀྱི་གཟུགས་བརྙན་དོན་མ་ཡིན་པ་དོན་ལྟར་ཤར་བར་གོ་བར་བྱ། དེ་བས་ཆོས་ཐམས་ཅད་བརྫུན་པས་བསླུ་བ་མིང་ཙམ་མམ། བཏགས་པ་ཙམ་དོན་དེ་ལྟ་བུའི་ཀུན་རྫོབ་དེ་ཡང་སྒྱུ་མ་ལྟར་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བར་རྟོགས་པར་བྱ། དེ་ལྟར་དོན་སྤྱིའི་རྣམ་པ་ཡུལ་དུ་བྱས་ནས་རྟོགས་པ་ཐོབ་སྙམ་ཡང་དོན་མི་མཐོང་གསུང་སྟེ། དེ་བས་ན། བླ་མ་མཚན་ཉིད་དང་ལྡན་པ་ཅིག་གིས་དབང་བྱིན་རླབས་ཀྱི་སྒོ་ནས་རྒྱུད་སྨིན་པར་བྱས་ནས་བླ་མས་ཐབས་ཉམས་སུ་ལེན་དུ་བཅུག་པ་ལས་འོང་སྟེ། དེ་ཡང་གསང་སྔགས་ཀྱི་མན་ངག་རྟེན་འབྲེལ་ཚོགས་པ་ལས་སྐྱེ་བས་བདེ་བ་གསལ་བ་མི་རྟོག་པ་གསུམ་གྱི་ཉམས་འབྱུང་། དེ་ཡང་དད་པ་དང་གུས་པའི་སྒོ་ནས་ཡུན་རིང་དུ་ཉམས་སུ་བླངས་༼༧བ༽པ་ལས་འབྱུང་སྟེ། རླུང་སེམས་འབྱོངས་པའི་རྟགས་ལུས་རས་བལ་གྱི་འདབ་མ་ལྟ་བུ་ལ་སོགས་པའི་ཉམས་མང་དུ་འོང་། སྲོག་རྩོལ་དྷཱུ་ཏིར་ཚུད་པའི་སྟོབས་ཀྱིས་རྟགས་ལྔ་དང་ཕན་ཡོན་བརྒྱད་ལ་སོགས་པའི་རྟགས་མང་དུ་འབྱུང་། དེ་ལྟ་བུའི་ལུས་སེམས་བདེ་བ་ཅི་བྱུང་ཡང་ཞི་གནས་ཡིན། འོན་ཀྱང་རྟགས་ལྔ་དང་ཕན་ཡོན་བརྒྱད་པོ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་ལས་འབྱུང་སྟེ། དམིགས་པ་ཕྲ་མོ་ཟིན་པའི་གནས་པ་ལྟེང་ལྟེང་ལས་མི་འབྱུང་ངོ་། །དེ་ལྟ་བུའི་ཏིང་ངེ་འཛིན་བསམ་གཏན་དང་པོའི་དངོས་གཞི་ཡིན། དེ་ཡང་ལུས་ཀྱི་རྣམ་པར་ཤེས་པའི་དོན་གསུམ་གྱིས་བསམ་གཏན་གྱི་དགའ་བདེ་བསྒོམ་པ་ཡིན་གསུང་། བླ་མ་ཆོས་ཀྱི་སྤྱན་ཅན་སེམས་ཉིད་སྟོང་པ་ཉིད་མངོན་སུམ་དུ་བྱས་པ་ཞིག་གིས་བདེ་གསལ་མི་རྟོག་པ་གསུམ་སྐྱེ་མེད་དུ་ངེས་སུ་འཇུག །སྐྱེ་མེད་དུ་མ་ངེས་ན་ནི་སྣང་ལ་མ་ངེས་པ་ཞེས་བྱ་སྟེ། སོ་སོར་བརྟགས་མིན་གྱི་འགོག་པར་འགྲོ །ཐུན་མོང་གི་ལམ་ཡིན་པས་གར་སྐྱེ་ཆ་མེད་པ་ཡིན། ངེས་པའི་ཤེས་པ་སྐྱེས་ནས་རྟོག་པ་དང་བྲལ་བའི་སྟོང་པ་ཉིད་ཡུལ་མངོན་སུམ་ཉིད་ཀྱི་བར་དུ་ཤེས་གསུང་ངོ་། །བདེ་གསལ་མི་རྟོག་པ་མེད་པར་སེམས་སྐྱེ་མེད་ཀྱི་ངོ་བོ་ཙམ་ལ་ཡང་ངེས་ན། །བླ་མ་མི་ལའི་ཞལ་ནས། དེ་དེ་ཡིན་ཏེ་དེ་དེ་མིན། །སྡོང་པོ་ཡིན་ཏེ་འབྲས་བུ་མིན། །ཡོན་ཏན་ཡིན་ཏེ་རྟོག་མེད་མིན། །གསུང་། ཇོ་བོ་ཆེན་པོའི་ཞལ་ནས། ངེས་འབྱུང་བག་ཆགས་བྲལ་བས་རྣལ་འབྱོར་མ་མཐོང་བ། ནམ་མཁའི་མེ་ཏོག་བུང་བས་འཇིབ་པ་འདྲ་གསུང་། དེ་བས་ན། ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་ཡིན་པས་སེམས་ཀྱི་ཆོས་ཉིད་རྟོགས་པས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པ་ཡིན་ནོ། །དེ་བས་ན། སེམས་ཀྱི་རང་བཞིན་གཟུང་འཛིན་གཉིས་དང་བྲལ་བ། ཆོས་སྐུའི་ངོ་བོ་རྫོགས་པའི་སངས་རྒྱས་བྱུང་ཡང་རུང་༼༨ན༽མ་བྱུང་ཡང་རུང་སྟེ་གནས་པས་ན་རྟེན་ཅེས་བྱའོ། །དེ་ལ། རྣམ་པར་རྟོག་པ་རྣམ་སྤངས་པ། །གཟུང་དང་འཛིན་པ་དང་བྲལ་བ། །ཡེ་ཤེས་འདུས་མ་བྱས་པ་སྟེ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ། །ཞེས་གསུངས་སོ། །དེ་ལྟ་བུའི་སེམས་ཀྱི་ཆོས་ཉིད་རྟོགས་པ་ནི་ཟག་པ་མེད་པའི་སྡོམ་པ། ས་དང་པོ་པའི་མངོན་སུམ་ཡིན་ཏེ། སེམས་ཉིད་ཀྱི་སྟོང་པ་སྟོང་པ་ཉིད་ལ་ངེས་ཤེས་སྐྱེས་པའི་ཕྱིར་རོ། །དེ་ལ་ཇི་ལྟར་སྐྱེ་ཞེ་ན་གཟུགས་བརྙན་དང་། སྒྱུ་མ་ཡུལ་གྱིས་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པ་བཞིན་དུ་རང་གིས་རང་ལ་ངེས་པའི་ཤེས་པ་འདྲེན་ནོ། །དེ་ལྟར་སེམས་ཀྱི་སྟོང་ཉིད་ལ་ངེས་པ་ཐོབ་པ་ལ་མཚན་མ་མེད་པ་ཞེས་བྱའོ། །རང་རིག་རྟོག་པ་མེད་པའི་མངོན་སུམ་ངེས་གྱུར་པ། བདེ་ཆེན་རྟོག་མེད་ཁྱད་པར་སྐལ་པ་མཉམ་པ་མཐོང་ཞེས་སོ། །ནང་དུ་སེམས་ཀྱི་དོན་སྐྱེ་མེད་མཐོང་བའི་ཤུགས་ཀྱིས། ཕྱིའི་ཡུལ་སྟོང་པར་རྟོགས་པ་ནི་རྣལ་འབྱོར་གྱིས་མངོན་སུམ་ཡིན། དེ་ཡང་དང་པོའི་ཤེས་པ་ངོས་ཟིན་པ་འདི་ཉིད་ཡིན། ཤེས་རབ་ཀྱི་མིག་གིས་སེམས་ལ་བལྟས་པས། སེམས་ཀྱི་ངོ་བོ་ཐོག་མ་དང་ཐ་མ་ཡོད་པ་མ་ཡིན་ཏེ། ནམ་མཁའ་དང་འདྲའོ། །དབུས་ནི་ཅི་ཡང་མ་ཡིན་པའི་ཕྱིར་ཕྱག་རྒྱ་ཆེན་པོ་ནི་བདག་གིས་སྨྲར་མི་ནུས་སོ། །ཞེས་གསུངས་ཏེ། ཐ་མལ་གྱི་ཤེས་པའི་ངོ་བོ་ལ་བསྒོམ་བྱའི་ཡུལ་དང་། སྒོམ་བྱེད་ཀྱི་མཁན་པོ། །གཉིས་འཛིན་གྱི་བསམ་གཏན་དང་བྲལ་བས། བསྒོམ་དུ་མེད་པ་བསྒོམ་པའི་མཆོག །ཅེས་བྱའོ། །རང་བཞིན་གྱིས་དག་པའི་སེམས་ཀྱི་སྟོང་ཉིད་མངོན་སུམ་དུ་མཐོང་བའི་དོན་དེ་ལ་ཆོས་ཀྱི་སྐུ་ཞེས་བྱ་སྟེ། དེ་ལ་ཚེས་གཅིག་གི་ཟླ་བ་ཟླ་བ་ཡིན་ཀྱང་གསལ་བའི་དོན་བྱེད་མི་ནུས་པས་ཚེས་གཅིག་གི་ཟླ་བའི་དཔེ་དང་། སེང་གེའི་ཕྲུ་གུ་སེང་གེ་ཡིན་ཡང་གཞན་ཟིལ་གྱིས་གནོན་མི་ནུས་པས་སེང་གེའི་ཕྲུ་གུའི་དཔེ་དང་། བྱིས་པ་༼༨བ༽ཆུང་ངུ་མི་ཡིན་ཡང་མི་ཚད་ལྡན་སྟོབས་ལྡན་མ་ཡིན་པས་བྱིས་པ་ཆུང་ངུའི་དཔེ་རྣམས་ཀྱི་སྒོ་ནས་སེམས་རྟོགས་པར་བྱ། དེ་ཡང་མ་བཅོས་པར་གཞག་པས་ཉམས་སུ་མྱོང་སྟེ། མྱོང་བའི་དོན་ལ་ཡང་དང་ཡང་དུ་ངེས་པ་ཐོབ་པར་བྱས་པས་གསལ་ལ་འཛིན་མེད་འོང་། དེ་ལ་ཡུན་རིང་དུ་གནས་ཤིང་མི་འགྱུར་བ་ལ་ཡོན་ཏན་དུ་མི་བལྟ་སྟེ། གནས་པར་འདོད་ན་འཆིང་བའི་བསམ་གཏན་དུ་འགྲོ །རང་བཞིན་ངོ་བོ་ནི་སེམས་མ་བཅོས་པ་ཁོ་ན་ཡིན་ཏེ། གསལ་ལ་འཛིན་པ་མེད་པ་འདི་ཉམས་སུ་མྱོང་ཞིང་རྟོགས་པ་ཐོབ་པ་ནི། སྐྱེ་འཇིག་དང་བྲལ་བ་དང་། དུས་ཐམས་ཅད་པ་དང་། རྒྱུན་ཆད་མེད་པ་དང་། མི་འགྱུར་བ་དང་། ཐམས་ཅད་ལ་ཁྱབ་པ་དང་། དོན་རྣམས་ཉམས་སུ་མྱོང་ཞིང་རྟོགས་པ་ཐོབ་པ་ནི་དམ་པ་མཐོང་བ་ཡིན་ཏེ། ད་ནི་བདག་གིས་སུ་ལ་ཡང་དྲི་བར་མི་བྱའོ་ཞེས་གསུངས་སོ། །དེ་ཡང་དང་པོ་དམིགས་པ་དང་རྩོལ་བས་མི་སྒྲུབ་བར་དུ་མི་གནས། ཐ་མར་ཡིན་ནམ་མིན་ནམ་སྙམ་པའི་རྟོགས་པ་དང་བྲལ་བར་བྱའོ། །དུས་རྟག་ཏུ་དྲན་པ་རྒྱུན་ཆགས་ཀྱི་ཏིང་ངེ་འཛིན་དང་འབྲལ་བར་མི་བྱ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་མི་འབྲལ་བའི་སྒོ་ནས། ཟག་པ་མེད་པའི་བདེ་བ་རྒྱུན་ཆད་མེད་པས་ལུས་སེམས་ལ་བསླན་པ་སྟེ། སྦྱངས་པའི་ཡོན་ཏན་ཐོབ་པར་བྱ། བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མི་འབྲལ་བར་བྱའོ། །ཞེས་གསུངས། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་རྟོགས་པ་སྒྲུབ་པ་ཞེས་བྱ་བ་རྗེ་སྒམ་པོ་པའི་ཆོས་ལགས་སོ།། །།ཡང་ཆོས་རྗེ་སྒམ་པོ་པའི་ཞལ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ། སྡོམ་པ་གསུམ་དང་ལྡན་དགོས་གསུང་། སྡོམ་པ་གསུམ་དང་ལྡན་དགོས་པར་ག་ནས་བཤད་སྙམ་ན། རྒྱུད་རྡོ་རྗེ་རྩེ་མོ་ནས། བྱང་ཆུབ་སེམས་འཛིན་གྱུར་ནས་ནི། ལྷ་གཞན་༼༩ན༽ལ་ནི་མི་མོས་པས། །དཀོན་མཆོག་གསུམ་ལ་དད་པ་དང་། །དེ་ལ་གཞོལ་ཞིང་འབབ་པ་ཡིན། །གསོད་དང་རྐུ་དང་འཁྲིག་པ་དང་། །རྫུན་དང་ཆང་ནི་རྣམ་པར་སྤང་། །ཁྱིམ་པའི་ཚུལ་དུ་གནས་ན་ནི། །གསང་སྔགས་རྒྱལ་པོ་རབ་ཏུ་སྒྲུབ། །གལ་ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའོ། །གཉིས་པོ་རིག་འཛིན་རྟེན་ཡིན་ཏེ། །ཡང་ན་རིག་འཛིན་ནང་དུ་འདུས། །ཞེས་གསུངས་པས་ན། དེ་ཡང་སོ་སོར་ཐར་པའི་དགེ་བསྙེན་གྱི་སྡོམ་པ་ནི། གྲོགས་དགེ་བསྙེན་གྱི་སྡོམ་པ་ཐོབ་པ་ཡན་ཆད་དང་འབྲེལ། ཆོ་ག་སྐྱབས་སུ་འགྲོ་བ་ཡན་ཆད་དང་འབྲེལ། བསླབ་བྱ་རྩ་བ་བཞི་ཆང་དང་བཅས་པ་བསྲུང་། དགེ་ཚུལ་གྱི་སྡོམ་པ་ནི་གྲོགས་མཁན་པོ་དང་། སློབ་དཔོན་མཚན་ཉིད་དང་ལྡན་པ་དང་འབྲེལ། ཆོ་ག་སྐྱབས་སུ་འགྲོ་བ་དང་འབྲེལ། བསླབ་བྱ་རྩ་བ་བཞི་དང་འབྲེལ། ཡན་ལག་དྲུག་མཁན་པོ་ལས་ཐོབ་པ་བསྲུང་། དགེ་སློང་གི་སྡོམ་པ་ནི་གྲོགས་མཁན་པོ་དང་སློབ་དཔོན་གཉིས། དགེ་འདུན་མཚན་ཉིད་དང་ལྡན་པ་དང་འབྲེལ། ཆོ་ག་གསོལ་བ་དང་བཞིའི་ལས་ལ་སོགས་པ་དང་འབྲེལ། བསླབ་བྱ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལ་སོགས་པ་ཕྲན་ཚེགས་དང་བཅས་པ་བསྲུང་བར་བྱའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། ཡུལ་བླ་མ་མཚན་ཉིད་དང་ལྡན་པ་དང་འབྲེལ། ཆོ་ག་སྨོན་འཇུག་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་འབྲེལ། བསླབ་བྱ་ནི་རང་གི་སྲོག་ལ་བབ་ཀྱང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མི་བཏང་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་མདོར་ན་སྡོམ་པ་ཉི་ཤུ་པ་དང་། ཚུལ་ཁྲིམས་ཀྱི་ལེའུ་ལ་སོགས་པ་ནས་གསུངས་པ་བཞིན་དུ་བསླབ་པར་བྱའོ། །ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྡོམ་པ་ནི། ཡུལ་༼༩བ༽རྡོ་རྗེ་སློབ་དཔོན་དང་འབྲེལ། ཆོ་ག་དབང་དང་བྱིན་རླབས་ཀྱི་རིམ་པ་དང་འབྲེལ། བསླབ་བྱ་རྩ་ལྟུང་ཡན་ལག་དང་བཅས་པ་ལ་བསླབ་པར་བྱའོ། །དེ་ལྟ་བུའི་སྡོམ་པ་གསུམ་གྱི་ངོ་བོ་ནི། རྣམ་སྣང་མངོན་པར་བྱང་ཆུབ་པའི་རྒྱུད་ལས། སོ་སོར་ཐར་པའི་སྡོམ་པའི་ངོ་བོ་ནི་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་རྣམ་པ་ཐམས་ཅད་དུ་ལོག་པ་ཡིན་ལ། བྱང་ཆུབ་སེམས་དཔའི་ངོ་བོ་ནི་དེའི་སྟེང་དུ། སེམས་ཅན་ལ་ཕན་འདོགས་པའོ་ཞེས་གསུངས་པ་དང་། ཡང་རྡོ་རྗེ་གུར་ལས། ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་བརྙས་པ་བརྒྱད་པ་ཡིན། །ཞེས་པ་གསང་སྔགས་ཀྱི་སྡོམ་པའི་ངོ་བོ་ནི། རྣམ་པ་ལྷར་གསལ་བ། ཉམས་མྱོང་བདེ་བ། རང་བཞིན་མི་རྟོག་པ་གསུམ་དབྱེར་མེད་པའོ། །དེ་ཡང་རྟེན་གྱི་གང་ཟག་ལ་སྡོམ་པ་གསུམ་པོ་དེ་གནས་ན་ཇི་ལྟར་གནས། བསྲུང་ན་ཇི་ལྟར་བསྲུང་། ལྡན་ན་ཇི་ལྟར་ལྡན། ཕྱིར་བཅོས་ན་ཇི་ལྟར་འཆོས། མི་འགལ་བར་བསྲུང་ན་ཇི་ལྟར་བསྲུང་ཞེ་ན། དེ་ལ་སྡོམ་གསུམ་གྱི་ངོ་བོ་ནི་གཅིག་ཏུ་གནས་པའང་མ་ཡིན་ཏེ། དང་པོ་སྐྱེ་བའི་རྒྱུ་ཕྱོགས་གཅིག་པ་མེད་པ་ལ། ཐ་དད་དུ་བཤད་པ་དང་། གྲུབ་པའི་སྡེ་མི་གཅིག་སྟེ། དང་པོ་ཐོབ་པའི་དུས་གཅིག་པ་མེད་དེ། རིམ་པ་བཞིན་དུ་ཐོབ་དགོས་པ་དང་། གནས་པའི་དུས་གཅིག་པ་མེད་དེ། སོ་སོར་ཐར་པའི་རྩ་བ་ནི་ཇི་སྲིད་འཚོའི་བར་ཡིན་ལ། སྡོམ་པ་གཉིས་པོ་ནི་དུས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་ཡིན་པ་དང་། གཏོང་བའི་རྒྱུ་གཅིག་མིན་ཏེ། སོ་སོར་ཐར་པའི་རྩ་བ་བཞི་ཤོར་ན་གཏོང་བར་བཤད་ལ། བྱང་ཆུབ་སེམས་དཔའི་དབང་དུ་བྱས་ན་མི་དགེ་བ་བཅུ་ལ་ཡིད་ཀྱི་གསུམ་པོ་མ་གཏོགས་པ་བདུན་པོ་སེམས་ཅན་གྱི་དོན་དུ་འགྱུར་བར་བཤད་པ་དང་། གསང་སྔགས་རྡོ་རྗེ་ཐེག་པར་ནི་དེ་དག་ཉིད་ལམ་དུ་གསུངས་པའི་ཕྱིར་དང་། ཡང་རྟེན་དང་ངོ་བོ་ལའང་ཐ་དད་དེ། སོ་སོར་༼༡༠ན༽ཐར་པ་ནི་གླིང་གསུམ་གྱི་སྐྱེས་པ་དང་། བུད་མེད་ལ་སྐྱེ་བར་བཤད་ལ། སྡོམ་པ་གཉིས་པོ་ནི། སྐྱེས་པ་དང་། མ་ནིང་དང་། མཚན་གཉིས་དང་། བྱང་གི་སྒྲ་མི་སྙན་དང་། ལྷ་དང་ཀླུ་ལ་སོགས་པ་མི་ཁོམ་པའི་གནས་བརྒྱད་སྤངས་པ་ཐམས་ཅད་ལ་སྐྱེ་བར་བཤད་པ་དང་། སྡོམ་པ་རང་གི་ངོ་བོ་འགལ་ཏེ། སོ་སོར་ཐར་པའི་སྡོམ་པའི་ངོ་བོ་ནི་སེམས་མ་ཡིན་ཏེ། སེམས་ལས་བྱུང་བ་ཡུལ་དང་དབང་པོ་ལྔ་དང་བཅུ་སྟེ། རྣམ་པར་རིག་པའི་གཟུགས་མ་ཡིན་པ་ལ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས། བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་སུ་འདོད་པ་དང་། བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་ཁྱད་པར་ལ་འདོད་པ་དང་། གསང་སྔགས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་འདོད་པས། ངོ་བོ་འགལ་བར་གནས་པ་དང་། ཡང་སྡོམ་པ་གཉིས་པོ་ཕུལ་ཡང་སོ་སོར་ཐར་པ་གནས་པར་བཤད་པ་དང་། སོ་སོར་ཐར་པ་ཕུལ་ཡང་གཉིས་པོ་མི་གཏོང་བར་བཤད་པས། དེས་ན་སྡོམ་པ་གཅིག་པའང་མི་བཏུབ་བོ། །སྡོམ་པ་གསུམ་པོའི་ངོ་བོ་གནས་སྐབས་ཐམས་ཅད་དུ་ཐ་དད་དུའང་མི་བཏུབ་སྟེ། ཐ་དད་ན་རང་རིག་མངོན་སུམ་ལས་འདི་ནི། སོ་སོར་ཐར་པའི་སྡོམ་པའོ། །འདི་ནི་བྱང་ཆུབ་སེམས་དཔའི་སྡོམ་པ། འདི་གསང་སྔགས་ཀྱི་སྡོམ་པ་ཡིན་ཞེས། སེམས་ཐ་དད་པ་གསུམ་དུ་སྣང་བར་རིགས་པ་ལ། སེམས་གཅིག་ལས་མེད་པའི་ཕྱིར། ཐམས་ཅད་དུ་ཐ་དད་པའང་མི་འཐད་དོ། །འོ་ན་ཇི་ལྟར་གནས་ཞེ་ན། སྡོམ་པ་གསུམ་ངོ་བོ་ཤིན་ཏུ་ཐ་དད་གནས་སྐབས་འདྲེས་པའི་ཚུལ་དུ་གནས་པ་ཡིན་ཏེ། དཔེར་ན་ཆུ་དང་འོ་མ་འདྲེས་པ་ལ། ཐ་དད་མེད་ཀྱང་ངང་པས་ཆུ་གཞག་ནས་འོ་མ་བླང་དུ་བཏུབ་པ་བཞིན་དུ་སྡོམ་པ་གསུམ་པོ་འདི་ཡང་གང་རུང་ཞིག་ཕུལ་ནས་ཀྱང་། གཉིས་པོ་གནས་སུ་བཏུབ་༼༡༠བ༽པས་དེས་ན་ངོ་བོ་ཐ་དད། གནས་སྐབས་འདྲེས་པའི་ཚུལ་དུ་གནས་སོ། །བསྲུང་ན་ཇི་ལྟར་བསྲུང་ཞེ་ན། བསྲུང་ན་འཆོལ་བར་བསྲུང་སྟེ། སྡོམ་པ་གསུམ་པོ་ན་བ་ལ་སོགས་པའི་སྲོག་གི་བར་ཆད་དུ་འགྲོ་བ་དང་། སྡོམ་པ་གཉིས་པོའི་བར་ཆད་དུ་གང་འགྲོ་བ་དང་། ལམ་གོང་མ་རྒྱུད་ལ་སྐྱེ་བའི་བར་ཆད་དང་། བར་ཆད་གསུམ་པོ་དང་། སྡོམ་པ་གསུམ་པོ་འདོམ་ཐུག་བྱུང་ན། བར་ཆད་དུ་གང་འགྲོ་བ་དེ་མ་བསྲུངས་ཀྱང་ཉེས་པ་མེད་པས། བསྲུང་ན་དེ་ལྟར་འཆོལ་བར་བསྲུངས་སོ། །ལྡན་ན་ཡར་ལྡན་ཏེ། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཤེས་གསུངས་པས། ཆུང་ངུའི་ངོར་ཆེན་པོ་མི་གཏོང་སྟེ། སོ་སོར་ཐར་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་ནང་ཐུག་བྱུང་ན། བྱང་ཆུབ་སེམས་དཔའ་ལྟར་སྤྱད་ལ། བྱང་ཆུབ་སེམས་དཔའི་སྡོམ་པས་སོ་སོར་ཐར་པ་ཡལ་བར་དོར་བ་ལ་ཉེས་པ་མེད། བྱང་ཆུབ་སེམས་དཔའ་དང་གསང་སྔགས་འདོམ་ཐུག་བྱུང་ན། གསང་སྔགས་ལྟར་སྤྱད་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཡལ་བར་དོར་བ་ལ་ཉེས་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། གོང་མ་བསྲུངས་པས་ཉེས་པ་མེད། འོག་མ་མི་གནས་པས་ཉེས་པ་མེད། ཉེས་པ་གཉིས་པོ་གང་མེད་པ་ཆོ་ག་བཙན་པོ། །ཐབས་བཟང་པོ། །ཐེག་པའི་གོ་རིམ་སངས་རྒྱས་ཀྱི་དགོངས་པ་ཡིན་གསུང་། དེ་ལྟར་མ་ཡིན་ཏེ། གོང་མ་དོར་ནས་འོག་མ་བསྲུང་ན། འོག་མ་བསྲུངས་པས་ཉེས་པ་བསྐྱེད། གོང་མ་དོར་བས་ཉེས་པ་བསྐྱེད། ཉེས་པ་གཉིས་གང་བསྐྱེད་པ་དེ་ཆོ་ག་དམན་པ་ཐབས་དམན་པ་ལ་ཞུགས་པ། ཐེག་པའི་གོ་རིམ་ནོར་བ། སངས་རྒྱས་ཀྱི་དགོངས་པ་མ་ལོན་པ་སྟེ། ཆུང་ངུའི་ངོར་ཆེན་པོ་བཏང་བའི་ཕྱིར་རོ། །དེ་བས་ན་ལྡན་ན་ཡར་ལྡན་ནོ། །༼༡༡ན༽ཕྱིར་འཆོས་ན་གྲུབ་མཐའ་བཞིན་དུ་ཕྱིར་འཆོས་ཏེ། སོ་སོར་ཐར་པ་དང་འགལ་ན་བསམ་པ་དང་སྦྱོར་བའི་སྒོ་ནས། བྱང་ཆུབ་སེམས་དཔའི་སྡོམ་པ་དང་འགལ་ན་སྟོབས་བཞིའི་སྒོ་ནས། གསང་སྔགས་ཀྱི་སྡོམ་པ་དང་འགལ་ན་བཤགས་སྡོམ། དབང་རིགས་ཀྱི་སྒོ་ནས་ཕྱིར་འཆོས། དེ་ཡང་དེ་གསུམ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་ལ་ནི་བཤགས་པ་ལ་ཚེགས་མེད་དེ། དེ་ལྟར་ཡང་། བཤགས་བྱ་བཤགས་བྱེད་བཤགས་པ་རྣམས། །གང་ཚེ་རྣལ་འབྱོར་པས་མ་མཐོང་། །རང་བཞིན་དག་པས་ཡོངས་སུ་མཐོང་། །དེ་ནི་བཤགས་པའི་སྡོམ་པ་མཆོག །ཅེས་གསུངས་སོ། །སྡོམ་པ་གསུམ་པོ་དེ་ངོ་བོ་གཅིག །གནས་སྐབས་ཐ་དད། གོང་གི་འགལ་བ་ལྟར་སྣང་བ་རྣམས། མི་འགལ་བར་བསྲུང་ན་ཇི་ལྟར་བསྲུང་ཞེ་ན། དེ་ལ་མི་འགལ་བ་རྣམ་པ་དྲུག་སྟེ། དུས་མི་འགལ་བ་ནི། ཉིན་མོ་སོ་སོར་ཐར་པ་མི་འགལ། མཚན་མོ་གསང་སྔགས་ཀྱི་དམ་ཚིག་དང་མི་འགལ། གཉིས་ཀར་བྱང་ཆུབ་སེམས་དཔའི་སྡོམ་པ་དང་མི་འགལ་བར་བྱའོ། །གནས་མི་འགལ་བ་ནི། གྲོང་ཁྱེར་དུ་སོ་སོར་ཐར་པ་དང་མི་འགལ། དགོན་པ་དབེན་པར་གསང་སྔགས་ཀྱི་དམ་ཚིག་དང་མི་འགལ། གཉིས་ཀར་བྱང་ཆུབ་སེམས་དཔའི་སྡོམ་པ་དང་མི་འགལ་བར་བྱའོ། །གྲོགས་མི་འགལ་བ་ནི། ཉན་ཐོས་ཀྱི་ནང་དུ་སོ་སོར་ཐར་པ་དང་མི་འགལ། ཐེག་པ་ཆེན་པོའི་རིགས་ཅན་གྱི་ནང་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་དང་མི་འགལ། རྒྱུད་སྨིན་གྲོལ་དང་ལྡན་པའི་ནང་དུ་གསང་སྔགས་ཀྱི་དམ་ཚིག་དང་མི་འགལ་བར་བྱའོ། །རྐྱེན་མི་འགལ་བ་ནི། ན་བ་དང་། སྲོག་གི་བར་ཆད་དུ་འགྲོ་བ་དང་། ལམ་གོང་མའི་བར་ཆད་དུ་འགྲོ་ན་མི་བྱ་སྟེ། མ་བསྲུངས་ཀྱང་འགལ་བ་མེད་དོ། །བསམ་པ་མི་འགལ་༼༡༡བ༽བ་ནི། གཞན་དོན་དུ་འགྱུར་བ་དང་། ལམ་གོང་མ་རང་གི་རྒྱུད་ལ་བརྟེན་ནས། སྲོག་གཅོད་པ་ལ་སོགས་པ་བྱས་ཀྱང་མི་འགལ་ལོ། །གང་ཟག་གི་གནས་པས་མི་འགལ་བ་ནི། བསད་པ་གསོ་ནུས། རིག་མ་འགུགས་ནུས། དངོས་པོ་སྤེད་ནུས་པས་དེ་ལྟར་བྱས་ཀྱང་འགལ་བ་མེད་དོ། །དེ་ལྟར་བསླབ་པ་གསུམ་པོ་རྣམས་ཀྱང་། འདོམ་ཐུག་བྱུང་བའི་དུས་སུ་ཤེས་རབ་ཀྱིས་སྲང་ལ་དབབ། གནང་བཀག་གིས་ཀྱང་འདིའི་དུས་ན། འགལ་བྱ་ཆེ་ཤོས་སྤང་པའི་དོན་དུ་ཆུང་ཤོས་གནང་། ཆེ་ཤོས་སྤངས་པས་ཉེས་པ་མེད། ཆུང་ཤོས་གནང་པས་ཉེས་པ་མེད་དེ། ཤེས་རབ་ཐབས་དང་ལྡན་པ་ཡིས། །དུས་ཚོད་གཙོ་བོར་ཁྱེར་བ་གཅེས། །ཞེས་གསུངས་པས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པའི་གང་ཟག་གིས། རྒྱུད་སྡོམ་པ་གསུམ་དང་ལྡན་པར་བྱ་གསུང་།། །།ཡང་རྗེ་སྒམ་པོ་པའི་ཞལ་ནས། སྤྱིར་ཕྱག་རྒྱ་ཆེན་པོ་ལ་དབྱེ་བ་མེད་ཀྱང་། རྣལ་འབྱོར་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དོན་ཁོང་དུ་ཆུད་པར་བྱ་བའི་ཆེད་དུའམ། མ་རྟོགས་པ་རྟོགས་པར་བྱ་བའི་ཆེད་ཙམ་དུ། དབྱེ་བ་རྣམ་པ་གཉིས་ཏེ། སེམས་ཉིད་ལྷན་ཅིག་སྐྱེས་པ་དང་། སྣང་བ་ལྷན་ཅིག་སྐྱེས་པ་གཉིས་ཡིན་གསུང་། དེ་ལ་སེམས་ཉིད་ལྷན་ཅིག་སྐྱེས་པ་ནི། ཆོས་ཀྱི་སྐུ་ཡིན། སྣང་བ་ལྷན་ཅིག་སྐྱེས་པ་ནི་ཆོས་སྐུའི་འོད་ཡིན། དེ་ཡང་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་སྟེ། སྤྲོས་པ་ཐམས་ཅད་དང་བྲལ་བ། ཁ་དོག་དང་དབྱིབས་དང་བྲལ་བ། རང་བཞིན་མ་བཅོས་པའོ། །ངོ་བོ་ངོས་བཟུང་དང་བྲལ་བ། དཔེ་ནམ་མཁའ་ལྟ་བུ་ཡིན་ཏེ་གང་དུ་ཡང་ཁྱབ་པ། རྣམ་པར་རྟོག་པ་མེད་པ། མི་འགྱུར་བ་ངོ་བོ་ཉིད་ཀྱི་སྟོང་པ་ཉིད་ཀྱིས་སྟོང་པ་ཞིག་ཡིན། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད་ནི། རྒྱུ་རྐྱེན་དང་བྲལ་བས་རང་བྱུང་རྟོག་པའི་འོད་དབའ་༼༡༢ན༽རླབས་དང་བྲལ་བ། གློ་བུར་གྱི་དགེ་བ་དང་མི་དགེ་བ་དང་། ལུང་མ་བསྟན་པའི་རྣམ་རྟོག་དུ་མ་དང་བཅས་པ་འདི་ཡིན། དེ་གཉིས་གཅིག་གམ་ཐ་དད་ན་མ་རྟོགས་པ་རྣམས་ཐ་དད་པ་ལྟར་སྣང་ཡང་བླ་མ་དམ་པའི་གདམས་ངག་གིས་རྟོགས་པ་རྣམས་ལ་གཅིག་ཡིན་ཏེ། དཔེར་ན་ཙནྡན་དང་ཙནྡན་གྱི་དྲིའམ། ཉི་མ་དང་ཉི་མའི་འོད་ཟེར་རམ། ཆུ་དང་ཆུའི་རླབས་ལྟ་བུ། དེ་ཡང་ཙནྡན་གྱི་དྲིས་ཕྱོགས་ཐམས་ཅད་དུ་ཁྱབ་ཀྱང་ཙནྡན་ལས་མ་འདས། ཉི་མའི་འོད་ཟེར་ཕྱོགས་བཅུར་འཕྲོ་ཡང་། ཉི་མ་ལས་མ་འདས། ཆུའི་རླབས་ཆུའི་རང་བཞིན་ལས་མ་འདས་པ་དང་འདྲ་སྟེ། སྣང་བ་ལྷན་ཅིག་སྐྱེས་པ་ཡང་སེམས་ཉིད་ལྷན་ཅིག་སྐྱེས་པ་ལས་མ་འདས་ཏེ། དེ་ལྟར་རྟོགས་པར་བྱེད་པའི་ཆོས་གསུམ་སྟེ། གཞི་ཅིར་ཡང་མ་ཡིན་པ་ལས་སྣ་ཚོགས་སུ་ཤར་བར་ཤེས་པར་བྱ་བ་དང་། སྣ་ཚོགས་སུ་ཤར་ཡང་དོན་ཅི་ཡང་མ་ཡིན་པར་ཤེས་པར་བྱ་བ་དང་། རྟོགས་པའི་དུས་ན་གཉིས་མེད་སྨྲར་མི་བཏུབ་པར་ཤེས་པར་བྱའོ། །དེ་ལ་གཞི་ཅི་ཡང་མ་ཡིན་པ་ནི་སེམས་ཉིད་ལྷན་ཅིག་སྐྱེས་པའོ། །སྣ་ཚོགས་སུ་ཤར་བ་ནི་སྣང་བ་ལྷན་ཅིག་སྐྱེས་པའོ། །སྣ་ཚོགས་སུ་ཤར་ཡང་དོན་ཅི་ཡང་མ་ཡིན་པ་ནི། རྣམ་པར་རྟོག་པ་དུ་མ་སྟེ་དོན་ཅི་ཡང་མ་ཡིན་པར་མི་བདེན་པར་ཤེས་པར་བྱའོ། །རྟོགས་པའི་དུས་སུ་གཉིས་མེད་སྨྲར་མི་བཏུབ་པར་བྱ་བ་ནི། སྣང་བ་དང་རྟོགས་པ་གཉིས་མེད་དུ་རྟོགས་པ་དོན་སྨྲར་མེད་པ། ལྐུགས་པའམ་བུ་ཆུང་གིས་རྨི་ལམ་རྨིས་པ་ལྟ་བུར་གོ་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བྱེད་པ་ལ། ཉམས་སུ་ལེན་དགོས་པས་ཉམས་སུ་བླང་བའི་ཆོས་གསུམ་སྟེ། དང་པོ་འབད་རྩོལ་དང་བྲལ་བའི་སྒོ་ནས་ལུས་སེམས་གློད་པ་དང་། བར་དུ་ཐེ་ཚོམ་དང་བྲལ་བའི་སྒོ་ནས་མ་བཅོས་པའི་ངང་ལ་བཞག་པ་དང་། ཐ་མ་བྱུང་ཚོར་གྱི་༼༡༢བ༽རྣམ་པར་རྟོག་པ་ཐམས་ཅད་སྐྱེ་མེད་དུ་ཤེས་པར་བྱའོ། །དེ་ཡང་སྦྱོར་བའི་དུས་སུ་འབད་རྩོལ་དང་བྲལ་བའི་སྒོ་ནས། ལུས་སེམས་ཁོང་གློད་པ། དངོས་གཞིའི་དུས་སུ་ཐེ་ཚོམ་དང་བྲལ་བའི་སྒོ་ནས། དུས་གསུམ་གྱི་རྣམ་པར་རྟོག་པ་དང་བྲལ་བར་བྱས་ལ་གནས་ལུགས་མ་བཅོས་པའི་ངང་ལ་བཞག །རྗེས་ཀྱི་ཤེས་པ་ལ་རྣམ་པར་རྟོག་པ་ཅི་སྐྱེས་ཐམས་ཅད་སྔར་འདྲིས་ཀྱི་མི་དང་ཕྲད་པ་ལྟར་ཤེས་པར་བྱས་ལ་བྱུང་ཚོར་གྱི་རྣམ་པར་རྟོག་པ་ཐམས་ཅད་སྐྱེ་མེད་དུ་ཤེས་པར་བྱའོ། །དེ་ལ་རྒྱས་འདེབས་དགོས་པས་མཐའ་རྟེན་གྱི་གདམས་ངག་གསུམ་སྟེ། འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ལྷན་ཅིག་སྐྱེས་པ་ཡིན་པས་རང་ལ་ཡོད་པས་གཞན་ནས་བཙལ་མི་དགོས། སྡུག་བསྔལ་སྤངས་པའི་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་རང་གི་རིག་པ་ཁོ་ན་ཡིན་པས་ལོགས་ན་མེད། སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཡིན་པས་རང་སེམས་ལ་རང་འཇིགས་མི་དགོས་པས་ཉམ་ང་བ་དང་བག་ཚ་བ་ཐོང་། དེ་ཡང་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་ནི་རིགས་དྲུག་གི་སེམས་ཅན་ཡིན་ཕན་ཆད། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་མ་ཁྱབ་པ་མི་སྲིད་པས་ན་གཞན་ནས་བཙལ་མི་དགོས། སྡུག་བསྔལ་སྤངས་པ་ནི་འཁོར་བའི་སྡུག་བསྔལ་ཐམས་ཅད་ཆོས་ཉིད་ཀྱི་ངང་ལ་སངས་ཀྱིས་དག་པས། བདེ་ཆེན་ཆོས་ཀྱི་སྐུ་རང་གི་རིག་པ་ཡིན་པས་སེམས་ཉིད་ལས་མ་གཏོགས་པ་ལོགས་ན་མེད། སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཡིན་པས་ཐམས་ཅད་སེམས་སུ་ཤེས། རང་སེམས་འོད་གསལ་དུ་ཤེས། འོད་གསལ་གྱི་རང་བཞིན་ཆོས་ཉིད་དུ་ཤེས། ཆོས་ཉིད་སེམས་ཀྱི་ངང་དུ་གནས་ནས། སེམས་ཅན་ཐམས་ཅད་ལྷའི་བུའི་བདུད་དུ་སོང་ཡང་། གནོད་པ་སྐྱེལ་ས་མ་རྙེད། གནོད་པ་སྐྱེལ་མཁན་གྱི་བདུད་དེ་རང་ཆོས་ཉིད་ཡིན་པས། ཆོས་ཉིད་ཀྱིས་ཆོས་ཉིད་ལ་གླགས་མི་རྙེད། དེའི་ཕྱིར་ཉམ་ང་བ་དང་༼༡༣ན༽བག་ཚ་བ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ཐོང་གསུང་། ཆོས་རྗེ་སྒམ་པོ་པའི་གསུང་ལ། ཉེ་གནས་ཤོ་སྒོམ་བྱང་ཆུབ་ཡེ་ཤེས་ཀྱིས་ཟིན་བྲིས་སུ་མཛད་པ། བདག་གིས་ཕྱོགས་ཅིག་ཏུ་བསྒྲིགས་པའོ།། །།ཆོས་ཐུན་དགུ་ཡོད། །དགེའོ། །བཀྲ་ཤིས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact