Only Dharma. Since 1992
/ Mahamudra / Gampopa

Gampopa's collected works (3)

༼༡༽ཆོས་ཀྱི་རྗེ་དཔལ་ལྡན་སྒམ་པོ་པ་ཆེན་པོའི་རྣམ་པར་ཐར་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཀུན་ཁྱབ་སྙན་པའི་བ་དན་ཐར་པ་རིན་པོ་ཆེའི་རྒྱན་གྱི་མཆོག་ཅེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ། མཁྱེན་གཉིས་ཡོན་ཏན་མཆོག་གི་སྐུ། །སྲིད་ཞི་ཀུན་གྱི་དཔལ་གཅིག་པོ། །མཚུངས་མེད་ཡོངས་གྲགས་སྒམ་པོ་པ། །འགྲོ་མགོན་བླ་མའི་ཞབས་ལ་འདུད། །འདྲེན་པ་ཆོས་རྗེ་རིན་ཆེན་གྱི། །ཡོན་ཏན་བརྗོད་ཀྱིས་མི་ལང་ཡང་། །མཐོང་ཐོས་མོས་གུས་བསྐྱེད་བྱའི་ཕྱིར། །མཛད་སྤྱོད་རྣམ་ཐར་ཅུང་ཟད་བྲི། །འདིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ། གདུལ་བྱ་རིགས་ཅན་རྣམས་ལ་སྤྲུལ་པའི་སྐུ་སྣ་ཚོགས་སུ་འཆར་ཞིང་གསོལ་བ་བཏབ་པས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་འབྱུང་བ། མདོ་སྡེ་དུ་མ་ལས་༼༢༽ལུང་བསྟན་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་པ། མཚན་བརྗོད་པར་དཀའ་བའི་བླ་མ་རིན་པོ་ཆེ་སྒམ་པོ་པའི་རྣམ་པར་ཐར་པ་ལ་གཉིས་ཏེ། སྔོན་བྱུང་གི་རྣམ་ཐར་དང་། ད་ལྟར་གྱི་རྣམ་ཐར་གཉིས་ལས། དང་པོ་ནི། རྗེ་སྒམ་པོ་པ་ཆེན་པོ་འདི་སྐྱེ་བ་ཐོག་མ་མེད་པ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སྤྱད་དེ། དེ་ཡང་སྔོན་གྱི་དུས་སུ་སྐྱེ་བ་བཞེས་པ་ནི། མདོ་ཏིང་ངེ་འཛིན་རྒྱལ་པོའི་ལེའུ་སུམ་ཅུ་རྩ་དྲུག་པ་ནས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། ཚད་མེད་པ་བསམ་གྱིས་མི་ཁྱབ་པ་གཞལ་དུ་མེད་པ་མཚུངས་པ་མེད་པར་གྱུར་པ། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་པདྨའི་ཟླ་བ་རྣམ་པར་དག་པ་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེའི་སྐུ་ཚེའི་ཚད་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དགུར་གྱུར་ཏོ། །དེ་ཉི་མ་རེ་རེ་ཞིང་ཡང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པར་བཀོད་དོ། །རབ་ཏུ་བཀོད་ཅིང་ཡོངས་སུ་མྱ་ངན་ལས་འདས་ནས་སེམས་ཅན་དཔག་ཏུ་མེད་པ་རྣམས་ཟག་པ་ཟད་པ་དགྲ་བཅོམ་པ་ཉིད་ལ་བཀོད་དོ། །རབ་ཏུ་བཀོད་ཅིང་མྱ་ངན་ལས་༼༣༽འདས་ནས་སེམས་ཅན་གྲངས་མེད་པ་དཔག་ཏུ་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་དེ། ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །བཅོམ་ལྡན་འདས་ཏེ་མྱ་ངན་ལས་འདས་ནས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ཀྱི་ཚེ། དམ་པའི་ཆོས་རབ་ཏུ་འཇིག་པར་གྱུར་པ་ན། ཡུལ་ཁམས་དེར་རྒྱལ་པོ་དཔའ་བས་བྱིན་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་དཔའ་བས་བྱིན་ལ་བཙུན་མོའི་འཁོར་བུད་མེད་བརྒྱད་ཁྲི་བཞི་སྟོང་ཡོད། བུ་སྟོང་ཡོད། བུ་མོ་ནི་ལྔ་བརྒྱ་ཡོད་དོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔའ་བས་བྱིན་གྱི་ཕོ་བྲང་རིན་ཆེན་ལྡན་ཞེས་བྱ་བ། ཡངས་ཤིང་རྒྱ་ཆེ་བ་སྒོ་བཞི་ཡོད་པ། སྟེགས་བུ་དང་། སྒོ་ཁང་དང་། རྟ་བབས་དང་། སྐར་ཁུང་དང་། པུ་ཤུ་དང་། ཁང་པ་དང་། ཁང་པ་བརྩེགས་པ་དང་། སྐྱེད་མོས་ཚལ་གྱིས་བརྒྱན་ཅིང་རྣམ་པར་བཀྲ་བ་ལྟ་ན་སྡུག་པ། ལྷའི་གནས་བཞིན་དུ་སྣང་བ། སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་གནས་སུ་གྱུར་པ་ཞིག་ཡོད་དོ། །ཀུན་དགའ་བོ་དེའི་དུས་ན་མདོ་སྡེ་འདི་ལྟ་བུ་དག་ནི་སྐྱེ་བོ་མང་པོས་སྨད་ཅིང་སྤངས་ཏེ་སྐྱེ་བོ་མང་པོ་དང་མི་འཕྲོད་ཅིང་བོར་བར་གྱུར་ཏེ། འཇིགས་པ་ཆེན་པོ་མི་ཟད་པའི་དུས་སུ་གྱུར་པ། འཚེ་བ་མང་ཞིང་ཆར་ཆེ་བའི་དུས། ཆར་མི་འབབ་པའི་དུས། དུས་མ་ཡིན་པར་ཆར་འབབ་༼༤༽པའི་དུས། སྦྲུལ་འབྱུང་བའི་དུས། ལྕེ་འབབ་པའི་དུས། མུ་གེ་འབྱུང་བའི་དུས། ལོག་པར་ལྟ་བའི་དུས། ཡང་དག་པ་མ་ཡིན་པར་ལྟ་བའི་དུས། མུ་སྟེགས་ཅན་གྱི་སྔགས་ཚོལ་བའི་དུས། སངས་རྒྱས་ཀྱི་བསྟན་པ་འཇིག་པར་གྱུར་པའི་དུས་ཀྱི་ཚེ། བྱང་ཆུབ་སེམས་དཔའ་བདུན་སྟོང་གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་། ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་དང་། ལྗོངས་ནས་བསྐྲད་ནས། དེ་དག་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ཞེས་བྱ་བ་བཞུགས་པ་དང་ལྷན་ཅིག་ཏུ་ཀུན་ཏུ་བཟང་པོ་ཞེས་བྱ་འི་ནགས་ཁྲོད་དེར་བསྟེན་ཅིང་གནས་ཏེ། མེ་ཏོག་ཟླ་མཛེས་དེ་ཡང་། དགེ་སློང་དེ་དག་ལ་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་སྟོན་ཏོ། །ནགས་ཁྲོད་དེ་ཡང་དུས་ཐམས་ཅད་དུ་སྣང་བའི་མེ་ཏོག་སྣ་ཚོགས་དང་། སྙེ་མ་དང་འཁྲི་ཤིང་དང་འབྲས་བུ་དག་དང་ལྡན་པ། དཔག་བསམ་ཤིང་དང་འདྲ་བའི་ཤིང་སྣ་ཚོགས་ཀྱིས་གང་ཞིང་། ས་གཞི་ཡང་གཟུགས་དང་ཁ་དོག་དུ་མ་དང་མྱུ་གུ་ཐམས་ཅད་ཀྱིས་བརྒྱན་པ། བྲག་དང་རྡོ་བ་སྣ་ཚོགས་པ་མཛེས་ཤིང་དྲི་མ་མེད་པ་ཡངས་ཤིང་མཐོ་བ། གསེར་གྱི་རི་དྭགས་ཀྱིས་མཛེས་པར་བྱས་ཤིང་འདུག་པ། རིག་སྔགས་འཆང་དང་དྲི་ཟ་དང་སྐྱེས་བུ་དང་དྲང་སྲོང་དང་མིའམ་ཅི་དག་གནས་པ། བྱད་གཟུགས་དང་ཁ་དོག་ཆེ་ཞིང་རྣམ་པ་སྣ་ཚོགས་མང་པོ་དག་གནས་པ། སངས་རྒྱས་མང་པོ་བཞུགས་༼༥༽པའི་དགའ་ཚལ་དང་འདྲ་བ། ཀུན་ཏུ་བཟང་ཞིང་རྣལ་འབྱོར་དང་མཐུན་པའི་ནགས་ཚལ་དམ་པ་ཀུན་ཏུ་བཟང་པོ་དེ་ན། བྱང་ཆུབ་སེམས་དཔའ་དེ་དག་རྣལ་འབྱོར་ལ་རྗེས་སུ་བརྩོན་ཞིང་གནས་པར་གྱུར་ཏོ། །ཀུན་དགའ་བོ་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དེ་གཅིག་པུ་དབེན་པར་སོང་ནས། ནང་དུ་ཡང་དག་འཇོག་ལ་ཞུགས་ཏེ། ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་བལྟས་པ་ན། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་མང་པོ་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་འདིར་སྐྱེས་ཏེ། དེ་དག་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་རྙེད་ན་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ཟློག་པར་འགྱུར། གལ་ཏེ་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་མ་རྙེད་ན། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་བཟློག་པར་མཐོང་ངོ་། །དེ་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དྲན་ཞིང་ཤེས་བཞིན་དུ་ཏིང་ངེ་འཛིན་དེ་ལས་ལངས་ནས། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ག་ལ་བ་ཡོད་པ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའི་ཚོགས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་ཁོ་བོ་ནི་འགྲོའོ། །གྲོང་དང་གྲོང་ཁྱེར་དང་གྲོང་འདབས་དང་། ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་སྟེ། སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱའོ། །ཞེས་སོ། །དེ་༼༦༽ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནགས་ཁྲོད་འདི་ནས་གྲོང་དང་གྲོང་ཁྱེར་དང་། གྲོང་འདབས་དང་ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ནི་ཁོ་བོ་ཅག་འདོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལྷག་པའི་ང་རྒྱལ་ཅན་མང་པོ་དམ་པའི་ཆོས་སྤོང་བའི་དུས་ལ་བབ་ཀྱིས། དེ་དག་གིས་ཚེ་དང་ལྡན་པ་སྲོག་གཅོད་པར་གྱུར་ན་མ་ལེགས་སོ། །ཚེ་དང་ལྡན་པ་ཁྱོད་ནི་ཤིན་ཏུ་མཛེས་ཤིང་བྱད་བཞིན་བཟང་ལ་ལྟ་ན་སྡུག་པ་སྟེ། དང་པོའི་ལང་ཚོ་དང་ལྡན་ཞིང་ན་ཚོད་དར་ལ་བབ་སྟེ། མདོག་ནི་གསེར་བཙོ་མ་དང་འདྲ། དཔྲལ་བ་ནི་དུང་དང་ཟླ་བ་དང་། མེ་ཏོག་ཀུན་དའི་ཁ་དོག་ལྟ་བུས་མཛོད་སྤུས་བརྒྱན། སྐྲ་དང་ཐོར་ཚུགས་ནི་མཐོན་མཐིང་ལྕང་ལོར་འཁྱིལ་བ་ཡིན་པས། རྒྱལ་པོའམ་རྒྱལ་པོའི་བློན་པོའམ། དེ་ལྟ་བུ་གཞན་དག་ཀྱང་ཕྲག་དོག་དང་འཇུངས་པས་ནོན་པའི་སེམས་ཀྱིས་ཁྱོད་ཀྱི་སྲོག་བཅད་ན་མ་ལེགས་སོ། །དེ་བས་མི་གཤེགས་པར་གསོལ་ཞེས་པ་ལ། མེ་ཏོག་ཟླ་མཛེས་ཀྱི་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་ལ་འདི་སྐད་དུ། གལ་ཏེ་ཁོ་བོས་བདག་ཉིད་བསྲུང་བ་བྱས་ན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་༼༧༽བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་བསྲུང་བར་མི་འགྱུར་རོ། །ཞེས་ཟེར་ནས་ཚིགས་སུ་བཅད་པ་ཡང་སྨྲས་ཏེ། བདག་ཏུ་འདུ་ཤེས་འདི་ལ་གནས་ནས་སུ། །བསྟན་པ་འདི་ལ་བསྲུང་བར་ཡོངས་མི་ནུས། །མི་ཟད་ཕྱི་དུས་བདེ་བར་གཤེགས་པ་ཡི། །བྱང་ཆུབ་བསྟན་པ་བཀོད་པ་ཆེན་པོ་ཡིན། །བདག་གིས་རྟག་ཏུ་འདུ་ཤེས་ཀུན་སྤངས་ཤིང་། །སེམས་ཅན་འདི་དག་གང་ཟག་སྨྲ་གནས་དང་། །གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་དང་། །རེག་བྱ་སྤོང་བ་དེ་ནི་བསྟན་པ་བསྲུང་། །བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱི་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་ཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་བྱེ་བྲག་འཕགས། །སྐྱེས་བུ་ཁྱུ་མཆོག་གིས་ནི་དམ་པའི་ཆོས། །འཇིག་པར་འགྱུར་ཚེ་གང་དག་བཏང་སྙོམས་བསྒོམ། །དེ་ཡིས་རྒྱལ་བ་བཀུར་སྟི་བྱས་མ་ཡིན། །འདྲེན་པ་དག་ལ་རི་མོར་དེས་མ་བྱས། །ཁྱོད་བདེ་རང་གི་དོན་གྱིས་ལ། །བདག་ཉིད་རབ་ཏུ་བསྲུང་བར་གྱིས། །ཁྱེད་ནི་རྟག་ཏུ་བྱམས་གནས་ཤིང་། །འདུལ་བ་འདི་ལ་བག་ཡོད་༼༨༽གྱིས། །མ་འདྲེས་དག་གཙང་དྲི་མེད་པ། །ཚུལ་ཁྲིམས་དྲང་པོར་བསྲུང་བར་གྱིས། །གང་གིས་ཚུལ་ཁྲིམས་དྲི་མ་མེད། །སངས་རྒྱས་བསྔགས་པ་བསྲུང་བ་ནི། །དེ་ཡིས་ཇི་སྙེད་སྔོན་བྱུང་བ། །བདེ་གཤེགས་ཐམས་ཅད་རི་མོར་བྱས། །དེ་ཡིས་ཐམས་ཅད་སྐྱབས་པ་ཡིན། །སྐྱེ་བོའི་ཚོགས་རྣམས་བྱང་ཆུབ་བཀོད། །སྔོན་གྱི་སངས་རྒྱས་དག་གིས་བསྟོད་པ་ཡི། །ཚུལ་ཁྲིམས་དྲི་མེད་པ་དེ་སུས་བསྲུངས་པ། །དེ་དག་གིས་ནི་སེམས་ཅན་མང་པོ་ཡང་། །སེམས་ཅན་དམྱལ་བ་དང་ནི་སྡིག་ལས་དྲངས། །ཆོས་མཆོག་རིན་ཆེན་སྦྱིན་པ་བྱིན་པར་གྱིས། །བཟོད་པ་དག་ཀྱང་རྟག་ཏུ་བསྲུང་གྱིས་ལ། །དགོན་པར་གནས་ཤིང་ཏིང་འཛིན་མཁས་པ་དང་། །འཇམ་ཞིང་མཉེན་པ་དག་ཀྱང་སྒོམ་པར་གྱིས། །རྣམ་པ་ཀུན་ཏུ་རྩོད་པ་མ་བྱེད་པར། །སྤྱོད་པ་ཞི་མཆོག་འདི་ལ་རྣམ་པར་སྤྱོད། །བདག་ནི་སེམས་ཅན་རྣམས་ཀྱང་བསྐྱབ་པའི་ཕྱིར། །གྲོང་དང་རྒྱལ་པོའི་ཕོ་བྲང་འགྲོ་བར་བྱ། །ཞེས་མེ་ཏོག་ཟླ་མཛེས་འགྲོ་བར་བྱས་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ཁ་ཅིག་ནི་རྐང་པ་ལ་འཇུ་བར་བྱེད། སྙིང་རྗེས་ངུ་ཞིང་མཆི་མ་འཛག །མཁས་པ་བློ་གྲོས་ཆེན་པོ་བདག་ཉིད་བསྲུང་བར་མཛོད་ལ་མ་བཞུད་ཅིག །ཅེས་སྨྲས་པ། བློ་གྲོས་ཆེ་འཆང་སེམས་ཅན་དམ་པའི་མཆོག །དྲང་སྲོང་དེ་ནི་འགྲོ་༼༩༽བར་བྱས་པ་དང་། །ཁ་ཅིག་རྐང་པ་ལ་ཡང་འཇུ་བར་བྱེད། །སྙིང་རྗེ་བར་ཡང་ངུ་ཞིང་མཆི་མ་འཛག །མཁས་པ་བློ་གྲོས་ཆེན་པོ་མ་བཞུད་པར། །སྒྲ་འཇམ་ཡིད་དུ་འོང་ཞིང་མཛེས་པ་ཡིས། །ཞིང་འདི་རྣམས་ལ་གཟིགས་ཤིང་རྟོག་པ་མཛོད། །བདག་ཉིད་བསྲུང་བ་མཛོད་ལ་མ་བཞུད་ཅིག །སྔོན་གྱི་སྟོབས་བཅུ་འདྲེན་པ་དེ་དག་ཀྱང་། །དབང་པོ་ཞི་ཞིང་ཤིན་ཏུ་དེས་པ་རྣམས། །ནགས་ཚལ་བྲག་དང་རི་ཡི་རྩེར་གཤེགས་ནས། །བྱང་ཆུབ་དམ་པ་དག་ནི་ཐུགས་སུ་ཆུད། །བྱང་ཆུབ་རྒྱུར་ཡང་སྤྱོད་པ་དམ་པ་སྤྱད། །དེ་དག་བསོད་ནམས་ཡེ་ཤེས་མཆོག་དང་ལྡན། །དེ་དག་རྗེས་སློབ་ནགས་ཁྲོད་གནས་པར་མཛོད། །བརྟུལ་ཞུགས་བཟང་པོ་འདི་ནས་མ་བཞུད་ཅིག །ལུས་ནི་ཤིན་ཏུ་མཛེས་པའི་རྒྱན་གྱིས་བརྒྱན། །ཁྱོད་ཀྱི་སྐྲ་ཡང་མཐོན་མཐིང་ཁ་དོག་སྟེ། །གསེར་གྱི་མདོག་འདྲ་འོད་བྱེད་པ། །མཚན་འདི་རྣམས་ཀྱང་རབ་ཏུ་སྣང་བར་གྱུར། །ཁྱོད་ཀྱི་མཛོད་སྤུ་བཞིན་གྱི་སྨིན་མཚམས་ན། །ཤིན་ཏུ་མཛེས་པ་དུང་དང་འདྲ་བའི་འོད། །རྒྱལ་པོ་དག་ཀྱང་དེ་བཞིན་སྲིད་ཀྱི་ཕྱིར། །ཕྲག་དོག་སྐྱེས་ནས་ཁྱོད་ཀྱི་ལུས་བཤིག་འགྱུར། །ཞེས་སྨྲས་སོ། །དེ་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ཀྱིས། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་ལ་ཚིགས་སུ་བཅད་པས་སྨྲས་པ། ཇི་སྙེད་སྔོན་གྱི་བདེ་གཤེགས་བྱུང་བ་༼༡༠༽ནི། །ཐམས་ཅད་མཁྱེན་ཅིང་ཟག་པ་ཟད་པ་རྣམས། །དེ་དག་ཐམས་ཅད་འཇིག་རྟེན་དོན་མཛད་དེ། །སྲིད་པ་གསུམ་དུ་བྱང་ཆུབ་དམ་པ་རྟོགས། །སྤྱད་པའི་དམ་པ་བྱང་ཆུབ་རྒྱུ་སྤྱད་དེ། །དེ་དག་བསོད་ནམས་ཡེ་ཤེས་མཆོག་དང་ལྡན། །དེ་ཡི་རྗེས་བསླབས་བྱང་ཆུབ་སེམས་དཔའ་ཡང་། །སེམས་ཅན་ཁྲག་ཁྲིག་རྣམས་ཀྱི་སྐྱབས་བྱེད་འདོད། །དྲང་སྲོང་མཁས་པ་ཀུན་གྱི་བསྐོར་བྱས་ཏེ། །རྐང་པ་ལ་ཡང་ཕྱག་འཚལ་ཤུགས་ཕྱུང་ནས། །མི་ཟད་སྙིང་རྗེ་བར་ནི་སྒྲ་འབྱིན་ཅིང་། །ཉམས་ཐག་མི་བདེ་ཆོ་ངེས་འདེབས་པར་བྱེད། །ཁ་ཅིག་རབ་ཏུ་འགྱེལ་ཞིང་བརྒྱལ་ནས་སུ། །ས་ལ་ལྷུང་བ་ས་ལ་བཅད་འགྱེལ་བཞིན། །འོན་ཀྱང་དྲང་སྲོང་སེམས་ཅན་དོན་འདོད་པ། །བསོད་ནམས་བསགས་པས་དེ་ལས་ཕྱིར་མི་ལྡོག །དྲང་སྲོང་ཆོས་གོས་ལྷུང་བཟེད་ཐོགས་ནས་ཆས། །ཇི་ལྟར་སེང་གེ་རལ་པ་ཅན་དག་བཞིན། །དེ་ནི་ཆོས་ཀྱི་རང་བཞིན་གནས་པས་ན། །དེ་ལ་ཡོན་ཏན་ངེས་པ་བྱ་བ་མེད། །འཇིག་རྟེན་འདིར་ནི་ནགས་ཁྲོད་བདག་གནས་པས། །སེམས་ཅན་ངན་སོང་སོང་ན་མ་ལེགས་ཞེས། །དེ་ནི་སེམས་ཅན་བསྐྱབ་པའི་དོན་གྱི་ཕྱིར། །གྲོང་ཁྱེར་ཕོ་བྲང་མཆོག་ཏུ་སོང་བར་གྱུར། །དེ་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དེས། གྲོང་དང་གྲོང་ཁྱེར་དང་། གྲོང་བརྡལ་དང་། ལྗོངས་དང་། ཡུལ་འཁོར་༼༡༡༽དང་། རྒྱལ་པོའི་ཕོ་བྲང་དུ་འོངས་ནས། སེམས་ཅན་རྣམས་ལ་ཆོས་བསྟན་ཏེ། དེའི་སྔ་དྲོ་དེར་འོངས་ནས་སྲོག་ཆགས་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དགུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་དོ། །ད་དུང་རྒྱལ་པོའི་ཕོ་བྲང་འཁོར་དེར་མ་ཕྱིན་ནས། མཐར་གྱིས་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དེར་ཕྱིན་པ་དང་། རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དེར་ཉེ་བར་སོང་སྟེ། ཤིང་པླཀྵ་དང་། ས་ལའི་དྲུང་དུ་འདུག་གོ །དེའི་ནུབ་མོ་འདས་པ་དང་། རྒྱལ་པོའི་ཕོ་བྲང་རིན་ཆེན་ལྡན་དུ་ཞུགས་པར་གྱུར་ཏེ། ཞུགས་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པར་བཀོད་ཀྱང་། ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ནས་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་༼༡༢༽མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་སྟེ། འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས་སྔ་དྲོ་གཉིས་པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་ནས། སྲོག་ཆགས་བྱེ་བ་ཕྲག་ཉི་ཤུ་རྩ་གསུམ་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པར་བཀོད་དེ། ད་དུང་ཟས་ཀྱིས་བྱ་བ་མ་བྱས་སོ། །དེ་ནས། རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་སྟེ། འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས་སྔ་དྲོ་གསུམ་པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་ནས། སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པར་བཀོད་དེ། ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ནས། རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་ནས་འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས། སྔ་དྲོ་བཞི་པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་དེ། ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ནས། རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་ནས་འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས་སྔ་དྲོ་ལྔ་པ་ལ་བཙུན་མོའི་འཁོར་གྱི་ནང་དུ་སོང་ནས། བུད་མེད་བརྒྱད་ཁྲི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་དོ། །གྲོང་ཁྱེར་དེ་ནས་ཀྱང་སེམས་ཅན་གྲངས་མེད་༼༡༣༽དཔག་ཏུ་མེད་པ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བཀོད་དེ། ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ནས་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་ནས་འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས་སྔ་དྲོ་དྲུག་པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་ནས། རྒྱལ་པོའི་བུ་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བཀོད་དེ། ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ནས་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་ནས་འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས་སྔ་དྲོ་བདུན་པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་པ་དང་། རྒྱལ་པོ་དཔའ་བས་བྱིན་སྐྱེད་མོས་ཚལ་དུ་འགྲོ་བ་མཐོང་སྟེ། གསེར་གྱི་ཤིང་རྟ་ལ་ངོས་ནི་དངུལ། མདའ་ནི་སྦྲུལ་གྱི་སྙིང་པོ་ཙནྡན། འཁོར་ལོ་ནི་བཻ་ཌཱུརྱ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེངས་པ་དང་། རིན་པོ་ཆེའི་ཤིང་རྟ་སྣ་ཚོགས་ཀྱི་བརྒྱན། ཤིང་རྟའི་མདའ་ལ་དར་གྱིས་དཀྲིས་ཤིང་། རས་བཅོས་བུ་ཕྲུགས་ཀྱིས་གཡོགས་པ་བུ་མོ་གཞོན་ནུ་བརྒྱད་བརྒྱས་རིན་པོ་ཆེའི་ཐིག་གུས་༼༡༤༽བཏགས་ཤིང་འདྲེན་ཏེ། དེ་དག་བྱད་བཞིན་བཟང་ཞིང་མཛེས་པ། བལྟ་ན་སྡུག་པ་ཁ་དོག་བཟང་པོ་རྒྱས་པའི་མཆོག་དང་ལྡན་པ། བྱིས་པ་རྣམས་དགའ་བར་བྱེད་ཅིང་ཚིམ་པར་བྱེད་པ་སྟེ། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་ཡང་ཞབས་འབྲིང་མཐོ་དམན་དུ་འགྲོའོ། །བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་ཡང་ཞབས་འབྲིང་མཐོ་དམན་དུ་འགྲོའོ། །ཁྱིམ་བདག་ཤིང་ས་ལ་ཆེན་པོ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་ཡང་ཞབས་འབྲིང་མཐོ་དམན་དུ་འགྲོའོ། །རྒྱལ་པོའི་བུ་མོ་ལྔ་བརྒྱ་ཡང་རིན་པོ་ཆེའི་ཁྱོགས་ཀྱི་ནང་དུ་ཞུགས་ནས་མདུན་ཐོག་ཐག་ཏུ་འགྲོ་སྟེ། དེ་དག་གིས་དགེ་སློང་དེ་མཐོང་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །བཙུན་མོའི་འཁོར་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱང་དགེ་སློང་དེ་མཐོང་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ཀྱང་ནོར་བུ་དང་གདུབ་བུ་རྣམས་བཀྲོལ་ཏེ། ལྷམ་རྣམས་བཞག་ནས། བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། དགེ་སློང་དེ་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་འཁོད་དོ། །དེ་ནས་བུ་མོ་གཞོན་ནུ་དེ་དག་ཀྱང་སྔོན་གྱི་དགེ་བའི་༼༡༥༽རྩ་བ་དག་གིས་བསྐུལ་བས་ཁྱོགས་དེ་དག་ལས་བབས་ནས། ནོར་བུ་དང་གདུབ་བུ་རྣམས་བཀྲོལ་ཏེ། ལྷམ་རྣམས་བཞག་ནས། བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། དགེ་སློང་དེ་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་ཏེ། ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དགེ་སློང་འདི་ནི་བྱོན་པའི་ཚེ། །ཉི་མ་ལྟ་བུར་ཐམས་ཅད་དུ། །འདི་དག་རབ་ཏུ་སྣང་བར་བགྱིས། །སྐྱེ་བོའི་ཚོགས་ཀྱང་འདུན་པར་གྱུར། །འདོད་ཆགས་ཞེ་སྡང་རྒྱུན་བཅད་ཅིང་། །གཏི་མུག་དག་ཀྱང་བསལ་བར་གྱུར། །དེ་ཚེ་ཞེ་སྡང་ཁྲོ་བ་དང་། །ཕྲག་དོག་ཐམས་ཅད་བཅད་པར་གྱུར། །རྒྱལ་པོ་དཔའ་བས་བྱིན་པ་ཡི། །ཞབས་འབྲིང་སྲས་ལ་སོགས་པ་ཡང་། །སུ་ཡང་རྒྱལ་པོ་མི་ལྟ་སྟེ། །སུ་ཡང་ཞབས་འབྲིང་མི་བགྱིད་དོ། །ཇི་ལྟར་ཟླ་བ་ཉ་བ་ནི། །སྐར་མ་དག་གིས་བསྐོར་བ་བཞིན། །རྒྱལ་པོའི་བུ་མོས་མདུན་བདར་བས། །དགེ་སློང་འདི་ཡང་མཛེས་པར་གྱུར། །ཇི་ལྟར་གསེར་གཟུགས་རི་མོ་དག །མཁས་པས་རི་མོ་བྲིས་པ་དང་། །ས་ལའི་རྒྱལ་པོ་རྒྱས་པ་ལྟར། །དེ་བཞིན་དགེ་སློང་མཛེས་པར་གྱུར། །མཐུ་ཆེན་བརྒྱ་བྱིན་ལྷ་ཡི་དབང་པོ་ནི། །གྲོང་ཁྱེར་འཇིགས་པ་བདག་པོ་མིག་སྟོང་ལྡན། །རི་རབ་སྤྱི་ལ་སུམ་ཅུ་རྩ་གསུམ་དབང་། །དེ་བཞིན་དགེ་སློང་བྱོན་པ་འདི་༼༡༦༽ཡང་མཛེས། །ཚངས་པ་འཇིག་རྟེན་ཚངས་པ་གནས་པ་འདྲ། །རབ་འཕྲུལ་ལྷ་ཡི་བུ་ནི་ལྷ་དབང་བཞིན། །འདོད་ཁམས་འཐབ་བྲལ་མཆོག་གི་ལྷ་བཞིན་དུ། །དགེ་སློང་བྱོན་པ་འདི་ཡང་དེ་བཞིན་མཛེས། །ཉི་མ་བཞིན་དུ་བར་སྣང་ལྷན་ནེར་གྱིས། །འོད་ཟེར་སྟོང་ལྡན་མུན་ནག་རབ་ཏུ་སེལ། །ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིད་པ་ལྟར། །དེ་བཞིན་དགེ་སློང་བྱོན་པ་མཛེས་པར་གྱུར། །བསྐལ་པ་མཐའ་ཡས་རྒྱ་ཆེར་སྦྱིན་པ་བྱིན། །ཚུལ་ཁྲིམས་མ་ཉམས་རྟག་ཏུ་བསྲུང་བ་གྱིས། །བཟོད་པ་མཚུངས་མེད་འཇིག་རྟེན་ཀུན་ཏུ་བསྒོམས། །དེ་ནི་མཚན་གྱིས་རྒྱན་ཅིང་འདི་ལྟར་མཛེས། །འཕགས་པའི་སྐྱེ་བོས་རབ་བསྟོད་བརྩོན་འགྲུས་སྐྱེད། །བསམ་གཏན་བཞི་ཡང་ཞུམ་མེད་སེམས་ཀྱི་བསྙེན། །ཉོན་མོངས་དྲ་བ་བསལ་ཅིང་ཤེས་རབ་སྐྱེད། །དེ་ཕྱིར་དགེ་སློང་འཇིག་རྟེན་ཀུན་ཏུ་གདའ། །སངས་རྒྱས་བསྟན་པ་མཚུངས་མེད་སེམས་ཅན་སྙིང་པོ་སྟེ། །དཔའ་བོ་འདས་པས་ཆོས་མཆོག་དག་ཀྱང་རབ་ཏུ་བཤད། །མ་འོངས་དུས་དང་དེ་བཞིན་ད་ལྟར་བྱུང་བ་ཡི། །ཆོས་ཀྱི་རྒྱལ་པོ་དབང་བརྙེད་རྣམས་ཀྱི་སྲས་དེ་ལགས། །དགེ་སློང་ཁྱོད་ནི་མི་རྟག་ནམ་ཡང་མ་གྱུར་ཅིག །གཟུགས་ནི་ཇི་ལྟར་འཇིག་རྟེན་ཀུན་ནས་རབ་ཏུ་ལྡན། །གཟི་བརྗིད་ཆེ་ཞིང་དབྱངས་སྒྲ་ཤིན་ཏུ་སྙན་པར་གདའ། །རྒྱལ་༼༡༧༽བའི་གཟི་བརྗིད་ཤིན་ཏུ་ལྷམ་མེ་སྣང་མི་བགྱིད། །ཆོས་འདི་ཇི་ལྟར་ཁྱོད་བདག་ཉིད་ཀྱིས་རབ་རྟོགས་ཤིང་། །སངས་རྒྱས་དག་གི་བཀའ་སྩལ་འཇིག་རྟེན་ཀུན་ཏུ་རྒྱུ། །དེ་བཞིན་བདག་ཅག་བུད་མེད་དངོས་པོ་ཀུན་སྤངས་ཏེ། །བདག་ཅག་ཐམས་ཅད་དགེ་སློང་འདི་བཞིན་འགྱུར་བར་བགྱི། །དེ་དག་ཐམས་ཅད་སོར་བཅུའི་ཐལ་མོ་སྦྱར་བྱས་ནས། །ཚིགས་བཅད་འདི་དག་སྨྲས་ཏེ་གོས་རྣམས་འཐོར་བར་བྱེད། །གསེར་གྱི་ཕྲེང་བ་དང་ནི་རིན་ཆེན་དོ་ཤལ་དང་། །རྣ་བའི་རྒྱན་དང་མགུལ་གྱི་རྒྱན་དག་རྣམ་མང་འཐོར། །ཇི་ལྟར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དག །སྟོབས་ལྡན་ས་འདི་ཀུན་ལ་རྣམ་པར་བལྟ། །སྲས་སུ་འདུ་ཤེས་དག་ནི་ཉེ་བར་འཇོག །གླིང་རྣམས་བཞི་པོ་འདི་དག་ཀུན་ཏུ་འགྲོ །རྒྱལ་རིགས་དང་ནི་ཚོང་དཔོན་བྲམ་ཟེ་དང་། ཁྱིམ་བདག་མཁར་གྱི་རྒྱལ་པོ་དག་གི་མི། །དེ་དག་ཅིག་ལ་ལྷག་པར་སྡུག་པ་མེད། །ཐམས་ཅད་ལ་ཡང་བྱམས་པ་མཉམ་པར་བསྐྱེད། །དེ་བཞིན་དགེ་སློང་དེས་པ་འདི་ཡང་ནི། །གཟུགས་དང་དབང་རྣམས་ལ་ནི་ཤིན་ཏུ་བསླབས། །བྱང་ཆུབ་ཡན་ལག་སྟོབས་དང་དབང་པོ་དང་། །ཡན་ལག་བརྒྱད་པའི་ལམ་ཡང་རྣམ་པར་འབྱེད། །མཚན་མོ་ཟླ་བ་སྐར་ཚོགས་དབུས་ན་ཡང་། །ཇི་ལྟར་རབ་ཏུ་མཛེས་པར་སྣང་བ་བཞིན། །ཇི་ལྟར་ཉི་མའི་དཀྱིལ་༼༡༨༽འཁོར་འཆར་བའི་ཚེ། །གཟི་བརྗིད་ལྡན་ཞིང་རྣམ་པར་སྣང་བགྱིད་བཞིན། །དབང་པོ་ཞི་ཞིང་སྟོབས་བཅུ་ལྡན་པ་ཡི། །སངས་རྒྱས་དེས་པ་ཀུན་ལ་ཕྱག་འཚལ་ལོ། །དེ་དག་གིས་ནི་བསྔགས་པ་བསྐལ་པ་བརྒྱས། །ཟད་པར་བྱེད་ནུས་སྐྱེས་བུ་སུ་ཡང་མེད། །བསྐལ་པ་བྱེ་བ་སྟོང་ཕྲག་མང་པོར་ནི། །ཡོན་ཏན་བརྗོད་ཀྱང་ཟད་པ་ཡོད་མེད་དེ། །འཇིག་རྟེན་རབ་མཆོག་གིས་ནི་སྤུ་ཅིག་ཀྱང་། །བསྔགས་པ་དག་ནི་ཟད་པར་མི་འགྱུར་རོ། །དེས་ནི་མཚུངས་མེད་འཁོར་ལོ་རབ་ཏུ་བསྐོར། །ཡེ་ཤེས་དག་གིས་གནས་ཀྱང་ཤིན་ཏུ་བསྟན། །ཞིབ་ཅིང་རྡུལ་བྲལ་ཆོས་རྣམས་བཤད་པ་མཛད། །དེ་ནི་གང་ནའང་སྣང་བར་འགྱུར་བ་མེད། །དགེ་སྦྱོང་དང་ནི་བྲམ་ཟེ་ལྷ་དང་ཀླུ། །ལྷ་མིན་བདུད་དང་ཚངས་པར་བཅས་ལ་སོགས། །སངས་རྒྱས་ཐམས་ཅད་མཁྱེན་པའི་ཡོན་ཏན་གྱིས། །རྒྱ་མཚོ་དག་ནི་ཟད་པར་ཡོངས་མི་ནུས། །གང་གིས་ཐུགས་སྲས་འདི་འདྲ་མངའ་བ་ཡི། །སྨན་རྒྱལ་མཚུངས་མེད་རྒྱལ་ལ་ཕྱག་འཚལ་ལོ། །ཚིགས་བཅད་འདི་དག་སྨྲས་ནས་དེ་ཡི་ཚེ། །རྒྱལ་པོའི་བུ་མོ་གཞོན་ནུ་ཐམས་ཅད་དགའ། །གསེར་དང་གསེར་ཕྱེ་དག་ཀྱང་འཐོར་བར་བྱེད། །གོས་རྣམས་ཀྱང་ནི་རབ་ཏུ་འདིང་བར་བྱེད། །གཙུག་གི་ནོར་བུ་དོ་ཤལ་མཛེས་པ་དང་། །རིན་ཐང་བྱེ་བ་ཁྲག་ནི་རྒྱ་རི་བས། །དགེ་སློང་དེ་ལ་༼༡༩༽མངོན་པར་གཡོགས་ནས་ནི། །དགའ་ནས་བྱང་ཆུབ་ཕྱིར་ཡང་རབ་ཏུ་ཞུགས། །དེ་ནས་རྒྱལ་པོ་དཔའ་བས་བྱིན་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བཙུན་མོའི་འཁོར་འདི་དག་ནི་ལོག་པར་ཞུགས་ཏེ། སྐྱེ་བོས་ཚོགས་ཀྱང་ལོག་གོ་སྙམ་མོ། །སྐྱེ་བོ་དེ་དག་ཀྱང་ནོར་བུ་དང་གདུབ་བུ་བཀྲོལ། ལྷམ་གཞག་ནས་གོས་ཕྲག་པ་ཅིག་ཏུ་བགོས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། དགེ་སློང་དེ་དག་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །དགེ་སློང་དེ་བྱད་གཟུགས་བཟང་བ་ཙམ་དུ། རྒྱལ་པོ་དཔའ་བས་བྱིན་བྱད་བཞིན་མི་བཟང་། དེ་ཙམ་དུ་བལྟ་ན་སྡུག་པ་མ་ཡིན། དེ་ཙམ་དུ་མཛེས་པ་མ་ཡིན་ཏེ། དེ་རྒྱལ་པོ་འདིའི་སྲིད་ཀྱི་ཕྱིར་ཤིན་ཏུ་སྔངས་པར་གྱུར་ཏོ། །དགེ་སློང་དེའི་གཟུགས་ཀྱི་ལུས་ཡོངས་སུ་རྫོགས་པ་མཐོང་ནས་ཤིན་ཏུ་ཁྲོས་སོ། །དགེ་སློང་དེ་རྒྱལ་པོའི་ལམ་ན་འདུག་པ་དེའི་མིག་ཏུ་རྡུལ་སོང་བ་དང་དེ་འདི་སྙམ་དུ་སེམས་ཏེ། དགེ་སློང་འདི་ཆགས་པའི་སེམས་ཀྱིས་བཙུན་མོའི་འཁོར་ལ་བལྟས་ཏེ། འདིས་མིག་གིས་ཀྱང་བརྡ་བྱས་སོ། །དེ་འདི་སྙམ་དུ་སེམས་ཏེ། དགེ་སློང་འདི་ལ་སྲོག་གཅོད་པར་བྱེད་པ་སུ་ཡོད་སྙམ་མོ། །དེ་ནས་རྒྱལ་པོ་དཔའ་བས་བྱིན་གྱི་ཞབས་འབྲིང་དུ་བུ་སྟོང་འབྲང་བ་དེ་དག་བོས་ནས། གཞོན་ནུ་དག་དགེ་སློང་འདི་སྲོག་དང་ཕྲོལ་ཅིག་ཅེས་བྱས་༼༢༠༽ན། གཞོན་ནུ་དེ་དག་རྒྱལ་པོ་དཔའ་བས་བྱིན་ལ་སླར་ལྡོག་གོ །དགེ་སློང་དེའི་ཕྱིར་འདི་སྙམ་དུ་སེམས་ཏེ། བདག་གི་བུ་དག་ཀྱང་བཀའ་མི་ཉན་ཏེ། བདག་གཅིག་ཏུ་གཉིས་སུ་མེད་པར་བཞག་ན། ད་དགེ་སློང་འདི་སྲོག་དང་བྲལ་བར་བྱེད་པ་སུ་ཡོད་སྙམ་མོ། །དེ་ནས་རྒྱལ་པོ་དཔའ་བས་བྱིན་ལ་གསོད་པའི་གཤེད་མ་དགའ་བྱེད་ཅེས་བྱ་བ་གཏུམ་པོ། བརྩེ་བ་མེད་པ་མ་རུངས་པ་ཞིག་ཡོད་པ་དེ་རྒྱལ་པོའི་ལམ་ན། རྒྱལ་པོ་དཔའ་བས་བྱིན་དང་ཧ་ཅང་མི་རིང་བ་ཞིག་ན་འདུག་གོ །རྒྱལ་པོ་དཔའ་བས་བྱིན་གྱིས་དེ་མཐོང་ནས། དགའ་མགུ་ཡི་རངས་ཏེ། རབ་ཏུ་དགའ་བ་དང་། མོས་པ་དང་། ཡིད་བདེ་བ་སྐྱེས་ནས། དེ་འདི་སྙམ་དུ་སེམས་ཏེ། དགའ་བྱེད་འདིས་དགེ་སློང་འདི་སྲོག་དང་བྲལ་བར་བྱེད་དོ་སྙམ་མོ། །དེ་ནས་གསོད་པའི་གཤེད་མ་དགའ་བྱེད་རྒྱལ་པོ་དཔའ་བས་བྱིན་གང་ན་འདུག་པ་དེར་འོངས་པ་དང་། དགའ་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ལ་བྱ་དགའ་ཆེར་སྦྱིན་ན། དགའ་བྱེད་ཁྱོད་དགེ་སློང་འདི་སྲོག་དང་བྲལ་བར་བྱེད་ནུས་སམ། དགའ་བྱེད་ཀྱིས་སྨྲས་པ། ལྷ་ཤིན་ཏུ་རྔོ་ཐོགས་སོ། །བཀའ་བཞིན་འཚལ། དགེ་སློང་འདི་སྲོག་དང་བྲལ་བར་འཚལ་ལོ། །རྒྱལ་པོས་སྨྲས་པ། དགའ་བྱེད་དེའི་ཕྱིར་དེའི་དུས་ལ་བབ་པར་ཤེས་ན། མཚོན་རྣོན་པོ་ཐོགས་ལ། དགེ་སློང་༼༢༡༽འདིའི་ལག་པ་དང་རྐང་པ་ཆོད་ཅིག །རྣ་བ་དང་སྣ་ཡང་ཆོད་ཅིག །འདིས་ཆགས་པའི་སེམས་ཀྱིས་ངའི་བཙུན་མོའི་འཁོར་ལ་བལྟས་ཀྱི། དེའི་ཕྱིར་འདིའི་མིག་ཀྱང་སྐམ་པས་ཕྱུངས་ཤིག་ཅེས་བྱས་སོ། །དེ་ནས་གསོད་པའི་གཤེད་མ་དགའ་བྱེད་ཀྱིས། དེའི་ཚེ་རལ་གྲི་རྣོན་པོ་ཐོགས་ནས། དགེ་སློང་དེའི་ལག་པ་དང་རྐང་པ་བཅད་དོ། །རྣ་བ་དང་སྣའང་བཅད་དོ། །མིག་གཉིས་ཀྱང་ཕྱུང་ངོ་། །དེ་ནས་དགེ་སློང་དེའི་མགོ་བོ་དང་རྣ་བ་དང་རྐང་ལག་བཅད་པ་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཡང་བྱུང་། འོ་མའི་རྒྱུན་ཡང་བྱུང་སྟེ་ཕྱོགས་བཅུར་བསྐོར་ནས། སླར་ཡང་དགེ་སློང་དེའི་ལུས་ཀྱི་ནང་དུ་ནུབ་བོ། །བཅད་ཅིང་གཏུབས་པའི་འཕྲོ་ནས། དཔལ་བེའུ་དང་། བཀྲ་ཤིས་དང་། འཁོར་ལོ་ལ་སོགས་པ་ནང་ནས་བྱུང་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀུན་ཏུ་སྣང་ངོ་། །དེ་ནས་རྒྱལ་པོ་དེ་སྐྱེ་བོའི་ཚོགས་ཆེན་པོ་དང་དོང་དོང་ནས། སྐྱེ་བོའི་ཚོགས་ཆེན་པོ་དེས། དགེ་སློང་ལམ་ན་བཅད་གཏུབས་ཤིང་འདུག་པ་མཐོང་ནས། དེ་དག་སྡུག་བསྔལ་ཞིང་ཡིད་མ་བདེ་སྟེ། ངོ་མཚར་དུ་གྱུར་ནས་ཆོ་ངེས་བཏབ་སྟེ། སྨྲེ་སྔགས་བཏོན་ནས་ཕྱིར་ཡང་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་པར་སོང་ངོ་། །དེ་ནས་རྒྱལ་པོ་དཔའ་བས་བྱིན་ཞག་བདུན་འདས་པ་དང་། སྐྱེད་མོས་ཚལ་༼༢༢༽མཆོག་ན་འདུག་པ་མི་དགའ་མི་རྩེ་ཡོངས་སུ་མི་སྤྱོད་དེ། སྐྱེད་མོས་ཚལ་ནས་དེར་ལོག་ནས། ཞག་བདུན་འདས་པ་དང་། རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་པ་དང་། དེས་དགེ་སློང་དེ་རྒྱལ་པོའི་ལམ་དུ་བོར་བ་ཤི་ནས་ཞག་བདུན་ལོན་ཡང་། ལུས་ཀྱི་མདོག་མ་འགྱུར་བ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། དགེ་སློང་འདིའི་ལུས་ཀྱི་མདོག་མ་འགྱུར་པ་ལས་བལྟས་ན། དགེ་སློང་འདི་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། བདག་གིས་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་བའི་སྡིག་པའི་ལས་བྱས་ཀྱི། བདག་ནི་མྱུར་དུ་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་བར་འགྱུར་རོ། །ཞེས་དེ་ལྟར་སེམས་དཔའ་ན། སྟེང་གི་བར་སྣང་ལས་ལྷའི་བུ་བརྒྱད་ཁྲིས་སྒྲ་སྐད་དབྱངས་ཅིག་ཏུ་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ནི་དེ་བཞིན་ཏེ། ཁྱོད་ཀྱི་ཇི་སྐད་ཟེར་བ་ལྟར་དགེ་སློང་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ། །ཞེས་ཟེར་རོ། །བར་སྣང་ལས་ལྷ་དག་གི་སྒྲ་ཐོས་ནས་ཤིན་ཏུ་འཇིགས་ཤིང་སྐྲག་ནས། བག་ཚ་ཞིང་སྤུ་ཟིང་ཞེས་བྱེད་དེ་འགྱོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དཔའ་བས་བྱིན་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། འགྱོད་པར་གྱུར་པས་དེའི་ཚེ་ཆོ་ངེས་ཆེར་བཏབ་ནས་ཚིག་འདི་སྐད་ཅེས་ཟེར་རོ། །རྒྱལ་༼༢༣༽པོའི་སྲིད་དང་རྒྱལ་པོའི་ཕོ་བྲང་དང་། །ནོར་བུ་རིན་ཆེན་མུ་ཏིག་གསེར་དབྱིག་སྤང་། །བདག་ཉིད་མཚོན་ཐོགས་བདག་ཉིད་འཆི་བར་བྱ། །བདག་ནི་བྱིས་པའི་བློ་ཅན་ལས་ངན་ལྡན། །དགེ་སློང་མེ་ཏོག་ཟླ་མཛེས་འདིར་བྱུང་བས། །སུམ་ཅུ་རྩ་གཉིས་མཚན་གྱི་གོ་བགོས་ཏེ། །སྣང་བར་བྱེད་ཅིང་རྒྱལ་པོའི་ཕོ་བྲང་འོངས། །ཟླ་བ་ཉ་ཚེ་སྐར་མའི་རྒྱལ་པོ་བཞིན། །འདོད་པའི་ལོངས་སྤྱོད་ངན་པས་བདག་དཀྲུགས་ཏེ། །རབ་ཏུ་དགའ་བར་བུད་མེད་ཚོགས་རྣམས་དང་། །ཤིང་རྟའི་ནང་དུ་ཞུགས་ཏེ་དེ་ནས་དོང་། །རྒྱལ་རིགས་རྣམས་ཀྱིས་ཡོངས་སུ་འཁོར་ལོ་བསྐོར། །དགེ་སློང་དྲི་མཆོག་མིག་བཟང་འདི་ཉིད་ནི། །འདིར་བྱོན་དགེ་སློང་དེ་ཡང་མཐོང་ནས་སུ། །བུད་མེད་ཚོགས་རྣམས་རབ་ཏུ་དགའ་གྱུར་ཅིང་། །མོས་པ་སྐྱེས་ནས་གསེར་གྱི་ཕྲེང་བ་གཏོར། །ཐམས་ཅད་སོར་བཅུའི་ཐལ་མོ་སྦྱར་བྱས་ནས། །ཚིགས་བཅད་དབྱངས་ཀྱི་དགེ་སློང་དེ་ལ་བསྟོད། །རྒྱལ་པོ་ཡི་ནི་གླུ་ཡི་དབྱངས་སྒྲ་རྣམས། །དེ་དག་ཐམས་ཅད་རབ་ཏུ་ཞི་བར་གྱུར། །དེ་ཡང་ཤིང་རྟའི་ནང་དུ་ཞུགས་ནས་ནི། །རྒྱལ་རིགས་རྣམས་ཀྱི་ཡོངས་སུ་བསྐོར་བར་གྱུར། །བདེ་བར་གཤེགས་པའི་སྲས་མཆོག་མཐུ་ཆེ་བ། །དགེ་སློང་དྲི་མཆོག་མིག་བཟང་འདིར་བྱོན་ན། །བདག་གི་སེམས་ནི་རབ་ཏུ་ངན་གྱུར་ཏེ། །དགེ་སློང་རྒྱལ་པོའི་ཕོ་༼༢༤༽བྲང་འཇུག་པའི་ཚེ། །བུད་མེད་ཚོགས་ཆེན་དགའ་བར་བལྟ་མཐོང་ནས། །རྨོངས་པས་དེ་ལ་ཕྲག་དོག་ཁྲོ་བ་སྐྱེས། །ཕྱོགས་བཞི་ཀུན་ཏུ་སྣང་བ་བགྱིས་པ་ནི། །ཟླ་བ་སྒྲ་གཅན་ཟིན་ཐར་མཛེས་པ་བཞིན། །དགེ་སློང་རྒྱལ་པོའི་ཕོ་བྲང་འཇུག་མཐོང་ནས། །བུད་མེད་ཚོགས་རྣམས་དགའ་ཞིང་སྒྲ་ཡང་འབྱིན། །བདག་གིས་དེར་ནི་གཏུམ་པའི་ཚིག་སྨྲས་ཏེ། །བུ་སྟོང་དག་ལ་ད་ཉིད་ཁྱོད་སོང་ལ། །དགེ་སློང་འདི་ནི་དུམ་བུ་དུམ་བུར་གྱིས། །འདི་ནི་ང་ཡི་དགྲ་མཆོག་མ་རུངས་པ། །གཞོན་ནུ་ཐམས་ཅད་མཉེན་ཞིང་ཚུལ་ལྡན་ཏེ། །བདག་ལ་ཕན་སེམས་དགེ་སློང་དེ་ལ་འདུད། །རྒྱལ་པོ་འདི་འདྲའི་བཀའ་བཞིན་བགྱིད་མི་རུང་། །དེ་ཚེ་བདག་ནི་མྱ་ངན་ནོན་པར་གྱུར། །དགེ་སློང་ཤིན་ཏུ་ཚུལ་ཁྲིམས་མཆོག་ལྡན་པ། །བྱམས་ལྡན་ཕ་བཞིན་བཞུགས་པ་མཐོང་ནས་ནི། །ཤིན་ཏུ་གཏུམ་པའི་སེམས་ཀྱིས་གསོད་དུ་བཏང་། །ཕྱི་དུས་བདག་ནི་ལྷུང་ནས་མནར་མེད་སྲེག །དགའ་བྱེད་དེ་ནི་རྒྱལ་པོའི་ལམ་འདིར་གནས། །མ་རུངས་ལས་བགྱིད་མི་ལ་སྡུག་བསྔལ་བསྐྱེད། །བདག་ནི་བཀའ་བཞིན་འདི་འདྲའི་ལས་བགྱིས་ཏེ། །མེ་ཏོག་ཕྲེང་རྒྱུས་འདྲ་བའི་དགེ་སློང་གཏུབས། །ནགས་མཆོག་ཀུན་ཏུ་བཟང་པོ་དགའ་བ་ན། །བྱ་ཡིས་གང་ཞིང་མེ་ཏོག་དྲི་ཞིམ་རྒྱས། །དེ་ནས་དགེ་སློང་ཚོགས་གཞན་རབ་མང་བ། །བུ་གཅིག་པུ་ནི་མ་༼༢༥༽དང་བྲལ་བ་བཞིན། །དགེ་སློང་བཞེངས་ལ་ནགས་སུ་གནས་པར་མཛོད། །མིའི་དོན་ཡང་ཤིན་ཏུ་རྒྱ་ཆེར་གྱིས། །རྒྱལ་པོའི་ཕོ་བྲང་འཁོར་འདིར་ཕྱིན་པའི་ཚེ། །དགེ་སློང་ཤིན་ཏུ་སྙིང་རྗེར་ངུ་ཞིང་ཚོལ། །ལག་པ་གཡས་པས་མེ་ཏོག་རྒྱལ་མཚན་ཐོགས། །གཡོན་པ་ཡིས་ཀྱང་བལྟ་སྡུག་མཛེས་པ་བཞིན། །ལམ་ཡང་སྦྱངས་ཤིང་གོས་ཀྱི་ཁེབས་པར་གཡོགས། །དགེ་སློང་བཞེངས་ལ་ཆོས་མཆོག་བཤད་པ་མཛོད། །རྒྱལ་པོའི་ཁབ་འདིར་ཁྱོད་བཞུགས་རིང་ལོན་ཡང་། །དགེ་སློང་རབ་ཏུ་སྙིང་རྗེར་ངུ་ཞིང་ཚོལ། །རྒྱལ་བ་མཆོག་གི་བསྟན་པ་འཇིག་པའི་ཚེ། །ཁྱོད་ཀྱི་སྲོག་གི་བར་ཆད་འགྱུར་དུ་དོགས། །ཇི་ལྟར་སྐྱེས་བུ་མཐུ་ཆེན་ལ་ལ་དག །ཕྱོགས་དང་ཕྱོགས་མཚམས་རྟག་ཏུ་སྒྲ་གྲགས་པ། །སྲིད་གསུམ་འདི་ཀུན་ཐམས་ཅད་ཟིལ་མནན་ནས། །གཡང་ས་ཆེན་པོར་མཆོངས་ཏེ་སར་ལྷུང་ལྟར། །དེ་བཞིན་དགེ་སློང་མཚན་མཆོག་རབ་བརྒྱན་པ། །བྱད་བཞིན་བཟང་པོ་ས་འདིར་འགྱེལ་བར་གྱུར། །མེ་ཏོག་ཟླ་མཛེས་ཞེ་སྡང་གཏུམ་མེད་པ། །བདག་གིས་སྡིག་པའི་སེམས་ཀྱིས་དུམ་བུར་བརླགས། །མེ་ཏོག་ཟླ་མཛེས་བཀྲོངས་ནས་སར་ལྷུང་བ། །ཆོས་སྨྲ་འདི་ནི་མཐོང་ནས་མྱུར་བར་ཡང་། །དགེ་སློང་ཐམས་ཅད་སྡུག་བསྔལ་གཟིར་གྱུར་ཏེ། །མི་དགའ་སྐྱེས་འགྱུར་དེ་བཞིན་སེམས་མི་བདེ། །༼༢༦༽མེ་ཏོག་ཟླ་མཛེས་རི་ཡི་རྒྱལ་པོ་ལྟར། །སུམ་ཅུ་རྩ་གཉིས་མཚན་གྱི་གོ་བགོས་ཏེ། །ཕྲེང་བ་བརྒྱུས་པ་བུད་མེད་ཐོགས་པ་འདྲ། །འདིར་ནི་དུམ་བུ་དུམ་བུར་རྣམ་པར་བཅད། །བདག་གིས་དངོས་སྡིག་ཤིན་ཏུ་མི་ཟད་བགྱིས། །མགོན་མེད་མནར་མེད་གཤིན་རྗེ་ཡུལ་དུ་འཆི། །འདིར་ཡང་དགེ་སློང་དུམ་བུར་བརླག་པ་ཡིས། །བདག་ནི་སངས་རྒྱས་རྣམས་དང་རིང་བས་རིང་། །བདག་གིས་ཤིན་ཏུ་ལས་ངན་བགྱིས་པས་ན། །བུ་དང་གཉེན་བཤེས་ཚོགས་རྣམས་སྐྱབས་མི་འགྱུར། །བློན་པོ་དང་ནི་ཞབས་འབྲིང་བཀྲ་བ་ཡང་། །དེ་དག་དམྱལ་བར་བདག་སོང་སྐྱབས་མི་འགྱུར། །སངས་རྒྱས་འདས་དང་དེ་བཞིན་མ་བྱོན་དང་། །ཕྱོགས་བཅུ་དག་ན་གང་སུ་བཞུགས་པ་ཡི། །དེད་དཔོན་སྟོབས་བཅུ་ཉོན་མོངས་མེད་པ་རྣམས། །རྡོ་རྗེ་སྟུག་སྲ་མང་བའི་སྐྱབས་སུ་མཆི། །དེར་ནི་དགེ་སློང་དུམ་བུར་བྱས་མཐོང་ནས། །ལྷ་རྣམས་རབ་ཏུ་སྙིང་རྗེ་ཆོ་ངེས་འདེབས། །དེ་དག་དེར་སོང་དགེ་འདུན་གོ་བར་བྱས། །མེ་ཏོག་ཟླ་མཛེས་རྒྱལ་པོའི་ཁབ་འདིར་བསད། །ཆོས་སྨྲ་བ་ནི་མཁས་ཤིང་རྟོགས་པ་སྟེ། །མཐུ་ཆེན་ཕྱོགས་དང་ཕྱོགས་མཚམས་རབ་ཏུ་གྲགས། །བྱང་ཆུབ་སེམས་དཔའ་གཟུངས་ལ་གནས་པ་སྟེ། །མེ་ཏོག་ཟླ་མཛེས་རྒྱལ་པོའི་ཁབ་འདིར་བསད། །བསྐལ་པ་མཐའ་ཡས་སྦྱིན་པ་སྣ་ཚོགས་༼༢༧༽བྱིན། །ཚུལ་ཁྲིམས་མི་གཡོ་སྐྱོན་མེད་གང་སྲུང་ཞིང་། །འཇིག་རྟེན་ཀུན་ཏུ་མཚུངས་མེད་བཟོད་བསྒོམས་པ། །མེ་ཏོག་ཟླ་མཛེས་རྒྱལ་པོའི་ཁབ་འདིར་བསད། །བསྐལ་པ་མཐའ་ཡས་རྟག་ཏུ་བརྩོན་ལྡན་ཞིང་། །ཞུམ་མེད་སེམས་ཀྱི་བསམ་གཏན་བཞི་ལ་སྒོམ། །ཉོན་མོངས་སྒོམ་པའི་ཤེས་རབ་གང་བརྟེན་པ། །མེ་ཏོག་ཟླ་མཛེས༴ །ལུས་ལ་བདོག་པ་ཐམས་ཅད་རབ་སྤངས་ཤིང་། །དེ་བཞིན་སྲོག་ལ་མ་ཆགས་གྱུར་ནས་ནི། །ཀུན་ཏུ་བཟང་པོའི་ནགས་ནས་བབས་ནས་སུ། །མེ་ཏོག༴ །ལྷ་ཡི་ཆོ་ངེས་ཆེན་པོ་ཐོས་ནས་ནི། །དགེ་སློང་དེ་ཀུན་ཤིན་ཏུ་སྡུག་བསྔལ་ནས། །མེ་ཏོག་ཟླ་མཛེས་ཉེས་མེད་བསད་པ་ལ། །བལྟ་བའི་ཕྱིར་ཡང་ཐམས་ཅད་གྲོང་དུ་ལྷགས། །དེས་པ་དེ་དག་རྒྱལ་པོའི་ཁབ་འོངས་ནས། །དགེ་སློང་དུམ་བུ་དུམ་བུར་བྱས་མཐོང་སྟེ། །ཉམས་ཐག་སྐད་ཀྱིས་མི་བཟོད་ཆོ་ངེས་འདེབས། །དེ་དག་ཐམས་ཅད་བརྒྱལ་ནས་ས་ལ་འགྱེལ། །དགེ་སློང་དགེ་འདུན་རྒྱལ་པོ་དེ་ལ་སྨྲ། །ཚུལ་ཁྲིམས་སྐྱོན་མེད་ཤིན་ཏུ་བསྡམས་པ་ཡི། །དགེ་སློང་འདིས་ནི་ཉེས་པ་ཅི་ཞིག་བྱས། །འདི་ནི་སྔོན་གྱི་སྐྱེ་བ་བསམ་ཡས་དྲན། །འདི་ནི་ཡེ་ཤེས་གཟུངས་དབང་ཕ་རོལ་ཕྱིན། །འདི་ནི་འདུས་བྱས་འདི་དག་སྟོང་པར་ཤེས། །འདི་༼༢༨༽ནི་འགྲོ་བ་དག་ལ་མཚན་མེད་སྟོན། །འདི་ནི་སྨོན་ལམ་འདུ་ཤེས་ཐམས་ཅད་སྤངས། །འདི་ནི་ཡིད་འོང་སྙན་པའི་སྒྲ་དབྱངས་འབྱིན། །འདི་ནི་དེས་ཤིང་དབང་པོ་རབ་ཏུ་ཞི། །འདི་ནི་སྔོན་གྱི་གནས་ཀྱི་ཕ་རོལ་ཕྱིན། །འཇིག་རྟེན་ཐམས་ཅད་ལས་ཀྱང་མངོན་པར་འཕགས། །འདི་ནི་སངས་རྒྱས་རང་བྱུང་ཡེ་ཤེས་ཀྱིས། །ཁྱུ་མཆོག་གྱུར་ཅིང་འཇིག་རྟེན་རི་མོར་བྱས། །དག་ཅིང་རབ་རིབ་མེད་པའི་མིག་གིས་བལྟ། །བྱམས་པ་དང་ནི་སྙིང་རྗེ་ཤིན་ཏུ་ཆེ། །འདོད་པ་ངན་ཅིང་བསམ་པ་ངན་པ་སྐྱེས། །མཐོ་རིས་རྣམ་པར་མ་རུང་བྱེད་པ་སྟེ། །འདོད་པ་བསྙེན་ན་རྣ་བ་མེད་པར་འགྱུར། །མིག་དག་ཤེས་རབ་དང་ཡང་བྲལ་བར་འགྱུར། །མི་རྣམས་འདོད་པ་ལ་ནི་བསྙེན་བྱས་ན། །ལོང་བར་འགྱུར་ཞིང་ཕ་དང་མ་ཡང་གསོད། །འདོད་པ་བསྙེན་བྱས་ཚུལ་ཁྲིམས་ལྡན་པ་གསོད། །དེ་བས་མི་ཡིས་འདོད་པ་རྣམ་པར་སྤང་། །རྒྱལ་པོས་འདོད་པ་དག་ནི་བསྙེན་བྱས་ན། །ས་བདག་དམ་པ་འབྱོར་བ་འདི་བོར་ནས། །མི་བཟོད་སྡུག་བསྔལ་རྩུབ་བྱེད་སེམས་དམྱལ་ནས། །སེམས་ཅན་དམྱལ་བའི་འཇིགས་པ་ཆེན་པོར་འགྲོ །འདི་འདྲའི་དགེ་སློང་མཁས་པ་གསོད་བྱེད་དེ། །སྡིག་པའི་ལས་རྣམས་རྟག་ཏུ་བྱེད་པར་འགྱུར། །དེ་ཕྱིར་བྱང་ཆུབ་ཞི་བ་སུ་འདོད་པ། །སྡིག་པ་རྣམ་པ་སྣ་ཚོགས་སྤང་བར་བྱ། །ལུས་ནི་༼༢༩༽སྒྱུ་མ་གསོག་དང་འདྲ་བ་དང་། །དེ་བཞིན་རྣ་མིག་སྣ་ལྕེ་རིག་ནས་ནི། །གཟུགས་དང་སྒྲ་དང་དེ་བཞིན་དྲི་མཆོག་དང་། །རེག་བྱ་ཆོས་རྣམས་ཞུམ་མེད་སེམས་ཀྱིས་གཏོང་། །སྦྱིན་ལ་བསླབས་ཤིང་ཚུལ་ཁྲིམས་ཉམས་པ་མེད། །བཟོད་པ་དང་ནི་བརྩོན་འགྲུས་དེ་བཞིན་ཏེ། །བསམ་གཏན་བརྟན་ཅིང་ཤེས་རབ་ཕ་རོལ་སོང་། །སེམས་ཅན་དག་གི་དོན་ཡང་རབ་ཏུ་བྱེད། །འཇིག་རྟེན་ལྷ་དང་མིར་བཅས་ཐམས་ཅད་ཀྱང་། །བྱམས་པས་རྒྱལ་བ་ལ་ནི་རབ་ཏུ་བལྟ། །དེ་ཕྱིར་མིག་ནི་མུན་ནག་གཏིབས་གྱུར་ཀྱང་། །བྱང་ཆུབ་ཞི་བ་ཉིད་ནི་འཚང་རྒྱར་འགྱུར། །རྟ་དང་བ་གླང་ཡང་ཐོག་ཁྲི་རྣམས་དང་། །ཁྱོགས་དང་སྔས་རྣམས་ཀྱང་ནི་དེ་བཞིན་ཏེ། །གླང་པོ་དག་དང་གཞོན་དང་བརྒལ་བ་དང་། །གྲོང་དང་ཡུལ་འཁོར་དགའ་བས་སྟོང་པར་བྱེད། །གྲོང་ཁྱེར་དང་ནི་རྒྱལ་སྲིད་ཡོངས་སྟོང་ཞིང་། །གསེར་དང་དངུལ་དང་ཤེལ་དང་བྱུ་རུ་དང་། །དེ་བཞིན་གནས་དང་བུ་དང་བུ་མོ་དང་། །རང་གི་མགོ་ཡང་གཏོང་ཞིང་བྱང་ཆུབ་ཞུགས། །མེ་ཏོག་དང་ནི་སྤོས་དང་བདུག་པ་དང་། །གདུགས་དང་རྒྱལ་མཚན་ལྷ་ཡི་བ་དན་དང་། །རོལ་མོའི་ཆ་བྱད་སྣ་ཚོགས་ཐོགས་ནས་ནི། །དགའ་ནས་མཆོད་པ་མཚུངས་པ་མེད་པ་བྱེད། །སྲིད་པ་དག་ནི་སྟོང་པར་ཤེས་ནས་ཀྱང་། །སྲིད་པའི་འགྲོ་བ་༼༣༠༽དག་ལ་དགའ་མི་བྱེད། །དེ་ཕྱིར་སྟོབས་བཅུ་མཚན་གྱིས་རབ་བརྒྱན་ཅིང་། །ཕྱོགས་བཅུ་ཐམས་ཅད་དུ་ཡང་སྣང་བར་བྱེད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །འདོད་པའི་ཁམས་རྣམས་དང་ནི་གཟུགས་ཀྱི་ཁམས། །གཟུགས་མེད་ཁམས་ལ་དེ་དག་མི་ཆགས་ཏེ། །ཁམས་གསུམ་དག་ལ་སྔ་ནས་ཆགས་པ་མེད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །བདག་ཏུ་འདུ་ཤེས་སེམས་ཅན་འདུ་ཤེས་མེད། །སྲོག་ཏུ་འདུ་ཤེས་གང་ཟག་འདུ་ཤེས་མེད། །ཚངས་པར་སྤྱད་པ་མ་འདྲེས་རྟག་ཏུ་སྤྱད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །དངོས་པོར་འདུ་ཤེས་དངོས་མེད་འདུ་ཤེས་མེད། །བདེ་བར་འདུ་ཤེས་མི་བདེ་འདུ་ཤེས་མེད། །གྲངས་སུ་འདུ་ཤེས་གྲངས་མེད་འདུ་ཤེས་མེད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །ཡོད་པར་འདུ་ཤེས་མེད་པར་འདུ་ཤེས་མེད། །བུད་མེད་འདུ་ཤེས་སྐྱེས་པར་འདུ་ཤེས་མེད། །གྲོང་དུ་འདུ་ཤེས་གྲོང་ཁྱེར་འདུ་ཤེས་མེད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །ཡུལ་འཁོར་འདུ་ཤེས་གྲོང་བརྡལ་འདུ་ཤེས་མེད། །འདོད་ཆགས་འདུ་ཤེས་འདོད་བྲལ་འདུ་ཤེས་མེད། །ཞེ་སྡང་འདུ་ཤེས་སྡང་བྲལ་འདུ་ཤེས་མེད། །གཏི་མུག་འདུ་ཤེས་འདོད་བྲལ་འདུ་ཤེས་མེད། །བྱང་ཆུབ་སེམས་དཔའ་གཟུངས་༼༣༡༽ལ་གང་གནས་པ། །ང་རྒྱལ་ང་རྒྱལ་བྲལ་བའི་འདུ་ཤེས་མེད། །མ་རིག་མ་རིག་མ་ཡིན་འདུ་ཤེས་མེད། །ལྟ་དང་ལྟ་བ་མ་ཡིན་འདུ་ཤེས་མེད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །དེ་དག་དབང་པོ་སྟོབས་ལ་མི་ཆགས་ཏེ། །བྱང་ཆུབ་ཡན་ལག་བསམ་གཏན་ཆགས་པ་མེད། །ཁམས་གསུམ་ཉེས་པ་ཐམས་ཅད་རྣམ་པར་སྤོང་། །འདོད་ཆགས་ཆགས་མེད་ཞེ་སྡང་གཏུམ་པ་མེད། །གཏི་མུག་རྨོངས་མེད་རྟག་ཏུ་གཡོ་མེད་གྱུར། །སངས་རྒྱས་སྟོབས་བཅུ་མཐོང་ནས་བཀུར་སྟི་བྱེད། །བློ་གྲོས་ལྡན་པ་མཐོ་རིས་སྣོན་མི་བྱེད། །སུ་དག་གཞན་ལས་ཆོས་མཆོག་ཐོས་ནས་ནི། །དེ་ལ་ནམ་ཡང་ནེམ་ནུར་མི་བྱེད་པ། །འབྲུ་མར་གང་བའི་སྣོད་བཞིན་དྭངས་ཤིང་དག །བཅད་དང་མ་བཅད་གཞན་གྱི་བློ་ཡང་ཤེས། །མཛའ་བ་བྱས་ན་རྗེས་སུ་ཆགས་པ་སྐྱེ། །དེ་ཡང་ཉོན་མོངས་པ་ནི་ཆེན་པོ་ཡིན། །ཞེ་སྡང་བྱས་ན་ཁོང་ཁྲོ་སྐྱེ་བར་འགྱུར། །དགྲ་དང་འཇིགས་པ་སྡིག་པ་རྣམས་ཀྱང་འབྱུང་། །འདི་གཉིས་རབ་ཏུ་རྣམ་པར་སྦྱངས་བྱས་ཏེ། །བློ་གྲོས་ལྡན་པ་དག་ནི་བྱང་ཆུབ་ཞུགས། །དེ་དག་མི་ཡི་ཁྱུ་མཆོག་སྟོབས་བཅུར་ནི། །འཇིག་རྟེན་དུ་ཡང་མངོན་པར་འབྱུང་བར་འགྱུར། །ནང་དང་ཕྱི་རོལ་དག་ཀྱང་རྣམས་སྤངས་ཏེ། །ཆོས་ཀྱི་ངོ་བོ་ཉིད་ལ་རབ་གནས་ཤིང་། །ཚུལ་ཁྲིམས་ཕུང་པོ་དག་༼༣༢༽ཀྱང་རྣམ་པར་སྦྱངས། །རལ་པ་མེད་ཅིང་མ་འདྲེས་སྐྱོན་ཡང་མེད། །ནམ་ཡང་དེ་དག་གིས་ནི་ཚུལ་ཁྲིམས་དག །འབགས་ཤིང་འདྲེས་པ་དག་ཏུ་མི་འགྱུར་རོ། །མཐའ་དག་གིས་ནི་གཉིས་པོ་ཡོངས་སྤངས་ནས། །བློ་གྲོས་འཆང་བ་བྱང་ཆུབ་ཞི་རྟོགས་འགྱུར། །དེ་ནས་རྒྱལ་པོ་དཔའ་བས་བྱིན་གྱིས་དགེ་སློང་གི་དགེ་འདུན་ལས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ཀྱི་ཡོན་ཏན་གྱི་བྱེ་བྲག་ཆེན་པོ་ཡངས་ཤིང་རྒྱ་ཆེ་བ་ཐོས་ནས། སྡུག་བསྔལ་ཞིང་ཡིད་མི་དགའ་སྟེ། དེའི་ཚེ་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ལ་ཚིགས་སུ་བཅད་པས་སྨྲས་པ། ནགས་ཁྲོད་སྟུག་པོ་ཀུན་ཏུ་བཟང་པོ་ནི། །སྡོང་པོ་ཆེན་པོས་གང་ཞིང་འབྲས་བུས་མཛེས། །དུས་ཀུན་སྐྱེ་བའི་མེ་ཏོག་བདུག་པས་བརྒྱན། །སྣ་ཚོགས་ཐ་དད་བྱ་རྣམས་སྒྲ་ཡང་འབྱིན། །གསེར་གྱི་རི་ཡང་མཛེས་ཤིང་མཐོ་བས་བརྒྱན། །མི་འམ་ཅི་ཡི་གླུ་དབྱངས་སྙན་པ་དང་། །རོལ་མོ་ཤིན་ཏུ་ཐབས་ལྡན་ཡིད་འོང་གྲགས། །གྲུབ་པའི་བུ་མོ་རྟག་ཏུ་གར་ཡང་བྱེད། །ནགས་དེ་ལྷ་ཡི་དགའ་བའི་ཚལ་བཞིན་ཏེ། །གཟུགས་བཟང་གཟུགས་འབར་བ་ཡི་ཤིང་གིས་དཀྲིས། །མེ་ཏོག་རྣམ་པ་སྣ་ཚོགས་ཐ་དད་བཀྲམ། །ཨུཏྤལ་པདྨོས་རྒྱན་ཅིང་ཆུ་ཡང་འབབ། །འདི་འདྲའི་གནས་མཆོག་ཉམས་དགའ་བ། །དྲང་སྲོང་རྟག་ཏུ་གནས་པར་མཐུན་པ་དག །བོར་ནས་སེམས་༼༣༣༽ཅན་དོན་དང་ཕན་བཞེད་པས། །སྡིག་པའི་ཕུང་པོ་བདག་དྲུང་གྲོང་དུ་བྱོན། །དེ་ལྟར་ཆོས་སྨྲ་ཡོན་ཏན་འཆང་བ་འདི། །མེ་ཏོག་ཟླ་མཛེས་གྲོང་ཁྱེར་འདིར་བྱོན་ཏེ། །བྱོན་ནས་སྡིག་པ་བགྱིད་པ་བདག་གིས་བཀྲོངས། །འདི་བཀྲོངས་པས་ནི་བདག་ཀྱང་དམྱལ་བར་ལྟུང་། །བྱང་ཆུབ་སེམས་དཔའ་ཐུགས་རྗེའི་སྟོབས་ལྡན་དག །དཔའ་བོས་སེམས་ཅན་ཕན་ཕྱིར་འཇིག་རྟེན་སྤྱོད། །དེ་དག་སྡིག་བགྱིད་བདག་གི་སྐྱབས་མཛོད་ཅིག །བྱང་ཆུབ་སེམས་དཔའ་དེ་སྐྱབས་བདག་མཆིའོ། །གང་ཡང་རང་རྒྱལ་དག་ནི་གཉིས་པ་དང་། །གང་གཞན་ཉན་ཐོས་རྫུ་འཕྲུལ་ལྡན་པ་སྟེ། །ཟག་པ་ཟད་ཅིང་ཐ་མའི་ལུས་འཛིན་པ། །བདག་ནི་སྡུག་བསྔལ་མནར་མེད་འཆི་བ་སྐྱོབས། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། དེ་ལྟ་བས་ན་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་དང་སྲོག་ལ་མ་ཆགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ལུས་དང་སྲོག་ལ་ཆགས་པའི་སེམས་ཅན་རྣམས་མི་དགེ་བའི་ལས་མངོན་པར་འདུ་བྱེད་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རྟག་ཏུ་རུལ་བའི་ལུས་འདི་དང་། །སྲོག་ཀྱང་གཡོ་ཞིང་དབང་མེད་དེ། །རྨི་ལམ་སྒྱུ་མ་འདྲ་བ་ལ། །སེམས་ཅན་གང་དག་ཆགས་པ་ནི། །ཤིན་ཏུ་མ་རུངས་ལས་བྱས་༼༣༤༽ནས། །གཏི་མུག་དབང་སོང་དེ་དག་ནི། །སེམས་ཅན་དམྱལ་བ་མི་ཟད་པར། །མི་མཁས་བདུད་ཀྱི་གཞོལ་བས་སོང་། །དབུ་བ་རྡོས་འདྲའི་ལུས་དང་ནི། །ཆུ་ཡི་ཆུ་བུར་འདྲ་སྲོག་ལ། །མི་དག་ཆགས་པར་མི་བྱེད་པ། །དེ་དག་འགྲོ་བ་མཆོག་ཏུ་འགྲོ །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ལུས་དང་སྲོག་ལ་མི་ལྟ་བར་བྱས་ཏེ། མགོ་དང་གོས་ལ་མེ་འབར་བ་བཞིན་དུ་བརྩོན་འགྲུས་བརྩམས་པས། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། དབེན་པ་ན་བདེ་བར་གནས་པ་དང་། དགོན་པ་དང་། ནགས་ཁྲོད་སྤངས་ཏེ། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། རི་ཁྲོད་རྣམས་སུ་ཞུགས་ཏེ། ཅི་ནས་སེམས་ཅན་དེ་དག་ཉན་ཐོས་ཀྱི་བྱང་ཆུབ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་དེ་ལྟ་བུར་སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ། །དེ་༼༣༥༽ནས་ཡང་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྔོན་བྱུང་བའི་གཏམ་བསྟན་པ་འདི་ཉིད་རྒྱ་ཆེར་ཚིགས་སུ་བཅད་པའི་དབྱངས་ཀྱིས་རྒྱས་པར་རབ་ཏུ་བསྟན་ཏོ། །ངས་སྔོན་སྤྱད་པ་དག་ནི་སྤྱོད་པ་ན། །དེ་ཚེ་རྒྱལ་པོ་དཔའ་བས་བྱིན་པར་འགྱུར། །རྒྱལ་པོའི་ཕོ་བྲང་རིན་ཆེན་ལྡན་ཞེས་བྱ། །བསྐྱེད་མོས་ཚལ་གྱི་སར་ནི་བྱུང་བར་གྱུར། །ཤིང་རྟར་ཞུགས་པས་དེ་ཚེ་དགེ་སློང་མཐོང་། །ཀུན་ཏུ་མཛེས་ཤིང་བལྟ་ན་སྡུག་པ་སྟེ། །སུམ་ཅུ་རྩ་གཉིས་མཚན་གྱི་གོ་བགོས་པ། །ཕྱོགས་རྣམས་ཐམས་ཅད་དུ་ཡང་སྣང་བར་བྱེད། །མེ་ཏོག་ཟླ་མཛེས་ཕྱོགས་སུ་གྲགས་པ་སྟེ། །སྙིང་རྗེ་གནས་པ་ཕན་ཞིང་སྙིང་བརྩེ་བ། །དཔལ་དང་གཟི་བརྗིད་དག་གིས་མཛེས་པ་ནི། །སེམས་ཅན་རྣམས་ལ་བརྩེ་ཕྱིར་གྲོང་དུ་འོངས། །ང་ནི་གཟུགས་ཀྱང་དེ་ཙམ་མི་ཕོད་པས། །དེ་ལ་ང་ཡང་འཇུངས་པ་མ་རུངས་སྐྱེས། །འདོད་ལ་ཆགས་ཤིང་སྲེད་ལ་བཅིངས་པས་ན། །འདི་ནི་བདག་གི་སྲིད་ལས་སྐྱོད་སྙམ་སྟེ། །ང་ཡི་བུ་རྣམས་སྟོང་དུ་ཚང་བ་ཡང་། །ཤིང་རྟར་ཞུགས་ཤིང་ཞབས་འབྲིང་མཐོ་དམའ་འགྲོ །ཅོད་པན་དང་ནི་སྣ་ཚོགས་རྒྱན་གྱིས་བརྒྱན། །སུམ་ཅུ་དབང་ཕྱིར་ལྷ་ཡི་བུ་འབྲང་བཞིན། །དེ་ན་ང་ཡི་བུ་མོ་ལྔ་བརྒྱ་དག །ནོར་བུ་ཐོགས་ཤིང་ལྷམ་གྱོན་ལྟ་ན་སྡུག །མགོ་རྒྱན་དང་ནི་ལྷབ་ལྷུབ་༼༣༦༽རྒྱན་གྱིས་སྤྲས། །དེ་དག་གསེར་གྱི་དྲ་བས་ཤིང་རྟ་འདྲེན། །ང་ཡི་བུད་མེད་དག་ནི་བརྒྱད་ཁྲི་ཡང་། །གཟུགས་མཛེས་ཤིན་ཏུ་བལྟ་ན་སྡུག་པ་དག །ཤིང་རྟར་ཞུགས་པས་དགེ་སློང་དེ་མཐོང་སྟེ། །རི་རབ་བཞིན་དུ་གཟུགས་བཟང་དཔལ་འབར་བས། །མཐོང་ནས་དེ་དག་ཕར་ཡང་འདུ་ཤེས་བསྐྱེད། །བྱང་ཆུབ་སེམས་དཔའ་མཆོག་ཏུ་སེམས་བསྐྱེད་དེ། །དེ་ཚེ་ཚངས་པའི་སྤྱོད་པར་ཡང་དག་བཙུད། །ཡིད་དུ་འོང་བའི་རྒྱན་རྣམས་དེ་ལ་གཏོར། །དེ་ཚེ་ང་ནི་ཕྲག་དོག་སྐྱེས་པར་གྱུར། །གནོད་སེམས་ཞེ་སྡང་ཐ་བ་མི་བཟད་དེ། །དབང་ཕྱུག་རྒྱགས་པས་བུ་ལ་འདི་སྐད་སྨྲས། །མདུན་ན་འདུག་པའི་དགེ་སྦྱོང་གསོད་པར་གྱིས། །གཞོན་ནུ་དེ་དག་ང་ཡི་ཚིག་ཐོས་ནས། །ཤིན་ཏུ་སྡུག་བསྔལ་ཡིད་ཀྱང་མི་དགར་གྱུར། །ཡབ་ཅིག་དེ་སྐད་ཀྱི་ནི་ཚིག་མ་གསུང་། །དགེ་སློང་འདི་འདྲ་བདག་ཅག་མི་འགུམས་སོ། །བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །བདག་ཅག་ལུས་དང་ཡན་ལག་བཅད་གཏུབས་ཀྱང་། །དགེ་སློང་འདི་ནི་འགུམས་པར་མི་བགྱིད་དེ། །འདི་ལྟར་བདག་ཅག་བྱང་ཆུབ་སེམས་སྐྱེས་སོ། །རྒྱལ་པོ་དེ་ཚེ་བུ་ཡི་ཚིག་ཐོས་ནས། །ཁྲོས་ཏེ་གསོད་པའི་གཤེད་མ་འབངས་ལ་སྨྲས། །ང་ཡི་བཙུན་མོའི་མདུན་ན་འདུག་པ་ཡི། །དགེ་སློང་འདི་ནི་མྱུར་དུ་སོད་དེ་ཕུལ། །དེ་ནས་གསོད་པའི་གཤེད་མ་༼༣༧༽ཕྱི་བཞིན་འོངས། །ཤིན་ཏུ་གཏུམ་སེམས་དགའ་བྱེད་སྙིང་རྗེ་མེད། །འབྲུ་མར་ངར་བཏགས་རལ་གྲི་ཐོགས་ནས་སུ། །དེ་ཡིས་དགེ་སློང་དུམ་བུ་བརྒྱད་དུ་བྱས། །དེ་ཡི་ལུས་དང་ཡན་ལག་བཅད་པ་ལས། །ཁྲག་ཀྱང་མི་འཛག་འོད་ཟེར་སྟོང་བྱུང་སྟེ། །བཅད་པའི་འཕྲོ་ནས་དཔལ་བེའུ་འཁོར་ལོ་དག །མཚན་རྣམས་དེའི་ལུས་ཀྱི་ནང་ན་ཡོད། །ཤིན་ཏུ་མ་རུངས་ལས་ནི་བྱས་ནས་སུ། །བསྐྱེད་མོས་ཚལ་དུ་དེ་ཡི་མོད་ལ་བྱུང་། །དགེ་སློང་མེ་ཏོག་ཟླ་མཛེས་དྲན་ནས་ནི། །དེ་ཡི་རྩེད་མོ་དགའ་བར་མ་གྱུར་ཏོ། །རིངས་པའི་གཟུགས་སུ་མྱུར་ཞིང་མགྱོགས་པར་ནི། །དེ་ནས་བདག་ནི་རྒྱལ་པོའི་ཕོ་བྲང་སོང་། །གང་དུ་དགེ་སློང་དུམ་བུ་བརྒྱད་བྱས་པ། །ས་ཕྱོགས་དེར་ནི་ཤིང་རྟར་ཞུགས་ནས་ཕྱིན། །ལྷ་རྣམས་ཁྲག་ཁྲིག་མང་པོ་བར་སྣང་ལ། །ཆོ་ངེས་འདེབས་པའི་སྒྲ་དག་དེར་ཐོས་ཏེ། །རྒྱལ་པོ་ཁྱོད་ཀྱི་མི་དགེ་སྡིག་མང་བགྱིས། །ཤི་འཕོས་ནས་ནི་མི་བདེ་མནར་མེད་འགྲོ །རྒྱལ་པོ་དེས་ནི་ལྷ་ཡི་སྒྲ་ཐོས་ནས། །ཤིན་ཏུ་སྡུག་བསྔལ་མི་དགའ་སེམས་སྐྲག་གྱུར། །བདག་གི་མེ་ཏོག་ཟླ་མཛེས་བཀྲོངས་པ་ནི། །བདག་གི་སྡིག་པ་མི་བཟད་མང་པོ་བགྱིས། །དེ་བཞིན་གཤེགས་པ་ཡེ་ཤེས་མཐའ་ཡས་ལྡན། །སངས་རྒྱས་མི་ཡི་ཁྱུ་མཆོག་སྲས་པོ་དག །དབང་པོ་བསྲུངས་ཤིང་དེས་པ་ཞི་བའི་ཡིད། །༼༣༨༽དེ་ནི་འདོད་པའི་དོན་ཕྱིར་བདག་གིས་བཀྲོངས། །དེ་བཞིན་གཤེགས་པའི་ཆོས་རྣམས་གང་འཛིན་ཅིང་། །ཟད་པའི་དུས་ལ་དམ་པའི་ཆོས་ཀྱི་མཛོད། །འཇིག་རྟེན་ཀུན་ཏུ་ཆོས་ཀྱི་སྒྲོན་མེ་མཛད། །དེ་ནི་འདོད་པའི་དོན་ཕྱིར་བདག་གིས་བཀྲོངས། །འཇིག་རྟེན་ཀུན་ན་སྨན་པའི་རྒྱལ་པོ་དག །སེམས་ཅན་ན་བ་རྟག་ཏུ་གསོ་བྱེད་ཅིང་། །བདུད་རྩི་དག་གིས་བཀྲུ་སྨན་གཏོང་བ་ཡི། །དགེ་སློང་བདག་གི་འདོད་པའི་དོན་ཕྱིར་བཀྲོངས། །ཞིབ་ཅིང་ཟབ་ལ་ཞི་བ་བལྟ་དཀའ་བའི། །ཆོས་རྣམས་སྐྱེ་དགུ་དག་ལ་གང་འཆད་ཅིང་། །བྱང་ཆུབ་སྙིང་པོ་མཆོག་ཀྱང་གང་སྟོན་པ། །དེ་ནི་འདོད་པའི་དོན་ཕྱིར་བདག་གིས་བཀྲོངས། །འདྲེན་པ་རྣམས་ཀྱི་ཆོས་ཀྱི་མཛོད་འཛིན་ཅིང་། །འཇིག་རྟེན་མདོངས་པའི་སྒྲོན་མར་གྱུར་པ་སྟེ། །གཟུངས་དང་མདོ་སྡེའི་རྒྱལ་པོ་གང་འཛིན་པ། །དེ་ནི་ཅི་སླད་བདག་གིས་འདོད་ཕྱིར་བཀྲོངས། །ཉོན་མོངས་མེད་ཅིང་རྣམ་དག་ཡེ་ཤེས་ཅན། །ཞི་བ་རབ་ཞི་རྟག་ཏུ་མཉམ་གཞག་པ། །འདོད་པས་མདོངས་པས་བདག་གིས་དེ་བཀྲོངས་ཏེ། །དེས་ན་ཤིན་ཏུ་མ་རུངས་དམྱལ་བར་ལྷུང་། །སངས་རྒྱས་གང་དག་འདས་དང་དེ་བཞིན་མ་བྱོན་དང་། །མི་ཡི་དམ་པ་རྒྱལ་བ་གང་ཡང་བཞུགས་པ་ནི། །བསྔགས་པ་མཐའ་ཡས་ཡོན་ཏན་རྒྱ་མཚོ་ལྡན་པ་རྣམས། །དེ་དག་ཀུན་ལ་ཐལ་མོ་༼༣༩༽སྦྱར་ཏེ་སྐྱབས་སུ་མཆི། །དེ་ནས་རྒྱལ་པོ་དཔའ་བས་བྱིན་གྱིས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་བསད་དེ་ཤི་བའི་ལུས་ཀྱི་མདོག་མ་འགྱུར་བར་ས་ལ་འགྱེལ་ཅིང་འདུག་པ་མཐོང་ནས། སྡུག་བསྔལ་ཞིང་ཡིད་མ་བདེ་སྟེ་འགྱོད་ཅིང་མྱོས་པར་གྱུར་ནས། དེའི་ཚེ་ཆོ་ངེས་རབ་ཏུ་ཆེར་བཏབ་བོ། །ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དེ་ལ་ཡང་འདི་ལྟ་བུར་ཡང་དག་པའི་ཡོན་ཏན་གྱིས་བསྟོད་པ་དང་། སྙིང་རྗེ་དང་ལྡན་པའི་ཚིགས་སུ་བཅད་པ་དག་སྨྲས་སོ། །ཀུན་ཏུ་བཟང་པོར་འཕགས་པའི་དགེ་འདུན་གྱིས། །ཁྱོད་ལ་རྣམ་པ་མང་པོ་གོ་བ་གྱིས། །ཁྱོད་ཀྱི་སྲོག་གི་བར་ཆད་བྱུང་ཏ་རེ། །རིན་ཆེན་ལྡན་པར་རྒྱལ་པོའི་ཁབ་མ་བཞུད། །ཁྱོད་ཀྱི་དགེ་སློང་དགེ་འདུན་ཚིག་མ་བཟུང་། །མགོན་པོ་གྲོང་ཁྱེར་དུ་ནི་ཅི་སླད་བྱོན། །ཁྱོད་ནི་གང་གི་དོན་དུ་བྱོན་པ་ཡི། །དོན་དེ་སྒྲོན་མེ་མཛད་པ་མཛད་དུ་གསོལ། །ལྷ་རྫས་མྱུ་གུ་སྣ་ཚོགས་རྒྱན་པའི་ས། །གཟུགས་བཟང་གཟུགས་འབར་ཤིང་ལྗོན་མང་པོས་བཀྲིས། །གྲུབ་པའི་རིག་འཛིན་གནོད་སྦྱིན་མཆོག་གི་བསྲུང་། །ལྷ་རྣམས་བཞུགས་ཤིང་བྱ་རྒྱལ་སྒྲ་ཡང་སྒྲོག །ཀུན་ཏུ་བཟང་པོ་སངས་རྒྱས་རྟག་བཞུགས་པ། །ནགས་ཚལ་དམ་པ་དགའ་བ་བོར་ནས་ནི། །བགྱི་བ་གང་བགྱི་ཁྱོད་ནི་འདིར་བྱོན་པ། །དེས་པ་བགྱི་བ་དེ་དེང་བདག་ལ་གསུངས། །ཁྱོད་ཀྱི་ཚིག་ཐོས་༼༤༠༽ནས་ནི་བཀའ་བཞིན་བགྱིད། །སངས་རྒྱས་སྲས་པོ་བཞེངས་ལ་བཀའ་སྩོལ་ཅིག །ཀྱེ་མ་ད་ནི་ཅི་བགྱི་ལྷ་ཡི་ལྷ། །བདག་ནི་མགོན་མེད་ཁྱོད་ཀྱི་སྐྱབས་སུ་མཆི། །གཅིག་པུ་སེང་གེ་རི་དྭགས་རྒྱལ་པོ་ལྟར། །དགེ་སློང་དགེ་འདུན་མཆོག་གི་ཁྱུ་བོར་ནས། །སེམས་ཅན་མཐའ་ཡས་པ་ལ་ཐུགས་བརྩེ་ཕྱིར། །རང་གི་སྲོག་ཀྱང་བཏང་སྟེ་འདིར་བྱོན་ན། །འདོད་ཆགས་ཟིལ་ནོན་ཤིན་ཏུ་འཇུངས་པ་ཡིས། །བདག་གིས་དཔའ་བོ་དུམ་དུ་དུམ་བུར་བཅད། །འདི་ནི་དགེ་སློང་དགེ་འདུན་མཐའ་དག་ཀྱང་། །ཁྱོད་ལ་བལྟ་བར་ཕོ་བྲང་མ་ལྷགས་པར། །བདག་ནི་འཇིགས་སྐྲག་ཁྱོད་ལ་ཅི་གསོལ་བ། །དེ་བར་གསོལ་བ་ཞིག་ནི་མཛད་པར་འོས། །མེ་ཏོག་ཟླ་མཛེས་མི་འཇིགས་བདག་སྩོལ་ལ། །ཉ་དུས་ཟླ་བ་ཉ་འདྲར་བཞེངས་སུ་གསོལ། །སེམས་ཅན་གཙོ་བོ་དག་ལ་གནང་བར་མཛོད། །ཆོས་སྨྲ་ཁྱོད་ནི་ཞེ་སྡང་རྣམ་པར་གྲོལ། །དེ་རིང་བདག་ལ་སྣ་ཅིག་གནང་བར་མཛོད། །ཉི་མ་བཞིན་དུ་སྣང་མཛད་བཞེངས་སུ་གསོལ། །ཆོས་སྨྲ་མཆོག་ནི་བདག་གིས་བཀྲོངས་བགྱིས་ཏེ། །སྡིག་པ་མ་ལེགས་བདག་གིས་དེང་བགྱིས་པས། །འདི་ནས་ཤི་འཕོས་མི་བཟོད་དམྱལ་བར་སྐྱེ། །བདག་ལ་དེ་ཡི་སྐྱབས་སུ་འགྱུར་བ་མེད། །ཉོན་མོངས་བྱེད་པ་སྡིག་སེམས་ཅི་རུ་རུང་། །རྒྱགས་པས་ཁེངས་པའི་རྒྱལ་༼༤༡༽སྲིད་ཅི་རུ་རུང་། །ཐམས་ཅད་སྤངས་ཏེ་གཅིག་པུར་འགྲོ་བར་འགྱུར། །འདི་ནས་བདག་གི་སྙིང་པོ་ཅི་མ་བླངས། །འདོད་ཆགས་ཞེ་སྡང་བཅོམ་པ་རྣམ་དག་ཆོས། །སྙན་པར་གསུངས་པ་བདག་དུལ་ཐུགས་རྗེ་ཅན། །འགྲོ་བའི་གཉེན་ཅིག་སུན་འབྱིན་མི་མཛད་པ། །མེ་ཏོག་ཟླ་མཛེས་བདག་གིས་ཅི་ཕྱིར་བཀྲོངས། །ཀྱེ་མ་བཟོད་དང་དཀའ་ཐུབ་ནོར་ཕྱུག་བརྟུལ་ཞུགས་བཟང་། །ཀྱེ་མ་གཟུགས་དང་དེས་པ་བདག་གི་ཡོན་ཏན་ལྡན། །ཀྱེ་མ་གཡོ་མེད་དཔའ་སྟུག་སྤྲོས་པ་མི་མངའ་བ། །བདག་ཅག་བོར་ནས་ཁྱོད་ནི་གང་དུ་བཞུད་པར་མཛད། །འཕགས་པ་དེ་ཡི་ལུས་དང་ཡན་ལག་བཅད་པ་ན། །འོ་མ་རབ་ཏུ་ཟགས་ཤིང་འོད་ཟེར་སྟོང་དག་བྱུང་། །འཇིག་རྟེན་འདི་དག་ཐམས་ཅད་ཤིན་ཏུ་ངོ་མཚར་གྱུར། །ངོ་མཚར་ཆེ་བའི་རང་བཞིན་འདྲེན་པ་བཞེངས་སུ་གསོལ། །ཀྱེ་མ་མེ་ཏོག་ཟླ་མཛེས་དུལ་བ་ཐུགས་རྗེ་ཅན། །ཀྱེ་མ་བྱམས་དང་སྙིང་རྗེའི་ཕུང་པོ་རི་བོ་ཚུར། །ཀྱེ་མ་ཆོས་རྣམས་ཟབ་མོ་ཤིན་ཏུ་སྟོན་པའི་མཆོག །ལྷ་ཁྱོད་བཞེངས་ཤིག་བདག་ལ་ཐུགས་བརྩེར་མཛད་དུ་གསོལ། །ཀྱེ་མ་ཟླ་བ་ཉ་ཞལ་ཚུར་སྤྱོན་ཅིག །ཀྱེ་མ་ས་བཅུ་ལེགས་གནས་ཚུར་སྤྱོན་ཅིག །ཀྱེ་མ་དཔའ་བོ་སྟོབས་བཅུས་མངོན་འཕགས་པ། །ཚེ་ལ་ཁྱོད་དབང་བདག་པོ་གང་དུ་བཞུད། །ཀྱེ་མ་དཔའ་བོ་ཚུར་སྤྱོན་བདག་ལ་༼༤༢༽གསུངས། །ཁྱོད་ཀྱིས་ཡུན་རིང་བཟོད་པ་བསྒོམས་པ་དང་། །བརྩོན་འགྲུས་ཐུགས་རྗེ་དེ་དག་གང་དུ་མཆིས། །བྱམས་པ་ཆེན་པོ་བཞེངས་ལ་གསུང་ཕྱུངས་ཤིག །ཀྱེ་མ་ཤིན་ཏུ་མཆོད་འོས་ལྷ་ཡི་ལྷ། །ཆོས་སྨྲ་ཅང་མི་གསུང་བར་ཅི་སླད་བཞུགས། །མཁས་པ་བཞེངས་ལ་བདག་གི་ཁྱིམ་དུ་བཞུད། །བུད་མེད་ཚོགས་ལ་ཁྱོད་ཀྱི་ཆོས་སྟོན་ཅིག །ལྷ་ཁྱོད་ལུས་ནི་གཅོད་པར་མི་ནུས་ཏེ། །ལྷ་དང་ལྷ་མིན་གནོད་སྦྱིན་སྲིན་པོས་ཀྱང་། །ཁྱོད་ཀྱི་ལྷ་ཡི་ལུས་འདི་མི་ཤིགས་ཀྱིས། །མཁས་པ་ཁྱོད་དེང་སྒྱུ་དག་མ་མཛད་ཅིག །ལྷ་ཁྱོད་སྒྱུ་མཛད་བཞུགས་པ་ག་ལ་གདའ། །བྱང་ཆུབ་སེམས་དཔའ་སྒྱུ་མ་མི་མཛེས་སོ། །སྒྱུ་མ་ཐམས་ཅད་སྤོངས་ལ་བཞེངས་སུ་གསོལ། །རིན་ཆེན་ལྡན་པའི་གྲོང་དུ་ཆོས་ཤོད་ཅིག །ཀྱེ་མ་འཕགས་པ་མེ་ཏོག་ཟླ་མཛེས་ཚུར། །ཀྱེ་མ་ཁམས་གསུམ་འདོད་ཆགས་བྲལ་བ་ཚུར། །ཀྱེ་མ་ཕ་མ་ལྟ་བུར་འདྲེན་པ་ཚུར། །བདག་གི་སེམས་དམྱལ་སྒོ་ནི་གཅད་དུ་གསོལ། །ངན་སོང་སྐྱེས་པ་རྣམས་ཀྱི་རྟེན་དང་དཔུང་། །སྲོག་ཆགས་མནར་མེད་ཆེན་པོར་ལྷུང་བ་ཡི། །སྐྱབས་མཛད་མེ་ཏོག་ཟླ་མཛེས་ཚུར་སྤྱོན་ཅིག །བདག་གི་བདེ་འགྲོའི་སྒོ་ཡང་དབྱེ་བར་གསོལ། །མགོན་པོ་ཁྱོད་ནི་དགུང་བདུན་བཤོས་མ་གསོལ། །རེ་ཤིག་དེང་བཞེངས་བདག་གི་བཤོས་གསོལ་ཅིག །བདག་གི་བཤོས་གསོལ་རིན་ཆེན་ལྡན་པ་འདིར། །༼༤༣༽སེམས་ཅན་དུ་མ་ཆོས་ལ་འགོད་པར་མཛོད། །ཀྱེ་མ་ཆོས་མཆོག་རྟོགས་པ་བདག་གི་ཡབ། །ཀྱེ་མ་སེམས་ཅན་རྣམས་ལ་ཁོན་མེད་སེམས། །ཀྱེ་མ་ཚུར་སྤྱོན་བདག་མདུན་ཆོས་ཤོད་ཅིག །ཀྱེ་མ་ཚུར་སྤྱོན་ཁྱོད་སྨོན་མྱུར་གྲུབ་ཤོག །དགེ་སློང་དགེ་འདུན་དེ་ནི་མགོན་མེད་འགྱུར། །ཀྱེ་མ་མདོངས་ཤིང་མི་དྲན་མྱ་ངན་བགྱིད། །སེམས་ཅན་སྙིང་པོ་ཁྱོད་ནི་མྱུར་བཞེངས་ལ། །དགེ་སློང་དགེ་འདུན་དབུགས་ཀྱང་དབྱུང་བར་མཛོད། །ཀྱེ་མ་འཇིག་རྟེན་གསུམ་ན་སྒྲོན་གྱུར་བ། །ཀྱེ་མ་ཚུར་སྤྱོན་ཀུན་ཏུ་བཟང་པོར་བཞུད། །ཀུན་ཏུ་བཟང་པོའི་ནགས་ཁྲོད་བཞུད་ནས་ནི། །དགེ་སློང་རྣམས་ལ་ཕན་ཕྱིར་ཁྱོད་སྟོན་ཅིག །ཀྱེ་ཀྱེ་ཆོས་འཛིན་ཡོན་ཏན་རྨད་བྱུང་སྟེ། །ཨ་ཤད་མེ་ཏོག་བཞིན་དུ་རྙེད་པ་དཀའ། །ཤེས་རབ་སྤྱན་ནི་ཐུགས་རྗེ་དྲི་མེད་པ། །ཀྱེ་ཀྱེ་དགེ་སློང་དགེ་འདུན་གཟིགས་སུ་གསོལ། །ཚིག་གི་ལམ་དང་བྲལ་བའི་གཟུངས་དེ་ཡང་། །ཀྱེ་ཀྱེ་དགེ་སློང་དག་ལ་བསྟན་དུ་གསོལ། །ཀྱེ་ཀྱེ་ཟླ་བ་ཤར་བ་བཞིན་དུ་འདིར། །མེ་ཏོག་ཟླ་མཛེས་དེ་རིང་བཞེངས་སུ་གསོལ། །ཀྱེ་ཀྱེ་རྒྱལ་སྲས་བདག་ལ་ཐུགས་བརྩེ་བ། །དབུགས་འབྱིན་མཛད་པ་བླ་ན་མེད། །ཀྱེ་ཀྱེ་མཚོན་དང་དབྱུག་པས་བཏབ་པ་བཟོད། །བཟོད་པའི་སྟོབས་དང་ལྡན་ཞིང་རབ་ཏུ་དེས། །ཀྱེ་ཀྱེ་མེ་ཏོག་ཟླ་མཛེས་ཐུགས་རྗེ་༼༤༤༽ཅན། །རབ་སྦྱིན་འདྲེན་པ་ཁྱེད་ནི་བཞེངས་སུ་གསོལ། །ཀྱེ་ཀྱེ་ཁྱོད་ནི་བཞེངས་ལ་བདག་ལ་ཡང་། །མཐོང་བར་དཀའ་བའི་གཟུངས་རྣམས་བཤད་དུ་གསོལ། །ཀྱེ་ཀྱེ་འཇིག་རྟེན་ཀུན་ཏུ་སྣང་མཛད་པ། །ཤེས་རབ་ཀྱི་ནི་སྒྲོན་མེ་དམ་པའི་མཆོག །ཀྱེ་ཀྱེ་སེམས་ཅན་དག་གི་ཕན་དོན་ལ། །བརྩོན་མཛད་འདྲེན་པ་ཐུགས་རྗེའི་སྟོབས་དང་ལྡན། །ཀྱེ་ཀྱེ་མེ་ཏོག་ཟླ་མཛེས་བཞེངས་སུ་གསོལ། །དཔའ་བོ་སེམས་ཅན་དག་གི་དོན་མཛད་པ། །ཀྱེ་ཀྱེ་སེམས་ཅན་དག་ནི་བྱེ་བ་དང་། །ཁྲག་ཁྲིག་རྣམས་ཀྱང་ཞི་བའི་གྲོང་དུ་ཁྱོད། །ཀྱེ་ཀྱེ་ཚུལ་ཁྲིམས་ནོར་ལྡན་བློ་གྲོས་ཆེ། །མཁས་པ་བསླབ་པའི་ནོར་གྱི་ཤིན་ཏུ་ཕྱུག །ཀྱེ་ཀྱེ་ཚུལ་ཁྲིམས་བརྟུལ་ཞུགས་རབ་གནས་ཤིང་། །ཆོས་ཀྱི་ཤིང་གི་མྱུ་གུ་མངོན་པར་གདའ། །ཀྱེ་ཀྱེ་ཆོས་གོས་ངུར་སྨྲིག་ཁ་བསྒྱུར་འཆང་། །རྟག་ཏུ་མངོན་པར་འབྱུང་ལ་དགའ་བར་མཛད། །ཀྱེ་ཀྱེ་མེ་ཏོག་ཟླ་མཛེས་བརྟུལ་ཞུགས་བཟང་། །རབ་སྦྱིན་དཀའ་ཐུབ་བཟང་པོ་ཁྱོད་བཞེངས་ཤིག །ཀྱེ་ཀྱེ་དུལ་བ་སེམས་ཅན་མ་དུལ་འདུལ། །རྟག་པར་དུལ་བའི་གནས་དང་རྗེས་སུ་ལྡན། །ཀྱེ་ཀྱེ་དུལ་བ་རབ་དུལ་རྗེས་སུ་བཞུད། །ཞི་བ་དབང་པོ་རབ་ཞི་འོངས་ནས་དེས། །ཀྱེ་ཀྱེ་སེམས་ཅན་ཉལ་ཞིང་གཉིད་ལོག་པ། །ཆོས་ཀྱི་སྒྲ་ཡིས་རྟག་ཏུ་སད་པར་མཛོད། །ཀྱེ་ཀྱེ་སེམས་ཅན་བྱེ་བ་ཁྲག་ཁྲིག་དག །༼༤༥༽སད་པར་བགྱིས་ནས་ཐེག་པ་མཆོག་ལ་འཁོད། །ཀྱེ་ཀྱེ་སྦྱིན་པ་ཡི་ནི་སྤང་ལེབ་ལ། །བརྩོན་འགྲུས་ཐ་གུས་སྦྲེལ་བའི་གྲུ་སྦྱོར་ཏེ། །ཀྱེ་ཀྱེ་སེམས་ཅན་རྒྱ་མཚོ་ཆེན་པོར་ནི། །རྟག་ཏུ་ལྷུང་ཞིང་སྲེད་པས་དེད་པ་རྣམས། །ཀྱེ་ཀྱེ་སྟོབས་བཅུ་ལྡན་པ་མེ་ཏོག་མཆོག །མཉན་པ་གདོས་འཛིན་མཁས་པ་བཞེངས་སུ་གསོལ། །ཀྱེ་ཀྱེ་ཤིན་ཏུ་སྲ་བའི་གྲུར་ཡང་ནི། །ཞུགས་ནས་བདག་དང་དེ་དག་བསྒྲལ་བར་མཛོད། །ཀྱེ་ཀྱེ་སྨན་པའི་དམ་པ་བརྟུལ་ཞུགས་ལ། །ཤིན་ཏུ་སྤྱད་ཕྱིར་རིག་མཛད་སྨན་པའི་མཆོག །ཀྱེ་ཀྱེ་ཡེ་ཤེས་རྣམ་གྲོལ་ཕ་རོལ་ཕྱིན། །དམ་པའི་ཆོས་ཀྱི་རྩི་དག་སྦྱིན་མཛད་པ། །ཀྱེ་ཀྱེ་ནད་ནི་རྣམ་པ་སྣ་ཚོགས་ཀྱིས། །གཟིར་བའི་སེམས་ཅན་ན་བ་རྣམས་གཟིགས་ནས། །ཀྱེ་ཀྱེ་མྱུར་དུ་བཞེངས་ལ་དེ་དག་ལ། །ཆོས་ཀྱི་སྨན་རྣམས་ཤིན་ཏུ་སྩལ་བར་མཛོད། །ཀྱེ་ཀྱེ་ཡེ་ཤེས་སྨན་པའི་རྒྱལ་པོ་མཆོག །མཚུངས་མེད་ཡེ་ཤེས་འཕགས་ཤིང་ཕ་རོལ་ཕྱིན། །ཀྱེ་ཀྱེ་ནད་རྣམས་ཤིན་ཏུ་གསོ་མཛད་ཅིང་། །ཐུགས་རྗེས་སེམས་ཅན་དག་གི་དོན་ཀྱང་མཛད། །ཀྱེ་ཀྱེ་ན་བར་གྱུར་པའི་སེམས་ཅན་ཁམས། །འདོད་ཆགས་ནད་ཀྱིས་མ་ལུས་བཅོམ་པ་རྣམས། །དེས་ནི་སེམས་ཅན་ཐམས་ཅད་བདེ་བ་དང་། །ནད་རྣམས་མེད་ཅིང་མྱ་ངན་འདས་པར་གྱུར། །ཀྱེ་ཀྱེ་མཁས་པ་ཡེ་ཤེས་རྒྱ་ཆེན་བསླབས། །ཆོས་ཀྱི་༼༤༦༽རྔ་དག་ཤིན་ཏུ་བརྡུང་བར་མཛོད། །ཀྱེ་ཀྱེ་འཇིག་རྟེན་དག་ནི་ཐེ་ཚོམ་གྱི། །འཁྲི་ཤིང་ཐམས་ཅད་ཡེ་ཤེས་རྒྱ་མཚོས་ཆོད། །ཀྱེ་ཀྱེ་ལེགས་ཐོས་ཆོས་རྣམས་འཛིན་མཛད་པ། །རྡུལ་བྲལ་མདོ་སྡེ་བྱེ་བ་བརྒྱ་དག་ཀྱང་། །འཁོར་གྱི་ནང་དུ་གདན་ལ་རབ་ཞུགས་ལ། །མི་མཆོག་མཁས་པ་བརྗོད་པ་མཛད་དུ་གསོལ། །མེ་ཏོག་ཟླ་མཛེས་མཚན་མཆོག་བརྒྱན་པ་ཀྱེ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཚང་བ་ཀྱེ། །དཔེ་བྱད་བཟང་པོ་བརྒྱད་བཅུས་ལུས་བརྒྱན་ཀྱེ། །སྲིད་པའི་མཚོ་རྒལ་སྤྲོས་མེད་ཚུར་སྤྱོན་ཀྱེ། །སྲིད་པའི་བརྩོན་རར་ཚུར་ཁྲོལ་བཞེངས་ཤིག་ཀྱེ། །ཡེ་ཤེས་མཆོག་རིག་ཚང་པ་འདྲ་བ་ཀྱེ། །མེ་ཏོག་ཟླ་བ་ཐུགས་རྗེ་ཆེན་པོ་ཀྱེ། །བྱམས་དང་ཐུགས་རྗེ་བསྐྱེད་ལ་བཞེངས་ཤིག་ཀྱེ། །མེ་ཏོག་ཟླ་བ་ཁྱོད་ལ་གསོལ་བ་འདེབས། །དགེ་སློང་དགེ་འདུན་ཁྱོད་ཀྱིས་མ་དོར་བར། །ཚུར་གཤེགས་དགེ་འདུན་ཡོངས་སུ་བསྡུ་བ་མཛོད། །བཞེངས་ལ་ནགས་ཁྲོད་དེར་ཡང་གཤེགས་སམ་ཀྱེ། །མེ་ཏོག་ཟླ་བ་བསམ་གཏན་དགྱེས་པ་མཆོག །མཛའ་དང་མི་མཛའ་མཚུངས་པར་བྱམས་ཤིང་ཕན། །གཟུངས་ལ་རབ་ཏུ་གནས་པ་ཚུར་སྤྱོན་ཀྱེ། །ཡེ་ཤེས་སྡོང་པོ་མཚུངས་མེད་ཁྱོད་བཞེངས་ཤིག །རི་རབ་བཞིན་དུ་མི་གཡོ་བརྟན་པ་ཀྱེ། །སངས་རྒྱས་སངས་རྒྱས་སེམས་ཅན་མཉམ་ཡིད་ཀྱེ། །མེ་ཏོག་ཟླ་བ་བརྟུལ་ཞུགས་རྫོགས་པ་ཀྱེ། །༼༤༧༽བཞེངས་ལ་ཤིང་གི་དྲུང་དུ་འཚང་རྒྱ་མཛོད། །ལྷ་ཡི་རྣ་བ་ཆོས་ཀྱི་མཆོག་འཆང་ཀྱེ། །ལྷ་ཡི་མིག་མཁས་ཡེ་ཤེས་རྟོགས་པ་ཀྱེ། །བཞེངས་ཏེ་བདག་ལ་གཟིགས་ཤིག་ཐུགས་རྗེ་ཅན། །གྲགས་པ་མཐའ་ཡས་བདག་གིས་ཚིག་གསོན་ཀྱེ། །འཇིག་རྟེན་ཀུན་ལ་ཕན་དང་དོན་མཛད་ཀྱེ། །མེ་ཏོག་ཟླ་བ་ཤིན་ཏུ་སྦྱིན་དགོས་ཀྱེ། །བཞེངས་ལ་མྱུར་དུ་བདག་གི་རེ་རྫོགས་མཛོད། །ཁྱོད་འདིར་དུམ་བུ་དུམ་བུར་མ་བཞུགས་ཤིག །གྲོང་འདིའི་སྐྱེས་པ་བུད་མེད་ཚོགས་རྣམས་ཀྱང་། །ཁྱོད་མཐོང་ཐམས་ཅད་ཤིང་བཞིན་ས་ལ་འགྱེལ། །སྙིང་སྐམས་འགྱུར་བའི་མྱ་ངན་རྣམས་ཀྱང་བགྱིད། །ཐུགས་རྗེ་མཆོག་གི་སྤྱན་གྱིས་དེ་ལ་གཟིགས། །གང་གི་སླད་དུ་བྱམས་པ་བསྒོམས་པ་དང་། །ཡེ་ཤེས་ཤེས་རབ་ཐབས་ཀྱི་སྟོབས་རྣམས་དང་། །ཁྱོད་ཀྱི་ཐུགས་རྗེས་བཏང་སྙོམས་དགའ་བ་ཡང་། །དེ་དག་རྫོགས་མཛོད་བཞེངས་ཤིགས་མེ་ཏོག་མཛེས། །ལྷ་ཀླུ་ལྷ་མིན་རྫུ་འཕྲུལ་ཆེན་པོ་དང་། །གནོད་སྦྱིན་སྲིན་པོ་མི་དང་མིའམ་ཅི། །སྙིམ་པ་མེ་ཏོག་བདུག་པས་བཀང་ནས་ནི། །ཐམས་ཅད་མཐོང་བར་དགའ་ནས་ལྷགས་ཤིང་འཁོད། །དྲང་སྲོང་ཆེན་པོའི་ཚིག་ནི་དེར་རྟོགས་ཏེ། །སྐྱེ་དགུའི་འདོད་པ་གནོད་བྱེད་གསོད་པ་ཡིན། །ཡིད་ཀྱི་ནང་དུ་འགྲོ་བ་ངན་འགྲོའི་རྒྱུ། །དེ་ཕྱིར་འདོད་པའི་སྤྱོད་པ་སྤང་བར་བྱ། །དགེ་སློང་༼༤༨༽བདག་གིས་བསད་པ་སྡིག་གི་ལས། །ཤིན་ཏུ་མ་ལེགས་མི་བདེ་བྱས་པས་ན། །བདག་ནི་མི་བཟད་དམྱལ་བ་མནར་མེད་འགྲོ །བདག་ལ་དེ་ཡི་མགོན་སྐྱབས་བྱེད་པ་མེད། །བདག་ནི་རྒྱལ་པོའི་སྲིད་བཏང་ཚངས་སྤྱོད་གཞོལ། །སྤོས་དང་མེ་ཏོག་བྱུག་པ་རྣམས་ཀྱིས་ནི། །མཆོད་པ་དམ་པ་རྣམས་ཀྱང་རབ་ཏུ་བྱ། །ཤིན་ཏུ་མཛེས་པར་མཆོད་རྟེན་བདག་གིས་བྱ། །བུ་དང་བུ་མོ་བུད་མེད་ཁྱིམ་བདག་དང་། །བློན་པོ་དང་ནི་ཚོང་དཔོན་དེ་དག་དང་། །གྲོང་པ་དང་ནི་རྒྱལ་རིགས་མང་པོ་རྣམས། །དེ་དག་ཐམས་ཅད་ལ་ནི་ངས་བསྒོ་བ། །ཨ་ཀ་རུ་དང་ཙནྡན་ཤུག་པ་དང་། །ཤིན་ཏུ་ཞིམ་པའི་སྤོས་མཆོག་ཅི་ཡོད་པས། །མྱུར་དུ་སྒྲོམ་གྱི་སྙིང་པོ་ཁྱོགས་ཆོས་ལ། །དགེ་སློང་འདི་ནི་བསྲེག་པའི་ཆོ་ག་གྱིས། །གྲོང་ཁྱེར་མི་ཀུན་རྒྱལ་པོའི་ཚིག་ཐོས་ནས། །སྤོས་མཆོག་དག་ཀྱང་ཐོགས་ནས་ཁྱོགས་བཅས་ཏེ། །སྤོས་རབ་བཟང་པོ་ཡིད་དུ་འོང་ལས་བྱས། །དེར་ནི་དགེ་སློང་དེ་ཡང་བཅུག་ནས་སུ། །ཨ་ཀ་རུ་དང་ཙནྡན་ཙམ་པ་ཀ །རྒྱ་སྤོས་སྤྲི་ག་དེ་བཞིན་པོ་ཏ་ལ། །མེ་ཏོག་དང་ནི་ཕྲེང་བ་བྱུག་པ་དང་། །ཤིན་ཏུ་བཟང་དང་འབྲུ་མར་དག་གི་བསྲེགས། །དེ་ཡིས་རུས་པའི་སྒྲོམ་ནི་བྱས་པར་གྱུར། །དགེ་སློང་དག་གིས་དེ་ཡང་དེར་བསྲེགས་ཏེ། །རྒྱལ་པོས་དེ་ཡི་མཆོད་རྟེན་བྱས་ནས་༼༤༩༽སུ། །འདི་ལ་ངས་ནི་མཆོད་པ་བྱ་ཞེས་ཟེར། །མེ་ཏོག་དང་ནི་ཕྲེང་བ་བྱུག་པ་དང་། །གདུགས་དང་བ་དན་རྒྱལ་མཚན་ཐོགས་ནས་སུ། །རྒྱལ་པོས་དེར་ནི་སིལ་སྙན་སྟོང་དག་དང་། །བྱེ་བ་ཁྲག་ཁྲིག་རྣམས་ཀྱང་ལེན་དུ་བཙུད། །ཉི་མ་གཅིག་ལ་རྒྱལ་པོ་དུས་གསུམ་དུ། །དགེ་སློང་དེ་ཡི་མཆོད་རྟེན་དེ་དྲུང་དུ། །སྡིག་པ་སྔོན་ཆད་ཅུང་ཟད་ཅི་བྱས་པ། །དེ་ཚེ་དུས་གསུམ་དུ་ཡང་ཤིན་ཏུ་ཆགས། །ལོ་སྟོང་བྱེ་བ་ཁྲག་ནི་དགུ་བཅུ་ལྔར། །ཉེས་པ་བྱས་པ་དག་ཀྱང་རབ་བཤགས་ཏེ། །ཕྱིས་ཀྱང་ཚུལ་ཁྲིམས་དམ་པ་མ་རལ་བསྲུངས། །རྣམ་པར་དག་ཅིང་གཙང་ལ་དྲི་མ་མེད། །ལོ་སྟོང་བྱེ་བ་ཕྲག་ནི་དགུ་བཅུ་ལྔར། །གསོ་སྦྱོང་དག་ཀྱང་དེ་ཚེ་རབ་གསོལ་ཏེ། །དེ་ནི་དེ་ཚེ་བདག་གི་ལུས་ཞིག་ནས། །མནར་མེད་མི་བཟད་པར་ནི་དེར་ལྷུང་འགྱུར། །འདོད་ཕྱིར་སྙིང་རྗེ་མེད་པའི་ལས་བྱས་པས། །སྡུག་བསྔལ་མང་པོ་དག་ཀྱང་མྱོང་བར་གྱུར། །སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་བཅུ་ལྔ། །དེ་ཚེ་བདག་གིས་དེ་དག་མ་མཉེས་བྱས། །ལོ་སྟོང་བྱེ་བ་ཕྲག་ནི་དགུ་བཅུ་ལྔར། །དེ་ཡི་ཚེ་ན་ང་ནི་ལོང་བར་གྱུར། །བསྐལ་པ་བྱེ་བ་ཕྲག་ནི་དྲུག་ཅུ་གཉིས། །སྔོན་ཆད་ང་ཡི་མིག་ཀྱང་བཅར་བར་འགྱུར། །བསྐལ་པ་ཁྲག་ཁྲིག་དག་ནི་ཕྲག་སྟོང་དང་། །ཤིན་ཏུ་མང་བར་ང་ཡི་མིག་ཕྱུང་༼༥༠༽ཕྲོགས། །མགོ་དང་རྣ་བ་དང་ནི་རྐང་ལག་ཀྱང་། །བསྐལ་པ་ཁྲག་ཁྲིག་མཐའ་ཡས་བཅད་པར་འགྱུར། །བསྐལ་པ་དང་ནི་བྱེ་བ་ཁྲག་ཁྲིག་ཏུ། །མི་གྱུར་པ་དང་སྐྱེ་བ་གཞན་དུ་ཡང་། །འཁོར་བའི་སྡུག་བསྔལ་དག་གིས་རབ་གཙེས་ཤིང་། །སྡུག་བསྔལ་ཚོར་བ་ཡུན་རིང་མྱོང་བར་འགྱུར། །སྡིག་པའི་ལས་རྣམས་བྱས་པས་འཁོར་བ་ན། །ཡུན་རིང་ཤིན་ཏུ་སྡུག་བསྔལ་མྱོང་བར་འགྱུར། །དེ་ཕྱིར་བྱང་ཆུབ་ཞི་བ་སུ་འདོད་པ། །སྲིད་པ་གསུམ་དུ་སྡིག་པ་མི་བྱའོ། །རྒྱལ་པོ་མཆོག་གིས་སྔོན་གྱི་ལས་བཤགས་ཀྱང་། །སྔ་མའི་ཉེས་བྱས་རྣམས་ལས་དེ་མ་ཐར། །མི་བཟད་གཟུགས་ཀྱི་ལས་རྣམས་སྔར་བྱས་པས། །དེ་ཤི་དམྱལ་བ་མི་བཟད་མནར་མེད་སོང་། །ང་ཡི་རྣ་བ་དེ་བཞིན་རྐང་ལག་བཅད། །བསྐལ་པ་མཐའ་ཡས་མང་པོར་སྣ་ཡང་བཅད། །སྤྱོད་པ་སྤྱོད་ཚེ་མཚོན་ཆ་དབྱིག་ཐོགས་ནས། །འདེབས་བྱེད་ནན་གྱིས་ང་ཡི་མིག་ཀྱང་ཕྱུང་། །བྱང་ཆུབ་ཕྱིར་མགོ་ཡན་ལག་ལུས་བཅས་དང་། །བུ་དང་ཆུང་མ་མིག་དང་རང་གི་ཤ། །རྐང་ལག་དགའ་བའི་སེམས་ཀྱིས་ཡོངས་བཏང་ཡང་། །སྔོན་གྱི་སྡིག་པའི་ལས་ནི་ཟད་མ་གྱུར། །ཀུན་དགའ་དེ་ལྟར་བསྐལ་པ་མཐའ་ཡས་སྤྱོད། །སངས་རྒྱས་དཔལ་སྟུག་དཔག་ཏུ་མེད་པ་མཐོང་། །བྱང་ཆུབ་སྤྱོད་མཆོག་འདི་ནི་སྤྱོད་པ་ན། །དེ་ནི་སྡུག་བསྔལ་འདི་དག་སྔོན་༼༥༡༽མྱོང་གྱུར། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་ཤིང་། །བྱམས་སྤྱོད་རྟག་ཏུ་མི་གཡོ་མི་འགུལ་བ། །སངས་རྒྱས་རྡུལ་བྲལ་ལྷ་ཡི་ལྷ་མཆོད་ནས། །དེ་དག་ནམ་ཡང་ངན་སོང་སར་མི་འགྲོ །སུམ་ཅུ་རྩ་གཉིས་མཚན་གྱི་གོ་བགོས་པ། །ཆོས་རྗེ་སངས་རྒྱས་བདག་འགྱུར་སུ་འདོད་པ། །ཚུལ་ཁྲིམས་མ་འདྲེས་གཡོ་བ་མེད་པར་བསྲུངས། །གཟུངས་ལ་རབ་གནས་ཆོས་ཀྱང་སྟོན་པར་གྱིས། །ང་ནི་དེ་ཚེ་རྒྱལ་པོ་དཔའ་བྱིན་ཡིན། །ང་ཡི་བུ་རྣམས་ཕྱི་དུས་ཆོས་སྐྱོང་བ། །མེ་ཏོག་ཟླ་མཛེས་པདྨའི་བླ་མ་ཡིན། །དགའ་བྱེད་དེ་ནི་ཞི་བའི་རྒྱལ་བར་འགྱུར། །འཇིག་རྟེན་གསུམ་དཔའ་འགྲོ་བའི་གཉེན་ཅིག་པོ། །དེ་བཞིན་གཤེགས་པ་རྐང་གཉིས་གཙོ་བོར་གྱུར། །སྐྱེ་དགུ་དག་ནི་དོན་ཆེན་མཛད་ནས་ནི། །མར་མེ་བཞིན་དུ་འདྲེན་པ་མྱ་ངན་འདས། །བུད་མེད་ཚོགས་དང་རྒྱལ་རིགས་མང་པོ་དང་། །ཁྱིམ་བདག་དང་ནི་བློན་པོ་སྟོབས་ཆེན་དང་། །ཚོང་དཔོན་དེ་བཞིན་གྲོང་པ་མཁར་གྱི་རྒྱལ། །ཐམས་ཅད་སྟོབས་བཅུ་ཉོན་མོངས་མེད་པར་གྱུར། །ཞེས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་གསུངས་ཏེ། རྒྱ་ཆེར་ནི་མདོ་ཉིད་ལས་རྟོགས་པར་བྱའོ། །དེ་ལྟར་བདག་ཉིད་ཆེན་པོ་འདི་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་སུ་གྱུར་པ་ནའང་། རང་གི་ལུས་དང་སྲོག་ལ་ལྟོས་པ་མེད་པར་གཞན་གྱི་༼༥༢༽དོན་ཡོངས་སུ་བསྒྲུབས་ཤིང་། དེ་ནས་སངས་རྒྱས་པདྨའི་བླ་མ་ཞེས་བྱ་བར་འགྱུར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པ་སངས་རྒྱས་པའི་ཚེ། ཟླ་འོད་གཞོན་ནུར་གྱུར་པ་ཞེས་བྱ་བའི་བྱང་ཆུབ་སེམས་དཔར་གྱུར་ནས། ཕྱི་མའི་དུས་དམ་པའི་ཆོས་ཡོངས་སུ་སྐྱོང་བར་ཞལ་གྱིས་བཞེས་པ་ཡིན་ནོ། །དེ་རྣམས་ནི་སྔོན་བྱུང་གི་རྣམ་ཐར་རོ།། །།ད་ལྟར་གྱི་རྣམ་ཐར་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ། གདུལ་བྱ་རིགས་ཅན་རྣམས་ལ་སྤྲུལ་པའི་སྐུ་སྣ་ཚོགས་སུ་འཆར་ཞིང་། གསོལ་བ་བཏབ་པས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པར་འབྱུང་བ། མཚན་བརྗོད་པར་དཀའ་བའི་བླ་མ་ཆོས་ཀྱི་རྗེ་རིན་པོ་ཆེ་སེམས་དཔའ་ཆེན་པོ་འདི་སྙིགས་མའི་དུས་ལ་བབ་པ་ན། བྱང་ཕྱོགས་ཀྱི་རྒྱུད་འདིར་དགེ་སློང་འཚོ་བྱེད་ཅེས་བྱ་བར་གྱུར་ནས། བསྟན་པ་རིན་པོ་ཆེ་རྒྱས་པར་བྱེད་ཅེས་ལུང་བསྟན་པ་དེ་ནི་རྗེ་སྒམ་པོ་པ་ཆེན་པོ་ཡིན་ནོ། །དེ་ཡང་རྗེ་བཙུན་ཆེན་པོ་འདིའི་སྐུ་སྐྱེ་བ་འདི་ཉིད་ཀྱི་རྣམ་ཐར་གྱི་དབང་དུ་བྱས་ན། སྐུ་འཁྲུངས་པའི་ཡུལ་ནི་བོད་ཡུལ་གྱི་དབུས། ས་ཆའི་མིང་ནི་གཉལ་གྱི་བོད་སྙི། གྲོང་སྤྱིལ་གྲོང་། ཡབ་སྙི་བ་རྒྱལ་པོ། །ཡུམ་ཤོ་མ་ཟ་ཚེ་ལྕམ་ཞེས་བྱ་བ་ལ། སྲས་གསུམ་འཁྲུངས་པའི་ཆེ་བ་རྒྱ་པ་སེ་རེ། ༼༥༣༽ཆུང་ཤོས་སྙི་ཆུང་བ། རྗེ་ཉིད་བར་མ་སྟེ། ས་མོ་ལུག་གི་ལོ་ལ་ངོ་མཚར་བའི་བལྟས་མང་པོ་དང་བཅས་ཏེ་སྐུ་འཁྲུངས། མཚན་དར་མ་གྲགས་ཞེས་བཏགས་ཤིང་། མཚན་སྙིང་པོ་ཀུན་དགའ་ཞེས་ཀྱང་ཟེར། འཇིག་རྟེན་པ་དང་སྒོ་བསྟུན་ནས་མཆིམས་ཇོ་སྲས་ཀྱི་བུ་མོ་ཁབ་ཏུ་བཞེས། གསོ་བ་རིག་པ་དང་འཇིག་རྟེན་གྱི་ཕན་བྱ་མཐའ་དག་ལ་མཁས་ཤིང་། གཞན་གྱི་དོན་ལ་བརྩོན་པ། ཀུན་གྱི་ཡིད་དུ་འོང་ཞིང་། དུལ་བ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་དུ་མ་དང་ལྡན་པ་ལས། རེ་ཞིག་ན་ཇོ་མོ་མི་རྟག་པར་གྱུར་པས་རྐྱེན་བྱས་ཏེ། དེ་ཡང་འཁོར་བའི་ཆོས་ལ་སྙིང་པོ་མེད་སྙམ་དུ་སྐྱོ་བ་དྲག་པོ་སྐྱེས་ནས། དྭགས་པོ་དབྲོངས་ཁར་དགེ་བཤེས་མར་ཡུལ་བློ་ལྡན་ཤེས་རབ་ལ་སྤྲེའུ་ལོ་དགུང་ལོ་ཉི་ཤུ་རྩ་དྲུག་གི་དུས་སུ་དགེ་བཤེས་རྨུ་ལོའི་ཁང་པར་ཆིག་རྫོགས་མཛད་མཚན་ཡང་དགེ་སློང་བསོད་ནམས་རིན་ཆེན་དུ་གསོལ། དགེ་བཤེས་མར་ཡུལ་བློ་ལྡན་ལ་ཕ་རྒྱུད་མ་རྒྱུད་ལ་སོགས་པའི་ཆོས་མང་དུ་གསན་ཅིང་། དགེ་བཤེས་བྱང་ཆུབ་སེམས་དཔའ་ལ་གདམས་ངག་མང་དུ་ཞུས། ཁོང་བླ་མ་མི་ལའི་སློབ་མ་ཡིན་གསུང་། སྒོམ་ཞུས་པས་ཞི་གནས་ཀྱི་ཉམས་བཟང་པོ་བྱུང་། སྣང་བ་ཐམས་ཅད་འཇའ་ཚོན་ལྟར་བན་བུན་དུ་སོང་། བདེ་བ་དང་མི་རྟོག་པའི་ཉམས་ཉིན་མཚན་ངོ་མི་ཤེས་པ་དང་། ཞག་༼༥༤༽བདུན་གྱི་བར་ལ་ཏིང་ངེ་འཛིན་གཅིག་ལ་གནས་པ་བྱུང་། ན་མོ་ཤོད་དུ་བཞུགས་པའི་དུས་སུ་ཏིང་ངེ་འཛིན་ལ་ཇི་ཙམ་འཇོག་རང་དབང་ཆེ་བ་ལྟ་བུ་བྱུང་ནས། ཇི་ཙམ་འོང་བལྟས་པས་ཞག་བཅུ་གསུམ་དུ་མི་འཆོར་བའི་ཏིང་ངེ་འཛིན་སྐྱེས། ཉོན་མོངས་པ་ཐམས་ཅད་མགོ་ནོན་ནས་ངོས་མི་ཟིན་པ་དང་། ཏིང་ངེ་འཛིན་གྱི་བདེ་བས་བློ་ཕྲོགས་ནས་འདོད་ཡོན་ལྔ་ཡིད་ལ་མི་རྒྱུ་བ་བྱུང་། སྦྲང་སྟོན་ན་རེ་ང་ལ་འདོད་ཡོན་འདི་ཁོ་ན་གནོད་པར་བྱུང་། ཁྱེད་ལ་ཇི་ལྟར་བྱུང་ཟེར། ང་ལ་འདོད་པའི་ཡོན་ཏན་ལྔ་ཡིད་ལ་མི་རྒྱུ་བ་བྱུང་། ཁྱེད་ལ་ཇི་ལྟར་བྱུང་བྱས་པས། ང་ལ་ནི་བུད་མེད་ལ་བདེ་བ་ཡོད་སྙམ་པ་ལ་བརྟེན་ནས། ཆགས་པའི་རྣམ་རྟོག་སྐྱེ་ཞིང་འདུག་ཟེར། ཁོང་དེ་ལྟར་འདུག་སྙམ་པའི་འཕྲོ་ལ་ཡང་ཏིང་ངེ་འཛིན་དུ་ཆམ་ཆམ་སོང་གསུང་། ཡང་ཞུབས་ཀྱི་བྲག་ཏུ་དགེ་བཤེས་སྒྲེ་པའི་ཞལ་ནས་ཁྱེད་ལ་ཏིང་ངེ་འཛིན་བཟང་པོ་ཡོད་འདུག་པ། ཅི་ཙུག་ཡོད་ཟེར་བ་ལ། ནེའུ་ཐང་བདེ་མོ་ལ་གོམ་པ་འདོར་བ་དང་། ངའི་རྒྱུད་ལ་ཏིང་ངེ་འཛིན་བསྐྲུན་པ་ལ་ཁྱད་མེད། ཐང་ལ་བསྡད་ནས་སྐྱིལ་ཀྲུང་དང་མཉམ་བཞག་གི་ཕྱག་རྒྱ་བཅས་ནས་རླུང་ནང་དུ་སིམ་གྱིས་སོང་བ་དང་། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བ་ལ་དཀའ་ཚེགས་མེད་ཅེས་གསུང་། དགེ་བཤེས་ཟངས་དཀར་བ་ལ་ཡོ་ག་དང་བདེ་མཆོག་ལ་སོགས་༼༥༥༽མཁས་པར་བསླབས། བྱ་འདུལ་གཉིས་ལ་གསན་པ་མང་པོ་ཡང་དག་པ་མཛད། གཞན་ཡང་དབང་དང་བྱིན་རླབས་ཀྱི་སྒྲུབ་ཐབས་དང་། སྙན་རྒྱུད་མང་པོ་དང་། སྒྲུབ་རྒྱུད་ཕྱི་ནང་མང་པོ་དང་། རྒྱུད་ཀྱི་བཤད་པ་མང་པོ་རྣམས་ཀྱང་ཐམས་ཅད་མཁྱེན་པར་མཛད། སྒོམ་ནི་ང་རང་ལ་ཡོད། དབུ་རུ་བྱང་ཕྱོགས་ཀྱི་བཀའ་གདམས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་འགྲོས་ཤིག་བལྟ་སྙམ་དུ་དགོངས་ནས། འགོང་སྟོན་བྱ་བ་ཞིག་ཡོད་པ་ལ། བླ་མའི་ཞལ་ནས་སྒོམ་ནི་ངེད་རང་ལ་ཡོད། བཀའ་གདམས་བྱ་བ་སྤྱོད་པ་ལ་མཁས་པ་ཡིན་ཟེར། སྤྱོད་ཚུལ་སློབ་ཏུ་འདོད་གསུངས་ནས་དབུ་རུར་བྱོན། དགེ་བཤེས་སྙུག་རུམ་པ་ཟླ་བ་བདུན་བསྟེན། ལམ་རིམ་བསྐྱངས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ཐུགས་ལ་འཁྲུངས། དུས་དེ་ནས་བརྩམས་ཏེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་འབྲལ་མ་མྱོང་གསུང་། དེ་ནས་ལྕགས་རི་གོང་ཁར་བྱོན། དགེ་བཤེས་ལྕགས་རི་བ་ལ་ཇོ་བོའི་གདམས་ངག་མ་ལུས་པ་མཐར་ཕྱིན་པར་གསན་ཅིང་ཟླ་བ་བདུན་བསྟེན། མན་ངག་མང་པོ་ཡང་གནང་། མགོན་པོ་གྲི་གུག་མ་ཞུས་པས་དེའི་ནུབ་མོ་རང་ལ་ཞལ་གཟིགས། དེ་ནས་དགེ་བཤེས་རྒྱ་ཡོན་བདག་གི་སྙན་པ་ཐོས་པས་ཤིན་ཏུ་སྤྲོ་བར་བྱུང་སྟེ་སྤྱན་སྔར་ཕྱིན། ཇོ་བོ་རྗེའི་གདམས་ངག་མཐའ་དག་གསན། ༼༥༦༽ལམ་རིམ་གཙོ་བོར་བྱས་ནས་བསྒོམས་པས། སྔར་གྱི་བདེ་གསལ་དེ་ཆུང་དུ་སོང་། སྐྱོ་ཤས་དང་ཡིད་འབྱུང་བ་ཁོ་ན་ཤས་ཆེར་བྱུང་། ཁོང་གི་ཞལ་ནས་ང་ལ་ཇོ་བོའི་གདམས་ངག་དགེ་བཤེས་སྟོན་པས་ཀྱང་བར་དུ་མ་ཆོད་པ། སངས་རྒྱས་ལག་པས་འཆོས་པ་འདྲ་བ་ཡོད་པ་ཁྱོད་ལ་བསྟན་གྱིས་གསུངས་ནས། གདམས་ངག་ཐམས་ཅད་བཏབ། དམིགས་པའི་འགྲོ་ལྡོག་ཟད་པ་མེད་པ་གསུངས། ལོ་གསུམ་བསྟེན་ནོ། །དེར་ཆོས་ཐམས་ཅད་ཀྱི་ནང་ནས་ཉམས་སུ་ལེན་པ་ཁོ་ན་གཙོ་ཆེ་བར་གསུངས་འདུག་པས། ད་ནི་བསྒྲུབ་པ་ཞིག་བྱ་དགོས་སྙམ་དུ་དགོངས་ཏེ། ཁོང་རང་གིས་ཡབ་མེས་ཀྱིས་བརྩིགས་པའི་སེར་ཁ་བྱ་བའི་གཙུག་ལག་ཁང་ཞིག་ཡོད་པ་དེར་བྲང་ཁང་ཞིག་བརྩིགས། ཕ་ཞིང་ལ་ཡོན་བདག་བྱས་ནས་བསྒོམས་པས། སྔར་གྱི་ཏིང་ངེ་འཛིན་སོར་ཆུད། གཉིད་ཐུན་ཆུང་རེ་ལས་མི་འབྱུང་སྟེ། རྨི་ལམ་དུ་ཡང་གསེར་འོད་དམ་པ་དང་། མདོ་སྡེ་ས་བཅུ་པ་ནས་བཤད་པའི་ས་བཅུ་ཐོབ་པའི་སྔ་ལྟས་ཀྱི་རྨི་ལམ་དེ་ཁོ་ན་རྨིས་ཏེ། དེ་ཡང་འདི་ལྟར། བག་ཆགས་སྦྱོང་བའི་སྔ་ལྟས་སུ། རྟག་ཏུ་གཅེར་བུ་ཕྱུང་བ་དང་། །ཁྲུས་ཆེན་རྟག་ཏུ་བྱེད་པ་དང་། །དྲི་མའི་ཚོགས་རྣམས་དག་པ་དང་། །མཚོ་ཆུ་དག་ལས་བརྒལ་བ་དང་། །ཆར་གྱི་རྒྱུན་གྱི་ཁྲུ་བ་དང་། །མེ་དཔུང་ཆེན་པོས་བསྲེགས་པ་༼༥༧༽དང་། །ཤིན་ཏུ་མཐོན་པོའི་རྩེ་དག་ལ། །རླུང་གིས་གཡེངས་ཤིང་འཁོར་བ་དག །སྒྲིབ་པ་དག་པའི་སྔ་ལྟས་སོ། །གཡུལ་ཆེན་འགྱེད་ལས་སླར་ལྡོག་དང་། །ནད་ལས་ཐར་སྟེ་སོས་པ་དང་། །བརྩོན་ར་དག་ལས་ཐར་པ་དང་། །གཤེད་མའི་ལག་ནས་ཤོར་བ་དང་། །གཅན་གཟན་ཁ་ནས་ཐར་པ་དང་། །དུག་ནད་དག་ལས་སོས་པ་དང་། །བཅིངས་པ་དག་ལས་གྲོལ་བ་ནི། །འཇིགས་དང་བྲལ་བའི་སྔ་ལྟས་ཡིན། །ས་རྣམས་ཐོབ་པའི་སྔ་ལྟས་ཀྱང་། །ཁྲི་རྐང་དག་ལ་འཛེག་པ་དང་། །ཕལ་པའི་སྐས་ལ་འཛེག་པ་དང་། །ལྗོན་ཤིང་དག་ལ་འཛེག་པ་དང་། །གྱེན་ལ་ཤིན་ཏུ་འཛེག་པ་དང་། །རི་བོའི་རྩེ་ལ་འགྲོ་བ་དང་། །རིན་ཆེན་སྐས་ལ་འཛེག་པ་དང་། །མཆོད་རྟེན་དག་ལ་འཛེག་པ་དང་། །ནམ་མཁའི་སྐས་ལ་འཛེག་པ་དང་། །དེ་ནི་དོན་གྱི་སྔ་ལྟས་ཡིན། །ས་རྣམས་ནོན་པའི་སྔ་ལྟས་ཀྱང་། །ཁྲི་མཐོ་སྟེང་ན་འདུག་པ་དང་། །གླང་པོ་ཆེ་ལ་ཞོན་པ་དང་། །སེང་གེ་དག་ལ་ཞོན་པ་དང་། །ཁྱུང་ཆེན་ལྡིང་ལ་ཞོན་པ་དང་། །མཆོད་རྟེན་རྩེ་ལ་ཕྱིན་པ་དང་། །རི་རབ་རྩེ་ལ་འདུག་པ་དང་། །ནམ་མཁའི་དབྱིངས་ན་འདུག་པ་དང་། །ལུས་ལ་སྲིན་བུ་མེད་པ་དང་། །ཉི་མའི་དཀྱིལ་ན་འདུག་པ་དང་། །རྣལ་འབྱོར་ས་ལ་གནས་པའི་རྟགས། །སངས་རྒྱས་སྲས་ཀྱི་སྔ་ལྟས་ནི། །༼༥༨༽རྒྱལ་བའི་བཀའ་ལ་བཏགས་པ་དང་། །བཀའི་དཔང་པོར་བསྐོས་པ་དང་། །གནས་ལ་དབང་ནི་བྱེད་པ་དང་། །གཡུལ་ཆེན་དག་ལས་རྒྱལ་བ་དང་། །མི་ཡི་དབང་པོར་གྱུར་པ་དང་། །མགོ་ལ་མེ་ཏོག་སྐྱེས་པའོ། །ཆོས་ལ་དབང་ཐོབ་སྔ་ལྟས་ཀྱང་། །གླེགས་བམ་བཟང་པོ་རྙེད་པ་དང་། །དེ་ནི་བྲིས་པ་མང་པོ་དང་། །དེ་དག་ལ་ནི་སྤྱད་པ་དང་། །གཞན་ལ་འཆད་ཅིང་སྟོན་པ་དང་། །དེ་ཉིད་གཏན་ལ་འབེབས་པ་དང་། །མེ་ཏོག་དག་ལ་ལྟ་བ་དང་། །ཤེལ་གྱི་བུམ་གང་འཐུང་བ་དང་། །རིན་ཆེན་ནོར་བུ་ཐུ་བ་དང་། །འཁོར་ལོ་ལག་ཏུ་ཐོགས་པ་དང་། །ཉི་ཟླ་ལག་པས་བཟུང་བ་དང་། །རི་རབ་ཀླད་ལ་བསྐོར་བ་དང་། །བདེན་པ་མཐོང་བའི་སྔ་ལྟས་ཀྱང་། །སྔོན་མ་མཐོང་བའི་ཡུལ་མཐོང་དང་། །སྟོང་གསུམ་རྒྱ་ཆེན་མཐོང་བ་དང་། །གླིང་གྲངས་གཞན་དུ་ཕྱིན་པ་དང་། །ནམ་མཁའ་རྒྱ་ཆེན་མཐོང་བ་དང་། །རྒྱ་མཚོའི་གཏིང་དུ་ཕྱིན་པ་དང་། །ལག་ན་སྒྲོན་མེ་ཐོགས་པ་དང་། །ཉི་མའི་སྙིང་པོ་ལྟ་བའོ། །ལུང་ཆེན་ཐོབ་པའི་སྔ་ལྟས་ནི། །རོལ་མོའི་དགྲ་རྣམས་ཐོས་པ་དང་། །འབྲུག་གི་སྒྲ་ནི་སྒྲོག་པ་དང་། །སེང་གེའི་ང་རོ་སྒྲོག་པ་དང་། །ཆོས་ཀྱི་སྒྲ་ཡི་གཏམ་ཐོས་དང་། །གཟུགས་བརྙན་ཞལ་ནི་འཛུམ་པ་དང་། །སངས་རྒྱས་གསུང་ཐོས་སྐུ་མི་མཐོང་། །༼༥༩༽ལྷ་མོའི་ཀླུ་དབྱངས་སྒྲོག་པ་དང་། །གཞལ་ཡས་དག་ལས་སྒྲ་བྱུང་དང་། །གྲོགས་པོ་གྲོགས་པོ་ཞེས་བརྗོད་ཅིང་། །ཆོས་ཀྱི་དུང་ནི་སྒྲོག་པའོ། །ཞེས་པ་ལ་སོགས་པ་རྨིས་ལྟས་ངོ་མཚར་དཔག་ཏུ་མེད་པ་རྨིས་ཤིང་། དེའི་དུས་སུ་ལུས་ལ་ཤིག་དང་སྲིན་བུ་ཡང་ཡེ་མེད། ཞག་ལྔ་ལྔ་ཙམ་དུ་གསོལ་ཟས་མ་གསོལ་ཡང་ལྟོགས་པའི་འདུན་པ་མེད། ལུས་རྟག་ཏུ་བདེ་བའི་ཉམས་དང་ལྡན་པ་ཡང་བྱུང་གསུངས། དེ་ནས་ནམ་ཟླ་དཔྱིད་ཀྱི་དུས་སུ། མཚམས་ནས་ཕྱུང་སྟེ་ལྕགས་རིའི་ལྷོ་ཕྱོགས་སུ་སྐྱོ་བསང་ལ་བྱོན་ཙ་ན། སྤྲང་པོ་རྒད་པོ་གསུམ་ཤིག་བསད་སྡུག་གཏམ་མང་པོ་བྱེད་ཅིང་འདུག །རྗེ་བཙུན་ཐུགས་རྒྱུད་ནི་ཏིང་ངེ་འཛིན་དུ་སོང་། ཕྱག་གིས་ཡི་དྭགས་ལ་ཆུ་སྦྱིན་བྱེད་ཅིང་ཡོད་ཙ་ན། སྤྲང་པོ་གཅིག་ན་རེ། འོ་སྐོལ་གསུམ་འདྲ་བའི་བསོད་ནམས་ཆུང་བ་ཡོང་བ། འཚོལ་མ་དགོས་པར་ཟན་ཆེན་པོ་རེ་དང་། ལོ་མའི་ཚོད་མ་ཕོར་རེ་བཟའ་བཏུང་བྱ་རྒྱུ་ཡོད་ན་ཅི་ལྟོ་ཟེར། གཅིག་ན་རེ། ཡིད་སྨོན་དེ་འདྲ་ལ་བྱེད་དམ། མངའ་བདག་རྩེན་སྡེ་འདྲ་བ་ཡིན་ན་དགའ་མོད་ཟེར། གཅིག་ན་རེ། རྩེན་སྡེ་ལ་ཡང་འཆི་བ་འོང་། དེ་བྱུང་ཙ་ན་གང་གིས་ཀྱང་ཕན་པ་མེད། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་འདྲ་བའི་གྲུབ་ཐོབ། ལུས་ལ་གོས་མི་དགོས། ཟས་འཚོ་བ་མེད་ན་མཁའ་འགྲོ་མས་བདུད་རྩི་འདྲེན། ༼༦༠༽སེང་གེ་ལ་ཞོན་ཅིང་ནམ་མཁའ་ལ་འགྲོ་བ། སྐྱེ་འཆིའི་འཇིགས་པ་མེད་པ་དེ་ཡིན་ན་དགའ་མོད་ཟེར། གཏམ་དེ་གསན་པ་ཙམ་གྱིས་བླ་མ་རིན་པོ་ཆེའི་ལུས་ལ་བ་སྤུ་ཟིང་བྱེད་པ་ཞིག་བྱུང་། མིག་ནས་མཆི་མ་འཁྲུག་པའི་དད་པ་ཚད་མེད་པ་ཞིག་སྐྱེས་ཏེ། སྔར་དེ་མ་ཡིན་པའི་སེམས་ཞིག་རྒྱུད་ལ་སྐྱེས་ནས་འདུག །ཡུན་རིང་པོ་ཞིག་འགྲོ་ཡང་མ་ཤེས། དེ་ནས་ཕྱིས་བྲང་ཁང་དུ་ཕྱིན་ནས། དགེ་སྦྱོར་གྱི་གཙོ་བོ་ཡན་ལག་བདུན་པ་ཡིན་པས་བྱས་ཙ་ན་འཕྲོ་གཏོར་ཞིང་གཏོར་ཞིང་སོང་། ད་ཅི་བྱུང་བ་ཡིན་ནམ་དགོངས་ནས་མལ་དུ་ཞུགས་ཏེ་བསྒོམས་པས། ཁང་པ་ལ་སོགས་པའི་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་མེད་པར་སྟོང་ཕྱམ་གྱིས་སོང་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡིད་ཀྱི་ཡུལ་དུ་བྱུང་བའམ། སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་པ་སྙམ་བྱེད། ཁམས་དང་དབང་པོའི་བྱེ་བྲག་རྣམས་ཀྱང་ཤེས་པ་སྙམ་བྱེད་པ་ཞིག་བྱུང་། དེར་དགོངས་ཐུན་ཐོན་ནས། སྤྲང་པོ་ཀུན་གར་སྣང་བལྟས་པས་འགྲོན་ཁང་ན་འདུག་པ་ལ་དྲི་བ་མཛད། ད་ཅིས་ཁྱོད་ཟེར་བའི་གྲུབ་ཐོབ་དེ་གང་ན་ཡོད་པ་ཡིན་གསུངས་པས། གཅིག་ན་རེ། དེ་མང་ཡུལ་གུང་ཐང་བྱ་བ་ཞིག་ན་ཡོད་པ། མི་ལ་རས་པ་བྱ་བ་ཡིན་ཟེར། དེའི་བླ་མ་གོང་མ་རྣམས་ཇི་སྐད་བྱ་བ་ཡིན་དྲིས་པས། དེའི་བླ་མ་མར་པ་ལོ་ཙཱ་བྱ་བ་ཡིན་ཟེར། དེའི་བླ་མ་ནཱ་རོ་པཎ་༼༦༡༽ཆེན་བྱ་བ་ཡིན་ཟེར། ཆོས་ཅི་གསུང་བྱས་པས། ཆོས་ནི་ནཱ་རོའི་ཆོས་དྲུག་ཟེར་ཏེ་དགྱེས་རྡོར་གྱི་གདམས་ངག་ཡིན་པར་འདུག །ངེད་ཀྱིས་ཞལ་མ་མཐོང་། མི་ཐམས་ཅད་འགྲོ་བཞིན་འདུག་པ་ལ། ཕལ་ཆེར་གྱིས་མི་རྙེད། ལ་ལས་ཤེལ་གྱི་མཆོད་རྟེན་དུ་མཐོང་། ལ་ལས་ཤཱཀྱ་ཐུབ་པར་མཐོང་། སྤྲུལ་པ་སྣ་ཚོགས་སུ་སྟོན་ནུས་པར་འདུག་སྟེ། བྲིན་དང་སྙེ་ནམ་གྱི་རི་ལ་གཙོ་ཆེར་བཞུགས་ཡོད་པར་འདུག་ཟེར། འོ་ན་ང་དེར་འགྲོ་ན་ཁྱོད་ཀྱིས་གྲོགས་བྱེད་དམ་གསུངས་པས། ཁྱོད་གཞོན་ནུ་ཞིག་འདུག་པས་ང་ཁྱོད་ཀྱི་རྗེས་མི་སླེབ། ཁྱོད་རང་སོང་དང་ལ་སྟོད་རང་ནས་ཤེས་ཏེ་འོང་། ཁོང་གྲགས་པ་ཅན་ཡིན་ཟེར། དེ་ནས་ནང་དུ་ཕྱིན་ནས། ཟན་ཆེན་པོ་བཅོས་ལོ་མའི་ཚོད་མ་བྱས་ནས་སྤྲང་པོ་རྣམས་མགུ་བར་བྱས། ནངས་པར་རྩད་བཅད་པས་གར་སོང་ཆ་མེད་དེ། བླ་མ་ལ་མཇལ་བར་བསྐུལ་བའི་སྤྲང་པོ་རང་རྒྱུད་པ་མིན་པར་ཐག་ཆོད་དོ། །སྔར་ཡང་བླ་མ་བྱང་ཆུབ་སེམས་དཔའ་སོགས་ལ་རྗེ་བཙུན་མི་ལའི་རྣམ་ཐར་ཐོས་ཤིང་། དད་པ་དཔག་ཏུ་མེད་པ་ཡོད་པ་ལ། ཁྱད་པར་དུ་སྤྲུལ་པའི་སྐྱེ་བོ་དེ་དག་གིས་བསྐུལ་བ་དང་། མི་བཟོད་པའི་དད་པ་སྐྱེས་ཏེ་འགྲོ་བར་བློ་ཐག་བཅད་ནས། དེའི་ནུབ་མོ་དཀོན་མཆོག་ལ་མཆོད་པ་བྱས། གསོལ་བ་བཏབ་ནས་ཉལ་བའི་རྨི་ལམ་ན། རག་དུང་རིང་༼༦༢༽པོ་ཞིག་བུས་པས་སྐད་ཀྱིས་འཛམ་བུའི་གླིང་ཐམས་ཅད་དུ་ཐོས་པ་ཞིག་རྨིས་ཏེ། དེང་སང་རག་དུང་འདི་ལས་སྒྲ་ཆེ་བ་མེད་ཟེར་བ་རྨིས། ཡང་ནམ་མཁའ་རྟེན་མེད་ལ་རྔ་བོ་ཆེ་ཡང་དག་པ་ཞིག་བཏགས་ནས་འདུག་པ། བརྡུངས་པས་སྒྲ་ཆེན་པོ་ཚད་མེད་པ་བྱུང་། སྒྲ་དེ་ལ་རི་དྭགས་མང་པོས་ཉན་ཅིང་འདུག །མི་མང་པོ་དཔག་ཏུ་མེད་པ་འདུག་པ་ལ་མོན་མོ་ལྟ་བུའི་བུད་མེད་ཅིག་ན་རེ། མི་འདི་རྣམས་ལ་རྔ་འདི་བརྡུངས། རི་དྭགས་འདི་ཚོ་ལ་འདི་བྱིན་ཟེར་ནས་འོ་མ་ཐོད་ཕོར་གང་བྱིན། འདིས་རི་དྭགས་འདི་ཚོར་མི་ཁྱབ་བྱས་པས། ཁྱོད་རང་འཐུངས་དང་རི་དྭགས་འདི་རྣམས་ལས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་ཁྱབ་ནས་ཡོང་། ང་ནི་ཉི་མ་ནུབ་ཕྱོགས་སུ་འགྲོ་ཟེར་ནས་སོང་བ་རྨིས། ད་ལྟ་སྣོད་དང་མི་ལྡན་པ་རྣམས་ལམ་རིམ་གྱིས་བསྐྱངས་ཏེ། ང་ལ་ཉན་པའི་མི་རྣམས་ཡིན་པར་འདུག །བཀའ་གདམས་ཀྱི་བླ་མ་དེ་རྣམས་བཀའ་དྲིན་ཆེ་བར་འདུག་གསུངས། རི་དྭགས་དེ་རྣམས་ངའི་རི་ཁྲོད་འཛིན་པའི་སྒོམ་ཆེན་རྣམས་ཡིན་པར་འདུག་སྟེ། བླ་མ་མི་ལའི་གདམས་ངག་ཐབས་ལམ་དང་ཕྱག་རྒྱ་ཆེན་པོས་བསྐྱངས། སྔོན་གྱི་རྨི་ལམ་གྱི་ལྟས་དེ་ལྟར་བྱུང་གསུངས། དེར་ཞིང་བཟང་པོ་ཞིག་ཡོད་པ་གསེར་ཞོ་བཞི་དང་། ཇ་ཟི་ཕོལ་ཞོ་གང་ལ་བཙོངས་ནས་དགེ་བཤེས་ལྕགས་རི་བ་ལ་ཞུར་བྱོན་པས། ༼༦༣༽ཁྱོད་གསང་སྔགས་འཚོལ་བ་ཡིན་ཏེ་འོང་། དེ་ནས་ངེད་རང་ལ་ཡོད་གསུངས་ནས། ལན་གསུམ་དུ་ཞུས་ཀྱང་འགྲོར་མ་གནང་། ཕྱི་མ་འོ་ན་བདག་དགེ་བཤེས་གཞན་ཞིག་གི་རྩར་འགྲོ་བར་ཞུ་ཞུས་པས། འོ་ན་ཅི་བདེ་གྱིས་གསུངས། དགེ་བཤེས་ཡོན་བདག་ལ་ཞུས་པས། སློབ་དཔོན་གྱི་ཞལ་ནས། ཁྱེད་རྣལ་འབྱོར་པ་དེའི་སྤྱན་སྔར་སོང་ཞིག །ལོ་གཅིག་ལས་མ་འགོར་བར་སླེབ་པ་གྱིས། རྣལ་འབྱོར་པ་དེ་གྲུབ་ཐོབ་ཅིག་ཡིན་ངེས་སུ་ཡོད་པར་འདུག །ཆོས་ཐམས་ཅད་དྲིས་ཀྱང་དྲིས། གདམས་ངག་མ་ལུས་པ་ཞུས་ལ་ཆོས་ཀྱི་ཁྱོས་མ་ཡང་ཁྱེར་ལ་ཤོག་གསུངས་ནས། ལམ་རྒྱགས་ཀྱི་གསེར་ཡང་གནང་། སྤྱན་སྔའི་ཞལ་ནས་ཁྱོད་རྣལ་འབྱོར་པ་ཁྱི་ཐུལ་ཅན་གྱི་རྩར་མ་འགྲོ །ཅིས་ཀྱང་འགྲོ་ན་ངེད་ཀྱི་རྟགས་མ་དོར་བར་ཤོག་ཅིག །ལར་སེར་ཁ་ལ་ཕན་ན་ཁྱི་ཚིལ་ན་ཡང་ཁྱི་ཚིལ་བྱ་བ་ཡིན། ཟངས་ངེད་ཀྱིས་བརྡུངས་པས་ཟངས་སྐད་མིས་འདོན་པ་ཞིག་འོང་བར་འདུག་སྟེ་ཐབས་མེད་གསུངས། དགེ་བཤེས་སྙུག་རུམ་པའི་ཞལ་ནས། ཁྱོད་ཀྱིས་ང་རྒས་ཁར་མ་བོར་བར་ཤོག་ཅིག་གསུངས་སོ། །བླ་མ་རྣམས་ཀྱི་བཀའ་གནང་ཐོབ་པས་ཤིན་ཏུ་དགའ་ནས། རྗེ་བཙུན་གྱི་སྤྱན་སྔར་འགྲོ་བར་ཆས་པའི་དུས་སུ། ནུབ་གཅིག་གི་རྨི་ལམ་ན། མི་དཀར་པོ་འོད་ཀྱི་རང་བཞིན་ཅན་ཤིན་ཏུ་མཛེས་པ་ཞིག་གིས། རབ་ཏུ་དགྱེས་པ་མཛད་༼༦༤༽དེ་ཆོས་འདི་ལ་གྱིས་གསུངས་ནས། ལྟ་བའི་མན་ངག་རྡོ་རྗེའི་ཚིག་བཞི་ཞེས་བྱ་བ་གསུངས། ཕྱིས་བླ་མའི་གསུང་དང་ཁྱད་མ་བྱུང་སྟེ། དེ་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་ཡིན་པར་འདུག་གསུངས། དེ་ནས་གྲོགས་པོ་འགོང་སྟོན་ངེད་གཉིས་འགྲོ་བར་ཆས་ནས། བླ་མའི་སྤྱན་སྔར་འགྲོ་བ་ལ་ལམ་རིང་ཐུང་གི་བརྟག་པ་མཛད་པས། ལྷ་རྗེ་ལ་རིང་པོ་ཡོད་པའི་ལྟས་བྱུང་། འགོང་སྟོན་ལ་ཐུང་བའི་ལྟས་བྱུང་། དེ་ནས་ཡར་བྱོན་པས་ཚོང་འདུས་མགུར་མོར་བསླེབས་ཙ་ན། འགོང་སྟོན་ན་བས་ལུས། བླ་མ་ཚོང་པ་དང་འགྲོགས་ནས་བོང་འགྲོས་པའི་ཟླ་བ་ཕྱེད་ཀྱིས་བཅད་ནས་བྱོན་ཏེ། ཉི་མ་ཕྱེད་ཀྱིས་མ་བསླེབས་པའི་སར། མགོ་ཡོམ་བྱ་བའི་སྙུན་གཞི་དྲག་པོ་ཞིག་གིས་དེའུ་གྲོངས་བྱས། ཉིན་ཞག་བདུན་ལུས་པ་ལ། བླ་མ་རྗེ་བཙུན་བཞུགས་པའི་གངས་ལ་ལྟ་ཡིན་གསོལ་བ་བཏབ་པས། སྙུང་བ་ལས་གྲོལ་བར་གྱུར་ཏེ། ཕྱིན་པའི་ལམ་ཁར་རྣལ་འབྱོར་པ་ཞིག་བསུ་བ་ལ་བྱུང་། ཁྲེས་པོ་བདག་ལ་སྩོལ་ཟེར་ཏེ། གུས་པར་བྱས་ནས་འགྲོགས་ཤིང་ཕྱིན་ཙ་ན། ཁོ་ན་རེ། ཁྱེད་ལྟ་རེ་དགའ་ན། བླ་མ་རིན་པོ་ཆེས་ཉིད་ལ་ཆོས་ཟབ་མོ་ཞིག་སྟོན་པར་ཡོད་དོ། །དེ་ཁྱེད་ཀྱིས་ང་ལ་ཅིས་ཀྱང་གསུང་བར་ཞུ་ཟེར། ཐུགས་དགོངས་ལ་གཙང་པ་འདི་ལ་ཡང་ཆུང་ཞད་ཅིག་གདའ། ཁོང་རང་སྔར་ནས་བླ་མའི་དྲུང་དུ་༼༦༥༽བསྡད་བསྡད་པ། ང་དེ་རིང་འོང་བ་ལ་ཆོས་ཞུ་བ་སྙམ་ནས། ཁྱེད་རང་གིས་ཆོས་ཚང་བར་ཞུས་པ་མིན་ནམ། བླ་མའི་དྲུང་དུ་ཡུན་ཇི་ཙམ་བསྡད་གསུངས་པས། མཇལ་ནས་ལོ་བཅུ་ཙམ་སོང་། ཆོས་མང་དུ་ཞུས། འོན་ཀྱང་དེ་མིན་པ་ཞིག་ཡོད་པ་ཡིན། སྔར་ཙ་ན་བླ་མའི་ཞལ་ནས། རས་ཆུང་པ་འདི་ཁོ་རང་གི་འབྲས་བུ་ཕྱིན་ཅི་མ་ལོག་པ་ཐོབ་ཀྱང་། འགྲོ་བ་ལ་ཕན་ཆེན་པོ་མི་ཐོགས། ད་སྡོད་དབུས་པ་སྟོན་པ་ཞིག་གིས་འགྲོ་བ་མང་པོ་ལ་ཕན་ཐོགས་པ་འོང་བ་ཡིན་གསུངས་ནས་ལུང་བསྟན་ཡོད་པ་ཡིན་ཟེར། དེ་ནས་སྟོང་སྡེ་བཀྲ་ཤིས་སྒང་དུ་བྱོན་པས་བུད་མེད་ཅིག་ཐགས་འཐག་ཅིང་འདུག་པ་ལ་དྲི་བ་མཛད་དེ། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་བྱ་བ། གཞན་རྒྱུད་གྱི་བསམ་པ་མཁྱེན་ཅིང་། སྤྲུལ་པ་སྣ་ཚོགས་སྟོན་པ་ཞིག་བཞུགས་ཟེར་བ་དེ་གང་ན་བཞུགས་པ་ཡིན་གསུངས་པས། དེ་རྒྱུས་ཡོད་པའི་ཉ་མ་གཅིག་བསྟན་ནོ་ཟེར་ནས། བུད་མེད་རྒན་མོ་རས་གོས་ཀྱི་སྟེང་ན་སྐེ་རགས་རྒྱ་མ་ལྷོད་དེ་བཅིངས་པ་ཞིག་འདུག་པ་དེ་ལ་དྲིས་ཟེར་བ་ལ། དེ་ལ་དྲིས་པས་རྒན་མོ་དེ་ན་རེ། དོ་ནུབ་བསླེབས་པ་མེད། ངའི་ཁང་པའི་སྟེང་དུ་བཞུགས་ཟེར་ནས་སྟེང་ཁང་ཞིག་ཏུ་གདན་དྲངས་བསྙེན་བཀུར་བྱས་ནས། དེས་ཁ་སང་རྗེ་བཙུན་ཆེན་པོའི་སྤྱན་སྔར་ཕྱིན་པ་ལ། དབུས་ནས་བཀའ་གདམས་ཀྱི་༼༦༦༽སྟོན་པ་ཞིག་དང་ཕྲད་དུ་འོང་བས་དེ་དང་ང་ཕྲད་པའི་མཇལ་སྣ་སུས་བྱས་དེ་ལ་ངན་སོང་གི་འཇིགས་པ་མེད་ཅེས་གསུངས་པས། ངའི་བུ་མོ་སྒོམ་མ་ཞིག་རྗེ་བཙུན་གྱི་དྲུང་དུ་ཡོད་པས་དེ་ལ་མཇལ་སྣ་འཚོལ་བ་ཡིན་ཟེར། ནངས་པར་སྔ་མོ་ནས་བྱོན་ཏེ་ཐུགས་དགོངས་ལ། ང་འོང་བ་མཁྱེན་ཅིང་ལུང་བསྟན་གསུང་ལུགས་དེས། ཁོ་བོ་ཡང་སྣོད་ལྡན་ཞིག་ཡིན་པར་འདུག །གདམས་ངག་ལ་དཀའ་ཚེགས་མི་འོང་སྙམ་པའི་ང་རྒྱལ་ཞིག་སྐྱེས་པ་དེ་བླ་མས་མཁྱེན། ཟླ་བ་ཕྱེད་ཀྱི་བར་དུ་མཇལ་ས་མ་བྱུང་། སེ་བན་རས་པས་ཕྲུ་བ་ཞིག་དང་ཤིང་ཕོན་གཅིག་བྱིན་ཏེ། བྲག་འོག་ཅིག་ཏུ་བཞུགས་སུ་བཅུག །དབུས་པ་སྟོན་པ་ཁྱོད་འོངས་པ་བླ་མས་མཁྱེན། གདམས་ངག་ཀྱང་གནང་བར་འདུག་གིས་ད་ངང་མ་ཐུང་བར་གསོལ་བ་འདེབས་ཀྱིན་སྡོད་ཅིག་ཟེར། དེ་ནས་ཟླ་བ་ཕྱེད་སོང་བ་དང་། བླ་མ་དང་མཇལ་བ་ལ་ཤོག་ཟེར་ནས་ཕྱིན་པས། རྗེ་བཙུན་ཕ་བོང་ཆེན་པོ་ཞིག་གི་སྟེང་ན་བཞུགས་འདུག་པ་དང་མཇལ་ཏེ། ཕྱག་བཙལ་ནས་གསེར་ཞོ་བཞི་དང་ཇ་ཞོ་གང་བ་ཕྱག་ཏུ་ཕུལ་བས། སེ་བན་རས་པ་ན་རེ། སྐུ་མདུན་དུ་ཞོག །བླ་མ་ཆེན་པོའི་དྲུང་དུ་ནོར་ཕུལ་བ་དང་། རི་དྭགས་ཀྱི་མདུན་དུ་ནོར་སྤུངས་པ་ལ་ཁྱད་མེད། གང་ཡང་ཕྱག་ཏུ་མི་བཞེས་པ་ཡིན་ཟེར། རྗེ་བཙུན་ཆེན་པོའི་ཞལ་ནས། གསེར་༼༦༧༽དང་མི་རྒན་ལོ་མི་མཐུན། ཇ་ལ་སྐོལ་བའི་ཐབ་ཆས་མེད། ཁྱེད་རང་སྒྲུབ་པ་བྱེད་པའི་རྒྱགས་གྱིས་གསུངས། ཁོ་བོ་ཐག་རིང་པོ་ནས་མཆིས་པས་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། ཁྱོད་དེ་ཙམ་ལ་ཐག་རིང་རྒྱུ་མེད། ངའི་རྩར་ཁམས་དང་རྒྱ་གར་ནས་ཀྱང་ཡོང་མཁན་ཡོད། ཁྱོད་ཀྱི་མིང་ཅི་ཡིན་གསུངས། བསོད་ནམས་རིན་ཆེན་བྱ་བ་ལགས་ཞུས་པས། བསོད་ནམས་བསོད་ནམས་བསོད་ནམས་ཚོགས་ཆེན་བསགས་ལས་བྱུང་། །འགྲོ་བ་ཀུན་གྱི་རིན་པོ་ཆེ། །བྱ་བ་ལན་གསུམ་གསུངས། ཆང་ཀ་པཱ་ལ་གང་གི་གསོལ་འཕྲོ་འདུག་པ་གནང་ནས་འདི་ཐུངས་གསུངས་པ་ལ། ཁོ་རྟེན་དགེ་སློང་ཡིན་པ་དང་། འཁོར་མང་པོ་འདུག་པས་ཅུང་ཟད་ལེན་མ་ནུས་པ་ལ། རྗེ་བཙུན་གྱི་ཞལ་ནས་རྣམ་རྟོག་མ་མང་བར་འདི་ཐུངས་གསུངས་པས། བླ་མས་མཁྱེན་བསམས་ནས་ལྷག་མ་མ་ལུས་པར་གསོལ་བས་བརྒྱུད་པ་ཟིན་ཅིང་གདམས་ངག་མ་ལུས་པའི་སྣོད་དུ་འགྱུར་བར་མཁྱེན་ནོ། །དེ་ནས་རས་ཆུང་པ་དང་སེ་བན་གཉིས་འདིར་ཤོག །འོ་སྐོལ་ཕ་སྟོན་པ་ལ་གླུ་ཞིག་བྱའོ་གསུངས་ནས་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཤར་སེང་གེ་དཀར་མོའི་འོ་མ་དེ། །རོ་བཅུད་དང་ལྡན་པ་ཆ་མཆིས་ཀྱང་། །ལྷ་དབང་བརྒྱ་བྱིན་ཁོང་གིས་གསོལ་ནས་འོང་། །ལྷོ་རྒྱ་སྟག་ཁྲ་༼༦༨༽བོའི་སྦར་རྩལ་དེ། །རྩལ་ཆེའོ་སྐད་པར་ཆ་མཆིས་ཀྱང་། །དཔལ་ཌོཾ་བྷི་པ་ཡིས་ཆིབས་ཏེ་འོང་། །བྱང་ལྟོ་དཀར་ཉ་ཡི་མཁྲིས་པ་དེ། །རོ་ཁའོ་སྐད་པར་ཆ་མཆིས་ཀྱང་། །ཀླུ་གཙུག་ན་ནོར་བུས་གསོལ་ཏེ་འོང་། །སྟེང་དགའ་ལྡན་ལྷ་ཡི་ཕོ་བྲང་དེ། །ངོ་མཚར་རོ་སྐད་པར་ཆ་མཆིས་ཀྱང་། །འཕགས་པ་ཐོགས་མེད་ཁོང་གིས་གཟིགས་ནས་འོང་། །རྗེ་ནཱ་རོའི་ཐབས་ལམ་ཟབ་མོ་དེ། །ལམ་བགྲོད་ཐག་ཉེ་བར་ཆ་མཆིས་ཀྱང་། །ཕ་མར་པ་ལོ་ཙཱ་གཤེགས་ཏེ་འོང་། །རྗེ་མར་པའི་སྙན་བརྒྱུད་ཟབ་མོ་དེ། །ཉམས་རྟོགས་པ་སྐྱེ་བར་ཆ་མཆིས་ཀྱང་། །ང་རྣལ་འབྱོར་མི་ལས་བསྒོམས་ཏེ་འོང་། །ང་མི་ལའི་ཉམས་མྱོང་ཚིག་གསུམ་པོ། །དོན་གནད་དུ་ཟབ་པར་ཆ་མཆིས་ཀྱང་། བུ་སྟོན་པ་ཁྱོད་བྱུང་བས་འཆད་པ་ཡིན། །ལར་གསེར་དང་མི་རྒན་བློ་མི་མཐུན། །ཇ་ལ་སྐོལ་བའི་ཐབ་ཆས་མེད། །ང་ཟས་ནོར་སྤངས་ནས་རིང་ཞིག་འདས། །བུ་སྙིང་ནས་དམ་ཆོས་བྱ་སྙམ་ན། །ཚེ་འདི་ལ་མ་དགའ་ཕྱི་མ་སོམས། །ལམ་སྒྲུབ་པའི་དཀའ་བ་དང་དུ་ལོངས། །ཁྱེད་བཀའ་བརྒྱུད་གདན་ས་འཛིན་འདོད་ན། །ཚིག་ལ་མ་དགའ་དོན་ལ་ལྟོས། །ཁྱེད་དགེ་སློང་གི་ཐུགས་ལ་དེ་ལྟར་ཞོག །ཅེས་གསུངས་ནས། དེ་ལ་བུ་སྟོན་པ་ཁྱོད་ཀྱི་སྣ་ལེན་བྱེད་པ་ཡིན་ནོ་གསུངས། དེ་ནས་ཕ་བོང་༼༦༩༽འོག་དེར་ཟ་ཤིང་དང་། རི་ཤོ་མ་བསྡུས་ནས་ཕྱེད་སྤྱིལ་ཞིག་བྱས། ཡོན་བདག་དཀོན་འབར་དང་འབར་སེང་གཉིས་ལ་གསེར་ཞོ་རེ་བཙོངས་ནས་རྒྱགས་བྱས་ཏེ། ཁྲིད་ཞུས་པས་བླ་མའི་ཞལ་ནས། ཁྱོད་ལ་དབང་སྐུར་གྱི་བཀའ་ཡོད་དམ་གསུང་། དགེ་བཤེས་མར་ཡུལ་བ་བློ་ལྡན་ཤེས་རབ་ལ་གསང་འདུས་ཀྱི་དབང་རྫོགས་པར་ཞུས། དགྱེས་རྡོར་གྱི་གཉིས། བདག་མེད་མའི་གསུམ། ཇོ་བོ་རྗེའི་ལུགས་ཀྱི་བདེ་མཆོག་ལུ་ཧི་པའི་བཀའ། ཕག་མོ་རིན་ཆེན་རྒྱན་དྲུག་མའི་བྱིན་རླབས་སོགས། གཞན་ཡང་བླ་མ་མང་པོ་ལ་དབང་བསྐུར་དང་། བྱིན་རླབས་རིག་གཏད་ཀྱི་ཆོ་ག་མང་དུ་ཐོབ་ལགས། ང་ལ་ཞག་བཅུ་གསུམ་ཙམ་དུ་མི་འཆོར་བའི་ཏིང་ངེ་འཛིན་བཟང་པོ་ཡང་ཡོད་ལགས་ཞུས་པས། ཧ་ཧ་གསུངས་ནས་གད་མོ་ཆེན་པོ་ཞིག་མཛད་དེ། ལེགས་པར་འདུག་སྟེ་ལེགས་པར་བསྐྱངས་ཀྱང་འབྲས་བུ་གཟུགས་མེད་ལྷ། གསུངས་ནས་བྱེ་མ་བཙིར་བས་མར་ཁུ་མི་འོང་། ཡུངས་ཀར་བཙིར་བས་མར་ཁུ་ཡོང་བ་ཡིན། ངའི་གཏུམ་མོ་ཨ་ཐུང་གིས་སྲོག་རྩོལ་སྒོམས་དང་། སང་ད་ཚོད་སེམས་ཀྱི་ངོ་བོ་མཐོང་ནས་འོང་གིས། ལར་བོད་ཀྱི་སྙིང་དུ་འདྲེ་ཞུགས་ནས་ཨ་ཏི་ཤར་གསང་སྔགས་འཆད་དུ་མ་བཅུག་པས་མི་མང་པོ་འཕུང་གསུང་པ་ལ། བཀའ་གདམས་པ་ལ་ཡང་གསང་སྔགས་ཀྱི་གདམས་ངག་མང་པོ་༼༧༠༽ཡོད་ལགས་ཞུས་པས། དེ་ཚོ་གསང་སྔགས་ཙམ་ཡིན་ཏེ་མན་ངག་མི་འགྲུབ། ཐབས་ཀྱང་པ་རེས་རྫོགས་རིམ་སྣོད་བཅུད་སྡུས་པ་རེ་བཤད་འདུག་སྟེ། དེ་རྟོག་དཔྱོད་ཀྱི་ཏིང་ངེ་འཛིན་བྱ་བ་ཡིན། ལམ་རིམ་གྱི་བདག་མེད་རང་བསྒོམ་པ་དོན་སྤྱི་རྐྱང་པ་ཡིན། ཁ་ཁ་རོག་པར་ཁོ་བོའི་ཐབས་ལམ་སྒོམས་གསུང་། དེའི་དུས་སུ་རྨི་ལམ་རྨིས་པ་ཞུས་པས། མདང་སུམ་གཉིད་ཀྱི་རྨི་ལམ་ན། །ཡ་གི་སྤྱི་བོའི་གཙུག་རུམ་དུ། །གཡུ་འབྲུག་སྔོན་མོ་འཁྱིལ་བ་རྨིས། །གཡུ་ཡི་ན་བུན་འཐིབས་པ་རྨིས། །དུང་གི་ཁུ་འཕང་བབས་པ་རྨིས། །གཡས་སུ་ཁྱུང་ཞིག་ལྡིང་བ་རྨིས། །གཡོན་དུ་རྒོད་ཅིག་འཁོར་བ་རྨིས། །དཔྲལ་བར་ཉི་ཟླ་ཤར་བ་རྨིས། །གལ་ཏ་ཕྲག་ལ་བཀལ་བ་རྨིས། །གླང་འཁར་ལག་ཏུ་བཟུང་བ་རྨིས། །རྒྱབ་ཏུ་དགྲ་ལྔ་བསད་པ་རྨིས། །མདུན་དུ་ཆུ་མིག་རྡོལ་བ་རྨིས། །འོག་ཏུ་སེང་གེ་ཞོན་པ་རྨིས། །འདི་དོན་གང་ལགས་གསུང་བར་ཞུ། །ཞེས་ཞུས་པས། ལན་གསུངས་པ། ཨེ་མ་ཧོ། སྐལ་ལྡན་ལས་འཕྲོ་ཅན། །རྨི་ལམ་མི་ངན་རྨི་ལམ་བཟང་། །སྐྱེས་བུ་ལས་དང་སྐལ་བར་ལྡན། །ཡ་གི་སྤྱི་བོས་གཙུག་རུམ་ན། །གཡུ་འབྲུག་སྔོན་མོ་འཁྱིལ་བ་དེ། །བླ་མ་རྗེ་བཙུན་བསྟན་པ་ཡིན། །གཡུ་ཡི་ན་བུན་འཐིབས་པ་དེ། །སངས་རྒྱས་ཞིང་དུ་སླེབས་པ་ཡིན། །དུང་གི་ཁུ་འཕང་འབབ་པ་༼༧༡༽དེ། །ཉོན་མོངས་ཐ་བ་བདས་པ་ཡིན། །གཡས་སུ་ཁྱུང་ཅིག་ལྡིང་པ་དེ། །དཔའ་བོ་དཔའ་མོ་འཁོར་བ་ཡིན། །གཡོན་ན་རྒོད་ཅིག་འཁོར་བ་དེ། །རིག་འཛིན་ཕོ་མོ་འཁོར་བ་ཡིན། །དཔྲལ་བར་ཉི་ཟླ་ཤར་བ་དེ། །འཕགས་པའི་སྤྱན་གྱིས་གཟིགས་པ་ཡིན། །གལ་ཏ་འཕྲག་ལ་བཀལ་བ་དེ། །ཐབས་ཤེས་ཟུང་དུ་འབྲེལ་བ་ཡིན། །གླང་འཁར་ལག་ཏུ་བཟུང་བ་དེ། །བག་ཆགས་དབྱུག་པས་འདེད་པ་ཡིན། །རྒྱབ་ཏུ་དགྲ་ལྔ་བསད་པ་དེ། །དུག་ལྔ་དུག་གསུམ་བསད་པ་ཡིན། །མདུན་དུ་ཆུ་མིག་རྡོལ་བ་དེ། །རྣལ་འབྱོར་བསོད་ནམས་སྐྱེས་པ་ཡིན། །འོག་ཏུ་སེང་གེ་ཞོན་པ་དེ། །བདུད་བཞི་ཟིལ་གྱིས་གནོན་པ་ཡིན། །ཞེས་གསུངས། དུས་ཕྱིས་ཆོས་རྗེ་དྭགས་པོ་བའི་ཞལ་ནས་བླ་མ་རྗེ་བཙུན་ནི། སྔོན་ལ་ཤེས་བྱའི་སྒྲིབ་པ་སྦྱངས་པས་ཉོན་མོངས་པ་རང་དག་ལ་འགྲོ་གསུང་། བཀའ་གདམས་ཀྱི་བླ་མ་རྣམས་ནི་ཉོན་མོངས་པ་མ་སྤངས་པར་སངས་མི་རྒྱ་གསུང་སྟེ། གཉིས་ཀ་གསུང་བ་བདེན་པར་འདུག་གསུང་། དེ་ནས་བླ་མ་རྗེ་བཙུན་གྱི་ཞལ་ནས་ངེད་རང་དཔོན་སློབ་བལ་ཡུལ་ལ་འགྲོའོ་གསུང་། དེ་དུས་རས་ཆུང་པ་དང་། ཁྱི་ར་རས་པ་དང་། བསྒོམ་སྟག །ཇོ་དོར་སེ་བན། སྐོང་འགྱུར། མེ་སྒོམ་རྣམས་ཕྱག་ཕྱིར་འདུག་པ་ལ། ལ་ལ་དག་བལ་ཡུལ་ལ་ཕྱིན་ན་ཚད་པ་༼༧༢༽འོང་ཟེར་ཞིང་སྡུག་བསྔལ་བྱེད་འདུག །བླ་མའི་ཐུགས་དགོངས་ལ་ང་རང་ཀུན་ཚད་པས་ཤི་ནའང་ཤི་འགྲོ་བ་ཡིན་དགོངས་པ་བྱུང་། བྲིན་པ་བྱིན་གྱི་བླ་མ་འབྱོན་ཙ་ན་ཕྱག་རྟེན་ལ། གསེར་ཞོ་གསུམ་དང་འབྲས་མར་ཆང་མང་པོ་ཕུལ་ནས་བཞུགས་ཞུས་ཀྱང་མ་གནང་བར་བྱོན་ཏེ། རང་རང་ལ་དགོས་ནས་གནང་ངོ་། །དེའི་ནུབ་བྲག་རྩ་ཞིག་ཏུ་བཞུགས་ཙ་ན། བུད་མེད་རས་གོས་ནག་པོ་གྱོན་པ། བོང་ཐུང་ཞིང་ངམས་ནག་པ། མིག་རྩ་དམར་བ་ཞིག་གིས་བླ་མ་ཆེན་པོའི་ཞལ་ལ་འབུར་ཚུགས་སུ་བལྟས་ནས་ཁྱོད་འགྲོ་བ་གར་འགྲོ །སྟོང་མཁན་རང་སུ་ཡིན་ཟེར། དེའི་ནུབ་ནས་ཐུགས་འགྱུར་ཏེ་མ་གཤེགས་སོ། །བུད་མེད་མཁའ་འགྲོ་མར་འདུག་བྱ་བ་ཡང་གསུངས་སོ། །དེ་ནས་དབྱར་སྟོད་མཚེ་ལུང་གི་བྲག་ལ་བཞུགས། དབྱར་སྨད་སྨན་ལུང་ཆུ་བར་དུ་བཞུགས་ནས་ཆོས་ཞུས་པ་ལ། བླ་མ་རྗེ་བཙུན་གྱི་ཞལ་ནས་སྔར་གྱི་དབང་བསྐུར་རྣམས་ཀྱིས་གོ་མི་ཆོད་པ་མིན་ཏེ། འོན་ཀྱང་རྟེན་འབྲེལ་ཡིན་པས་ང་རང་གི་ལུགས་སུ་བྱིན་རླབས་ཞིག་བྱ་དགོས་གསུངས་ནས། སིན་དྷུ་རའི་མཎྜལ་ལ་བརྟེན་ནས། སྙན་བརྒྱུད་ཀྱི་བྱིན་རླབས་དང་དབང་བསྐུར་མཛད་དོ། །དེ་ནུབ་བླ་མའི་སྤྱན་སྔར་ཉལ་ལ་གསུང་གླེང་ཁོ་ཐག་ཆོད་པ་ཞིག་བྱེད་དགོས་སྙམ་ནས། བླ་མ་རྗེ་བཙུན་རིན་པོ་ཆེ་ཚོགས་གསོག་པའི་སྟོབས་གང་ཆེ་བ་༼༧༣༽ལགས། བདག་གིས་དགེ་བའི་བཤེས་གཉེན་རྒྱ་ལ་ཞུས་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཆོད་པ་བས། བླ་མའི་བ་སྤུ་གཅིག་མཆོད་པ་བསོད་ནམས་ཆེ་ཟེར་བ་དེ་བདེན་ནམ་ཞུས་པས། དེ་དེ་ཀ་ལྟར་ཡིན་གསང་བ་འདུས་པ་དང་། རྡོ་རྗེ་གདན་བཞི་ལ་སོགས་པ་ནས། དུས་གསུམ་སངས་རྒྱས་ཀུན་མཆོད་པས། །སློབ་དཔོན་བ་སྤུའི་ཁུང་བུ་མཆོག །ཅེས་གསུངས་པས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ། རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་སྤུངས་ཏེ་བསྐལ་པ་དཔག་ཏུ་མེད་པར་ཕུལ་བ་བས། བླ་མའི་བ་སྤུ་གཅིག་མཆོད་པ་བསོད་ནམས་ཆེ་བ་ཡིན་གསུངས། འོ་ན་དེ་བས་ཟབ་པའི་ཚོགས་གསོག་ཐབས་ཡོད་དམ་ཞུས་པས། གཅིག་ཡོད་གསུང་། དེ་བདག་ལ་གནང་བར་ཞུ་ཞུས་པས། བླ་མས་བསྟན་པའི་གདམས་ངག་ཆུད་མ་ཟོས་པར་བསྒོམས་ན་དེ་རང་ཟབ་པར་གདའ་གསུང་། རྗེ་བཙུན་རིན་པོ་ཆེ་ལགས། བདག་གིས་དགེ་བའི་བཤེས་གཉེན་སྙུག་རུམ་པ་ལ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་འདི་སྲིད་དམ་ཞུས་པས། ཚེ་འདི་ལ་ལྟོས་པ་བ་སྤུའི་རྩེ་མོ་ཙམ་ཡང་མེད་པ་ཞིག་དགོས་གསུང་། དགེ་བའི་བཤེས་གཉེན་ཡར་ལུངས་པ་ལ་ཞུས་པས། གསུང་དེ་ངེས་པ་ཅན་མིན། དགོངས་པ་ཅན་ཡིན། སྨན་རི་ལུ་གྲུབ་པ། ཚེ་ཉི་ཟླ་དང་མཉམ་པ། སྐྱེ་བ་བདུན་པ་ཡིན་པ། ཡི་དམ་ལྷའི་ཞལ་མཐོང་༼༧༤༽བ། མཁའ་སྤྱོད་དུ་འགྲོ་ནུས་པ་ཞིག་དགོས་པ་ཡིན་གསུང་བས། །དེ་ལྟར་ལགས་སམ་ཞུས་པས། གསུང་དེ་དགོངས་པ་ཅན་མིན་ངེས་པ་ཅན་ཡིན། ཚེ་འདི་ལ་ལྟོས་པ་མེད་པ་ཞིག་གིས་བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལ། སློབ་མ་སྣོད་དང་ལྡན་པ་ཞིག་གིས། གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་རྫོགས་པར་ཞུས་པས། བསྐྱེད་རྫོགས་ཀྱི་གདམས་ངག་བར་མ་ཆད་པར་བསྒོམས་ན། རབ་ཚེ་འདི་ལ་སངས་རྒྱས། འབྲིང་འཆི་ཁ་དང་བར་དོར་འགྲུབ། ཐ་མའང་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ལ་འགྲུབ། དེ་ལ་མ་གྲུབ་ན་དམ་ཚིག་གི་སེལ་ཞུགས་པ་ཡིན་པས། རེ་ཤིག་ངན་གྲོར་སོང་དོགས་ཡོད། ལར་ལྷ་རྗེ་སྟོན་པ་ཁྱོད་ལྟ་བ་ཁ་ཚོ་ལ་སྐུར་བའི་མི་དང་བློ་མ་བསྟུན། དེའི་ངག་ལ་མ་ཉན། སྒོམ་པ་ཉམས་སུ་ལེན་པའི་མི་དང་བློ་བསྟུན། དེའི་ངག་ལ་ཉོན། རྗེས་སུ་འབྲང་དགོས་པ་ཡིན། གྲོས་ཕུགས་ཐམས་ཅད་ཚེ་འདི་བློས་བཏང་བའི་སྐྱེས་བུ་དམ་པ་རྣམས་ལ་བྱ་དགོས། ཚེ་འདིས་མིག་ཁྲིད་པའི་གང་ཟག་འགའ་ཞིག་གིས་ཆོས་བརྒྱད་སློབ་ཏུ་འོང་བ་ཡིན། སྤྱིར་སྟོང་ཉིད་ལ་ཤོར་ས་བཞི་ཡོད་པ་ཡིན། སྟོང་ཉིད་རྒྱས་འདེབས་༼༧༥༽སུ་ཤོར་བ་དང་། ཤེས་བྱའི་གཤིས་ལ་ཤོར་བ་དང་། སྟོང་ཉིད་གཉེན་པོར་ཤོར་བ་དང་། ཆགས་པར་ཤོར་བ་དང་བཞི་ཡིན་ཏེ། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་བྱ་བ་འདི་ལྟར། གཟུང་བ་དང་འཛིན་པ་བློ་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད་སྟོང་པར་བསྒོམ་པ་ཡིན་ཟེར་བ་ཡོད། སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་བྱ་བ་འདི་ལྟར། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་མོད་ཟེར་བ་ཡོད། སྟོང་ཉིད་གཉེན་པོར་ཤོར་བ་བྱ་བ་ཉོན་མོངས་པ་དང་རྣམ་རྟོག་གང་སྐྱེས་ལ་བལྟས་པས་དེ་དག་སྟོང་པ་ཉིད་ཡིན་ཟེར་བ་ཡོད། སྟོང་ཉིད་ཆགས་པར་ཤོར་བ་བྱ་བ། ང་ལ་བསྒོམ་རྒྱུ་མེད་ཅིང་སྒོམ་ཐམས་ཅད་སྟོང་ཉིད་ཡིན་མོད་ཟེར་བ་ཡོད། དེ་ཐམས་ཅད་ལམ་ཡང་དག་པ་མ་ཡིན། འོན་ཀྱང་ལས་དང་པོ་པ་ལ་བློའི་བདེན་ཞེན་ལྡོག་པ་ལ་ཕན་རུང་ཙམ་ཡིན། ལར་སེམས་ཀྱི་གཞི་རྩ་མ་ཆོད་ན། བདེ་གསལ་མི་རྟོག་གསུམ་གྱི་ཉམས་ཀྱང་སྲིད་པ་གསུམ་ལས་མ་འདས་རྩ་བ་མ་ཆོད་པའི་ཉམས་བྱ་བ་ཡིན། འོ་ན་ལམ་ཡང་དག་པ་གང་ཡིན་ན། བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས་སློབ་མ་སྣོད་དང་ལྡན་པ་ཞིག་ལ་ངོ་སྤྲད་དེ་ཁྲིད་པས། དེ་ཡང་གཉུག་མའི་གཤིས་སེམས་ཅན་ཐམས་ཅད་ལ་གནས། སངས་རྒྱས་ལ་ཆོས་སྐུའི་སྣང་བར་གསལ། རྣལ་འབྱོར་པ་ལ་ཐབས་དཔག་ཏུ་མེད་པས་མཚོན་ཏེ་ངོ་སྤྲད་ནས་བསྒོམས་པས། ལྟ་བ་ཤུགས་ལ་རྟོགས། ཉོན་མོངས་པ་ངང་གིས་འགག །རྣམ་རྟོག་རང་སར་གྲོལ། ཡེ་ཤེས་མངོན་དུ་གྱུར། གནས་ལུགས་ཉམས་༼༧༦༽སུ་མྱོང་བ་སྟེ། ངག་ཏུ་སྨྲར་མ་བཏུབ། བརྗོད་ཀྱང་ཟུར་ལས་མཚོན་མི་ནུས། དཔེར་ན་གཞོན་ནུ་མ་ཡི་བདེ་བའམ། ལྐུག་པའི་རྨི་ལམ་བཞིན་གཞི་སེམས་ཅན་ཀུན་ལ་ཡོད་ཀྱང་ངོ་མ་ཤེས། དེས་ན་རྒྱུད་ལྡན་གྱི་བླ་མ་བསྟེན་པ་གལ་ཆེ་བར་གདའ། གཉུག་མའི་ཤེས་པའམ་ཐ་མལ་གྱི་ཤེས་པ་སྟེ། ཕུ་གར་ཡང་མ་གཏད། གོ་གར་ཡང་མ་འགགས། དཔེ་གང་གིས་ཀྱང་མཚོན་པར་མི་ནུས། བརྗོད་པ་གང་གིས་ཀྱང་ཐོག་ཏུ་མི་ཕེབས། ཐ་སྙད་གང་གིས་ཀྱང་མི་རིག །དེས་ན་བཅས་བཅོས་མི་བྱ་རང་ག་མ་བཅོས་པའི་ངང་ལ་ལྷོད་གློད་ལ་ཞོག་མཛོད་གསུངས་ནས་མགུར་འདི་གསུངས་སོ། །ལྟ་བ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་ལྟོས། །ལྟ་བ་རང་གི་སེམས་ལས་གཞན་དུ་བཙལ་བ་ན། །གྱད་ཀྱི་ནོར་ཚོལ་འདྲའོ་ཨང་གེ་སྟོན་པ་བ། །སྒོམ་པ་ཡིན་པར་ངེས་ཀྱི་བྱིང་རྒོད་སྐྱོན་མ་བསལ། །སྒོམ་པ་བྱིང་རྒོད་ཐོར་རྨུགས་སྐྱོན་བསལ་ན། །ཉིན་བར་མར་མེ་འདེགས་པ་འདྲའོ་ཨང་གེ་སྟོན་པ་བ། །སྤྱོད་པ་ཡིན་པར་ངེས་ཀྱི་བླང་དོར་རེས་མ་བྱེད། །སྤྱོད་པ་བླང་དོར་རེ་དྭོགས་རེས་བྱེད་ན། །སྦྲང་མ་རྒྱར་ཆུད་འདྲའོ་ཨང་གེ་སྟོན་པ་བ། །དམ་ཚིག་ཡིན་པར་ངེས་ཀྱི་ལྟ་བའི་གདེང་ལ་ཞོག །ལུང་མེད་དམ་ཚིག་ལོགས་ནས་བཙལ་བ་ན། །ཆུ་མགོ་གྱེན་ལ་༼༧༧༽ལོག་པ་འདྲའོ་ཨང་གེ་སྟོན་པ་བ། །འབྲས་བུ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་ལྟོས། །ཐོབ་མེད་འབྲས་བུ་གཞན་ནས་ཐོབ་འདོད་བཙལ་བ་ན། །སྦལ་པ་གནམ་མཆོང་འདྲའོ་ཨང་གེ་སྟོན་པ་བ། །བླ་མ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་དྲིས། །སེམས་ལས་གཞན་པའི་བླ་མ་ལོགས་སུ་བཙལ་བ་ན། །དེ་ཡིས་རང་སེམས་སྤངས་པ་འདྲའོ་ཨང་གེ་སྟོན་པ་བ། །དེ་ན་སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །རང་གི་སེམས་སུ་འདུས་ནས་གདའོ་ཨང་གེ་སྟོན་པ་བ། །ཞེས་གསུངས་སོ། །དེའི་ཚེ་ཇེ་འཇིགས་ཇེ་འཇིགས་ལ་སོང་སྟེ། སྐུའི་གཟི་བརྗིད་ལ་མ་བཟོད་པར་བཞུགས་གདན་ཁྱེར་ནས་མ་ཚང་དུ་བྱོན་ཏེ། ཕྱག་མང་པོ་བཙལ་ནས་གཟིམས་སོ། །དེའི་དུས་སུ་ནུབ་གཅིག་ཐུགས་དགོངས་བཏང་བས། བླ་མ་རིན་པོ་ཆེ་འདི་ལྟ་བུ་དང་མཇལ་དུས་ཕྱག་ཕྱིར་ཡུན་རིང་བསྡད་དེ་གདམས་ངག་ཐམས་ཅད་ཀྱི་རྩད་ཆོད་པ་ཞིག་བྱས་ནས། ངེས་པར་སྒྲུབ་པ་མཐར་ཐོན་པ་ཞིག་བྱེད་དགོས་པ་ལ། ངའི་རྒྱགས་འདི་ཉུང་ནས་འདུག་པས། གལ་ཏེ་ཡུལ་འདིར་མི་གཅེས་པ་འདྲ་ན་ན། དེ་བཅོས་ལ་ཡོན་དྲག་པ་ཞིག་བླངས་ནས། འཚོ་བ་དཀའ་བ་མེད་པར་བསྡད་དགོས་སྙམ་པ་ལ། དེའི་ནང་བར་སེ་བན་སྟོན་པ་འབོད་དུ་བཏང་བྱུང་སྟེ། དབུས་པ་སྟོན་པ་ཁྱོད་ལ་རྗེ་བཙུན་གྱི་སྤྱན་སྔར་ཤོག་༼༧༨༽གསུང་ཟེར་བ་ལ། རྗེ་བཙུན་གྱི་སྤྱན་སྔར་ཕྱིན་ནས་ཕྱག་འཚལ་ཞིང་ཡོད་པའི་ཚེ། རྗེ་བཙུན་ཞལ་འཛུམ་མཛད་ནས་དབུས་པ་སྟོན་པ་ཁྱོད་ཆོས་གཤའ་མ་ཞིག་བྱེད་བསམ་ན། ཡོན་ཏན་འཚོང་བ་དང་དགེ་སྦྱོར་བྱེད་པ་རྒྱབ་སྣོལ་ཡིན། སྟོན་བྲིན་སྙེ་ནམ་གཉིས་ལ་བསོད་སྙོམས་གྱིས། ནུབ་མོ་གྲོང་གསེབ་ཏུ་མ་སྡོད་པར་སྤྲོ་བདེ་ཕུག་དུ་སྙོགས་གསུང་། དེར་རྗེ་བཙུན་བདེན་དགོངས་ནས། བསོད་སྙོམས་མཛད་དེ་གཏུམ་མོའི་ཁྲིད་ཞུས་ནས་བསྒོམས་པས། ཁྱོད་དགེ་སྦྱོར་ལ་བརྩོན་རབ་འདུག་པས་རས་ཐུབ་ཏུ་རུང་བ་ཡིན་གསུངས་ནས། གཏུམ་མོ་ཤིང་བཤགས་ལ་མེ་སྦར་བ་ལྟ་བུའི་གདམས་ངག་གནང་། ནུབ་དང་པོ་ལ་ལུང་པའི་མདོར་རས་གོས་རྐྱང་གཅིག་གོན་ཏེ་བསྒོམས་པས་བདེ་དྲོད་རང་འབར་ལ་སོང་བས། ནམ་ལངས་ནས་གཉིད་དུ་སོང་བས་ལུས་རྡོ་བ་ལྟར་སོང་ནས་འདུག །དེ་ནས་ཞག་བདུན་བསྒོམས་པའི་ཚེ་བདེ་དྲོད་རང་འབར་ལ་སོང་། ཞག་བདུན་གྱི་ནངས་པར་རྒྱལ་བ་རིགས་ལྔའི་ཞལ་མཐོང་། བླ་མ་ལ་ཞུས་པས་མིག་རྩིར་ནས་བལྟས་པས་ཟླ་བ་གཉིས་སུ་མཐོང་བ་དང་འདྲ། འབྱུང་བ་ལྔའི་རླུང་ཟིན་པ་ཡིན་ཏེ། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུང་། ཡོན་ཏན་མིན་གསུང་ཡང་ཤུགས་ཀྱིས་སྤྲོ་བ་སྐྱེད་ནས་བསྒོམས་པས། ཟླ་བ་གསུམ་ལོན་པའི་ཐོ་རངས་ཁ་ཅིག །སྟོང་གསུམ་༼༧༩༽གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་འཁོར་ལོར་སྐོར་བ་ལྟར་འཁོར་ཞིང་འདུག་པས་སྟེང་སྐྱུགས་བྱས། ཡུན་རིང་པོ་བརྒྱལ་ཏེ་འགྱེལ་ནས་འདུག །དྲན་པ་རྙེད་པ་དང་བླ་མ་ལ་ཞུས་པས་རོ་རྐྱང་གཉིས་ཀྱི་རླུང་དྷཱུ་ཏིར་ཚུད་པ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་སྒོམས་གསུང་། ཡང་ཉིན་གཅིག་སྔ་དྲོ་མདུན་གྱི་ནམ་མཁའ་ལ་ཐུགས་རྗེ་ཆེན་པོ་ཐམ་འགག་ནམ་འགག་ཏུ་འདུག་པ་ལ། དབུའི་སྟེང་ན་ཟླ་བའི་དཀྱིལ་འཁོར་རེ་རེ་འདུག་པ་མཐོང་། བླ་མ་ལ་ཞུས་པས་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོར་ཁམས་དྭངས་མའི་ཐིག་ལེ་འཕེལ་བ་བྱ་བ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་སྒོམས་གསུང་། ཡང་དགོངས་མོ་ནས་སྲོད་ཅིག་གི་བར་ལ་དམྱལ་ཁམས་ཐམས་ཅད་དང་། ཁྱད་པར་དམྱལ་བ་ཐིག་ནག་གསལ་བར་མཐོང་བས་རྐྱེན་བྱས་ཏེ་སྙིང་འཚངས་ཏེ། སྙིང་རླུང་དྲག་པོ་བྱུང་། བླ་མ་ལ་ཞུས་པས། སྒོམ་ཐག་ཐུངས་པས་རྩ་བཅིངས་པ་ཡིན། ཅུང་ཟད་རིང་དུ་ཐོང་གྱེན་རྒྱུའི་རླུང་ཟིན་པ་ཡིན་ཏེ་སྐྱོན་དང་ཡོན་ཏན་གང་ཡང་མིན་སྒོམས་གསུང་། ཡང་ཉིན་གཅིག་འདོད་ལྷ་རིགས་དྲུག་གི་ལྷ་རྣམས་གསལ་པོར་མཐོང་བ་ལ། གོང་མ་གོང་མས་འོག་མ་འོག་མ་ལ་བདུད་རྩིའི་ཆར་ཕབ་སྟེ་ཐམས་ཅད་ངོམས་ཤིང་ཚིམ་འདུག་པ་ལ། བདག་གི་མ་སྐོམ་པས་ཉམ་ཐག་པ་ཞིག་མཐོང་༼༨༠༽ནས་བླ་མ་ལ་ཞུས་པས་ལྷ་རྣམས་བདུད་རྩིའི་ཆར་གྱིས་ཚིམ་པ་དེ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རོ་རྐྱང་གཉིས་ཀྱི་ཐིག་ལེ་འཕེལ་བ་ཡིན། མ་སྐོམ་པ་ནི་དྷཱུ་ཏིའི་མར་སྣ་ཁ་མ་ཕྱེ་བ་ཡིན་པས་ལུས་ཀྱི་འཕྲུལ་འཁོར་འདི་ཚོ་གྱིས་དང་གསུངས་ནས་འཕྲུལ་འཁོར་བཙན་ཐབས་ཀྱི་རྡོ་རྩོག་གནང་ནས་ཟླ་བ་གཅིག་བྱས་པས་ལུས་འཕར་བ་དང་། འདར་བ་དང་། སྤྲུགས་པ་དང་། རྒོད་འདོད་པ་རྒྱུན་ཆད་མེད་པ་དང་། རང་དབང་མེད་པར་བཀུར་འདེབས་འདོད་པ་བྱུང་སྟེ། འདྲེ་གདོན་ཡིན་ནམ་སྙམ་ནས་བླ་མ་ལ་ཞུས་པས། སྙིང་ཁ་ཆོས་ཀྱི་འཁོར་ལོར་ཐིག་ལེས་གང་བ་ཡིན། འཕྲུལ་འཁོར་འཕྲོ་མ་བཅད་པར་འབད་ནས་བསྒོམས། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུང་། དེ་ནས་ལུས་དགའ་བདེའི་རོས་གང་ནས་ཁ་ཟས་ཆེར་མི་དགོས་པ་བྱུང་གསུང་། ཡང་ཉིན་གཅིག་ནམ་མཁའ་ལ་ཉི་ཟླ་ཆེན་པོ་གཉིས་གཟའི་ཟིན་ནས་འདུག་པ་ལ། གཟའ་དེ་རྟ་རྔ་ཕྲ་མོ་ཙམ་དུ་འདུག་པར་མཐོང་། བླ་མ་ལ་ཞུས་པས་དྷཱུ་ཏིར་རོ་རྐྱང་གཉིས་ཀྱི་རླུང་ཚུད་པ་ཡིན་ཏེ་སྐྱོན་དང་ཡོན་ཏན་གང་ཡང་མིན། ལར་ཕོ་རྒོད་རབ་ཏུ་འདུག །ད་ནི་ད་ནི་བྱ་བ་གསུམ་གསུངས། དེ་ནས་དྲག་ཏུ་བསྒོམས་པས་ཟླ་བ་གཅིག་ན་དགྱེས་པ་རྡོ་རྗེ་དམར་པོའི་དཀྱིལ་འཁོར་ཞིག་མཐོང་། བླ་མ་ད་ནི་ད་ནི་གསུངས་པ་དེ་འདི་ཡིན་པར་འདུག་༼༨༡༽སྙམ་ནས་ཞུས་པས། སྙིང་ཁ་ཆོས་ཀྱི་འཁོར་ལོར་མ་ལས་ཐོབ་པའི་རཀྟ་བརྟན་པ་བྱ་བ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་ཤུགས་ཕྱུང་ལས་བསྒོམས་མཛོད་གསུངས། ཡང་འབད་ནས་བསྒོམས་པས་ཉིན་གཅིག་བདེ་མཆོག་ལུ་ཧི་པ་ཀེང་རུས་ཀྱི་དཀྱིལ་འཁོར་ཞིག་མཐོང་། བླ་མ་ལ་ཞུས་པས། ལྟེ་བ་སྤྲུལ་པའི་འཁོར་ལོར་ཐིག་ལེས་གང་བ་ཡིན་ཏེ། སྐྱོན་དང་ཡོན་ཏན་གང་ཡང་མིན་སྒོམས་གསུང་། དེ་ནས་འབད་དེ་བསྒོམས་པས་ཞག་བཅུ་བཞི་ནས་མཚན་ཐོག་ཅིག་ལ་རང་ལུས་ནམ་མཁའི་ཁམས་ཁྱབ་པ་ཙམ་ཞིག་ཏུ་རེད་འདུག་པ་ལ། ཡ་གི་སྤྱི་བོའི་གཙུག་ནས་མ་གི་རྐང་པའི་མཐིལ་ཡན་ཆད་ལ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཚང་བར་མཐོང་། ཕལ་ཆེར་འོ་མ་འབའ་ཞིག་འཐུང་གིན་འདུག །ལ་ལ་སེང་གེ་དཀར་མོ་བཞོས་པའི་འོ་མ་ཡིན་ཟེར་བ་འཐུང་ཞིང་འདུག །འུར་ཏིང་གི་སྒྲ་ལྟ་བུ་ཞིག་གང་ནས་འོང་མ་ངེས་པར་རྒྱུན་དུ་འོང་ཞིང་འདུག་པས་མཚན་ཐལ་གྱིས་འབྱམས། ནམ་ལངས་ནས་སྒོམ་ཐག་བཀྲོལ་ཙ་ན་ཐམས་ཅད་ཡལ་ནས་སོང་། བླ་མ་ལ་ཞུས་པས། ལུས་ཀྱི་རྩ་སྟོང་ཕྲག་བསམ་གྱིས་མི་ཁྱབ་པའི་ནང་དུ། ལས་ཀྱི་རླུང་གི་ཐིག་ལེ་ཁྲིད་པ་ཡིན་ཏེ། རླུང་ཡེ་ཤེས་ཀྱི་རླུང་དུ་འཚལ་བར་གདའ། གསུངས་ནས་མཆོག་གི་གཏུམ་མོ་གནང་ནས་བསྒོམས་པས། ཉིན་༼༨༢༽གཅིག་ཙ་ན་གུང་ཐང་གི་ལུང་པ་ཐམས་ཅད་དུད་པས་གང་ནས་འདུག །ཅི་ཞིག་ན་མུན་ནག་ཏུ་སོང་། ལམ་ཡང་མ་རྙེད་ལོང་བ་འགྲོ་འགྲོ་བྱས་ནས་བླ་མའི་སྤྱན་སྔར་ཕྱིན་པས། བླ་མའི་ཞལ་ནས་ཅི་ཡང་མི་ལྟོ། དེ་གར་སྡོད་ལ་སྒོམས་གསུངས་ནས་སྟེང་གེགས་སེལ་བའི་གདམས་ངག་དེ་གནང་བས་ནམ་ལངས་པ་ལྟར་སོང་། ཡང་ནུབ་གཅིག་རང་གི་ལུས་འདི་ཤ་ཡེ་མེད་པའི་ཀེང་རུས་རྩ་མང་པོས་སྦྲེལ་ནས་འདུག་པར་མཐོང་། བླ་མ་ལ་ཞུས་པས་རླུང་རྩུབ་ཐལ་བ་ཡིན་ཅུང་ཟད་འཇམ་དུ་གྱིས་གསུང་། སྲོད་ལ་ཡི་དམ་ལྷ་བསྒོམས་ཤིང་བཟླས་པ་བྱས། གུང་ལ་བླ་མའི་རྣལ་འབྱོར་བསྒོམས་ཤིང་གསོལ་བ་འབའ་ཞིག་བཏབ། ཐོ་རངས་སྲོག་རྩོལ་གྱི་རླུང་བསྒོམས། སྐྱ་རེངས་ཐ་མ་ཤར་བའི་ཚེ་གཉིད་ཐུམ་ཕྲན་ཙམ་ཞིག་སོང་བ་ལ། སྔར་འདྲིས་བག་ཆགས་ཡེ་མ་མཆིས་པའི་རྨི་ལམ་གྱི་མཚན་བལྟས་ཉི་ཤུ་རྩ་བཞི་བྱུང་བ་ལས། རྣལ་སད་པ་དང་རྨི་ལམ་འདི་རྣམས་དགེའམ་མི་དགེ་སྙམ་དུ་རྟོག་པ་ཅུང་ཟད་ཅིག་སྐྱེས་ཏེ། ཡང་ཐུགས་དགོངས་བཏང་བས་ཡང་ཁོ་བོའི་བླ་མ་རྗེ་བཙུན་སངས་རྒྱས་དངོས་འདི་ལྟ་བུ་བཞུགས་པ་ལ་ཞུས་པས་ཆོག་བསམ་ནས་ཚ་བ་མ་བསྐོལ་བར་དེ་ཀ་ལྟར་བྱོན་པས། རྗེ་བཙུན་བྲག་རྩ་ཞིག་ན་དབུ་བཏུམས་ནས་གཟིམས་གདའ་བ་ལ། ཕྱག་བཙལ་མཎྜལ་ཕུལ་ནས། རྗེ་བཙུན་ལགས་༼༨༣༽ཁོ་བོ་ལ་དོ་གལ་ཅུང་ཟད་ཅིག་མཆིས་པས། མ་གཟིམས་པར་བཞེངས་པ་ཞུ་འཚལ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ཁྱོད་ལ་རྣམ་རྟོག་གཅིག་སྐྱེས་ནས་འདུག་པ་ད་ནང་ངའི་ཉམས་ལ་བྱུང་གིས། ད་མ་བདེ་བའི་དོ་གལ་ཅི་ཡོད་སྨྲོས་ཤིག །གསུང་པ་ལ་རྨི་ལམ་ཞུ་གསོལ་གྱི་མགུར་འདི་རྣམས་སྙན་དུ་ཕུལ་བ། རྗེ་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པ། །ངོ་མཚར་རས་ཀྱི་ན་བཟའ་ཅན། །ཡིད་བཞིན་ནོར་བུ་གཙུག་གིས་རྒྱན། །ཀུན་གྱིས་ཐོད་བཞིན་བསྐུར་བའི་གནས། །མཚན་མི་ལ་ཞེས་བྱར་ཡོངས་སུ་གྲགས། །མཚན་དེའི་སྙན་པས་ཕྱོགས་བཅུར་ཁྱབ། །དེ་ཐོས་ཁོ་བོ་སྤྲོ་བ་སྐྱེས། །ཤར་སྐར་མ་སྨིན་དྲུག་འོག་ནས་སྙེགས། །ལུས་ཚ་གྲང་ཡིད་ལ་མ་བགྱིས་ཏེ། །རྟག་ཏུ་ངུ་ཡི་རྣམ་ཐར་བཞིན། །རྗེ་རས་པ་ཁྱེད་དང་ནམ་མཇལ་སྙམ། །ལམ་རིང་དཀའ་བ་སྣ་ཚོགས་སྤྱད། །གདུགས་ཕྱེད་དང་གཉིས་ཀྱིས་ཕྱིན་པའི་སར། །ལུས་སྲོག་ཡལ་བར་དེ་དོར་བྱས། །འོན་ཀྱང་མོས་གུས་དྲག་པོའི་མཐུས། །ཤར་ཕྱོགས་སྤོས་ལྡན་གྲོང་ཁྱེར་དུ། །ཆོས་འཕགས་མདུན་དུ་ཞལ་མཐོང་ལྟར། །བཀྲ་ཤིས་སྒང་གི་དགོན་པ་རུ། །ཕ་རྗེ་བཙུན་རས་པ་ཁྱེད་དང་མཇལ། །མི་ཁོ་བོའི་བསམས་པ་མཐར་ཕྱིན་སྙམ། །ཤིན་ཏུ་སྤྲོ་དགའ་བ་སྤུ་གཡོས། །ནོར་སྒྱུ་མའི་འབུལ་༼༨༤༽རྒྱུ་མ་མཆིས་ཀྱང་། །གཞི་འཁོར་བའི་ཆོས་ལ་ཞེན་པ་ལོག །ལམ་སྐྱེ་འཆི་གཉིས་ལ་འཇིགས་ཤིང་སྐྲག །འཇིག་རྟེན་བྱ་བ་བློ་ཡིས་བཏང་། །བསྒྲུབ་བློ་ཞིག་གཏིང་ནས་སྐྱེས་པ་སྟེ། །ཕ་ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུས་བཟུང་། །དེ་མི་བརྗེད་ཁོ་བོས་སེམས་ལ་འཇོག །འབངས་ཞུ་དོན་མཆིས་སོ་གུ་རུ་རྗེ། །མདང་སྲོད་ལ་ཡི་དམ་བསྙེན་པ་བགྱིས། །ནམ་གུང་རྗེ་ལ་གསོལ་བ་བཏབ། །དེ་རྗེས་སྲོག་རྩོལ་རླུང་ལ་འབད། །དགུང་ད་ནང་སྐྱ་རེངས་ཐ་མ་ལ། །གཉིད་ཐུན་ཕྲན་ཙམ་ཞིག་ཐལ་བ་ལས། །སྔར་འདྲིས་བག་ཆགས་མ་མཆིས་པའི། །ཡ་མཚན་རྨི་ལམ་འདི་རྣམས་བྱུང་། །དབྱར་ཞྭ་དར་གྱི་ཆ་ག་ཅན། །མཚལ་དམར་འོབས་ཀྱི་བད་ཀྱི་རྒྱན། །དེ་ལ་རྒོད་ཀྱི་སྤུ་རུ་གཙུག །མི་ཁོ་བོས་མགོ་ལ་གྱོན་པ་རྨིས། །སུམ་ལྷམ་ལྤགས་སྔོན་འགྱིང་བག་ཅན། །ར་གན་འབུར་མགོ་ཆ་ལེ་བཏབ། །སྒྲོག་དངུལ་གྱི་ཨ་ལོང་ཏ་ལེ་མཛེས། །ལྷམ་དེ་འདྲ་ཟུང་གཅིག་གྱོན་པ་རྨིས། །གུ་ལང་དར་དཀར་རལ་ཀ་ལ། །གོང་སྐོར་གསེར་ཐག་མདོ་ལོང་རིས། །མཚལ་གྱི་ཐིག་ཕྲན་འཛུམ་རིས་ཅན། །གོས་དེ་འདྲ་ལུས་ལ་གྱོན་པ་རྨིས། །མེན་པོ་རས་ཡུག་སྐེ་རགས་ལ། །མེ་ཏོག་མཚོན་ཚོགས་བཀྲ་བ་རྒྱན། །མུ་ཏིག་ཧར་གྱི་ཆུན་འཕྱང་མཛེས། །དེ་འཁོར་གསུམ་སྐེད་ལ་བཅིངས་༼༨༥༽པ་རྨིས། །ཆུ་རློན་རེ་དཀར་ཕྱིང་པ་ལ། །བཟོ་དང་གྲས་སུ་མ་བྱས་པ། །གོང་ཅན་དངུལ་གྱི་ཕོ་ལོང་བཏབ། །དེ་ཡ་མཚན་སྟེང་དུ་གྱོན་པ་རྨིས། །ཨ་མྲ་ཙནྡན་དབྱུག་པ་ལ། །རིན་ཆེན་སྣ་བདུན་ཕྲ་བཀོད་དེ། །འཆང་བཟུང་གསེར་གྱི་དྲྭ་བ་ཅན། །དེ་ལག་པ་གཡས་སུ་བཟུང་བ་རྨིས། །མཚན་དང་ལྡན་པའི་ཀ་པཱ་ལ། །གསེར་མདོག་བདུད་རྩི་བཅུད་ཀྱིས་བཀང་། །ཁོ་བོས་ཁ་ཕོར་བྱ་སྙམ་པས། །དེ་ལག་པ་གཡོན་དུ་ཁྱེར་བ་རྨིས། །སུམ་གལ་ཕྲ་བོ་དོར་ཅིག་གིས། །ནང་དུ་འབྲས་དཀར་ས་ལུ་བླུག །ཁོ་བོས་ཆོས་རྒྱགས་བྱ་སྙམ་པས། །དེ་ཕྲག་པ་གཡས་ལ་བཀལ་པ་རྨིས། །རི་དྭགས་ཀྲིཥྞའི་ལྤགས་པ་ལ། །མགོ་དང་སྡེར་བཞི་མ་ཉམས་པ། །འདི་ཡིས་ཁོ་བོའི་སྟན་བྱ་སྙམ། །དེ་ཕྲག་པ་གཡོན་ལ་བཀལ་བ་རྨིས། །དེའི་རྗེས་གཡས་སུ་ཕར་བལྟས་པས། །གསེར་གྱི་སྤང་པོ་ངོས་བཟང་ལ། །བེ་ལུག་སྣ་ལྔ་བཟས་ལ་བཀྲམ། །ཁོ་བོས་ཕྱུགས་རྫི་བྱ་སྙམ་རྨིས། །ཕྱི་རྗེས་གཡོན་དུ་ཚུར་བལྟས་པས། །གཡུ་ཡི་ནེའུ་ཐང་སིང་མ་ལ། །མེ་ཏོག་སྣམ་བུའི་མཚོན་ཚོགས་བཀྲམ། །བུད་མེད་མང་པོས་ཕྱག་འཚལ་གྱིས། །དབུས་མེ་ཏོག་སེར་པོའི་གླིང་ཁམས་ནི། །ཤིན་ཏུ་འདབ་རྒྱས་གསེར་མདོག་ཅན། །པདྨ་སྤུངས་པའི་གདན་སྟེང་དུ། །༼༨༦༽སེམས་དཔའི་སྐྱིལ་ཀྲུང་བཅས་པ་རྨིས། །མདུན་དུ་ཆུ་མིག་རྡོལ་བ་རྨིས། །རྒྱབ་ཏུ་འོད་ཅིག་འཁྱིལ་བ་རྨིས། །ལུས་ལ་མེ་དཔུང་འབར་བ་རྨིས། །སྙིང་ལ་ཉི་ཟླ་ཤར་བ་རྨིས། །ཡ་མཚན་རྨི་ལམ་དེ་རྣམས་བྱུང་། །ལྟས་དགེ་འམ་མི་དགེ་འཆད་མ་ཤེས། །རྗེ་དུས་གསུམ་མཁྱེན་པའི་རྣལ་འབྱོར་པ། །འདི་དོན་གང་ལགས་གསུང་དུ་གསོལ། །ཞེས་རྨི་ལམ་གྱི་ལྟས་དེ་རྣམས་སྙན་དུ་གསོལ་བས། བླ་མའི་ཞལ་ནས་བུ་ལྷ་རྗེ་སྟོན་པ་ཐུགས་མི་བདེ་མི་འཚལ་ཤེས་པ་ལྷོད་ཀྱིས་གློད་ལ་ཞོག་མཛོད། རྣམ་རྟོག་གི་དྲ་བར་བདག་འཛིན་གྱི་ནང་ཚང་མ་གཞུག །ཐེ་ཚོམ་གྱི་མདུད་པ་རང་གྲོལ་ལ་ཐོང་། གཉིས་འཛིན་གྱི་ཐག་པ་ཕྲ་སར་ཆོད། བག་ཆགས་ཀྱི་རྡུལ་ཕྲན་སྲབ་སར་རྟོལ། སེམས་འཕྲོ་འདུ་མ་མང་མ་བཅོས་སོ་མའི་ངང་ལ་ཞོག །ང་སྒྱུ་ལུས་འབྱོངས་པའི་རྣལ་འབྱོར་པ་ཡིན་པས། རྨི་ལམ་འཆད་པ་ཡང་ཤེས། རྨི་ལམ་བསྒྱུར་བ་ཡང་ཤེས། རྨི་ལམ་གྱི་དེ་ཁོ་ན་ཉིད་ཀྱིས་རྒྱས་ཐེབས་པའི་གདེང་ཡང་ཡོད་དེ། ལར་རྨི་ལམ་གྱི་ཆོས་ཉིད་ཁོང་དུ་ཆུད་པའི་རྣལ་འབྱོར་པ་ཡིན་པས། བུ་ཁྱོད་ཀྱིས་རྨིས་པའི་རྨི་ལམ་གྱི་མཚན་ལྟས་དེ་རྣམས། དུས་ད་རེས་ཕ་རྒན་ངས་ཞིབ་ཚགས་སུ་བཀྲོལ་དེ་གོ་ངེས་ཤེས་པ་བཤད་ལ་བརྡ་དོན་ངོ་སྤྲད་ཀྱིས། ཐུགས་མ་ཡེངས་པར་གཏོད་ལ་སྙན་ལྷན་ནེར་གསོན་ཅིག་གསུངས་༼༨༧༽པའི་རྗེས་ལ། རྗེ་བཙུན་གྱི་རྨི་ལམ་ཞུ་གསོལ་གྱི་དྲིས་ལན་གསུང་དབྱངས་མགུར་དུ་བཞེངས་པ། གླུ་དྲིས་ལན་མཇལ་ལོ་ལྷ་རྗེ་བ། །སྙན་ལྷན་ནེར་གསན་ལས་ཐུགས་གཏད་འཚལ། །བུ་ཟངས་དཀར་ལུགས་ཀྱི་བདེ་མཆོག་ཤེས། །དབུ་རུ་སྟོད་དུ་བཀའ་གདམས་བསྐྱངས། །གནས་པ་ཟབ་མོའི་ཆུ་རྒྱུན་མངའ། །དེ་ཀུན་ངོ་མཚར་ཆེ་སྙམ་པ། །རྨི་ལམ་བག་ཆགས་ཉིང་འཁྲུལ་ལ། །ལྟས་ཕྱེད་དུ་བཟུང་ནས་ཡིད་གཏོད་པ། །བུ་ཁྱོད་གསན་རྒྱ་ཆུང་ངམ་རྫུ་བ་ལགས། །མདོ་རྒྱུད་བསྟན་བཅོས་མ་གཟིགས་སམ། །ངེས་དོན་ཕ་རོལ་ཕྱིན་པ་ནས། །རྨི་ལམ་ཡང་དག་མ་ཡིན་ཏེ། །གསོག་དང་གསོབ་དང་ཡ་མ་བརླ། །སྙིང་པོ་མེད་ཅེས་ཐུབ་པས་གསུངས། །དེ་བཞིན་སྒྱུ་མའི་དཔེ་བརྒྱད་ལ། །གོང་དང་འདྲ་ཏེ་རྒྱས་པར་གསུངས། །དེ་དོན་ཐུགས་སུ་མ་བྱོན་ནམ། །འོན་ཀྱང་ད་རེས་མཚན་ལྟས་དེ། །མ་འོངས་ལུང་བསྟན་ངོ་མཚར་ཆེ། །ང་རྨི་ལམ་སྦྱངས་པའི་རྣལ་འབྱོར་པ། །སྒྱུ་མ་ངོ་སྤྲོད་འཆད་པ་ཤེས། །མགོ་ལ་ཞྭ་དཀར་གྱོན་པ་དེ། །ཐེག་པ་ཡས་མར་འབུབས་པའི་བརྡ། །རྒྱ་མོའི་དར་ཆག་བཏབ་པ་དེ། །ཆོས་ཉིད་ཟབ་ཅིང་ཕྲ་བར་བསྟན། །སྤུ་སྡུག་འོབས་ཀྱི་ཁ་དོག་ལྟར། །གྲུབ་མཐའ་མ་འདྲེས་སོ་སོར་གསལ། །རྒོད་ཀྱི་བྱ་༼༨༨༽ཕོད་ལྡེམ་པ་དེ། །ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ། །སྐྱེ་མེད་ངོ་བོ་མཐོང་བའི་བརྡ། །སུམ་ལྷམ་ཟུང་གཅིག་གྱོན་པ་དེ། །སྤྱོད་པ་མས་ཡར་འཛེག་པའི་བརྡ། །ངོས་བཞི་འབུར་གྱི་རྒྱན་པ་དེ། །འབྲས་བུ་སྐུ་གསུམ་ཐོབ་པའི་བརྡ། །ཚོགས་གཉིས་བསགས་པའི་བརྡ་རུ་བསྟན། །སྒྲོག་ག་དངུལ་གྱི་ཨ་ལོང་དེ། །སྤྱོད་པའི་གོལ་ས་ཡིན་པའི་ཕྱིར། །རྟོག་མེད་རང་དགར་མི་སྤྱོད་ཅིང་། །རྒྱལ་སྲས་གཞོན་ནུའི་སྤྱོད་པ་ལྟར། །བག་ཡོད་མཛེས་པར་སྤྱོད་པའི་བརྡ། །དར་དཀར་རལ་ཀ་གྱོན་པ་དེ། །རང་རྒྱུད་སྐྱོན་གྱིས་མ་གོས་བརྡ། །གོང་སྐོར་གསེར་ཐག་བཙོ་མ་སྟེ། །མི་འགྱུར་བསམ་པ་བཟང་བའི་བརྡ། །མཚལ་གྱི་ཐིག་ཕྲན་འཛུམ་རིས་ཅན། །བརྩེ་བས་འགྲོ་དོན་བྱེད་པའི་བརྡ། །མེན་པོ་རས་ཡུག་སྐེ་རགས་ཀྱིས། །འཁོར་གསུམ་སྐེད་ལ་བཅིངས་པ་དེ། །རྒྱུད་སྡོམ་པ་གསུམ་དང་ལྡན་པའི་བརྡ། །མེ་ཏོག་སྣ་ཚོགས་རྒྱན་མཛེས་ཤིང་། །མུ་ཏིག་ཆུན་འཕྱང་སྤྲས་པ་ཡང་། །བསླབ་པ་གསུམ་གྱི་རབ་བརྒྱན་ཞིང་། །གདུལ་བྱ་དང་བ་འདྲེན་པའི་བརྡ། །སྟེང་ན་ཕྱིང་དཀར་གྱོན་པ་དེ། །ཆོས་སྐུ་དྲི་མེད་རྟོགས་པའི་བརྡ། །བཟོ་དང་གྲས་སུ་མ་བྱས་པ། །དེ་ལ་བཅས་བཅོས་མེད་པའི་བརྡ། །དངུལ་གྱི་ཕོ་ལོང་བཏབ་པ་དེ། །དེ་དོན་འགྱུར་བ་མེད་པའི་བརྡ། །ཨ་མྲ་ཙནྡན་དབྱུག་པ་དེ། །༼༨༩༽རང་འདོད་བླ་མ་རྙེད་པའི་བརྡ། །རིན་ཆེན་སྣ་ཚོགས་ཕྲ་བཀོད་པ། །དེ་ནི་རྗེ་ཡི་ཡོན་ཏན་ཡིན། །འཆང་བཟུང་གསེར་གྱི་དྲ་བ་དེ། །སྙན་བརྒྱུད་གནད་ཀྱི་གདམས་ངག་གིས། །སྐལ་ལྡན་རྗེས་སུ་འཛིན་པའི་བརྡ། །ལག་པ་གཡས་སུ་ཐོགས་པ་དེ། །བདེ་ནས་བདེ་བའི་ལམ་བསྒྲོད་དེ། །སངས་རྒྱས་ཞིང་དུ་གཤེགས་པའི་བརྡ། །མཚན་དང་ལྡན་པའི་ཀ་པཱ་ལ། །ངོ་བོ་སྟོང་པ་མཚོན་པའི་བརྡ། །བདུད་རྩི་བཅུད་ཀྱིས་བཀང་བ་དེ། །ཉམས་མྱོང་བདེ་བ་མཚོན་པའི་བརྡ། །གསེར་མདོག་འོད་དང་ལྡན་པ་དེ། །རྣམ་པ་གསལ་བ་མཚོན་པའི་བརྡ། །ཁོ་བོས་ཁ་ཕོར་བྱ་སྙམ་པ། །དེ་གསུམ་ཅིག་ཏུ་མཚོན་པའི་བརྡ། །ལག་པ་གཡོན་དུ་ཁྱེར་བ་དེ། །ཉམས་མྱོང་འབྲལ་བ་མེད་པའི་བརྡ། །སུམ་གལ་ཕྲ་བོ་མཛེས་པ་དེ། །ཅིར་སྣང་ལམ་དུ་སློང་བའི་བརྡ། །དོར་སྡེབ་ཕྲག་ལ་བཀལ་བ་དེ། །ཟུང་འཇུག་ཐབས་དང་ཤེས་རབ་ཀྱིས། །ཐེག་ཆེན་ལམ་ལ་བགྲོད་པའི་བརྡ། །ནང་གི་འབྲས་དཀར་ས་ལུ་དེ། །ཁོ་བོས་ཆོས་རྒྱགས་བྱ་སྙམ་པ། །སྐུ་ཚེ་ལ་བར་ཆད་མི་འབྱུང་ཞིང་། །བསམ་གཏན་ཟས་ཀྱི་འཚོ་བའི་བརྡ། །ཕྲག་གཡོན་ཀྲིཥྞའི་པགས་པ་དེ། །དྲན་པ་ཡེངས་མེད་མཚོན་པའི་བརྡ། །མགོ་དང་སྡེར་བཞི་མ་ཉམས་པ། །བྱང་ཆུབ་སེམས་ཀྱི་རྒྱུན་གོམས་༼༩༠༽ཤིང་། །ཚད་མེད་བཞི་ལ་སྦྱངས་པའི་ཕྱིར། །འགྲོ་དྲུག་སྡུག་བསྔལ་སེལ་བའི་བརྡ། །ཁོ་བོའི་སྟན་བྱ་སྙམ་པ་ཡང་། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །རྟོགས་པ་རྒྱུད་ལ་སྐྱེ་བའི་བརྡ། །དེ་རྗེས་གཡས་སུ་ཕར་བལྟས་པས། །གསེར་གྱི་སྤང་པོ་ངོས་བཟང་དེ། །ཕྱི་ནང་ཡོན་ཏན་རྒྱས་པའི་བརྡ། །བེ་ལུག་བཟས་ལ་བཀྲམ་པ་དེ། །ཆོས་དང་ཟང་ཟིང་སྐྱབས་གནས་ཀྱིས། །འགྲོ་བའི་རེ་འདོད་སྐོང་བའི་བརྡ། །ཁྱོད་ཀྱིས་ཕྱུགས་རྫི་བྱ་སྙམ་པ། །སྡུག་བསྔལ་མགོན་མེད་གྱུར་པ་རྣམས། །མི་འགྱུར་ཐུགས་རྗེས་སྐྱོང་བའི་བརྡ། །ཕྱིས་རྗེས་གཡོན་དུ་ཚུར་བལྟས་པས། །གཡུ་ཡི་ནེའུ་ཐང་སིང་མ་དེ། །ཟག་མེད་ཏིང་འཛིན་རྒྱུན་གོམས་པས། །དགའ་བདེ་ཡེ་ཤེས་མཐོང་བའི་བརྡ། །མེ་ཏོག་སྣམ་བུས་བརྒྱན་པ་དེ། །དྲོད་རྟགས་ཕྱོགས་མེད་རིམ་གྱིས་འབར། །ཉམས་མྱོང་སྣ་ཚོགས་སྐྱེ་བའི་བརྡ། །བུད་མེད་མང་པོས་ཕྱག་འཚལ་བ། །རྩ་དང་ཐིག་ལེ་ལ་གནས་པའི། །ཌཱ་ཀི་དབང་དུ་འདུ་བའི་བརྡ། །དབུས་མེ་ཏོག་སེར་པོའི་ཞིང་ཁམས་དེ། །ཏིང་འཛིན་རྟོགས་པ་དང་ལྡན་ཞིང་། །ཚུལ་ཁྲིམས་གཙང་མས་རབ་བརྒྱན་པའི། །མཁའ་ལ་སྤྲིན་བཞིན་དགེ་འདུན་རྣམས། །ཁྱོད་ཀྱི་འཁོར་དུ་འདུ་བའི་བརྡ། །ཤིན་ཏུ་འདབ་རྒྱས་གསེར་མདོག་ཅན། །པདྨ་སྤུངས་པའི་༼༩༡༽གདན་སྟེང་ཡང་། །ཤེས་པས་སྲིད་ལ་མི་གནས་ཕྱིར། །པདྨ་འདམ་གྱི་མ་གོས་ཡང་། །འཁོར་བའི་སྐྱོན་གྱིས་མ་གོས་བརྡ། །སེམས་དཔའི་སྐྱིལ་ཀྲུང་བཅས་པ་ཡང་། །སྙིང་རྗེ་ཞི་ལ་མི་གནས་ཕྱིར། །བྱང་ཆུབ་སེམས་དཔའི་གཞོན་ནུ་ལྟར། །འགྲོ་དྲུག་སེམས་ཅན་མར་གྱུར་ལ། །སྤྲུལ་སྐུས་འགྲོ་དོན་བྱེད་པའི་བརྡ། །མདུན་དུ་ཆུ་མིག་རྡོལ་བ་དེ། །ཆོས་ཀྱི་ཆབ་སྲིད་དར་བའི་བརྡ། །རྒྱབ་ན་འོད་ཅིག་འཁྱིལ་བ་དེ། །བོད་ཁམས་དཀར་པོར་གཏོང་བའི་བརྡ། །ལུས་ལ་མེ་ཆེན་འབར་བ་དེ། །བདེ་དྲོད་གཏུམ་མོ་ཡེ་ཤེས་མེས། །རྣམ་རྟོག་ཆབ་རོམ་ཞུ་བའི་བརྡ། །སྙིང་ལ་ཉི་ཟླ་ཤར་བ་དེ། །འགྲོ་འོང་མེད་པའི་འོད་གསལ་གྱིས། །ངང་ལ་རྟག་ཏུ་གནས་པའི་བརྡ། །བུ་རྨི་ལམ་མི་ངན་རྨི་ལམ་བཟང་། །དུས་ཕྱི་མར་འབྱུང་བར་ལུང་བསྟན་པ། །ལྟས་དགེ་བར་འཆད་པ་ཆོས་ཀྱི་བརྡ། །ལར་རྨི་ལམ་མངོན་སུམ་གང་ལ་ཡང་། །མཚན་མར་གཟུང་ན་བར་ཆད་ཡིན། །སྒྱུ་མར་གཟུང་ན་ལམ་དུ་འགྲོ །རྨི་ལམ་རྨི་ཤེས་འཆད་མི་ཤེས། །བཟང་རྨིས་ངན་ལྟས་སྡིག་པར་བཤད། །རྨི་ལམ་སྦྱངས་པ་ཀློང་གྱུར་པས། །རྨི་ལམ་བཟང་ལྟས་དགེ་བར་བཤད། །ལར་སྐྱོན་དང་ཡོན་ཏན་གང་ལ་ཡང་། །མཆོག་ཏུ་མ་འཛིན་རིགས་ཀྱི་བུ། །ཁྱེད་དགེ་སློང་གི་༼༩༢༽ཐུགས་ལ་དེ་ལྟར་ཞོག །བུ་ལྷ་རྗེ་དུས་ད་རེས་ཁྱེད་ལ་བྱུང་བའི་མཚན་ལྟས་དེ་རྣམས་མ་འོངས་པ་ལུང་བསྟན་པ་ཆོས་རྒྱུད་ལ་སྐྱེ་བའི་བརྡ་ཡིན་ཏེ། ཕ་རྒན་ང་ཡིས་འཆད་པའི་ཚིག་ཞིབ་ཚགས་སུ་བཀྲོལ་ཏེ་བརྡ་དོན་ངོ་སྤྲད་པ་དེ་རྣམས་མ་བརྗེད་པར་གྱིས་ལ་དུས་ཕྱིས་བདེན་རྫུན་གཏན་ལ་ཕོབ་ཅིག །བདེན་པར་གྱུར་ཙ་ན་བླ་མ་ང་ལ་ཡང་མོས་གུས་ཁྱད་པར་ཅན་ད་ལྟ་དང་འདྲ་བ་མ་ཡིན་པ་ཞིག་སྐྱེ་བ་ཡིན། བུ་ཁྱོད་ལ་ཡང་སེམས་ཀྱི་ངོ་བོ་མ་བཅོས་པར་མཐོང་བའི་རྟོགས་པ་ཁྱད་པར་ཅན་ཞིག་དེའི་དུས་སུ་འཆར་བ་ཡིན་ཏེ། ཚེ་འདི་རང་ལ་སྐྱེ་འཆི་གཉིས་ལས་ལོག་སྟེ་འཆི། ལར་ཁྱོད་སྒོམ་ཆེན་གཤའ་མ་ཞིག་བྱེད་བསམ་ན། རྨི་ལམ་དང་མཚན་ལྟས་ལ་མངོན་ཞེན་མ་ཆེ། བདུད་འཇུག་པའི་རྒྱུ་ཡིན། བླ་མས་གསུང་པ་དང་རང་ཞེ་བཅད་མ་གཏོགས་པ་གཞན་གྱི་ངག་གི་རྗེས་སུ་མ་འབྲང་། སེམས་སོ་མི་ཟིན་པའི་རྒྱུ་ཡིན། གཡས་གཡོན་གྲོགས་ཀྱི་སྐྱོན་མ་ལྟ། ངན་རྟོག་མ་མང་། བཅས་བཅོས་མ་བྱེད། གཞན་རྒྱུད་ཀྱི་སེམས་མི་ཤེས་པར་རློམ་སེམས་ཀྱི་ལྟུང་བ་འཕོག་པའི་རྒྱུ་ཡིན། འོ་སྐོལ་ད་ལྟ་སྐྱེ་ཤི་བར་དོར་འཁྲུལ་པའི་སྣང་བ་ལ་ལོངས་སྤྱོད་པ་འདི་རྨི་ལམ་ཆེན་པོ་རྨི་རྡོ་བ་ཡིན། ཉིན་མོ་བྱས་པའི་བག་ཆགས་དེ་ནུབ་མོ་གཉིད་ལོག་ཙ་ན་རྣམ་ཤེས་ཡིད་ཀྱི་འཁྲུལ་པ་ལས་བྱུང་བ་༼༩༣༽སྟེ། རྨི་ལམ་འཁྲུལ་པ་སྒྱུ་མ་ཉིང་འཁྲུལ་བྱ་བ་ཡིན། བག་ཆགས་དེ་གོམས་པ་མཐར་ཕྱིན་པས་ལས་དགེ་སྡིག་གི་རྗེས་སུ་འབྲངས་ཏེ། སྲིད་པ་བར་དོར་བདེ་སྡུག་གི་ཚོར་བ་ཉམས་སུ་མྱོང་བ་དེ། རྨི་ལམ་ན་རྨི་ལམ་ཆེན་པོ། སྒྱུ་མ་ན་སྒྱུ་མ་ཆེན་པོ། བར་དོ་ན་བར་དོ་ཆེན་པོ་ཡིན་ཏེ། དེ་ལམ་དུ་བྱེད་པ་ལ་རྨི་ལམ་སྒྱུ་ལུས་སྦྱངས་པའི་རྩལ་མཐར་ཕྱིན་འཚལ་བས། ཤུགས་ཕྱུང་ལས་བསྒོམས་མཛོད་གསུང་། དེ་ནས་ཟླ་བ་གཅིག་བསྒོམས་པས། དང་པོ་སྨན་བླ་མཆེད་བདུན་གྱི་ཞལ་མཐོང་། ཉིན་གཅིག་ལ་རླུང་འགྲོ་འོང་གཅིག་གིས་ཆོག་པ་བྱུང་། རླུང་བཏང་ཙ་ན་ཡལ་ནས་ཐལ། ཕྱི་དྲོ་རླུང་བཟུང་ཙ་ན་ལོངས་སྐུའི་ཞིང་ཁམས་རབ་འབྱམས་རྣམས་མཐོང་བས། དེ་ལ་སེམས་ཡེངས་ནས་རླུང་བཏང་ཙ་ན་ནམ་སྲོད་དུ་སོང་འདུག་པས། བླ་མའི་ཐུགས་དམ་ལ་གནོད་སྙམ་ནས་དེ་ནུབ་ཞུ་མ་ནུས། མཎྜལ་ཕུལ་ཞིང་གསོལ་བ་བཏབ། ཐོ་རངས་ཀྱི་ཐུན་ལ་རླུང་བཟུང་ཙ་ན། སངས་རྒྱས་སྟོང་རྩ་གཉིས་ཀྱི་གཙོ་བོ་ཤཱཀྱ་ཐུབ་པས་བྱས་པ་མཐོང་། ནངས་པར་ནམ་ལངས་ནས་ཞུར་བྱོན་ཙ་ན། ཕྱག་འཚལ་ཞིང་ཡོད་པའི་ཚེ། བླ་མའི་ཞལ་ནས་ད་ནི་ཡི་དམ་ལྷའི་ཞལ་མཐོང་ཏེ། ལོངས་སྐུ་དང་སྤྲུལ་སྐུ་གཉིས་དངོས་སུ་མཐོང་། ཆོས་སྐུ་ད་གཟོད་མཇལ་བ་འདུག་གིས་དབུས་སུ་སོང་ལ་སྒོམས་ཤིག །༼༩༤༽སྔར་གྱི་འཕྲང་དེ་ཚོ་ངས་བསལ་བ་ཡིན། ད་མངོན་པར་ཤེས་པའི་འཕྲང་ཡོད། དེ་བྱུང་ཙ་ན་ལྷའི་བུའི་བདུད་འཇུག་པ་ཡིན་པས་ཤིན་ཏུ་གསང་བ་གལ་ཆེ། སྤྱིར་ཡང་ཡོན་ཏན་ཐམས་ཅད་གསང་བ་གལ་ཆེ། ལར་དབང་པོ་རྣོན་པོའི་རྒྱུའི་སྟོབས་ཅན་ལ། བདུད་ཀྱིས་མི་ཚུགས་པ་ཡིན་ཏེ། ཁྱོད་དབང་པོ་རྣོན་པོར་འདུག་མོད་ཀྱིས། གསང་སྔགས་གསང་བས་འགྲུབ་པ་ཡིན་པས། གསང་ལ་སྒྲུབ་པ་གྱིས་ཤིག །སེམས་ཅན་ལ་ཕན་པར་འདུག་པས་ཚོགས་པ་ཡང་སྐྱོངས་ཤིག་གསུང་། ཚོགས་སྐྱོང་བའི་དུས་ནམ་ལགས་ཞུས་པས། སེམས་ཀྱི་ངོ་བོ་མཐོང་ནས་དེ་བརྟན་པ་དང་སྐྱོངས། ཅི་ཞིག་ལྟར་ལར་ད་ལྟ་འདྲ་བ་མ་ཡིན་པའི་རྟོགས་པ་ཞིག་རྒྱུད་ལ་སྐྱེ། དེའི་དུས་སུ་མི་རྒན་ང་ལ་ཡང་སངས་རྒྱས་དངོས་སུ་མཐོང་བའི་ངེས་ཤེས་བརྟན་པོ་ཞིག་འབྱུང་ལ། བུ་ཁྱོད་རང་ལ་ཡང་སེམས་ཀྱི་ངོ་བོ་མ་བཅོས་པར་མཐོང་བའི་རྟོགས་པ་ཡང་དག་པ་རྒྱུད་ལ་སྐྱེ་བས་དེའི་དུས་སུ་ཚོགས་པ་སྐྱོངས། རླུང་ལག་སོར་ལ་ཚུད་དམ་མི་ཚུད་ལྟོས། དེ་ཚུད་ན་རླུང་གི་འཕྲང་ལས་ཐར་བ་ཡིན་གསུང་། དེ་ནུབ་རྡོ་ལེབ་ཀྱི་སྟེང་དུ་ཐལ་བ་བླུག་ནས་སོར་མོ་གཏད་ཅིང་རླུང་བཅུན་པས། ཐལ་བ་བུན་བུན་བྱུང་སྟེ། ནངས་པར་བླ་མའི་དྲུང་དུ་དེ་ལྟར་བྱས་པས་རྩ་རླུང་ལ་དབང་ཐོབ་པ་བྱ་བ་ནི་མིན་ཏེ། རྩ་རླུང་ལས་སུ་རུང་བ་༼༩༥༽བྱ་བ་ཡིན་པས། ད་ང་དང་འགྲོགས་མི་དགོས་པས་སོང་ཞིག །སྤྲུལ་པ་དང་སྒྱུར་བ་ལ་སོགས་ཆོ་འཕྲུལ་དང་། མཆོག་ཐུན་མོང་གཉིས་ཀའི་དངོས་གྲུབ་ཐོབ་ནས་འོང་གིས། ད་འདི་ནས་ཤར་གྱི་ཕྱོགས་ནས་སྒམ་པོ་གདར་གྱི་རི་བོ། རི་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུ། རྩེ་མོར་རིན་པོ་ཆེའི་པྲོག་ཞུ་ལྟར་ཡོད་པ་ངའི་ཞྭ་འདི་ལྟ་བུ། ཤིང་སྤང་ཐང་གསེར་གྱི་མཎྜལ་ལྟ་བུ། མདུན་རི་རིན་ཆེན་སྤུངས་པ་ལྟ་བུ། རྒྱབ་རི་དར་དཀར་ཕྱར་བ་ལྟ་བུ། རི་བདུན་བློན་པོ་ཕྱག་འཚལ་བ་ལྟ་བུ་ཡོད་པས། རི་དེའི་མགུལ་ན་ཁྱོད་ཀྱི་གདུལ་བྱ་སྣོད་དང་ལྡན་པ་ཡོད་པས་དེར་སོང་ལ་སེམས་ཅན་གྱི་དོན་གྱིས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །བུ་སྟོན་པ་ཁྱོད་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་ཟས་ཀྱི་སྣང་བ་འཆར། །ཟས་ཀྱི་སྣང་བ་ཤར་ཙ་ན། །ཟས་སུ་ཟག་མེད་ཏིང་འཛིན་ཟོ། །ཞིམ་མངར་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་གོས་ཀྱི་སྣང་བ་འཆར། །གོས་ཀྱི་སྣང་བ་ཤར་ཙ་ན། །གོས་སུ་གཏུམ་མོའི་བདེ་དྲོད་གྱོན། །འཇམ་ལེགས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོང་། །བུ་སྟོན་པ་དབུས་སུ་༼༩༦༽བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་ནོར་གྱི་སྣང་བ་འཆར། །ནོར་གྱི་སྣང་བ་ཤར་ཙ་ན། །ནོར་དུ་འཕགས་པའི་ནོར་བདུན་བསྟེན། །ནོར་རྫས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་ཡུལ་གྱི་སྣང་བ་འཆར། །ཡུལ་གྱི་སྣང་བ་ཤར་ཙ་ན། །ཡུལ་དུ་ཆོས་ཉིད་གཏན་ཡུལ་བཟུང་། །ཕ་ཡུལ་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོང་། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་གྲོགས་ཀྱི་སྣང་བ་འཆར། །གྲོགས་ཀྱི་སྣང་བ་ཤར་ཙ་ན། །གྲོགས་སུ་རང་བྱུང་ཡེ་ཤེས་བསྟེན། །ཟླ་གྲོགས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་བླ་མའི་སྣང་བ་འཆར། །བླ་མའི་སྣང་བ་ཤར་ཙ་ན། །འབྲལ་མེད་སྤྱི་བོར་གསོལ་བ་ཐོབ། །བརྗེད་མེད་སྙིང་གི་དཀྱིལ་དུ་སྒོམས། །བླ་མའང་སྒྱུ་མ་རྨི་ལམ་འདྲ། །ལར་ཐམས་ཅད་སྒྱུ་མར་ཤེས་པར་མཛོད། །ཤར་སྒམ་པོ་དར་གྱི་རི་བོ་དེ། །རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། །རྩེ་མོ་རིན་ཆེན་པྲོག་ཞུ་འདྲ། །༼༩༧༽རྒྱབ་རི་དར་དཀར་ཕྱར་བ་འདྲ། །མདུན་རི་རིན་ཆེན་སྤུངས་པ་འདྲ། །རི་བདུན་བློན་པོ་འདུད་པ་འདྲ། །ཤིང་སྤང་གསེར་གྱི་མཎྜལ་འདྲ། །རི་དེའི་མགུལ་ན་གདུལ་བྱ་ཡོད། །ཁྱོད་དེ་རུ་སོང་ལ་འགྲོ་དོན་སྒྲུབས། །བུ་ཁྱོད་ཀྱི་འགྲོ་དོན་འགྲུབ་སྟེ་མཆི། །ཞེས་གསུངས་ནས་ཁྱོད་ཀྱི་མིང་ཡང་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་འཛམ་གླིང་གྲགས་པ་ཞེས་བྱ་བ་ཡིན་ནོ་གསུངས། དེ་ནས་དབང་དང་བྱིན་རླབས་ཐམས་ཅད་དང་ཆོས་མ་ལུས་པ་རྫོགས་པར་གནང་། རྗེ་ནཱ་རོ་པའི་གདམས་པ་ཐུན་མོང་མ་ཡིན་པ་རྣམས་རྫོགས་པར་ཞུས། ཆོས་དྲུག་གོང་ཁུག་མ་དེ་བླ་མའི་ཕྱར་བུའི་གོང་ནས་བྱུང་བ་ཡིན་གསུངས། དེ་ཡང་ལྕམ་ལྷན་ཅིག་སྐྱེས་པའི་སྒྲོན་མ་ཡོན་བདག་མོས་རྗེ་བཙུན་གྱི་ཕྱག་དཔེའི་གཉེར་མཛད་པ་ཡིན་ཏེ། མོ་ན་བ་ལ་སྨན་བཅོས་མཛད་པས། རིན་པོ་ཆེ་ལ་ཤིན་ཏུ་དགྱེས་ནས་ཆོས་ཀྱི་ནང་བྱིན་མཛད་དེ། རྗེ་བཙུན་གྱི་བཀའ་དཔེ་ལ་སོགས་པ་གདམས་ངག་གྱི་ཕྱག་དཔེ་རྣམས་རྩད་ཆོད་དེ། གསང་སྔགས་བླ་མེད་ཀྱི་རྒྱུད་ཐམས་ཅད་དང་། གདམས་པ་ལྷག་ལུས་མེད་པ་རྫོགས་པའི་མཐར། གཏོར་མ་ཆེན་པོ་ཞིག་དབུ་ཐོག་ཏུ་བཞག་སྟེ། མཁའ་འགྲོ་ཆོས་སྐྱོང་གི་དབང་བསྐུར་ནས། བུ་ཁྱོད་ཀྱི་སེམས་ཅན་དཔག་ཏུ་མེད་པའི་དོན་འགྲུབ་པར་འདུག་གསུང་། དེ་ཇི་ལྟར་ལགས་༼༩༨༽ཞུས་པས། དང་པོ་ཁྱོད་ཡོང་ཁར་ཡང་མཚན་རྟགས་གསལ་པོ་བྱུང་ལ། འདི་ན་ཡོད་པའི་ཚེ་ཡང་ང་དང་ཁྱོད་གཉིས་བང་འགྲན་པས་ཁྱོད་སྔོན་ལ་ཐལ་ཏེ། ང་བས་ཁོང་སེམས་ཅན་གྱི་དོན་རྒྱ་ཆེ་བར་འདུག་བྱས་པ་ཞིག་རྨིས། ཡང་ཕ་བོང་སྦྲ་བས་ཆེ་བ་ཡུལ་གཞན་དུ་འཕེན་པ་དང་། ཕྱག་གིས་ཕ་བོང་བརྡབས་པས་རྡུལ་ཕྲ་རབ་ཏུ་སོང་སྟེ། སྐུ་ལུས་ཀྱང་རེས་བཟང་ནུས་པ་ཚད་མེད་ཀྱི་ཕྱི་རོལ་ཡུལ་གྱི་འཇིགས་པ་དང་བྲལ་བར་འདུག་བྱས་པ་རྨིས་གསུངས། དེ་ལྟར་ཆོས་ཐམས་ཅད་དྲིས་པའི་སྒོ་ནས་ཀྱང་ཞུས། ཁོང་དྲི་བ་ལ་ཤིན་ཏུ་མཁས་པ་ཡིན་སྐད། དེའི་ལན་ཐམས་ཅད་ཀྱང་བླ་མས་གསུངས། རྣལ་འབྱོར་པ་གཞན་གྱི་དྲི་བ་ལ་ལན་མི་གསུང་བར་ང་ལ་ཆོས་འདྲི་ན་དབུས་པ་སྟོན་པས་འདྲི་དགོས་པ་ཡིན་གསུང་། ཆོས་ཐམས་ཅད་རྫོགས་པར་གནང་ནས། བླ་མའི་ཞལ་ནས་དབུས་སུ་སོང་ལ་སྒོམས་གསུངས། དེ་ལྟར་རྗེ་བཙུན་གྱི་དྲུང་དུ་ཟླ་བ་བཅུ་གསུམ་བཞུགས་ནས་གུང་ལོ་སོ་གཉིས་པ་སྟག་གི་ལོ་ལ། དབུས་སུ་འབྱོན་པར་བརྩམས་ཏེ། དེ་ནས་ཤིང་སྟག་པའི་ནགས་ཡོད་པའི་ལུང་པ་ཞིག་གི་ཆུ་ལ་རྡོ་ཟམ་ཆུང་ཆུང་ཞིག་ཡོད་པའི་ས་བར་དུ་སྐྱེལ་ཐུང་མཛད། དབུས་པ་སྟོན་པ་ཁྱོད་རྟེན་འབྲེལ་གྱི་གནད་ཅིག་གི་ཆུ་འདིའི་ཕར་ཁར་ཁོ་བོ་འགྲོ་མི་བཏུབ་པར་འདུག་པས། འོ་སྐོལ་ཕ་སྤད་ཀྱི་འཕྲིན་སྐོས་འདིར་བྱ། ཁྱོད་ཁྲེས་༼༩༩༽པོ་ཕོག་ལ་འདིར་སྡོད་ཅིག་གསུངས་ནས། རྗེ་བཙུན་ཟམ་པའི་སྟེང་དུ་ཕྱེད་དཀྱིལ་དུ་བཞུགས་པའི་ཞབས་གཡས་པ་ལ་གཏད་ཀྱིན་ཕྱག་མང་དུ་འཚལ། དབུ་སྟེག་ཙ་ན་ཞབས་ཀྱི་པདྨོ་ལ་བཏུད་དེ། སྤྱན་ཆབ་ཕྱུང་ཞིང་གསོལ་བ་བཏབ་པས། དེའི་རྟེན་འབྲེལ་ལ་ཤིན་ཏུ་མ་མཉེས་པས། རྗེ་བཙུན་གྱིས་ཨ་རུ་ར་གསེར་མདོག་མ་གཅིག་དང་། མེ་ལྕག་གཅིག་གནང་སྟེ། ང་ལ་ཡང་དགེ་སྦྱོར་སྐྱེ་དཀའ་བར་བྱུང་བ་ལ་གདམས་ངག་འདི་ལ་བརྟེན་ནས་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེས། བུ་ཁྱོད་ལ་ཡང་བར་སྐབས་སུ་དགེ་སྦྱོར་འཕེལ་འགྲིབ་བྱུང་ན་གདམས་ངག་འདི་དགོས་པ་ཡིན་གསུངས་ནས། ཕྱག་རྒྱ་ཆེན་པོ་རླུང་སེམས་གཉིས་མེད་ཀྱི་ངོ་སྤྲོད་གནང་ནས། ལར་ཁྱོད་ལ་སྒོམ་ཆེན་པ་མཐར་ཐུག་པ་ཞིག་འོང་བར་འདུག་གསུངས་ནས། བུ་དབུས་པ་སྟོན་པ་ཕ་ཚན་གྱི་ཁེ་དྲགས་སྤོངས། གཉེན་འདུན་གྱི་ཐག་པ་ཆོད། ཚེ་འདིའི་གདོས་ཐག་མེད་པར་གྱིས། རིའི་བུ་གྱིས་ཆོས་ཐམས་ཅད་གཅིག་ཏུ་དྲིལ་ལ་ཉམས་སུ་ལོངས། ཕ་རྒན་ང་ལ་གསོལ་བ་ཐོབ། གཞན་ཡང་དུག་གསུམ་རྒྱས་པའི་མི་དང་འགྲོགས་སུ་མི་རུང་། དེའི་གྲིབ་འཕོག་པ་ཡིན། དེ་གང་ཡིན་ན་སྣང་བ་དགྲར་ལངས་པའི་རིགས་ཅན། ཆོས་དང་གང་ཟག་ཐམས་ཅད་ལ་ངན་སྨྲས་ཆེར་འཐག་པའི་གང་ཟག་ཡོད། དེའི་ནང་ན་ཞེ་༼༡༠༠༽སྡང་མེ་ལྟར་འབར་ནས་ཡོད་པ་ཡིན། དཔེར་ན་སེམས་ཅན་སྦྲུལ་ལ་རྐང་ལག་དང་གཤོག་པ་ནི་མེད། སྦྲུལ་བས་ཉམ་ཆུང་བ་མེད་པ་ལ། ཁོ་མཐོང་བ་ཙམ་གྱིས་མི་རྣམས་དྲེད་ཅིང་དངངས་ནས་འོང་བ་དེ་ནང་ན་ཞེ་སྡང་ཆེན་པོ་ཡོད་པའི་རྟགས་ཡིན། ནང་ལ་ཞེ་སྡང་ཆེན་པོ་ཡོད་ན་ཕྱི་རོལ་ཐམས་ཅད་དགྲར་ལངས་ནས་འོང་བ་ཆོས་ཉིད་ཡིན། གང་ཟག་འགའ་ཞིག་རྡོ་བུབ་པ་ཅན་དང་ཤིང་ཉག་ཅན་ཚུན་ཆད་ཉར་བྱེད་པ་ཡོད་དེ། རྒས་ན་རྒན་རྒྱགས་ཤི་ན་དུར་ཟས་དགོས། གཞོན་དུས་ཚོགས་གསོག་པ་ལ་ཡང་ནོར་དགོས། དེ་མེད་ན་ཆོས་མི་ཡོང་ཟེར་ནས་ཐ་ན་བུན་སྐྱེད་ཁེ་ཚོང་ལ་སོགས་ལོག་འཚོ་འབའ་ཞིག་བྱེད་པ་ཡོད། དེའི་ནང་ན་འདོད་ཆགས་ཆུ་བཞིན་ཁོལ་ནས་ཡོད་པ་ཡིན། ཡང་གང་ཟག་ཁ་ཅིག་ཡང་དག་པའི་དོན་བསྒོམ་པའི་དུས་ད་ལྟ་མ་ཡིན། ཚེ་གཅིག་ལུས་གཅིག་གིས་སངས་རྒྱ་བྱ་བ་ཤེས་བྱ་ལ་མི་སྲིད་ཚོགས་མ་བསགས་པར་སྡིག་པ་མི་འབྱོངས། སྙིང་རྗེ་མ་བསྒོམས་པར་ཉན་ཐོས་སུ་གོལ། ཐབས་ཁྱད་དུ་བསད་པས་ཆད་ལྟ་རུ་སོང་ཟེར་བ་ཡོད། དེའི་ནང་ན་གཏི་མུག་མུན་པ་འཐིབས་པ་ལྟ་བུ་ཡོད་པ་ཡིན། དེ་འདྲ་བའི་མི་དང་གཏམ་བྱེད་དུ་ཡང་མི་ཉན། ཁྱོད་ཀྱི་བླ་མ་ནི་གང་ཆོས་ནི་གང་ཡིན་ཟེར་དུ་འོང་། ལེགས་པོ་བཤད་ཀྱང་དེ་འདྲ་མི་སྲིད་ཟེར་ནས། ཁོ་ཞེ་༼༡༠༡༽སྡང་གི་དབང་གིས་ཆོས་དང་གང་ཟག་གཉིས་ཀ་ལ་སྐུར་པ་འདེབས། བདག་གཞན་ཐམས་ཅད་ངན་འགྲོར་སྐྱེ་བའི་རྒྱུ་གསོག །དེ་བས་ན། ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ །ཞེས་བྱ་བ་དེའི་དུས་སུ་འབྱུང་བས། བདག་ལ་བརྟེན་ནས་གཞན་རྒྱུད་ལ་སྡིག་པ་གསོག །དུག་གསུམ་རྒྱས་པའི་མི་དང་འགྲོགས་སུ་མི་རུང་སྟེ། ཉན་ཐོས་ནང་དུ་ཞག་བདུན་གནས། །ཡན་ལག་ཉེས་པ་བདུན་པ་ཡིན། །ཞེས་བྱ་བའི་དོན་ཡང་དེ་འདྲ་ལ་ཟེར་བ་ཡིན། སྤྱིར་ཡང་རི་དྭགས་རྨས་མའམ་བྱ་བཞིན་དུ་ཟོན་བག་ཆེ་བར་བྱ། ཞི་བ་དུལ་བ་རྩེ་རག་ཆུང་བར་བྱ། བཟོད་པ་ཆེ་བར་བྱ། ཐམས་ཅད་དང་མཐུན་པར་བྱ། གཙང་སྦྲ་ཤིན་ཏུ་ཆེ་བར་བྱ། རྟོག་པ་ཤིན་ཏུ་ཆུང་བར་བྱ། རི་མཚམས་དང་སྨྲ་བཅད་དང་འདག་སྦྱར་གསུམ་གྱིས་དུས་འདའ་བར་བྱ། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་བླ་མ་དང་རྡོ་རྗེ་སློབ་དཔོན་མི་སྤང་བར་སློབ། བསག་སྦྱང་གཉིས་པོ་རང་སར་དག་ཀྱང་། ཚོགས་ཆུང་ངུ་ཆུང་ངུ་ནས་བསག །ལས་འབྲས་ནམ་མཁའ་ལྟར་གོ་ཡང་། སྡིག་པ་ཆུང་ངུ་ཆུང་ངུ་ནས་འཛེམ། མཉམ་གཞག་དང་རྗེས་ཐོབ་མེད་པའི་ཉམས་ཡོད། བདག་གཞན་མཉམ་པ་ཉིད་དུ་གོ་ཡང་ཆོས་དང་གང་ཟག་ལ་སྐུར་བ་མི་གདབ། ༼༡༠༢༽བུ་ཁྱོད་ཀྱིས་ཡོས་བུ་ལོ་རྟའི་ཟླ་བའི་ཚེས་བཅུ་བཞི་ལ། བྲིན་དང་སྙེ་ནམ་གྱི་རི་ལ་སླེབ་པར་གྱིས་ཤིག་གསུངས་ནས་དྭགས་པོའི་སྐྱེལ་མགུར་འདི་གསུངས་སོ། །བུ་སྤྲོས་བྲལ་སེམས་ལ་ཤར་དུས་སུ། །ཐ་སྙད་ཚིག་ཕྱིར་མ་འབྲང་ཞིག །ཆོས་བརྒྱད་སྒྲོག་ཏུ་ཚུད་ཉེན་ཡོད། །བུ་ང་རྒྱལ་མེད་པའི་ངང་ལ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །རང་གྲོལ་ནང་ནས་ཤར་དུས་སུ། །ཚད་མའི་སྦྱོར་བ་མ་བཀོད་ཞིག །དོན་མེད་འབད་རྩོལ་བྱེད་ཉེན་ཡོད། །བུ་རྣམ་རྟོག་མེད་པའི་ངང་ལ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །རང་སེམས་སྟོང་ཉིད་དུ་རྟོགས་ཙ་ན། །གཅིག་དང་དུ་མར་མ་སྦྲེལ་ཅིག །ཆད་པའི་སྟོང་ཉིད་དུ་འགྲོ་ཉེན་ཡོད། །བུ་སྤྲོས་པ་མེད་པའི་ངང་ལ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །ཕྱག་རྒྱ་ཆེན་པོ་སྒོམ་དུས་སུ། །ལུས་ངག་དགེ་སྦྱོར་མ་བརྩོན་ཅིག །མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། །མ་བཅོས་ལྷུག་པའི་ངང་ལ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །རྟགས་དང་ལུང་བསྟན་བྱུང་དུས་སུ། །དགའ་རློམ་ཆེད་དུ་མ་འཛིན་ཅིག །བདུད་ཀྱི་ལུང་བསྟན་འོང་ཉེན་ཡོད། །ཆེད་འཛིན་མེད་པའི་ངང་ལ་༼༡༠༣༽ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །རང་སེམས་གཏན་ལ་ཕེབས་དུས་སུ། །མངོན་ཤེས་ལ་འདོད་པ་མ་སྐྱེད་ཅིག །རློམ་སེམས་བདུད་ཀྱི་ཁྱེར་ཉེན་ཡོད། །བུ་རེ་དྭོགས་མེད་པའི་ངང་ལ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །ཞེས་གསུངས་སོ། །དེ་ནས་རྗེ་བཙུན་ཡར་བྱོན་ཏེ། སློབ་མ་རས་པ་ཐམས་ཅད་བསྡུས་ནས། ལྷ་རྗེ་སྟོན་པ་དེས་སེམས་ཅན་མང་པོ་ལ་ཕན་ཐོགས་པར་འདུག །མདང་ངའི་རྨི་ལམ་ན། ཁོ་བོའི་གན་ནས་བྱ་རྒོད་སེར་པོ་ཞིག་དབུས་སུ་འཕུར་དེ་སོང་། རི་ཆེན་པོ་ཞིག་གི་རྩེར་བབས་པ་ལས། ཕྱོགས་ཕྱོགས་ནས་ངུར་པའི་འཁོར་མང་པོ་འདུས། དར་ཅིག་ནས་སོ་སོར་གྱེས་ཏེ་སོང་། ངུར་བ་རེ་རེ་ལ་ཡང་ངུར་པ་གཡོག་ལྔ་བརྒྱ་ཙམ་རེ་འདུས་ནས། ལུང་པའི་ནང་ཐམས་ཅད་ངུར་བས་སེར་ཉོག་གིས་གང་ནས་སོང་བ་རྨིས། ཁོ་བོ་རྣལ་འབྱོར་པ་ཡིན་པ་ལ་ཁོ་བོས་རྗེས་སུ་རབ་ཏུ་བྱུང་བ་མང་པོ་འོང་བར་འདུག །ལྷ་རྗེ་སྟོན་པ་དེས་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་ཐོགས་པར་འདུག །ཁོ་བོས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་པར་འདུག་གསུང་། དེ་ནས་རྗེ་དྭགས་པོ་རིན་པོ་ཆེ་དབུས་སུ་བྱོན་ཏེ། སྔར་བཀའ་༼༡༠༤༽གདམས་ཀྱི་བླ་མ་རྣམས་ཀྱིས་ཞལ་ནས་ངེད་ཀྱི་རྟགས་མ་དོར་བར་ཤོག་ཅིག་གསུང་བ་དང་མཐུན་པར། དབུ་ཞྭ་ལ་སེར་ཚོས་མཛད། ན་བཟའ་ལ་ཕྲུག་གོང་བཏང་། སྐུ་འགག་ཧ་ཟླུམ་མཛད་པ་དང་། ཆགས་ལྷམ་དགུར་མོ་གསོལ་བ་ལ་སོགས་ཏེ། བཀའ་གདམས་ཀྱི་ཆས་རྣམས་མ་དོར་བར། དགེ་བའི་བཤེས་གཉེན་སྙུག་རུམ་པའི་སར་བྱོན་པས། ཁོང་གི་ཞལ་ནས་ཁྱོད་ཀྱི་རྣལ་འབྱོར་པའི་རྩར་ཕྱིན་པའི་ཡོན་ཏན་ཅི་ཡོད་གསུང་བའི་ལན་དུ། རླུང་ཕྱི་ནང་དུ་མི་རྒྱུ། རྟོགས་པ་ནམ་མཁའ་དང་མཉམ་ཞུས་པས། ཁྱེད་ལ་ཡོན་ཏན་བཟང་པོ་སྐྱེས་འདུག་སེམས་ཅན་གྱི་དོན་བྱ་རན་གསུང་བ་ལ། ཁོ་བོའི་ཚེ་རྟེན་འབྲེལ་ཙམ་ལས་མེད་པས། སྔོན་ལ་སྒྲུབ་པ་རང་གཅེས་པར་ཡོད་ཞུས་པས། ཚེ་སྲིང་བའི་གདམས་ངག་ང་ལ་ཡོད་གསུངས་ནས། སྒྲོལ་མ་དཀར་མོ་དང་སྙུག་རུམ་གཉིས་མི་ལབ་ལབ་ཀྱི་ཚུལ་དུ་ཡོད་པས་དེའི་སྒྲུབ་ཐབས་གནང་། དེ་ནས་གཉལ་དུ་བཞུགས་ཙ་ན། བླ་མའི་གསུང་དྲན་ནས། རྒྱ་པ་སེ་རེ་ལ་གསེར་ཞོ་བཅུ་གཉིས་བསྐྱིས། རས་སྒོམ་རས་པ་གྲོགས་སུ་ཁྲིད་བྱོན་པས། ཡར་ལུང་གི་མདོར་སླེབ་ཙ་ན། གཙང་ནས་འོངས་པའི་ཚོང་པ་དང་འཕྲད་པས། དེ་རྣམས་ལ་བྲིན་པ་སྤྱི་དུས་ཁམས་བདེའམ། བླ་མ་རྗེ་བཙུན་སྐུ་ཁམས་བདེ་བར་བཞུགས་སམ་ཞེས་དྲིས་པས། བྲིན་པ་སྤྱི་དུས་༼༡༠༥༽ཁམས་བདེ་སྟེ། བླ་མ་རྗེ་བཙུན་ནི་རྟའི་ཟླ་བའི་ཚེས་བཅུ་བཞི་ལ་བདེ་བར་གཤེགས་ཟེར་ནས་ཕྱག་མཁར་དང་། ན་བཟའི་རས་ཤིག་བསྐུར་ནས་འདུག་པ་གཏད་པས། དེའི་མོད་ལ་སྤྱན་ཆབ་མང་པོ་ཤོར། དྲན་མེད་དུ་གྱུར་བ་ལ་དྲུང་ན་ཡོད་པ་ཀུན་གྱིས་ཕྱག་ཞབས་ལ་སྐུ་མཉེ་ཕུལ། ཞལ་རས་ལ་ཆུ་མང་པོ་གཏོར་ནས། དར་ཅིག་ན་དྲན་པ་རྙེད་དེ། གསེར་སྲང་གང་ཁ་ཕྱེ་ནས་བྲིན་སྙེ་ནང་གྱི་ཕྱོགས་སུ་གཏོར། ཕྱག་མང་པོ་འཚལ་ནས་དེའི་ཚེ་བླ་མ་ལ་གསོལ་བ་འདེབས་པའི་མགུར་འདི་གསུངས་སོ། །རྗེ་གངས་དཀར་རྩེ་ལ་གཤེགས་པའི་ཚེ། །སེང་གེ་དཀར་མོའི་སྤྱོད་དང་མཚུངས། །ཟིལ་གྱིས་གནོན་པའི་རྣལ་འབྱོར་པ། །རྗེ་ནགས་ཀྱི་ཁྲོད་དུ་གཤེགས་པའི་ཚེ། །རྒྱ་སྟག་ཁྲ་བོའི་སྤྱོད་དང་མཚུངས། །རེ་དྭོགས་བྲལ་བའི་རྣལ་འབྱོར་པ། །རྗེ་བྲག་དཀར་རྩེ་ལ་གཤེགས་པའི་ཚེ། །ཐང་དཀར་རྒོད་པོའི་སྤྱོད་དང་མཚུངས། །ཕྱི་རྒྱ་རླབས་ཀྱི་ཆོད་པའི་རྣལ་འབྱོར་པ། །རྗེ་ཕྱོགས་མེད་རི་ཁྲོད་འགྲིམ་པའི་ཚེ། །རི་དྭགས་ཡོངས་ཀྱི་སྤྱོད་དང་མཚུངས། །གདོས་ཐག་ཆོད་པའི་རྣལ་འབྱོར་པ། །རྗེ་འཁོར་གྱི་ནང་ན་བཞུགས་པའི་ཚེ། །རྡོ་རྗེ་འཆང་གི་སྤྱོད་དང་མཚུངས། །ངེད་སྐལ་ལྡན་འདྲེན་པའི་རྣལ་འབྱོར་པ། །རྗེ་གླང་པོ་ལྟ་བུའི་སྤྱོད་པ་སྟེ། །མཉམ་གཞག་རྗེས་ཐོབ་མེད་པར་༼༡༠༦༽ངེས། །རྗེ་བུ་ཆུང་ལྟ་བུའི་སྤྱོད་པ་སྟེ། །ཕྱི་ནང་གཟའ་གཏད་བྲལ་བར་ངེས། །རྗེ་བློ་དང་བྲལ་བའི་སྤྱོད་པ་སྟེ། །དེ་ཉིད་ཐུགས་སུ་ཆུད་པར་ངེས། །རྗེ་མངོན་ཤེས་དག་སྣང་ལྡན་པ་སྟེ། །ནང་གི་སེམས་ཉིད་གསལ་བར་ངེས། །རྗེ་ཟས་སྐོམ་གྱི་འདུ་ཤེས་ཆུང་བ་སྟེ། །ཏིང་འཛིན་ཟས་སུ་གསོལ་བར་ངེས། །རྗེ་ནོར་བུ་དབང་གི་རྒྱལ་པོ་ལྟར། །དགོས་འདོད་རང་ལ་འབྱུང་བ་ཁྱེད། །རྗེ་སྐར་ཚོགས་དབུས་ཀྱི་ཟླ་རྒྱས་བཞིན། །མང་པོའི་ནང་ན་མཛེས་པ་ཁྱེད། །རྗེ་འདམ་གྱི་ནང་ནས་པདྨོ་བཞིན། །འཁོར་བའི་སྐྱོན་གྱི་གོས་པ་མེད། །རྗེ་འགྲོ་བ་ཡོངས་ལ་དྲིན་རེ་ཆེ། །བཀའ་བརྒྱུད་རྣམས་ཀྱི་རེ་བ་བསྒྲུབས། །ཁྱེད་ཀྱི་ཡོན་ཏན་དཔག་མེད་ལ། །བདག་གིས་ཅུང་ཟད་བསྟོད་པ་ལས། །ཐུགས་རྗེས་དགོངས་ཤིང་ཡོངས་སུ་བཟུང་། །དངོས་པོའི་བསྙེན་བཀུར་མ་མཆིས་ཀྱང་། །སྒྲུབ་པ་ཉམས་སུ་ལེན་ལགས་ཀྱི། །ཆོས་སྐུ་གཅིག་ཏུ་མ་གྱུར་བར། །བྱིན་རླབས་ཀྱི་ཆུ་རྒྱུན་མ་གཅོད་ཅིག །ཐུགས་རྗེའི་ལྕགས་ཀྱུས་མ་གཏང་ཞིག །དེ་ལྟར་བསྟོད་པའི་བསོད་ནམས་ཀྱིས། །རྗེ་བཙུན་ཉིད་དང་མཇལ་བར་ཤོག །མཇལ་ནས་བྱིན་གྱིས་རློབ་པར་ཤོག །ཅེས་བསྟོད་ནས་རང་གི་ཡུལ་ཕྱོགས་ལ་བྱོན་ཏེ། ཉི་མ་དྲོ་རན་གྱི་ཚེ། དཔེའུ་ལྕོག་ཅིག་གི་རྩ་ན་བུད་མེད་ཅིག་འདུག་པ་ལ་དྲོ་འདོད་དགོས་གསུངས་པས། དེ་ན་རེ་དྲོ་དྲང་གིས་༼༡༠༧༽སྟེང་དུ་བྱོན་ཟེར་ནས་གདན་དྲངས། བུད་མེད་དེས་ནས་སྤར་གང་ཁྱེར་ནས་ས་ཞིག་ལ་ཞིང་རྨོ་བའི་ཚུལ་བྱས་ནས་དེ་བཏབ་པས་མོད་དེ་ལ་ལྗང་པར་སོང་། དེ་ནས་སུ་སྨིན་ཏེ་བཙས་མ་བྱས་དབྱུག་པས་བརྡུང་། བརྔོ་ཐགས་བྱས་ཏེ་ཟན་རྫིས། ཆབ་ཐུག་སྐོལ་ནས་བླ་མ་ལ་དྲོ་དྲངས། ཆབ་ཅིག་བཏང་སྟེ་ཁ་བཤལ་ནས་བཞེངས་པར་སྙམ་བྱས་ཙ་ན། དཔེའུ་ལྕོག་དང་བུད་མེད་གང་ཡང་མི་འདུག་པས་ང་རང་འཁྲུལ་པ་ཡིན་ནམ་སྙམ་ཙ་ན། དེ་མིན་པར་ཟན་གྱི་སྒྲེགས་པ་ཆིལ་ཆིལ་འདུག །ལར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་བཞིན་དུ་སྟོང་། བདེན་རྫུན་གྱི་མཐའ་ཐམས་ཅད་དང་བྲལ་བ། འདི་ལྟ་བུ་ཞིག་ཡིན་ཨང་སྙམ་པ་བྱུང་སྟེ། ཉམས་སུ་མྱོང་བ་ཁྱད་པར་ཅན་ཞིག་རྒྱུད་ལ་སྐྱེས་སོ། །དེ་ནས་འཁོར་ལ་སྔ་བ་རས་སྒོམ་རས་པ་བྱ་བས་ཉེ་གནས་བྱས། དེ་དུས་བཀའ་གདམས་ཀྱི་གྲོགས་པོ་རྣམས་བྱ་བྱ་ཆོས་སྤྱོད་མང་དུ་བྱེད་པར་འདུག །དེའི་རམ་འདེགས་མ་བྱས་ན་ནི་སྡིག་པར་འདུག །ཁོང་རྣམས་ཀྱི་རམ་འདེགས་བྱས་པས། སྔར་གྱི་ཉམས་མྱོང་ཁྱད་པར་ཅན་རྣམས་ཡལ་ནས་སོང་། དབེན་པར་སྡོད་དགོས་བྱ་བ་ཡང་དེ་ལྟར་ཡིན། དཀའ་ཐུབ་བྱས་པས་ལུས་སྐམ། ཏིང་ངེ་འཛིན་ནི་ཤོར། སྔར་ཙ་ན་བླ་མའི་ཞལ་ནས་བྱེ་མ་བཙིར་བ་ལ་མར་ཁུ་མི་ཡོང་། ཡུངས་ཀར་ལ་མར་ཁུ་ཡོད་༼༡༠༨༽པ་ཡིན་ལུས་བཅུད་མེད་པ་ལ་ཏིང་ངེ་འཛིན་མི་ཡོང་གསུངས་པ་དེ་ཤིན་ཏུ་བདེན་པར་འདུག་གསུང་། དེར་ཐུགས་མ་བདེ་ནས་ད་ང་ལ་སྒོམ་གྱི་སྐལ་བ་མེད་ལས་ཆེ་བས། སྔར་གྱི་བཀའ་གདམས་ཀྱི་བླ་མ་རྣམས་ཀྱི་སར་འགྲོ་དགོས་སྙམ་པ་ལ། ཡང་ཐུགས་དགོངས་བཏང་བས། ཡང་ངའི་བླ་མ་རྗེ་བཙུན་སངས་རྒྱས་དངོས་ཡིན། ཁོང་གི་ཞལ་ནས་ཕྱག་རྒྱ་ཆེན་པོ་བསྒོམ་དུས་སུ། །ལུས་ངག་གི་དགེ་སྦྱོར་མ་བརྩོན་ཅིག །མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། །གསུང་བ་འདི་ཡིན་པར་འདུག །ད་ནི་དམྱལ་བར་ད་ལྟ་རང་སོང་རུང་བླ་མ་ལ་ལྟོས་པ་འཆའ་བ་ཡིན། རྗེ་ཁོང་རང་མཁྱེན་སྙམ་པའི་བློ་བཅོས་མ་མ་ཡིན་པ་ཞིག་སྐྱེས་ནས་བློ་ཁེལ་ངེས་སུ་སྐལ་ནས་གསོལ་བ་བཏབ་པས། དར་ཅིག་ན་རྗེ་བཙུན་གྱི་སྣང་བ་ཤར་ནས་མདུན་དུ་རྩེན་གྱིས་བྱོན། དེ་ནས་རིང་པོ་མ་ལོན་པར་དྲོད་རླུང་རང་ལུགས་སུ་ཚུད། ཕྱག་རྒྱ་ཆེན་པོ་ནམ་མཁའ་དང་མཉམ་པ་མཆོག་གི་རྟོགས་པ་སྐྱེས་ཏེ། འདིའི་དུས་སུ་མགུར་འདི་གསུངས་སོ། །ཨེ་མ་ཧོ། །རང་རིག་ཡེ་ཤེས་འོད་གསལ་འདི། །ཡོད་མེད་མཐའ་ལས་འདས་པ་ཞིག །རྟག་ཆད་གཉིས་དང་བྲལ་བ་ཞིག །ངོས་བཟུང་མེད་པར་གསལ་བ་ཞིག །ཡེ་ཤེས་ཡིན་ཕྱིར་སྐྱེ་འཇིག་བྲལ། །སྤྲོས་བྲལ་བདེ་བའི་ངོ་བོ་ཅན། །དམིགས་༼༡༠༩༽པའི་ཡུལ་མེད་ངོ་བོ་གསལ། །བདེ་བ་ངོས་བཟུང་མེད་པའི་ཉམས། །སྟོང་པ་ཡེ་ཤེས་གསལ་བའི་ཉམས། །འབད་རྩོལ་མི་དགོས་ཡེ་གསལ་ཉམས། །འདུ་འབྲལ་མེད་པས་གཉིས་མེད་ཉམས། །དགག་སྒྲུབ་མེད་པས་འོད་གསལ་ཉམས། །རེ་དྭོགས་མེད་པས་འབྲས་ཐོབ་ཉམས། །དོན་དང་བློ་རུ་ཕྲད་པས་ངོ་མཚར་ཆེ། །ངེས་ཤེས་གཏིང་ནས་སྐྱེས་པས་འགྱུར་ལྡོག་མེད། །ཐམས་ཅད་བརྫུན་དུ་ཤེས་པས་ཞེན་པའི་འཇིག་པ་མེད། །རྣམ་རྟོག་སེམས་སུ་ཤེས་པས་སྤང་བླང་གཉིས་དང་བྲལ། །ཉོན་མོངས་ཡེ་ཤེས་ཡིན་པས་གཉེན་པོ་བསྟེན་མི་དགོས། །རང་སེམས་དེ་ལྟར་རྟོགས་ན་ཆོས་སྐུ་ལྷུན་གྱིས་གྲུབ། །ཅེས་གསུངས་ནས་བོ་དྷི་ཙིཏྟའི་ཕྱག་འཕྲེང་ཉི་ཤུ་རྩ་གཅིག་ཡོད་པ་དེ་ལྕང་མའི་སྡོང་པོ་ཅིག་ལ་བཏགས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ང་ལུང་བསྟན་ན། ཤིང་འདི་ལ་ཤིང་ཁྱོད་སྐྱེ་བར་གྱུར་ཅིག །གལ་ཏེ་མ་བསྟན་ན་མི་སྐྱེ་བར་གྱུར་ཅིག །ཅེས་གསུངས་པས་བོ་དྷི་ཙི་དེ་ཉིན་གཅིག་ལ་སྐྱེས་སོ། །དེའི་དུས་སུ་རང་གི་སེམས་སྐྱེ་བ་མེད་པ་ཅིར་ཡང་མ་ཡིན་པ། ཅིར་ཡང་མ་གྲུབ་པ། རྣམ་པ་གསལ་བ། ཅིར་ཡང་སྣང་བ། ཅིར་ཡང་བཏུབ་པ་འདི་ངོ་མཚར་ཆེ་གསུངས་ནས་མགུར་འདི་གསུངས་སོ། །སེམས་ཉིད་འོད་གསལ་སྟོང་པ་འདི། །ལྟ་བ་ཡིན་པར་ད་༼༡༡༠༽གཟོད་ཤེས། །ཐ་མལ་ཤེས་པ་ཡེངས་མེད་འདི། །སྒོམ་པ་ཡིན་པར་ད་གཟོད་ཤེས། །འཛིན་མེད་རིག་པ་རྟེན་འབྲེལ་འདི། །ཉམས་མྱོང་ཡིན་པར་ད་གཟོད་ཤེས། །སེམས་ལ་ངེས་ཤེས་སྐྱེས་པ་འདི། །རྟོགས་པ་ཡིན་པར་ད་གཟོད་ཤེས། །རང་ལུགས་ལྷུག་པ་ཞེན་མེད་འདི། །སྤྱོད་པ་ཡིན་པར་ད་གཟོད་ཤེས། །རང་རིག་ངོ་བོ་གསལ་སྟོང་འདི། །ཆོས་སྐུ་ཡིན་པར་ད་གཟོད་ཤེས། །ཐོག་མེད་རང་སེམས་རྣམ་དག་འདི། །འབྲས་བུ་ཡིན་པར་ད་གཟོད་ཤེས། །ཨེ་མ་རིན་ཆེན་སེམས་ཀྱི་ཀློང་། །རྒྱུ་ཡི་དུས་ན་འབྲས་བུ་དངོས། །རྟོགས་ཤིང་མངོན་དུ་མ་གྱུར་ཀྱང་། །མཚན་མའི་དྲི་མས་མི་གཡོག་འཚལ། །ཞེས་གསུངས་སོ། །དེ་ཕྱིན་ཆད་སྡིག་གསོག་འཕྲོ་ཆད་ཀྱང་། ཐུགས་སོ་མ་བསོད་ནས་འོལ་ཁར་བྱོན་ཏེ་དགེ་ལུང་དུ་ཕྱག་ཕེབས། དེར་ལོ་གསུམ་བཞུགས། དེ་གོང་གཉལ་གྱི་སེ་བ་ལུང་དུ་ལོ་དྲུག་བསྒོམས། དེར་བཟའ་ཡང་ཆེ་བར་བྱུང་། བསྒོམ་ལ་ཡང་བཟའ་དགོས་པར་འདུག་གསུང་། དེ་ནས་བཟོད་སེམས་ཀྱི་ངོ་བོ་ཨེན་ཙམ་མཐོང་། སྤྱིར་ཁོ་བོ་ལ་སྒོམ་སྐྱེ་བ་དཀའ་བར་བྱུང་། རྨི་ལམ་བཟང་པོ་ཞིག་རྨིས་ནས་འདོད་པ་སྐྱེས་པ་ཡིན་གསུང་། རྨི་ལམ་ཅི་ལྟ་ཞིག་རྨིས་ཞུས་པས། གསེར་བརྐོས་པས་ཞོང་པ་གང་རྙེད། འདི་ལ་བརྒྱད་སྟོང་པ་ཞིག་༼༡༡༡༽འབྲི་དགོས་བྱས་པ་རྨིས། དེ་ནས་ཆེར་མ་ལོན་པར་ངེས་ཤེས་ཤིག་སྐྱེས། དང་པོ་ནི་ཆོས་ཐམས་ཅད་སེམས་སུ་ཤེས་པ་ཞིག་བྱུང་། ལྷན་ཅིག་སྐྱེས་སྦྱོར་ཨེན་རེ་ཙམ་མ་གཏོགས་པ་སྒོམ་པ་ནི་གཏུམ་མོ་ཁོ་ན་བསྒོམས། ཐམས་ཅད་རྟོག་པར་འདུག །རྟོག་པ་གློ་བུར་བར་འདུག །དེ་ཐམས་ཅད་སེམས་སུ་འདུག་སྙམ་པ་ཞིག་ནང་ནས་རང་ཤུགས་ཀྱིས་བྱུང་གསུང་། དེ་ནས་ཅི་ཞིག་ན་ཤེས་པའི་ངོ་བོ་སྔར་འདྲིས་ཀྱི་མི་དང་ཕྲད་པ་འདྲ་བ་ཞིག་བྱུང་། རིག་པ་རང་གི་ངོ་བོ་ཡེར་གྱིས་མཐོང་། སྔར་གྱི་སྒོམ་དང་མི་དྲ་བར་སིང་ངེ་ཡེ་རེ་བ་བྱུང་སྟེ། སྔར་གྱི་ཆོས་ཀུན་དང་བླ་མའི་མགུར་ཀུན་ཀྱང་བློ་ལ་བཀྲ་ལམ་གྱིས་བྱུང་། རེས་ནི་སྣང་བ་སྒྱུ་མ་ལྟ་བུར་ཝལ་ཝལ། རེས་འགའ་ནི་ཅོག་གེ་བ་ལྟ་བུ་ཡང་བྱུང་། རེས་ནི་ཤེས་པ་རང་གི་ངོ་བོ་གཅིག་པུར་སོང་། ཐམས་ཅད་སྒོམ་དུ་སོང་ཙ་ན་བསྒོམ་རྒྱུ་མི་འདུག །སྒོམ་མཁན་དང་སྒོམ་གྱི་ངོ་བོ་མ་རྙེད། སྔར་ཐོས་པའི་ཆོས་ཐམས་ཅད་ཕྱི་ཤུན་དུ་སོང་། རིག་པ་རང་གི་ངོ་བོ་རྟེན་མེད་དུ་སོང་ནས། སྣང་བ་ལ་བློ་བཏང་མི་དགོས་པ་བྱུང་། རེས་ནི་སྟོང་པར་རྟོགས། རེས་སྒྱུ་མ་རེས་འོད་གསལ་དུ་ཤར་བས་སྣང་བ་ལ་རྟོག་དཔྱོད་བྱ་མ་དགོས་གསུང་། རེས་ནི་ཉམས་ལ་རྒྱང་རྒྱང་སོང་བ་སྙམ་བྱེད་དེ། དེ་ཉམས་རང་ཡིན་པར་འདུག །༼༡༡༢༽རྟོགས་པ་བརྟན་དུ་སོང་བ་མིན་པ་བོགས་འདོན་རྒྱུ་ཆེར་མི་གདའ་གསུང་། སྔར་ནི་རྟོག་པ་བན་བུན་བྱུང་ཙ་ན་མེད་ན་དགའ་སྙམ་པ་བྱུང་བ་ལ། དེ་ནས་རྟོག་པ་འོད་གསལ་འབའ་ཞིག་ཏུ་སོང་ནས། ད་ཡོང་གང་གིས་ཀྱང་མི་གནོད་སྙམ་པ་བྱུང་། དེ་ཕྱིན་ཆད་འོད་གསལ་འབའ་ཞིག་ཏུ་སོང་། དུས་ད་ལྟ་ཡན་ཆད་དུ་རྒྱུན་ཆད་མེད་དེ། ཉིན་མཚན་མེད་རྒྱུན་ཆད་མེད་རྣལ་འབྱོར་པ་ལ་ཤི་མ་ཤི་མེད། བར་དོ་མེད་སྙམ་པ་ཞིག་བྱུང་། སྔོན་ཙ་ན་བཟླས་པ་མང་པོ་བྱས་ཀྱང་འདྲེ་གདོན་གྱིས་གནོད། ད་ལྟ་བཟླས་པ་རྡོག་གཅིག་མ་བྱས་ཀྱང་གནོད་མི་ནུས་པར་འདུག །སྔོན་དགེ་བཤེས་མཁས་པ་ཀུན་དང་འཕྲད་ན་ཉམ་ང་བ་སྙམ་བྱེད། ད་ནི་སངས་རྒྱས་བྱོན་ཡང་ཉམ་ང་མེད། གཞན་ཇི་ལྟར་མཁས་པ་ཞིག་དང་གླེང་སློང་བྱེད་ཀྱང་ཉམ་ང་བ་མེད། ཁོང་གི་དེ་རྣམས་རྒྱང་དུ་ལུས་ནས་འགྲོ་ཞིང་འདུག །ཡང་ནུབ་ཅིག་རྨི་ལམ་ན། བསེའི་གའུ་ཅིག་རྙེད་པ་དང་། སྒོམ་པ་བཀྲས་གཡུང་ན་རེ་ང་ལ་སྟོན་ཟེར་བ་ལ། མི་སྟོན་འདི་ན་ཇོ་བོ་རྗེའི་གདུང་རིང་བསྲེལ་དང་། བཀའ་གདམས་ཀྱི་གདམས་ངག་རྣམས་བཞུགས་པ་ཡིན་བྱས་པས། ཁོ་ནན་ཆེ་བས་ཁ་ཕྱེ་བ་ཞིག་རྨིས་ཏེ། ད་ལྟ་མི་ལ་ཕན་དམ་དུམ་ཐོགས་པ་བཀའ་གདམས་ལ་བརྟེན་ནས་ཕན་ཐོགས་པ་ཡིན་གསུང་། ཡང་ནུབ་གཅིག་གི་རྨི་ལམ་ན། མི་གཉིས་ལ་ཟངས་དུང་ཆེན་པོ་༼༡༡༣༽ཞིག་གཏད་དེ་འབུད་དུ་བཅུག་ནས། ད་ལྟ་དབུས་གཙང་གི་རྒྱལ་ཁམས་ནའང་དུང་འདི་ལས་སྒྲ་ཆེ་བ་མེད་བྱས་པ་ཞིག་རྨིས་ཏེ། སྟོན་ཡོན་བྱ་བ་ཞིག་ཡོད་པ་དེ་ལ་ཁོ་བོ་ལ་དེ་འདྲ་བ་ཞིག་རྨིས་ཏེ། སློབ་མ་འདི་ཀུན་ལ་ཆོས་ཀྱི་བལྟས་ཡིན་ནམ་བྱས་པ་ལ། ཁོང་ན་རེ་སློབ་མའི་ཆོས་ཀྱི་བལྟས་ཡིན་ཏེ་མི་འོང་། བླ་མ་རང་ལ་བལྟས་ཡིན་ཏེ་འོང་ཟེར་བ་ལ་ཕྱིས་དེ་ཁོ་ན་བཞིན་དུ་བྱུང་གསུང་། ཡང་ནུབ་ཅིག་རང་གི་ལུས་ལས་རིང་བསྲེལ་བྱུང་སྟེ། སྤང་གཤོངས་ཤིག་ལྟེམ་གྱིས་གང་བ་ལ་མང་པོ་ཞིག་རང་གི་ཁོང་དུ་མིད་པ་རྨིས། ད་ལྟ་ངའི་སློབ་མ་བཙུན་ཆུང་གསར་བུ་གཅིག་ཚུན་ཆད་ལ་ཡང་། ཤིན་ཏུ་གཉན་པའི་སར་བསྡད་ཀྱང་བར་ཆད་མི་འབྱུང་བའི་བརྡར་འདུག །ཡང་ནུབ་གཅིག་གི་རྨི་ལམ་ན། ཁོ་བོས་ལག་ན་མཚོན་རྣོན་པོ་ཞིག་ཐོགས་འདུག་སྟེ། དེས་རང་གི་བརླ་ཤ་ནས་བཅད་པ་གཅོད་ཁར་ཉམ་ང་བ་ཙམ་འདུག །བཅད་ནས་མི་ཚ་བར་འདུག་སྟེ་ཟོས་པས་ཤིན་ཏུ་ཞིམ་པར་བྱུང་། གཞན་ཐམས་ཅད་ལ་ཡང་གཅོད་དུ་བཅུག་ཅིང་བྱིན། གཉིད་སད་པ་དང་གོ་བ་ཞིག་རྙེད་དེ། རང་ལ་ཡོད་པ་རང་གིས་ཟོས། རང་ལ་ཡོད་པ་རང་གིས་མྱོང་། བྱ་བར་འདུག །གཞན་ལ་གཅོད་དུ་བཅུག་པ་དེ། གཡག་ཤའི་བེམ་ལ་གྲི་གུ་སུ་རྣོ་བྱ་བ་ཡིན་ཏེ། ང་ལ་ཆེར་འབགས་ཆེར་འཚེངས། ཆུང་འབགས་ཆུང་འཚེངས་པ་ཡིན། ༼༡༡༤༽ཡང་ལན་ཅིག་ཁོ་བོས་ལག་ན། སྒོ་ང་གཉིས་འདུག་པ་ལ་སྒོ་ངའི་ནང་ན། བྱ་ཕྲུག་སྐད་ཅི་དི་རི་རི་འདོན་པ་རྨིས། གཉིད་སད་པ་དང་། ངས་སློབ་མ་ཚར་ཏེ་འོང་བ་ཡིན་ནམ་སྙམ་པ་བྱུང་། ལར་ཁོ་བོ་ལ་སློབ་མ་དད་པ་ཅན་རྣལ་མ་ཞིག །ར་ཁྲིད་ལུག་ཁྲིད་ཀྱི་ཚུལ་དུ་ཁྲིད་ན། ཟླ་བ་ལྔ་ན་ཕྱིར་མི་ལྡོག་པའི་ས་ལ་འགོད་ནུས་པར་འདུག་གསུང་། དེ་བཞིན་དུ་རང་སེམས་ཀྱི་ངོ་བོའི་དཔེ་དོན་གསུངས་ཏེ། ལྷན་ཅིག་སྐྱེས་པ་གཉུག་མའི་ཡེ་ཤེས་རང་ལ་གནས་པའི་དཔེ། གྱད་ཀྱི་ཁོང་པ་ན་ནོར་བུ་ཡོད་པའམ། དབུལ་པོའི་མལ་འོག་ན་གཏེར་ཡོད་པ་ལྟ་བུ་ཡིན། བླ་མའི་གདམས་ངག་གིས་ངོ་ཤེས་པ་མུན་རུམ་དུ་ཟླ་བ་ཤར་བ་ལྟ་བུའི་དཔེ། སྒྲོན་མེ་ཐོགས་ནས་ཕྱིན་པས་མུན་པའི་ནང་ནས་གསེར་གྱི་བུམ་པ་རྙེད་པ་ལྟ་བུ་སྟེ། དཔེའི་དགོངས་པ་བཞི་པའོ། །གཉིས་འཛིན་གྱི་རྟོག་པ་ཕྲ་རགས་ཐམས་ཅད་རང་སར་ཞི་རྒྱ་མཚོའི་འཁྱག་པ་ལྟ་བུའི་དཔེ་དང་། སྣང་རིག་གི་དངོས་པོ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་རོ་གཅིག་པ་ཆུ་ལྟོངས་སུ་ཁ་བ་བབ་པ་ལྟ་བུའི་དཔེ། ཚོགས་དྲུག་གི་སྣང་བ་སྣ་ཚོགས་ཆོས་ཀྱི་དབྱིངས་སུ་དག་པ་ནམ་མཁའ་ལ་སྤྲིན་དེངས་པ་ལྟ་བུ་དང་། སེམས་ཉིད་ཡོངས་སུ་དག་པའི་ངོས་ལ་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་གསལ་བ་མེ་ལོང་གཡའ་དང་བྲལ་བའི་དཔེ་སྟེ། དཔེའི་དགོངས་པ་བརྒྱད་པའོ། །ལུས་༼༡༡༥༽སེམས་བདེ་བ་རྒྱས་པ་གཞོན་ནུ་ཟླ་བ་རྒྱས་པ་ལྟ་བུ་དང་། དེ་ཉམས་སུ་མྱོང་བ་གཞན་ལ་བཤད་དུ་མ་བཏུབ་པ་ལྐུགས་པའི་ལྕེ་ཐོག་ཏུ་སྦྲང་རྩིའི་རོ་བཞག་པ་ལྟ་བུ་དང་། ཕྲ་རགས་ཀྱི་བག་ཆགས་ཐམས་ཅད་རང་སར་དག་པས་འཁོར་བའི་ཆོས་ལ་ཉམ་ང་བག་ཚ་མེད་པ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ལྟ་བུའི་དཔེ་དང་། སེམས་ཉིད་ཡིད་བཞིན་གྱི་ནོར་བུ་དེ་ལ། འཁོར་འདས་ཀྱི་དགོས་འདོད་མ་ལུས་པར་འབྱུང་བ་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུའི་དཔེ་སྟེ། དཔེའི་དགོངས་པ་བཅུ་གཉིས་པའོ། །དེའི་དོན་མགུར་འདི་གསུངས་སོ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སེམས་ཅན་མ་ལུས་ཐམས་ཅད་ལ། །དེ་ཉིད་ཡོད་དེ་རྟོགས་པ་མེད། །དཔེར་ན་གྱད་ཀྱི་ནོར་བུ་བཞིན། །རང་ལ་ཡོད་དེ་ངོ་མ་ཤེས། །རྒྱུན་དུ་འགྲོགས་ཀྱང་ཞལ་མ་མཇལ། །བླ་མའི་དྲིན་གྱིས་དུས་འདིར་རྟོགས། །མུན་པའི་དཀྱིལ་དུ་ཟླ་ཤར་བཞིན། །རང་བློའི་དཀྱིལ་ནས་ཡེ་ཤེས་ཤར། །ཤར་བའི་ཉི་མ་ནུབ་པ་མེད། །ཉམས་སུ་མྱོང་བས་རང་རྒྱུད་ཚིམ། །བྱིན་རླབས་སྟོབས་ཀྱིས་ཡེ་ཤེས་རྒྱས། །རང་རིག་ཡེ་ཤེས་ནང་ནས་ཤར། །བརྗོད་བྲལ་གྱི་ཉམས་མྱོང་བློ་དང་བྲལ། །དོན་དང་བློ་རུ་ཕྲད་པ་ངོ་མཚར་ཆེ། །མ་བསམ་ལྷུན་གྱིས་གྲུབ་པ་ལ། །བསམ་གྱིས་མི་ཁྱབ་ཡེ་ཤེས་གསལ། །རྟག་ཏུ་ལོངས་སྤྱོད་ངོ་མཚར་ཆེ། །༼༡༡༦༽འོད་གསལ་ངོས་བཟུང་མེད་པ་ལ། །ཉམས་ལེན་བྱེད་པ་རྨད་ཀྱི་ཆོས། །རང་ཉིད་ཆོས་སྐུར་གྱུར་པ་ངོ་མཚར་ཆེ། །སྣང་གྲགས་སེམས་སུ་ཤེས་པས་ཞེ་འདོད་བྲལ། །དགའ་དང་སྤྲོ་བ་རྒྱུན་ཆད་མེད་པ་བྱུང་། །བདེ་བ་ཆེན་པོའི་དོན་ཅིག་རྙེད་པ་འདྲ། །ཕྲ་རགས་སེམས་ཀྱི་བག་ཆགས་དབྱིངས་སུ་དག །སེང་གེ་བཞིན་དུ་འཇིགས་དང་ཉམ་ང་མེད། །སྐྱེ་ཤི་འཁོར་བའི་ཆོས་དང་བྲལ་བ་འདྲ། །ནམ་མཁའ་བཞིན་དུ་ངོས་བཟུང་ཀུན་དང་བྲལ། །ཕྱོགས་ལྷུང་མེད་ཅིང་ཞེ་འདོད་དབྱིངས་སུ་ཞི། །སེམས་ཉིད་དེ་ལྟར་རྟོགས་ན་ལྟ་བ་ཡིན། །སྣང་སེམས་གཅིག་འདྲེས་ཆུ་དང་ཆབ་རོམ་བཞིན། །དེ་དོན་གཅིག་ཏུ་གོ་ན་རྟོགས་པ་ཡིན། །དེ་དོན་ནང་ནས་ཤར་ན་ཉམས་མྱོང་ཡིན། །དེ་ལ་རྩེ་གཅིག་འཇོག་ན་བསྒོམ་པ་ཡིན། །མ་ཡེངས་དྲན་པ་བརྟན་ན་སྤྱོད་པ་ཡིན། །དེ་ཉིད་ཆོས་སྐུར་རྟོགས་ན་འབྲས་བུ་ཡིན། །དེ་མ་རྟོགས་ན་གཟུགས་སྐུ་འབྱུང་མི་འགྱུར། །ཞེས་གསུངས་སོ། །བླ་མས་གསུང་བ་དེ་འདི་ཡིན་པར་འདུག་ཨང་སྙམ་པ་བྱུང་། ཆོས་ཐམས་ཅད་ཕྱི་ཤུན་དང་སྦུན་པ་བཞིན་དུ་ཡལ་ནས་སོང་། སྐྱེས་བུ་དབུལ་པོས་གཏེར་རྙེད་པའམ། སྔར་འདྲིས་ཀྱི་མི་དང་ཕྲད་པའམ། མགྲོན་པོ་རང་ཁྱིམ་དུ་སླེབ་པ་བཞིན་དུ་བྱ་སེམས་ཐམས་ཅད་དང་བྲལ། ང་སྐྱེ་བ་གཅིག་གིས་ཐོགས་པའི་སྲིད་པ་ཐ་མ་བ་༼༡༡༧༽ཡིན་ཨང་སྙམ་པ་བྱུང་། སྒོམ་ལྟ་ཐོག་ཏུ་སྐྱོལ། སྒོམ་བདག་པོའི་ལག་ཏུ་གཏད། བླ་མ་དྲིན་རེ་ཆེ་ཨང་། གདམས་ངག་ངོ་མཚར་ཆེ་ཨང་སྙམ་དུ། དུས་དེ་ནས་ད་ལྟའི་བར་དུ་ཉམས་ལ་འཕེལ་འགྲིབ་མེད། རྟོགས་པ་ལ་མཐོ་དམའ་མེད། སྤང་བླང་མེད་པའི་དོན་ལ་ཐེ་ཚོམ་མེད་གསུང་། དེ་ནས་ཡང་འོལ་ཁ་གྲབ་ཀྱི་གཙང་པོ་ལ་ཆོས་གོས་གཏིང་ནས་བྱོན། འོལ་ཁ་སྲིབ་ན་བཞུགས་པའི་ཚེ། ནུབ་ཅིག་གི་རྨི་ལམ་ན་ཁོ་བོ་ལ་བུ་གཅིག་འདུག་པ་འདི་མགོ་བོ་བཅད། རོ་རྦབ་ལ་བཏང་ནས་སྐྱེ་རྒྱུད་བཅད་དོ་བྱས་པ་རྨིས། གཉིད་སད་ནས་འཇིག་རྟེན་ན་བུ་བས་གཅེས་པ་མེད་དེ། བུ་ལ་ཡང་མ་ཆགས་བྱ་བ་ཡིན་སྙམ་པ་ལ་དེ་ཁོ་ན་བཞིན་བྱུང་། དེ་ནས་འཇིག་རྟེན་འདིའི་འཁྲི་བ་ཆོད་པ་ཞིག་བྱུང་གསུང་། འབྲེལ་བའི་དབང་དུ་བྱས་ན་ཡང་། ཚུལ་ཁྲིམས་སྙིང་པོ་དང་འཕགས་པ་ལ་སོགས་པ་ཡིན་ཏེ། འདི་ཀུན་རང་ལ་དགོས་སྙམ་པའམ་གཅེས་སྙམ་པ་མེད། རེ་ཤིག་ཙམ་ཁོང་གིས་ང་ལ་གཏུད་པས་དེ་ལས་མ་བཏུབ་གསུང་། སློབ་མ་རྣམས་ལ་ཡང་འདི་སྤང་སྙམ་པ་དང་། འདི་དགོས་སྙམ་པ་མེད་དེ་ཐམས་ཅད་ལ་མཉམ་ཉིད་ཅིག་ལས་མེད་གསུང་། རྫས་དང་ཡོ་བྱད་རྣམས་ལའང་འདི་ང་ལ་དགོས་སྙམ་པའམ་འདི་ཡོད་ན་རུང་སྙམ་པ་མེད་དེ། རེ་ཞིག་དགེ་འདུན་སྤྱི་ལ་དགོས་སྙམ་ནས་ཐུན་༼༡༡༨༽མོང་དུ་བཟུང་བ་ཙམ་ལས། ང་ལ་འདི་དགོས་སྙམ་པ་མེད་གསུང་། ཡང་ནུབ་ཞིག་མི་ནག་པོ་ཞིག་བྱུང་བ་དེ་བསད་པ་རྨིས། དེ་ཕྱིན་ཆད་བདུད་བཞིའི་བར་ཆད་ཀྱིས་མི་ཚུགས་སམ་སྙམ་པ་བྱུང་གསུང་། དེ་ཕྱིན་ཆད་རྨི་ལམ་ཡེ་རྨིས་མ་མྱོང་གསུང་། གཉིད་འོང་བར་འདུག་སྟེ་འོད་གསལ་འབའ་ཞིག་ཏུ་འགྲོ་བར་འདུག་གསུང་། དེའི་དུས་སུ་ཉང་སྒོམ་དང་ཟང་རི་རས་པ་ལ་སོགས་པའི་འཁོར་རྣམས་ལ་མགུར་འདི་གསུངས་སོ། །ཆོས་ཉིད་ཀྱི་ཀློང་ནས་དབྱངས་གཅིག་ལེན། །ཡེ་ཤེས་ཀྱི་ངང་དུ་ཚིག་ཅིག་འདེབས། །གཉིས་མེད་ཀྱི་དོན་འདི་གཏན་ལ་འབེབས། །གཞན་ཕན་སྙིང་རྗེ་ཞེན་མེད་འདི། །ཐབས་ཀྱི་མཆོག་ཏུ་བཙིར་གྱིས་བཟུང་། །ལྷན་ཅིག་སྐྱེས་པའི་རྣམ་ཤེས་འདི། །ཡེ་ཤེས་ཡིན་པར་བཙིར་གྱིས་བཟུང་། །ངེས་ཤེས་སྐྱེས་ན་དེ་ཉིད་ཡིན། །མཚན་མར་སྐྱེས་པའི་རྣམ་རྟོག་འདི། །ཆོས་སྐུ་ཡིན་པར་བཙིར་གྱི་བཟུང་། །ཉམས་སུ་མྱོང་ན་སྙིང་པོ་མཐོང་། །བཏགས་པའི་བག་ཆགས་སྣང་གྲགས་འདི། །དོན་དམ་ཡིན་པར་བཙིར་གྱིས་བཟུང་། །བརྟན་པ་ཐོབ་ན་བདེན་པ་མཐོང་། །དེ་ཡི་དོན་ཞིག་རྟོགས་འདོད་ན། །ཆུ་བོའི་རྒྱུན་བཞིན་ཉམས་སུ་ལོང་། །བཅས་བཅོས་མ་མང་ལྷུག་པར་ཞོག །བལྟ་ཉུལ་མ་བྱེད་རང་གར་ཞོག །ཡིད་ལ་མ་བྱེད་མི་དམིགས་༼༡༡༩༽ཞོག །ཉམས་དང་རྟོགས་པ་གཅིག་ཏུ་མཆི། །རྒྱུན་ཆད་མེད་པར་རྟོགས་ན་ཡིན། །ནམ་མཁའ་ལྟ་བུར་མཉམ་ན་ཡིན། །རང་སེམས་སངས་རྒྱས་སུ་མཐོང་ན་ཡིན། །ཆོས་ཉིད་མངོན་དུ་རྟོགས་སམ་སྙམ། །མཚན་མ་རང་སར་གྲོལ་ལམ་སྙམ། །མ་བསམ་ལྷུན་གྱིས་གྲུབ་བམ་སྙམ། །འདི་ཕལ་དང་ཕལ་གྱི་སྤྱོད་ཡུལ་མིན། །ཐོས་པ་ཆེ་བས་གོ་བ་མིན། །ཤེས་རབ་ཆེ་བས་ཤེས་པ་མིན། །རྟོག་གེ་བ་ཡི་སྤྱོད་ཡུལ་མིན། །བྱིན་རླབས་ཀྱི་ལམ་ལ་གནས་པ་ཡིན། །བླ་མའི་གསུང་ལ་བརྟེན་པ་ཡིན། །དད་པ་ཅན་གྱིས་རྟོགས་པ་ཡིན། དེ་ལྟར་ལགས་སོ་སྒོམ་ཆེན་ཀུན། །ཀུན་ལ་སྨྲ་བའི་རིགས་མ་ཡིན། །ཅེས་གསུངས་སོ། །ལར་ང་ལ་ནི་སྒོམ་རྒྱུད་ལ་བསྐྱེད་པར་བྱེད་པ་ལ་དཀའ་ལས་ཆེན་པོ་བྱེད་དགོས་པ་བྱུང་། ད་ལྟ་ཁྱེད་རྣམས་ལ་ནི་ཚེགས་མེད་དུ་སྐྱེ་ཞིང་འདུག་སྟེ། གདམས་ངག་ཐབས་ལམ་འདི་ཟབ་པའི་སྟེང་དུ། བཀའ་བརྒྱུད་འདི་ལ་བྱིན་རླབས་ཀྱི་བབས་ཆེན་པོ་གཞན་དང་མི་འདྲ་བ་ཞིག་ཡོད་པས། བསྒོམས་ནས་བཀའ་བ་སྤྱོད་ནུས་ན་ལམ་སྣ་ཟིན་པ་མང་པོ་འོང་བར་འདུག་གསུང་། བོགས་འདོན་པ་དང་བར་ཆད་སེལ་བ་དང་། ཉམས་མྱོང་རྒྱུད་ལ་སྐྱེ་བར་བྱེད་པ་ལ་ལམ་ཟབ་མོ་བླ་མའི་ལམ་གྱི་དབང་བསྐུར་ཐོབ་ནས། དེ་ཁ་ཡར་བསྒོམ་པ་དང་། གཏུམ་མོ་དང་ཕྱག་རྒྱ་ཆེན་པོ་འབའ་ཞིག་༼༡༢༠༽བསྒོམས་པས་ཆོག་པར་འདུག་གསུང་། གཞི་དེར་སྒྲུབ་པ་ལོ་བདུན་ཉམས་སུ་བླངས་པས་མི་མང་པོ་འདུས་ནས་ཐུགས་སོ་མ་བསོད་པས། ཟང་ཟིང་ཆེན་པོ་བྱུང་བའི་ཡོ་བྱད་རྣམས། འོལ་ཁའི་སྡེ་པ་རྣམས་ལ་བགོས་ཏེ་བྱིན། དབྱར་འོ་དེ་གུང་རྒྱལ་གྱི་གངས་ལ་བསྒོམ་དུ་བཞུགས་བསམ་ཙ་ན། ཐོ་རངས་ཁ་ཅིག་དངོས་ཀྱི་གདུལ་བྱ་ཡལ་བར་འདོར་བ་བྱང་ཆུབ་སེམས་དཔའི་ལྟུང་བ་ཡིན། ཟེར་བའི་སྒྲ་ཞིག་ནམ་མཁའ་ལས་བྱུང་། དེ་ནས་རིང་ཞིག་མ་ལོན་པ་ན། རྩད་པོའི་གཟུགས་སུ་འདུག་པ་ལ་དར་གྱི་ཐོད་ཆེན་པོ་བཅིངས་པ། མགུལ་ན་གཡུ་ཆེན་པོ་བཏགས་པ་ཞིག་བྱུང་ནས། དེ་ན་རེ་འདིར་བཞུགས་ན་ཡོན་བདག་ནི་ངས་བྱེད་པ་ཡིན། ད་མི་བཞུགས་ན་ངའི་བུ་དྭགས་ལྷ་སྒམ་པོ་ཅན་དུ་བཞུད་ཅིག །ཁོས་ཁྱེད་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པར་བྱེད་ཀྱིས། བདག་མཁའ་ལ་རྒྱུ་བའི་ཡི་དྭགས་སུ་སོང་བས། སེམས་ཅན་ལ་གནོད་པ་སྐྱེལ་སྙམ་པ་མེད་ཀྱང་མང་པོ་ལ་གཤིས་ཀྱིས་གནོད་པར་འདུག་པས། སྡིག་བཤགས་ཤིག་ཀྱང་ཞུ། སྐྱབས་འགྲོ་སེམས་བསྐྱེད་ཀྱང་ཐུགས་ལ་བཏགས་པར་ཞུ་ཟེར། དེར་སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་ཐབས་དང་། བྱམས་སྙིང་རྗེ་ལ་བློ་སྦྱང་ཐབས་དང་། སྐྱབས་འགྲོ་སེམས་བསྐྱེད་གནང་ནས་ཕྱག་རྒྱ་ཆེན་པོའི་སྒོམ་ཞིག་གདབ་དགོས་སྙམ་ཙ་ན། ནམ་༼༡༢༡༽མཁའ་ལ་འཇའ་ཡལ་བ་བཞིན་སོང་། དེ་ནས་དྭགས་ལྷ་སྒམ་པོར་བྱོན་ནས། ལོ་བཅུ་གཉིས་སུ་འདག་སྦྱར་བྱ་དགོས་སྙམ་ནས། ཟངས་ལུང་དུ་འདག་སྦྱར་གྱི་ཁང་པ་ལེགས་པ་ཞིག་བྱས་ནས། དང་པོ་ཆུའི་བཅུད་ལེན་བྱ་དགོས་སྙམ་ཙ་ན། ཆུ་མི་འདུག་ནས། རས་སྒོམ་རས་པས་ཆུ་མི་གདའ་ཞུས་པས། ཁ་སང་བསྡད་པའི་བྲག་རྩའི་སྟན་ཆུང་སོལ་ལས་ལྟོས་དང་གསུང་། རས་སྒོམ་རས་པས་ཆུ་སྐྱོགས་ཁྱེར་ནས་བཞུགས་གདན་བསལ་བས། དེའི་འོག་ན་ཆུ་མིག་ཁོག་མའི་ཁ་ཙམ་ཞིག་རྡོལ་ནས་འདུག །འདི་ལ་གཏིང་ཇི་ཙམ་ཡོད་སྙམ་ནས་བལྟས་པ་ལས། གཏིང་མི་འདུག་སྟེ་རིན་པོ་ཆེའི་ཞལ་ནས་ངའི་འདི་བཅོམ་ལྡན་འདས་ཀྱི་མདའ་ཆུ་ཁྲོན་པ་སྐྱེས་དང་འདྲ་གསུངས་ནས་རྟོགས་ལྡན་ལ་དགེ་སྦྱོར་དགོས་པའི་རྒྱུ་མཚན་ལྔའི་མགུར་གསུངས་པ། ཤེས་བྱ་གཤིས་ཀྱི་སྟོང་པ་དེ། །ཞེན་པ་བྲལ་ཡང་དོན་མ་རྟོགས། །གཉིས་འཛིན་ཅན་གྱི་སྒོམ་ཆེན་དེ། །ཉམས་སུ་མྱོང་ཡང་དོན་མ་ཡིན། །རྟོགས་པ་མེད་པའི་ལྟ་བ་དེ། །མཐའ་བྲལ་ཟེར་ཡང་བློས་བྱས་ཡིན། །གདོས་ཐག་མ་ཆོད་སྒོམ་ཆེན་དེ། །ཏིང་འཛིན་བཟང་ཡང་འཁོར་བའི་རྒྱུ། །སྙིང་རྗེ་མེད་པའི་ཆོས་པ་དེ། །འབད་རྩོལ་བྱས་ཀྱང་ཉན་ཐོས་ལམ། །ལར་ནི་བླ་མའི་གདམས་ངག་གཅེས། །དེ་བས་ཉམས་སུ་ལེན་པ་གཅེས། །༼༡༢༢༽ཞེས་གསུངས་ཏེ། འདག་སྦྱར་བྱ་དགོས་སྙམ་ཙ་ན། བུད་མེད་ལུས་ལ་ཐལ་བ་བྱུགས་པ་ལག་ན་རྨ་བྱའི་སྒྲོ་བཟུང་བ་ཞིག་ན་རེ། བཅུ་གཉིས་འདག་སྦྱར་བྱས་པ་བས། །བཅུ་གཉིས་བསྟན་པ་སྤེལ་ན་དགའ། །ཟེར་ནས་མི་སྣང་ངོ་། །དེ་ནས་ཞག་འགའ་ལོན་ནས། གཙང་གི་ཀློག་སྐྱ་སྟོན་པ་བྱ་བ་འཇིག་རྟེན་ཆོས་བརྒྱད་ལ་ཞེན་ཅིང་ཚུལ་འཆོས་ཆེ་བ་ཞིག་བྱུང་ནས། གདམས་ངག་ཞུ་ཟེར་བ་ལ་གསུངས་པ། ཕུང་པོ་སངས་རྒྱས་མངའ་བདག་དེ། །ཞེན་ཆགས་ལུས་ཀྱིས་མ་བཅིངས་སམ། །གསང་སྔགས་ནང་གི་སྤྱོད་པ་སྟེ། །དམན་པའི་སྤྱོད་པས་མ་སླད་དམ། །དམ་ཚིག་སྡོམ་པ་སྲོག་ཤིང་སྟེ། །ཉོན་མོངས་མེ་ཡི་མ་བསྲེགས་སམ། །འགྲོ་དྲུག་སེམས་ཅན་མར་གྱུར་ཏེ། །རང་དོན་ཕྲ་མོས་མ་སྤངས་སམ། །རྒྱུན་མི་ཆད་པའི་བསམ་གཏན་ཏེ། །སྤྲོས་པའི་གཡེང་བས་མ་ཁྱེར་རམ། །འགྱུར་མེད་ལྟ་བ་ལྷུན་གྲུབ་སྟེ། །གཉིས་འཛིན་མཐའ་རུ་མ་ལྷུང་ངམ། །ཞེན་མེད་སྒོམ་པ་བདེ་གསལ་ཏེ། །ཉམས་མྱོང་གི་རྩི་ལ་མ་འབྱར་རམ། །སྤྱོད་པ་རང་བྱུང་ལྷུག་པ་སྟེ། །ཚུལ་འཆོས་ཀྱི་སྤྱོད་པས་མ་སླད་དམ། །དུས་ལ་མ་བབ་བརྟུལ་ཞུགས་ཀྱིས། །གསང་སྔགས་ཀྱི་དམ་ཚིག་མ་ཉམས་སམ། །ནང་གི་གདེང་དང་མི་ལྡན་པར། །ལས་འབྲས་༼༡༢༣༽ཁྱད་དུ་མ་བསད་དམ། །ཡོན་ཏན་མངའ་བའི་སྒོམ་ཆེན་ཀུན། །ང་རྒྱལ་གྱི་རི་བོས་མ་ནོན་ནམ། །ཆོས་བརྒྱད་ཀྱི་སྒྲོག་ཏུ་མ་ཚུད་དམ། །ཚེ་འདིའི་ལྕགས་ཀྱུས་མ་བཟུང་ངམ། །ལེགས་པར་སོམས་དང་སྒོམ་ཆེན་ཀུན། །མ་མཐོང་གི་གཡང་སར་ལྷུང་ཉེན་གདའོ། །ཞེས་གསུངས་ནས། སྒོམ་གྱི་གདམས་ངག་གནང་ནས་སྒོམ་དུ་བཅུག་པས་ཕྱིས་ཆོས་བརྒྱད་ཆུང་དུ་སོང་ནས་སྒོམ་ཆེན་ཁྱད་པར་འཕགས་པ་ཞིག་བྱུང་ངོ་། །དེ་ནས་ཞག་འགའ་ན་དགེ་བཤེས་རྒྱལ་བ་ཁྱུང་ཚང་ཅན་བྱུང་། དེ་ནས་དགེ་བཤེས་གཉན་ནག་བྱུང་། དེ་ནས་སྙགས་དམར་པོ་དང་། དེ་ལ་སོགས་པ་དྲུག་ཅུ་ཙམ་འདུས། དེ་རྣམས་ཀྱི་ཁྲིད་ཚར་བར་བྱས་ལ་འཚམས་དམ་པོ་བྱ་དགོས་སྙམ་ཙ་ན། དབུས་གཙང་ཁམས་གསུམ་གྱིས་སྣོད་དང་ལྡན་པའི་གང་ཟག་རྣམས། དུས་གཅིག་ལ་འདུས་སོ། །དེ་རྣམས་ཐམས་ཅད་ལ་ཡང་རིང་པོར་མ་ལོན་པར་ཉམས་མྱོང་དཔག་ཏུ་མེད་པ་དང་། རྩ་རླུང་གི་ཡོན་ཏན་ཁྱད་པར་ཅན་ཡོད་པ་དང་། མངོན་པར་ཤེས་པ་དྲུག་ཀ་དུས་གཅིག་ལ་ཤར་བའི་གང་ཟག་ཤ་སྟག་བྱུང་ཞིང་། འཁོར་དེ་རྣམས་ཀྱང་མ་དག་པའི་དངོས་པོ་བརྒྱད་མི་འཆད་ཞིང་། ཙོག་པུའི་རྣལ་འབྱོར་ལ་བརྩོན་ཞིང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ། གསང་སྤྱོད་དང་། སྨྲ་བཅད་དང་། ༼༡༢༤༽རི་མཚམས་དང་འདག་སྦྱར་ཁོ་ནས་དུས་འདའ་བ་རྣམས་བྱུང་ངོ་། །དེའི་དུས་སུ་འཁོར་མང་བས་གཡེངས་ནས་ཐུགས་སོ་མ་བསོད་དེ། སྟོབས་ལུང་བྱ་བའི་ལུང་པ་གཉན་པོ་མི་མ་ཡིན་མངོན་གསུམ་དུ་འདུས་ནས་ཀླག་ཅོར་གྱི་སྒྲས་ལུང་པ་ཁེངས་པ་ཞིག་ཡོད་པ་དེར་བྲོས་ནས་བཞུགས་ཏེ། འཁོར་རྣམས་ཀྱིས་འདིར་འོང་མི་ནུས་སྙམ་པ་ལ། ཁོང་འགའ་ཙམ་བྱུང་བས་འདི་པ་སྙིང་ནས་ཆོས་བྱེད་པར་འདུག་དགོངས་ནས། ཁྱོད་རྣམས་ལུས་སྲོག་ལ་མ་ལྟོས་པར་འདིར་འོངས་ཕྱིན་ཆད་ཆོས་གང་འདོད་པ་སྦྱིན་ནོ་གསུངས་པས་ཁོང་རྣམས་ན་རེ་ཅི་གནང་བ་ཞིག་ཞུ་ཟེར་བ་ལ། ཆོས་འདི་མགུར་དུ་གསུངས་སོ། །ན་མོ་གུ་རུ། ཡུན་རིང་མི་སྡོད་འཆི་བར་ངེས་ཀྱིས་ཐར་པ་མྱུར་དུ་སྒྲུབས། །ཉི་མ་ནུབ་པའི་གྲིབ་སོ་བཞིན་དུ་མི་རྟག་ཕ་རོལ་འགྲོ་ངེས་ཀྱིས། །ལེ་ལོ་སྙོམས་ལས་སྤོངས་ལས་བརྩོན་འགྲུས་དྲག་པོ་མེ་བཞིན་སྤོར། །ཚེ་ལ་བློ་གཏད་མེད་པར་ངེས་ཀྱིས་རྒྱུན་པར་ཉམས་སུ་ལོང་། །ཉམས་སུ་བླངས་ན་བློ་དང་བྲལ་བའི་ཉམས་རྟོགས་དུས་གཅིག་འཆར། །རྒྱུ་ལས་འབྲས་བུ་འབྱུང་བར་ངེས་ཀྱིས་ལས་འབྲས་ཁྱད་མི་བསད། །ངན་སོང་སྡུག་བསྔལ་དྲན་པར་གྱིས་ལ་གཉེན་པོ་དྲག་ཏུ་བསྐྱེད། །རང་ཉིད་གཅིག་པུ་ཐར་པར་འདོད་ན་ཐེག་དམན་ཉན་ཐོས་ཆོས་ཡིན་པས། །མ་ཡི་༼༡༢༥༽དྲིན་དྲན་གྱིས་ལ་བྱམས་དང་སྙིང་རྗེ་རྒྱུན་དུ་སྒོམས། །བྱང་སེམས་སེམས་ཅན་སྒྲོལ་བའི་སྨོན་པ་དྲག་ཏུ་སྒོམས། །གོམས་པར་བྱས་ན་རང་ལ་ལྟོས་མེད་གཞན་ཕན་ཤུགས་ཀྱིས་འབྱུང་། །རང་རྒྱུད་གཏིང་ནས་འབྱོངས་ཤིང་སྒྲིབ་པ་གཉིས་པོ་ཤུགས་ཀྱིས་མཛད། །ཆོས་རྣམས་ཐམས་ཅད་སྒྱུ་མ་རྨི་ལམ་གཟུགས་བརྙན་ལྟ་བུར་ནི། །གོ་བར་གྱིས་ལ་ཚེ་འདིའི་འདོད་དང་ཞེན་པ་ཟིལ་གྱིས་གནོན། །དེ་ལྟར་གོམས་ན་རང་བློ་གཏིང་ནས་ལྡོག །རང་བློ་མ་ལོག་གང་ཟག་དེ་དག་གིས། །ཉོན་མོངས་བསལ་ནས་ཐར་པ་ཐོབ་མི་འགྱུར། །ཞེས་གསུང་ཞིང་ལར་གང་ཟག་གི་སེམས་ཀྱི་ངོ་བོ་ཅིར་ཡང་མ་གྲུབ་པར་ཤེས་ན། དེའི་ངང་ལ་བཞག་པ་དེ་ལས་ལྷག་པ་ཅི་ཡང་མེད་དེ། རྣམ་པར་རྟོག་པ་ཕྲ་མོ་བྱུང་ཡང་མི་ལྟོ། །དེ་རང་ལ་བལྟས་པས་ཚུར་ལོག་ནས་འོང་། སེམས་ཀྱི་ངོ་བོ་ཅི་ཡང་མ་ཡིན་པ་ལས་ལྷག་པ་གང་ཡང་མེད་དེ། རྟོག་མེད་ཀྱི་ཏིང་འཛིན་ནམ་མཁའ་ལྟར་ཆལ་གྱིས་སོང་བ་དང་། རིག་པའི་ངང་ལས་མ་ཡེངས་པ་གཉིས་གང་དགའ་ལྟ་སྟེ། རྟོག་མེད་ལུང་མ་བསྟན་དུ་འདུག་པ་དེས་དོན་མི་འགྲུབ། དེ་བས་ཐ་མལ་གྱི་ཤེས་པ་དགའ། ཡང་ནམ་མཁའི་ཁམས་ཐམས་ཅད་ལྷ་དང་ལྷ་མོས་གང་བ་ལ། དེ་རྣམས་ཀྱིས་བདག་ཡར་དྲངས་ཏེ། དེ་རྣམས་དང་བདག་ཐ་མི་༼༡༢༦༽དད་དུ་གྱུར་པ་གཉིས་གང་དགའ་བལྟ་སྟེ། དེ་རྣམས་དེ་ལྟར་སྣང་ཡང་། སེམས་ཀྱི་འཁྲུལ་སྣང་འགྱུར་བ་ཅན་ཡིན་པས། དེ་བས་ཀྱང་ཐ་མལ་གྱི་ཤེས་པ་རང་དགའ། ཡང་རང་ཉིད་སངས་རྒྱས་སུ་བྱས་ཏེ། སྐུ་མཚན་དཔེ་ལ་སོགས་པས་བརྒྱན་པ་འཇའ་ཚོན་ལྟར་གསལ་བ་བྱུང་ཡང་། དེ་བློས་བྱས་བསྐྱེད་པའི་རིམ་པ་ཡིན་པས། དེ་བས་ཀྱང་ཐ་མལ་གྱི་ཤེས་པ་དགའ། གཞན་གྱིས་རང་ལྷར་མཐོང་ཡང་དེ་བས་ཀྱང་ཐ་མལ་གྱི་ཤེས་པ་དགའ། ཡང་མཚན་ཉིད་པའམ་བཀའ་གདམས་པ་ལྟར། བཟུང་འཛིན་གཉིས་ཀ་གཞི་མ་གྲུབ་པར་སྐྱེ་མེད་དུ་བྱས་ནས། སྣང་བ་སྣ་ཚོགས་དཀར་དམར་འདི་ལ་ཡིད་ཀྱིས་སྣང་བ་ཨ་ཅང་ཆེ་ན། མིག་གིས་ཀྱང་མ་མཐོང་བར་ཆོས་ཐམས་ཅད་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟར་གྱུར་ཀྱང་། དེ་ཡང་བློས་བྱས་ཀྱི་སྟོང་པ་ཤེས་བྱའི་གཤིས་ལ་ཤོར་བ་བྱ་བ་ཡིན་ཏེ། དེ་བས་ཀྱང་ཐ་མལ་གྱི་ཤེས་པ་རང་དགའ། ཐ་མལ་གྱི་ཤེས་པ་ཉམས་སུ་མྱོང་བ་ལ་གསང་སྔགས་ནས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཆོས་དེ་རྣམས་གནང་སྐད། དེ་ནས་སྒམ་པོར་གདན་དྲངས་ནས་སྒོམ་ཆེན་པ་རྣམས་ཀྱིས་ཆོས་ཞུས་པའི་དུས་སུ། རིན་པོ་ཆེའི་གསུངས་ནས་ངའི་བཀའ་གདམས་༼༡༢༧༽ཀྱི་བླ་མ་རྣམས་ཀྱི་ཞལ་ནས། སྟོང་ཉིད་རྟོགས་ན་རྒྱུ་འབྲས་ལ་ཞིབ་ཆ་ཆེར་འགྲོ་གསུང་བ་ཤིན་ཏུ་བདེན་པར་གདའ། ལར་བཀའ་གདམས་ཀྱི་བླ་མ་རྣམས་ལའང་ཆོས་ཀྱི་བབས་ཆེན་པོ་ཞིག་འདུག །ད་ཁྱེད་རྣམས་ཀྱང་ངའི་ཁ་ལྟ་འདི་ལ་ཉོན་ཅིག་གསུངས་ནས། ཞལ་ལྟ་ཚོགས་ཆོས་ཀྱི་མགུར་འདི་བཞེངས་སོ། །ཡོངས་དགྲ་ལ་ཞེ་སྡང་ཆེ་བ་དང་གཅིག །གཉེན་ལ་གདུངས་སེམས་ཆེ་བ་དང་གཉིས། །ནོར་ལ་ཞེན་ཆགས་ཆེ་བ་དང་གསུམ། །དེ་གསུམ་ཆོས་པའི་སྤང་བྱ་ལགས། །ཆོས་གཤའ་མ་ཞིག་བྱེད་ན་འདི་གསུམ་སྤོངས། །སྙིང་ནས་མཛད་ན་འདི་གསུམ་སྤོངས། །ལྷོ་ཚོང་བྱང་དུ་སྐྱེལ་བ་དང་། །རྐང་ལེབ་བྲན་དུ་འཁོལ་བ་གཉིས། །ལུང་སྟོང་གི་གྲོགས་བུར་གཡེང་བ་གསུམ། །དེ་གསུམ་ཆོས་པའི་ཆོས་བརྒྱད་ཡིན། །ཆོས་གཤའ་མ་ཞིག་བྱེད་ན་འདི་གསུམ་སྤོངས། །སྙིང་ནས་མཛད་ན་འདི་གསུམ་སྤོངས། །སྟོན་པ་རྒས་པའི་བཟའ་དཔོན་དང་། །ཞེན་ལོག་རྒས་པའི་གསོག་འཇོག་དང་། །རྟོགས་ལྡན་རྒས་པའི་སློབ་གཉེར་གསུམ། །དེ་གསུམ་ཆོས་པའི་བླ་འཚོང་ཡིན། །ཆོས་གཤའ་མ་ཞིག་བྱེད་ན་འདི་གསུམ་སྤོངས། །སྙིང་ནས་མཛད་ན་འདི་གསུམ་སྤོངས། །མང་པོ་ཐོས་པའི་ཚིག་ཡུས་དང་། །གཅིག་པོར་བསྡད་པའི་བསྒོམ་ཡུས་དང་། །དཀའ་ཐུབ་བྱས་པའི་༼༡༢༨༽ལྟོགས་ཡུས་གསུམ། །འདི་གསུམ་ཆོས་པའི་ཁོང་སྲན་ཡིན། །ཆོས་གཤའ་མ་ཞིག་བྱེད་ན་འདི་གསུམ་སྤོངས། །སྙིང་ནས་མཛད་ན་འདི་གསུམ་སྤོངས། །སྡིག་ཟས་ཁྲ་བོའི་ཤ་དང་གཅིག །མྱོས་བྱེད་སེར་མོའི་ཆང་དང་གཉིས། །བསླུ་བྱེད་ན་ཆུང་གཞོན་དང་གསུམ། །འདི་གསུམ་ཆོས་པའི་བཙན་དུག་ཡིན། །ཆོས་གཤའ་མ་ཞིག་བྱེད་ན་འདི་གསུམ་སྤོངས། །སྙིང་ནས་མཛད་ན་འདི་གསུམ་སྤོངས། །མ་མཐོང་མངོན་ཤེས་འཆད་པ་དང་། །དམངས་པོའི་སྲིའུ་གསོ་བ་དང་། །མི་ཐུབ་ནད་པའི་སྔས་བསྲུང་གསུམ། །འདི་གསུམ་ཆོས་པའི་སད་ཁྱེར་ཡིན། །ཆོས་གཤའ་མ་ཞིག་བྱེད་ན་འདི་གསུམ་སྤོངས། །སྙིང་ནས་མཛད་ན་འདི་གསུམ་སྤོངས། །ཞེས་གསུངས་སོ། །དེ་ཡན་ཆད་རང་སྣང་གིས་བསྡུས་པའི་ཡོན་ཏན་ནོ། །གཞན་སྣང་གིས་བསྡུས་པའི་ཡོན་ཏན་ནི། གཞན་ཡང་སྐྱེས་བུ་ཆེན་པོ་དེས་ངོ་མཚར་བའི་སྤྱོད་པ་སྣང་བ་དང་མི་སྣང་བ་དང་། མང་པོ་གཅིག་ཏུ་མཛད་པ་དང་། གཅིག་མང་པོར་སྤྲུལ་པ་ལ་སོགས་པ། སྐུའི་བཀོད་པའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཞིག་མཛད་དེ། དེ་ཡང་དྭགས་པོ་ལྷ་ས་བ་ན་རེ། བླ་མ་རིན་པོ་ཆེས་དགུན་ཟླ་ར་བའི་ཚེས་བཅུ་གསུམ་གྱི་ཉིན་པར་དྭགས་པོ་ལྷ་སར་བྱོན་ནས། བཅུ་བཞི་ཉིན་པར་སྟ་གོན་མཛད། ༼༡༢༩༽བཅོ་ལྔ་ལ་མེ་ཏོག་གཏོར། བཅུ་དྲུག་ལ་གཏང་རག་གི་མཆོད་པ་དང་། ཆོས་སྟོན་དང་འབུལ་བ་རྒྱ་ཆེན་པོ་བྱས་སོ། །ཞེས་བཅུ་བདུན་གྱི་ཉིན་པར་གསུང་རབ་མང་པོ་དང་། ནས་ཤ་མར་སྣམ་བུ་མང་པོ་ལ་སོགས་པ་ལོངས་སྤྱོད་ཀྱི་འབུལ་བ་རྒྱ་ཆེན་པོ་སྒམ་པོར་བསྐྱལ་ནས་དེ་རྣམས་ཀྱིས་བསྔོ་བ་ཡང་མཛད། གྲལ་དེ་མ་ཞིག་པར་ཡོན་བདག་དགེ་འབུམ་འཁོར་བཅས་བྱུང་ནས་བླ་མ་ཆེན་པོ་ཆོས་ངེད་ལ་ཐུགས་ལ་བཏགས་པས་ཚེས་བཅུ་བཞིའི་ཉིན་པར་སྟ་གོན་བྱས། བཅོ་ལྔའི་ཉིན་པར་མེ་ཏོག་གཏོར། བཅུ་དྲུག་ལ་གཏང་རག་དང་ཆོས་སྟོན་འབུལ་བ་བྱས་ནས་དཔོན་སློབ་མདུན་གྱི་ནམ་མཁའ་ལ་བཞུགས། ངོ་མཚར་རེ་ཆེ་ཟེར་ནས་ཤ་ཐུད་མང་པོའི་འབུལ་བ་ཡང་བསྐྱལ། ཡོན་བདག་དེའི་བསྔོ་བ་ཡང་མཛད་དོ། །གཞི་ལ་ཡོད་པའི་གྲྭ་པ་རྣམས་ན་རེ། རིན་པོ་ཆེ་ནི་དུས་དང་རྣམ་པ་ཐམས་ཅད་དུ་སྐུ་མཚམས་ལ་གནས་པ་ཡིན་པ་ལ། དགུན་ཟླ་ར་བའི་བཅུ་གསུམ་ལ་མཚམས་ཕྱུང་ནས། བཅུ་བཞིའི་ཉིན་མཚན་ལ་གཙང་པ་རྣམས་ལ་ཁྲིད་མཛད། བཅོ་ལྔའི་ཉིན་མཚན་ལ་ཁམས་པ་རྣམས་ལ་ཁྲིད་མཛད། བཅུ་དྲུག་གི་ཉིན་མཚན་ལ་དབུས་པ་རྣམས་ལ་ཁྲིད་མཛད་དེ། བླ་མ་རིན་པོ་ཆེ་ནི་གང་དུ་ཡང་མ་བཞུད་ཟེར་རོ། །ཉེ་གནས་གསལ་བྱང་དང་། སྒོམ་པ་ལེགས་མཛེས་དང་། ཤོ་སྒོམ་བྱང་ཡེས་གསུམ་ན་རེ། ༼༡༣༠༽བླ་མ་རིན་པོ་ཆེ་ནི་ཟླ་བ་གསུམ་ལ་ཆོས་ཀྱང་མ་བཤད་གར་ཡང་མ་བཞུད། གསོལ་ཟས་ཀྱང་མ་གསོལ། སྨྲ་བཅད་མཛད་དེ་སྐྱོ་སངས་ལ་ཡང་མ་བཞེངས། གཟིམས་མལ་ཁོ་ནར་བཞུགས་ཤིང་འདུག་ཟེར་རོ། །ཡང་དུས་གཅིག་གི་ཚེ་ན་སྒོམ་པ་ལེགས་མཛེས་ཀྱིས། སྔོན་གྱི་ཉན་ཐོས་རྣམས་ཀྱིས་ནི་ཟད་པ་དང་། ཟིལ་གནོན་གྱི་ཏིང་ངེ་འཛིན་མང་པོ་འགྲུབ་པར་འདུག །ད་ལྟ་མི་འགྲུབ་པར་འདུག་པ་འདི་ཅིས་ལན་ཞུས་པས། དེས་སེམས་སྦྱོང་མི་ནུས་པས་ལན་པ་ཡིན་མོད། བསྒྲུབས་ན་མི་འགྲུབ་པའི་དོན་མེད་གསུང་། དེའི་ནངས་པར་ཞོ་ལ་བུ་རམ་བླུག་ནས་འདྲེན་དུ་སོང་ཙ་ན། བླ་མའི་གཟིམ་མལ་ན་མེ་ཆེན་པོ་ཞིག་འབར་ཞིང་ཐོག་ལ་རེག་རེག་འདུག །ཁོང་དེ་ལ་བྲེད་ནས་གསལ་བྱང་སྦྲན་ནས་ཕྱིན་ཙ་ན་མེ་མི་འདུག་ཟད་པར་མེ་ཡིས་ཏིང་ངེ་འཛིན་བསྟན་པར་འདུག་སྟེ། བླ་མ་ཉིད་ཀྱི་སྐུར་སྣང་ངོ་། །ཡང་ལན་གཅིག་གི་ཚེ་མར་མེ་འགའ་བྱས་ནས་མཆོད་ཁང་དུ་སྐྱེལ་ཕྱིན་པས། མཆོད་ཁང་ཆུས་མེར་གྱིས་ཁེངས་ནས་འདུག །དེ་ཅི་ཡིན་ནམ་སྙམ་ནས་སེ་གོལ་འགའ་བྱས་ནས། བླ་མའི་གསུངས་ནས་ཡར་ཤོག་གསུང་སྟེ་ཆུའི་སྣང་བ་མེད་པར་གྱུར་ཏོ། །ཡང་ཉིན་གཅིག་དྲོའི་རྗེས་ལ་སྟེང་ཁང་ན་བཞུགས་པའི་ཚེ། ཡོན་བདག་དར་རྒྱལ་བྱུང་ནས། རིན་པོ་ཆེ་ལ་ཇ་འདི་འབུལ་༼༡༣༡༽འདོད་ཟེར། དེ་ཞུར་ཕྱིན་པས་གསེར་གྱི་མཆོད་རྟེན་འོད་ལྷག་གེ་འདུག །ཡོན་བདག་ལ་སྟོན་དགོས་སྙམ་ནས་ཁྲིད་སོང་ཙ་ན་བླ་མ་ཉིད་བཞུགས་ནས་འདུག །ཡང་དུས་གཅིག་གི་ཚེ་ན། དགྲ་བཞི་ལམ་ཁྱེར་གྱི་གདམས་ངག་འདི་ཞུ་སྙམ་ནས་གཏོར་མ་ཞིག་ཁྱེར་ཏེ་སོང་ཙ་ན་ནང་དང་ཕྱི་རོལ་གང་ན་ཡང་མི་བཞུགས་པར་འདུག །དེ་ནས་ཁྱོད་ཅི་འདོད་ཡར་ཤོག་གསུངས་ནས། བླ་མ་གཟིམ་མལ་ན་བཞུགས་ནས་འདུག །དེ་རྣམས་ནི་ཟད་པར་མེ་དང་ཆུ་དང་ས་དང་ནམ་མཁའི་ཏིང་ངེ་འཛིན་ནི་ཕྱོགས་རེ་ཙམ་བསྟན་པ་ཡིན་ནོ། །ཡང་དགེ་བཤེས་ཁམས་པ་ན་རེ་སློབ་དཔོན་སྒོམ་པ་ལ། བླ་མ་རིན་པོ་ཆེ་ལ་གྲིབ་མ་མེད་པ་ཁྱེད་ཀྱིས་རྟོགས་སམ་གསུང་། ནུབ་མོ་མར་མེ་ལ་བལྟས་ཀྱང་གྲིབ་མ་མི་འདུག །ཉིན་པར་ཉི་མ་ལ་བལྟས་ཀྱང་གྲིབ་མ་མི་འདུག་སྟེ། དུས་ཐམས་ཅད་དུ་གྲིབ་མ་མེད་པ་ཡིན་གསུང་། གཞན་ཡང་ནམ་མཁའ་ལ་སྐྱིལ་ཀྲུང་མཛད་པ་དང་། བྲག་རི་ཆེན་པོ་ལ་ཐལ་བྱུང་དུ་གཤེགས་པ་ལ་སོགས་པའི་རྫུ་འཕྲུལ་མང་པོ་མཛད་ཅིང་། ཡང་འབྲོ་ཁྱི་རྫིའི་འཁྲུག་པ་བསྡུམ་པ་ལ་བྱོན་པས། སྒོམ་ཆེན་རྣམས་སྔོན་ལ་བཏང་བླ་མས་འཇའ་ལ་ཆིབས་ཏེ་བྱོན་པས་འཁྲུག་པ་ཐམས་ཅད་རང་ཞིར་གྱུར་ཏོ། །ཡང་ལན་གཅིག་སྒོམ་པ་བློ་བསྟན་གྱིས་ཤོག་གུ་འབུམ་ཚར་ཞིག་འབུལ་དུ་བྱུང་བ། ༼༡༣༢༽སྤྱན་སྔར་བཏང་ཙ་ན་ཕྱིར་ལོག་ནས་བྱུང་ནས། ཁྱེད་ཀྱི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ལྡེར་ཚོ་འདིའི་བཟོ་བོ་སུ་ཡིན་ལགས། བླ་མ་གང་ན་བཞུགས་ང་ལ་སྟོན་ཟེར། ལེགས་མཛེས་ཀྱིས་ཁྲིད་ནས་སོང་ཙ་ན་བླ་མ་ཉིད་བཞུགས་ནས་འདུག་གོ །ཡང་དུས་གཅིག་གི་ཚེ་ན། རོས་སྐམ་པའི་དགེ་འདུན་རྣམས་ཀྱིས་སྟོང་འབུལ་བྱས་ཤིང་སྤངས་སུ་ཁྲི་བརྩིགས། མང་སྐོལ་བྱས། སྒོམ་པ་ཤེར་གཞོན་སྤྱན་འདྲེན་དུ་སོང་བས། ཁྱོད་རང་སྔོན་ལ་བེར་ཐུལ་ཁུར་ལས་སོང་། ཉེ་གནས་ཀུན་མི་འདུག་པས་ཝས་ཁྱིམ་སློག་པས་ངས་སྒོ་བཅད་ལ་འོང་གིས་གསུང་། ཤེར་གཞོན་སྔོན་ལ་སོང་ནས་འཕྲང་ཁར་བསྒུགས་ཏེ་བསྡད་ཙ་ན་ཡུན་དུ་མ་བྱོན། མར་བལྟས་པས་ཁྲི་ཐོག་ཏུ་ཕེབས་ནས་འདུག །ལམ་གཞན་ལ་བྱོན་པ་ནི་མེད་པ་ལ་ཅི་ཡིན་སྙམ་ནས་འོངས་ཙ་ན། བན་དེ་སྟོང་ཙམ་གྱི་འབུལ་བ་བྱེད་པ་ཡང་ཚར་ནས་འདུག་གོ །ཡོན་བདག་ལ་སོགས་པས་ཤེར་གཞོན་ལ་རྒོལ་དུ་བྱུང་སྟེ། ཁྱེད་ཀྱིས་རིན་པོ་ཆེ་སྐུ་གསེར་དུ་བཅུག །ཐང་ལ་བཞུགས་སུ་བཅུག་ནས་འདུག་ཟེར་སྐད། དུས་བཟང་ཐམས་ཅད་ཀྱི་ཚེ་གཟིམས་ཁང་ལ་འཇའ་ཚོན་ཟུག་འོང་བ་མི་ཕལ་ཆེར་དག་བར་དོར་འོད་གསལ་མངོན་དུ་གྱུར་བའི་རྟགས་ཡིན་ཟེར། རྗེ་ཉིད་ལ་ཞུས་པས། དེའི་ཚེ་ཌཱ་ཀི་མ་རྣམས་འདུས་ཏེ་བྱུང་བ་ཡིན་གསུང་། ༼༡༣༣༽ཡང་བཙག་འབྱུང་གནས་ཡེ་ཤེས་ཀྱིས་གདན་དྲངས་ཏེ་འབྱོན་པར་ཞལ་གྱིས་བཞེས་པ་ལས། ནངས་པར་ཁོ་བོ་མི་འགྲོ་བཙུན་ཆུང་གཅིག་ངའི་ཙར་ཞོག །ཁྱེད་རང་ཀུན་སོང་གསུང་སྟེ་ཕྱིན་པ་ན། བླ་མ་སྔོན་ལ་ཕེབས་འདུག་སྟེ། ཆོས་སྟོན་གྲོལ་ནས་ཡར་ཕྱིན་ཙ་ན། རྗེ་ཉིད་གང་དུ་ཡང་མ་བྱོན་པར་བཙུན་ཆུང་ལ་ཆོས་ཤིན་ཏུ་དམར་བ་གསུངས་འདུག་སྟེ་སྐུའི་བཀོད་པ་བསྟན་པའོ། །ཡང་དུས་གཅིག་གི་ཚེ་སློབ་དཔོན་སྒོམ་པས། བླ་མ་རིན་པོ་ཆེ་ལ་བྱང་ཆུབ་སེམས་དཔའ་ས་དང་པོ་བས་སྟོང་གསུམ་རྡུལ་ཕྲ་རབ་གཅིག་ཏུ་བཅུག་པས་རྡུལ་ཆེར་མ་སོང་། སྟོང་གསུམ་ཆུང་དུ་མ་སོང་ཟེར་བ་དེ་རང་མཚར་ཞུས་པས་དེ་ལ་མཚར་རྒྱུ་མེད། ཤེས་བྱའི་ཆོས་ཉིད་ཡིན་པས་ཀུན་རྫོབ་ཀྱི་སྣང་བ་ལ་ཅི་ཡང་ཉན། མིའི་མིག་ཡུང་འབྲུ་ཙམ་གྱི་ནང་དུ་མཐོ་གང་གི་གཟུགས་ཚུད། མེ་ལོང་སོར་བཞི་པའི་ནང་དུ་རྟ་དང་གླང་པོའི་གཟུགས་ཚུད། ཆུ་ཕོར་གང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་དང་ནམ་མཁའ་ཡོངས་ཚུད། ཁོ་བོ་ལ་ལྟོས་དང་གསུངས་ཏེ། བླ་མ་ཉིད་བྱང་ཆུབ་ཆེན་པོའི་སྐུ་སྒམ་པོའི་རི་བས་ཆེ་བ་ཞིག་ཏུ་གྱུར་ནས་འདུག་པ། གཟིམས་སྤྱིལ་མི་ལྔ་ལས་མི་ཤོང་བ་དེའི་ནང་དུ་ཚུད་ནས་འདུག་གོ །ཡང་ཉིན་གཅིག་ཉི་མ་གཟས་ཟིན་པ་ལ་ཤིང་སྤངས་སུ་མང་སྐོལ་ཞིག་བྱས། དགེ་འདུན་སྟོང་ཙམ་ཚོགས་ནས་ཡོད་པའི་ཚེ། ༼༡༣༤༽རིན་པོ་ཆེ་པས་ཀྱང་ཡང་དགོན་གྱི་ཐང་ཁའི་ནམ་མཁའ་ལ་བྱོན། བུམ་ཆུ་མང་པོ་གཏོར་ཞིང་ཕར་བཞུད་ཚུར་བཞུད་མཛད་པ་ཐམས་ཅད་ཀྱིས་མཐུན་པར་མཐོང་། ཡང་མགར་སྒོམ་དཀར་པོས་ལྷ་བཅུ་གསུམ་མའི་ལུང་ཞུས་པས། དེ་བྱ་གསུངས་ནས་ལྷ་བཅུ་གསུམ་མའི་འཕྲེང་སྔགས་ཞལ་ནས་ནར་གྱིས་གསུངས་པས་འོད་ཟེར་ཁ་དོག་མང་པོ་བྱུང་ནས་མགར་སྒོམ་གྱི་སྙིང་ཁར་ཐིམ། དེར་མགར་སྒོམ་གྱིས་ཕྱག་འཚལ་མོས་གུས་བྱས་པས་བླ་མ་ཉིད་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པར་གྱུར་ནས་འདུག་པ་མཐོང་། ཡང་དུས་གཅིག་གི་ཚེ་ན་སྐྱོ་སྒོམ་གྱི་མ་ཤི་ནས་དགེ་རྩ་ལ་རིགས་ལྔ་ཚར་གཅིག་བཞེངས་ནས། བླ་མའི་སྤྱན་སྔར་གདན་དྲངས་ཏེ། འདི་རྣམས་ལ་རབ་གནས་མྱུར་པོ་ཞིག་ཞུ་དགོས། ང་མའི་རོ་སྲེག་པ་ལ་རིངས་པར་བདོག་ཞུས་པས། འོ་དེ་བྱ་སྤོས་རེང་ཞིག་སྲེགས་མཎྜལ་ཞིག་ཕུལ་གསུང་། དེ་མ་ཐག་བླ་མ་བྱང་ཆུབ་ཆེན་པོར་གྱུར་ནས་འདུག་པའི། དབུའི་གཙུག་ཏོར་ལས་འོད་ཟེར་འཇའ་ཚོན་ལྟ་བུ་བྱུང་ནས་སྐུ་རྣམས་ལ་སོ་སོར་ཟུག་པས་དྲིལ་ཤིང་ཀུན་ཁྲོལ་དི་རི་རི་འདུག །ནམ་མཁའ་ལ་གདུགས་དང་རྒྱལ་མཚན་དང་། བ་དན་དང་རོལ་མོའི་སྒྲ་མང་པོ་དང་། མེ་ཏོག་གི་ཆར་མང་པོ་འབབ་པའི་སྣང་བ་སྐྱོ་སྒོམ་ལ་བྱུང་། དེ་ནས་བླ་མས་སྤྱན་ཧར་གྱིས་ཕྱེ་ནས་རབ་གནས་མྱུར་པོ་བྱེད་ན་༼༡༣༥༽དེ་ཙུག་བྱེད་པ་ཡིན། ད་རྒྱུགས་ཤིག་གསུང་ངོ་། །ཡང་སློབ་དཔོན་སྒོམ་པས་རོ་གཅིག་གི་རྣལ་འབྱོར་རྒྱུད་ལ་སྐྱེས་དུས་སུ་ལུས་སེམས་སྣང་བ་གསུམ་གཅིག་ཏུ་འདྲེས་བྱ་བ་དེ་ཇི་ལྟར་ལགས་ཞུས་པས། མདུན་ན་ཀ་བ་ཞིག་ཡོད་པ་ལ་ཕྱག་ཡུག་མཛད་པས་ནམ་མཁའ་ལ་གཡུགས་པ་བཞིན་དུ། ཐོགས་པ་མེད་པར་ཕྱལ་ཕྱལ་འདུག་སྟེ་དེ་གསུམ་འདྲེས་ལུགས་འདི་ལྟར་འདྲེ་བ་ཡིན་གསུངས། ཡང་དུས་ཅིག་ན་ཟབ་ཀྱི་གཙང་པོ་ལ་བཞུད་ཙ་ན། ཆུའི་སྟེང་དུ་གདིང་བ་གཏིང་ནས་ཕྱག་གཡོན་པས་འཕྲེང་བ་བགྲང་། གཡས་པས་ཆུ་སྦྱིན་མཛད་ཅིང་བཞུད་པ་དང་། ཡང་བྲེ་གུའི་རི་ལ་བཞུགས་པའི་དུས། རྩད་པོ་ལྷ་སྒོམ་གྱི་རབ་གནས་མཛད་པས། མེ་ཏོག་རྣམས་རྟེན་ལ་རང་འབྱར་དུ་སོང་བ་དང་། མེ་ཏོག་གི་སྣོད་ལྷུང་བཟེད་ནམ་མཁའ་ལ་བཞག་པ་དང་། ཡང་སློབ་དཔོན་སྒོམ་ཚུལ་གྱིས་རླུང་ལག་སོར་ལ་སྟོན་ནས། སྤོས་རྒྱའི་ཐལ་བ་སྤུར་བ་ལ་ང་རྒྱལ་ཅུང་ཟད་སྐྱེས་པ་མཁྱེན་ནས་ནངས་པར་ཆོས་གོས་ཉི་ཟེར་ལ་བཀལ་ཏེ། ངས་ཀྱང་འདི་ལྟར་བྱས་ནས་འོང་སྟེ་ང་རྒྱལ་དུ་སོང་ན་ཆོས་པར་མི་འགྲོ །དེ་ཀུན་ཕྲལ་གྱི་ཡོན་ཏན་ཡིན། མཐར་ཐུག་གི་ཡོན་ཏན་ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་པ་ལས་ཡོང་བ་ཡིན། དེ་ཀུན་ང་རྒྱལ་རྡུལ་ཙམ་ཡང་མ་བྱེད་ཅིག་གསུང་། ཡང་ལྷ་སྒོམ་ལ་༼༡༣༦༽སོགས་པའི་མི་བརྒྱ་ཙམ་གྱིས་ཐུགས་རྗེ་ཆེན་པོ་ཁ་སརྤ་ཎི་མཐོང་བའི་སྣང་བ་མཐུན་པར་བྱུང་བ་དང་། ཡང་དབེན་ཕུག་ན་བཞུགས་པའི་ཚེ། ཉེ་གནས་ལེགས་མཛེས་ལ་ང་ལ་ཞག་བདུན་དུ་གཏམ་མ་བྱེད་ཅིག་གསུངས་ནས། རྩིག་པ་ལ་ཐོགས་མེད་དུ་ཕར་བཞུད་ཚུར་བཞུད་མཛད་པ་དང་། ཀེང་རུས་ཀྱི་མི་ཆེན་པོ་ཞིག་ཏུ་སྤྲུལ་ནས། གཡས་ན་གྲི་ཁུག་གཡོན་ཐོད་པ་ཁ་ཊྭཱཾ་ག་ཕྲག་ལ་བཀལ་སྟག་ལ་ཞོན་ཏེ། ཌོམ་བྷི་ཧེ་རུ་ཀ་ནི་སྟག་ལ་ཞོན། །ལུས་ངན་བུ་མོ་རབ་ཏུ་མཆོད། །དུར་ཁྲོད་གནས་ནི་ཁྱད་པར་རྒྱུ། །དེང་ཡིན་ཟེར་བ་མ་ཡིན་ཏེ། །ཞེས་གསུང་ཞིང་ནམ་མཁའ་ལ་བཞུགས་སོ། །ཡང་ཆོས་གོས་རྣམ་གསུམ་བསྣམས་ནས་བཞེངས་ཏེ། ཞབས་ཀྱི་རྟིང་པ་གཉིས་སྤྲད། བདུད་རྩི་ཐལ་སྦྱོར་གྱི་ཕྱག་རྒྱ་སྤྱི་བོར་མཛད་ནས་ཞག་གསུམ་བཞུགས་པ་ལ་ནུབ་དང་པོ་ལ་སྐུ་བདུན་དུ་སྣང་། གཉིས་པ་ལ་བཅུ་བཞིར་སྣང་། གསུམ་པ་ལ་གཟིམས་ཁང་ཐམ་འགག་ནམ་འགག་གང་ནས་འདུག་ཙ་ན། ཡང་སྐད་ཅིག་དེ་ལ་སྐུ་དེ་རྣམས་མི་སྣང་བར་གྱུར་ཏོ། །གཞན་ཡང་ཞག་གཅིག་ལ་སྲོག་རྩོལ་ལན་གཉིས་དགག་པས་ཆོག་པ་དང་། ཉམས་རྟོགས་ཕུལ་བ་དང་། གེགས་སེལ་བ་དང་། གདམས་ངག་ལ་སོགས་པ་ཅི་ཞུས་ཀྱང་། གཏོར་མ་བཤམས་མཎྜལ་ཕུལ་ཏེ་འཕྲུལ་འཁོར་བཅས་ནས་བསྡད་༼༡༣༧༽པ་ཙམ་གྱིས་དྲི་མི་དགོས་པར་སོ་སོ་རང་རང་གི་སེམས་ལ་ཇི་ལྟར་འདོད་པ་བཞིན་གསུང་ལ། དེ་ལ་སོགས་པ་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་སྟེ། དེ་དག་གི་ཤེས་ལུགས་རྣམས་བྲིས་ན་ཟད་པ་མེད་དེ། ཅུང་ཟད་ཙམ་ལས་འདིར་མ་བྲིས་སོ། །གཞན་ཡང་ཞལ་ཕུ་གཉན་ན་བཞུགས་པའི་དུས་སུ། ཚེས་བཅོ་ལྔའི་ཟླ་བ་ཤར་ནས་ཨེན་ཅིག་ལོན་པ་ན། གནས་གསུམ་གྱི་མཁའ་འགྲོ་སྤྲིན་བཞིན་གཏིབས་པ་ལྟ་བུའི་དབུས་ན་ཆོས་གསུང་ཞིང་བཞུགས་པ་དགེ་བཤེས་ཁམས་པས་གཟིགས་ཏེ། བསྟོད་པ་ཡང་མཛད། ཡང་བླ་མའི་གཟིམས་ཁང་དུ་བུད་མེད་ཀྱི་གད་མོ་རྒྱུན་མི་འཆད་པར་འབྱུང་བ་དང་། ཡང་སྒོམ་ཆེན་ཞིག་གིས་རི་ཟུར་ཅིག་ཏུ་ཁམས་བསང་ལ་ཕྱིན་པས་བླ་མའི་སྐུ་མདུན་ན། བུད་མེད་མང་པོ་བྲོ་བརྡུང་ཞིང་འདུག་སྟེ་ཕྱིན་ཙ་ན་སུ་ཡང་མི་སྣང་། དེ་རྣམས་ནི་ཡེ་ཤེས་ཀྱི་ཌཱ་ཀི་དུས་རྒྱུན་པར་འདུ་བ་ཡིན་གསུང་། ཡང་གཉན་ན་བཞུགས་པའི་དུས་སུ་དབྲོང་ཁའི་དུས་མཆོད་ལ་བྱོན་པ་དང་། ཡ་གིར་བཞུགས་པ་མཐུན་སྣང་ཞིག་ཏུ་བྱུང་བས། དགེ་བཤེས་ཁམས་པས་ཇི་ལྟར་ལགས་ཞུས་པའི་ཚེ། དེ་ལ་དཀའ་རྒྱུ་མེད་རྟོགས་པ་ཕྱོགས་གཉིས་སུ་བཀྱེ་བས་ཆོག་པ་ཡིན་མོད་གསུངས། ད་རེས་ཞུ་བའི་སྐབས་ཞིག་བྱུང་སྙམ་ནས། བླ་མ་རིན་པོ་ཆེའི་སྤྲུལ་པ་ཅི་ཙམ་མཛད་པ་༼༡༣༨༽ལགས་ཞུས་པས། ངས་སེམས་ཅན་རེའི་མདུན་དུ་སྤྲུལ་པ་མི་འདྲ་བ་རེ་འགྱེད་ཀྱང་དཀའ་ལས་མེད་གསུང་སྟེ། དེར་ཁོ་བོའི་དྲི་རྒྱུ་ཟད་པ་ཡིན་གསུངས། གཞན་ཡང་ཨུ་རྒྱན་ལ་སོགས་པ་མཁའ་འགྲོ་མའི་གནས་སུ་བྱོན་པ་དང་། གསང་སྔགས་ཀྱི་སྤྱོད་པ་མཛད་པ་དང་། སྐུའི་བཀོད་པ་དུ་མ་དུས་གཅིག་ཏུ་བསྟན་པ་ལ་སོགས་པ་དཔག་ཏུ་མེད་དེ་འདིར་ནི་ཅུང་ཟད་ཙམ་མོ། །དེའི་དུས་སུ་ཚོགས་པ་ཡང་མང་དུ་འདུས། བླ་མ་རིན་པོ་ཆེ་ལ་སྐུ་བསོད་དཔག་ཏུ་མེད་པ་ལ། དགེ་བཤེས་བྱ་ཡུལ་པས་སྡིག་པ་ཅུང་ཟད་བསགས་པས། རྗེའི་ཞལ་ནས་ཁོང་རང་ལ་མི་གནོད་ཀྱང་། ཁོང་གི་ལད་མོ་གཞན་གྱིས་བྱས་པས་ངན་སོང་དུ་སྐྱེ་བའི་ལས་གསོག །ཁོ་བོ་ས་ཕྱོགས་གཞན་ཞིག་ཏུ་འགྲོ་བར་རུང་གསུང་བ་ལ། སློབ་མ་ཐུན་མོང་བ་ཞིག་ན་རེ། ཁོང་རང་དང་འབྲེལ་བ་ཞིག་བགྱིས་ན་མི་འཐད་ལགས་སམ་ཞུ་བ་ལ་དེ་ཡང་གྲོས་ཡིན་གསུངས་ནས་དཔོན་སློབ་ཁ་ཡར་ཞིག་བྱ་ཡུལ་དུ་བྱོན། བྱ་ཡུལ་མིག་གིས་མཐོང་བའི་ནེའུ་ཐང་ཞིག་ཏུ་བཞུགས་ཏེ། ཁོ་བོས་ཁོང་ལ་ཏིང་ངེ་འཛིན་ཅི་ལྟ་བུ་ཞིག་འདུག་བལྟའོ་གསུངས་ནས། ཅུང་ཞིག་ལོན་པ་ན་ཁོང་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་མངའ་བར་འདུག་གསུངས། དེ་ནས་མཇལ་ཏེ་ཆོས་ཀྱི་གསུང་གླེང་མཛད་པས། གཅིག་ལ་གཅིག་ཤིན་ཏུ་དགྱེས་ཆོས་༼༡༣༩༽ཀྱང་ཕར་ཞུ་ཚུར་ཞུ་མཛད། བྱ་ཡུལ་བ་སྔར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངའ་བ་ལ། ཕྱིས་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་དུ་གྱུར། རབ་ཏུ་གནས་པའི་གདམས་པ་ཟབ་མོ་ཤོག་དྲིལ་མ་ཡང་གནང་། དེ་ནས་རབ་གནས་བྱ་ཡུལ་བའི་ལུགས་སུ་མཛད། ཁོ་བོའི་ཆོས་ཀྱིས་ཀྱང་ཁོང་ལ་ཕན་པར་བྱུང་འདུག །ཁོང་གི་ཆོས་ཀྱིས་ཀྱང་ཁོ་བོ་ལ་ཕན་པར་བྱུང་གསུང་། ཡང་ལན་ཅིག་བླ་མའི་ཞལ་ནས། ངའི་རྨི་ལམ་ན་སྒམ་པོའི་རི་རྩེ་ཐམས་ཅད་དར་དམར་པོ་རེ་རེ་ཕྱར། དར་ཐོགས་པའི་བུད་མེད་མང་པོ་གར་བྱེད་ཅིང་། དེ་ཡང་སྒམ་པོ་ཁོ་ན་ལས་གཞན་དུ་མི་འགྲོ་བ་རྨིས་ཏེ། སྒམ་པོ་འདི་ཡང་ཕྱོགས་ཐམས་ཅད་དུ་གྲགས་པ་དང་ཁོ་བོའི་ཚེ་གཞུག་ཀྱང་འདི་རང་དུ་སྡོད་པ་ཞིག་འོང་བར་འདུག་གསུང་། ཡང་དུས་གཅིག་གི་ཚེ་ན་དགེ་བཤེས་ཁྱུང་ཚང་པའི་བསམ་པ་ལ། བླ་མ་རིན་པོ་ཆེས་ཀྱང་བན་གསར་བཙུན་ཆུང་འདི་རྣམས་ལ་དང་པོར་ཐོས་བསམ་བག་རེ་བྱེད་དུ་མི་འཇུག་པར། འབག་བཙོག་ཙམ་ཡང་མི་ཤེས་པར་འདུག་པ་ལ། སྒོམ་ཁོ་ན་བསྟན་ཀྱང་ཡོན་ཏན་ཅང་སྐྱེའམ་སྙམ་པ་ལ། དེའི་ནུབ་མོ་ཁོང་གི་རྨི་ལམ་ན་སྒམ་པོའི་རི་ཐམས་ཅད་བྲག་ཕུག་གིས་གང་ནས་འདུག་པ་ལ། དེ་རྣམས་ཀྱི་ནང་ན་རིན་པོ་ཆེའི་མཆོད་རྟེན་མང་པོ་འདུག་པ་ལ། ཕལ་ཆེར་གཟོ་ཤིན་ཏུ་ལེགས་པ་ལ་འོད་ཟེར་༼༡༤༠༽ནམ་མཁའ་ལ་འཕྲོ་བ་ཁོ་ན་འདུག །ལ་ལ་ནི་བཟོ་ཕྱེད་ཙམ་ཚར་བར་འདུག །ལ་ལ་ནི་གཟུགས་དོད་པ་ཙམ་ལ་དཀར་ཆབ་ཀྱིས་གསོལ་ཞིང་། མི་མང་པོས་ཕྱག་འཚལ་ནས་འདི་རྣམས་འཇིག་རྟེན་ལྷ་དང་བཅས་པའི་མཆོད་གནས་ཡིན་ཟེར་བ་རྨིས། དེར་ཁོང་གིས་བླ་མ་ལ་ཞུས་པས། ཕྱག་བྱེད་ཅིང་ཡོད་པ་ལ་ཞུ་མ་ཁོམ་པར། བླ་མའི་ཞལ་ནས། སྤྱིར་ཡང་བཀའ་གདམས་ཀྱི་མཚན་ཉིད་པ་ཁྱེད་ཚོ་ང་ལ་སྡང་། དགོས་ཁྱེད་ཀྱིས་ང་ལ་བརྙས་པ་ཆེན་པོ་བྱས་ཏེ། ངའི་བཙུན་ཆུང་འདི་ཚོ་ཡང་ཁྱོད་རང་གི་རྨི་ལམ་རྨིས་པ་ཁོ་ན་བཞིན་དུ་ཡོད་པ་ཡིན། བན་གསར་སྤྲང་ཕྲུག་འདི་ཀུན་ཀྱང་ལྷ་དང་བཅས་པའི་མཆོད་གནས་སུ་འོང་བ་ཡིན། ཁོ་བོ་ལ་ནི་ཆེ་རེག་ཆེར་འཚེངས། ཆུང་རེག་ཆུང་ངུ་འཚེངས་པ་ཡིན། མི་ལ་ལ་ཁོ་བོས་བསྟན་པ་བསྣུབས་ཟེར་བ་ཡོད་དེ། བསྟན་པའི་བདག་པོ་སུ་ཡིན། བསྟན་པ་ལ་སུས་ཕན། སེམས་ཅན་གྱི་དོན་སུས་བྱས། ཉི་འོག་གི་རྒྱལ་ཁམས་འདི་ན་བསྟན་པ་སུས་བསྲུངས། རང་རེ་ཚོ་ད་ལྟའི་ལོ་འགའ་ན་གསལ་ནས་འོང་། ལར་མི་ལ་ལ་ཞིག་ཁོ་བོས་འདུས་བྱས་ཁྱད་དུ་བསད་པས་ཆད་ལྟ་བ་ཡིན་ཟེར་བའང་ཡོད་དེ། བྱ་བྱ་ཆོས་སྤྱོད་ཅོག་མ་མྱོང་གསུངས་ནས་མགུར་འདི་གསུངས་སོ། །དཔལ་འཁོར་ལོ་སྡོམ་པའི་བདེ་མཆོག་དང་། །རྗེ་བཙུན་རྡོ་རྗེ་༼༡༤༡༽རྣལ་འབྱོར་མ། །མཁའ་འགྲོ་རྗེ་བཙུན་དམར་ཆུང་གསུམ། །འདི་བསྐྱེད་རིམ་བསྒོམ་པའི་ལྷ་གསུམ་ཡིན། །བཅོམ་ལྡན་འཕགས་པ་རྟ་མགྲིན་དང་། །སྒྲོལ་མ་ཡིད་བཞིན་འཁོར་ལོ་གཉིས། །བདག་བསྐྱེད་ཕྱག་ན་རྡོ་རྗེ་གསུམ། །འདི་བར་ཆད་སེལ་བའི་ལྷ་གསུམ་ཡིན། །ཆོས་སྐྱོང་དཔལ་ཆེན་མགོན་པོ་དང་། །བྲན་མོ་མངའ་བདག་ཆེན་པོ་གཉིས། །གནོད་སྦྱིན་ལས་མཁན་རྒྱལ་པོ་གསུམ། །འདི་འཕྲིན་ལས་སྒྲུབ་པའི་ལྷ་གསུམ་ཡིན། །གསོལ་འདེབས་མཎྜལ་འབུལ་བ་དང་། །ཟབ་མོ་གསང་སྔགས་བཟླས་བརྗོད་གཉིས། །ཚོགས་གསོག་ཆུ་སྦྱིན་གཏོར་མ་གསུམ། །འདི་འདུས་བྱས་བྱ་བྱས་ཆོས་སྤྱོད་ཡིན། །བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་དང་། །ཟབ་མོ་རྩ་རླུང་རྫོགས་རིམ་གཉིས། །ཟུང་འཇུག་སྣང་སྟོང་དབྱེར་མེད་གསུམ། །འདི་ཐུན་བཞིར་བསྒོམ་པའི་ཆོས་གསུམ་ཡིན། །གཉིད་དང་བསམ་གཏན་བསྲེ་བ་དང་། །རྨི་ལམ་ལམ་དུ་སློངས་པ་གཉིས། །སྒྱུ་ལུས་འཕོ་བ་སྦྱང་བ་གསུམ། །འདི་མཚན་མོ་ཐུན་གྱི་ཆོས་གསུམ་ཡིན། །མ་བསྒོམས་སངས་རྒྱས་འཕོ་བ་དང་། །ཟབ་མོ་གྲོང་འཇུག་རླུང་སེམས་དང་། །སྒྱུ་ལུས་མེ་ལོང་གཟུགས་བརྙན་གསུམ། །འདི་ཉིན་མོ་ཐུན་མཚམས་ཀྱི་ཆོས་གསུམ་ཡིན། །བར་དོ་བསྲེ་བའི་མཚམས་སྦྱོར་དང་། །ངོ་སྤྲོད་ཕྱག་རྒྱ་ཆེན་པོ་གཉིས། །༼༡༤༢༽གདམས་ངག་ལྷན་ཅིག་སྐྱེས་སྦྱོར་གསུམ། །འདི་རྒྱུན་དུ་བསྒོམ་པའི་ཆོས་གསུམ་ཡིན། །མི་ངེད་དང་ངེད་ཅག་མི་ཟེར་ཏེ། །ངེད་ནི་གཅན་གཟན་སེང་གེའི་བུ། །མ་ཡི་མངལ་ནས་རྩལ་གསུམ་རྫོགས། །མ་འགྲོ་བུ་འགྲོ་མཉམ་དུ་འགྲོ །མ་དང་མཉམ་པོར་གངས་ཁྲོད་འགྲིམ། །གཅན་གཟན་ཚོགས་ཀྱང་ཉམ་མི་ང་། །མི་ངེད་དང་ངེད་ཅག་མི་ཟེར་ཏེ། །ངེད་ནི་འདབ་ཆགས་ཁྱུང་གི་བུ། །སྒོ་ངའི་ནང་ནས་གཤོག་དྲུག་རྫོགས། །མ་འཕུར་བུ་འཕུར་མཉམ་དུ་འཕུར། །མ་དང་མཉམ་པོར་ནམ་འཕངས་གཅོད། །འདབ་ཆགས་ཚོགས་ཀྱང་ཉམ་མི་ང་། །མི་ངེད་དང་ངེད་ཅག་མི་ཟེར་ཏེ། །ངེད་ནི་རྟོགས་ལྡན་བླ་མའི་བུ། །ངོ་སྤྲོད་ཅིག་ཆར་བཏབ་ཙ་ན། །ཕ་འཚེངས་བུ་འཚེངས་མཉམ་པོར་འཚེངས། །བློ་དམན་ཕལ་ལ་ཅི་ཆ་ཡོད། །ཅེས་གསུངས་སོ། །གཞན་ཡང་བདག་ཉིད་ཆེན་པོ་དེ་ལ་མཐོང་ཐོས་དྲན་རེག་གིས་སྨིན་གྲོལ་ལ་འགོད་པའི་ཡོན་ཏན་ཡོད་དེ། ར་རྫི་སྒོམ་སྐྱེས་ཀྱིས་མཚན་ཐོས་པ་ཙམ་གྱིས་བསྒོམ་བྱུང་བ་དང་། རྒྱ་སྒོམ་རྡོ་རྗེ་སེང་གེས་ཞལ་ཡེ་མ་མཐོང་ཡང་། མཎྜལ་ཕུལ་མོས་གུས་བྱས་པ་ཙམ་གྱིས་བསྒོམ་བྱུང་བ་དང་། ནམ་པ་འཕན་ནེ་ལ་སོགས་པ་མི་མང་པོས་ཞལ་མཐོང་བ་ཙམ་གྱིས་བསྒོམ་བྱུང་བ་དཔག་ཏུ་མེད་དོ། །ཡང་ཉང་སྟོན་དང་༼༡༤༣༽ཤེར་བསྒོམ་གཉིས་ཀྱིས་སྒོམ་ཞུར་ཕྱིན་པས། སྒམ་པོར་མ་བསླེབས་པར་དེ་ནུབ་རི་ཐང་མཚམས་སུ་ཉལ་བསྡད་པས། སྲོད་ལ་ཉང་སྟོན་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེས། ཐོ་རངས་ཤེར་བསྒོམ་ལ་རྟོགས་པ་སྐྱེས། ནངས་པར་བླ་མའི་སྤྱན་སྔར་ཕྱིན་ཏེ། སྣམ་བུ་བུབས་རེའི་ཕྱག་རྟེན་བྱས་ཕྱག་འཚལ་ཞིང་ཡོད་པ་ལ། བླ་མའི་ཞལ་ནས་མདང་ཁྱེད་གཉིས་ཀྱི་དོན་འགྲུབ་ཨང་གསུངས། ཡང་འོལ་ཁའི་མཛེ་མོ་ཞིག་རྐང་ལག་ཆད་ནས་འགྲོ་བའི་ནུས་པ་མེད་པས། བླ་མ་བཞུགས་པའི་གངས་དཀར་རོང་ངེ་བ་ལ་བལྟས་ནས་མོས་གུས་བྱས་པས་ནད་སོས། མ་ཧཱ་མུ་དྲའི་སྒོམ་སྐྱེས་དྲོད་རང་འབར་ལ་སོང་། ཕྱིས་བླ་མས་སྣོད་ལྡན་དུ་གཟིགས་ཏེ་བསྒོམ་བཏབ་པས། དཔེའུ་ཆུང་དུ་བཙུན་མ་ངོ་མཚར་ཅན་ཞིག་ཏུ་གྱུར་ནས། བན་མོ་ལྔ་བརྒྱ་ཙམ་གྱི་ཚོགས་དཔོན་བྱེད་པ་ཞིག་བྱུང་ངོ་། །གཞན་ཡང་སྐྱེས་བུ་ཆེན་པོ་དེ་ཉིད་གང་དུ་བྱོན་ཡང་འཇའ་འོད་ཀྱིས་ལམ་སྣ་འདྲེན་ཅིང་། གང་དང་གང་དུ་གཤེགས་པ་དེར་མི་ནད་ཕྱུགས་ནད་ཡམས་ནད་ལ་སོགས་པ་ཐམས་ཅད་རྒྱུན་ཆད་ཅིང་། བཀྲ་ཤིས་བདེ་ལེགས་དང་ལྡན་པར་མཛད་པ་ཡིན་ཏེ། དེ་ལྟར་ཡང་ཁམས་པ་རིན་པོ་ཆེའི་བསྟོད་པ་ལས་ཀྱང་། །ཁྱོད་ནི་མཐོང་ཐོས་དྲན་པ་ཙམ་གྱིས་ཀྱང་། །སྡུག་བསྔལ་ཟུག་རྔུ་མ་ལུས་གཅོད་༼༡༤༤༽པར་བྱེད། །སྨན་པའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་འབྱུང་། ཡང་འབྲོ་དམར་ཡུ་བ་བྱ་བས་དང་པོར་དགེ་སློང་བྱས་གཏུམ་མོའི་ཁྲིད་རྫོགས་པར་ཞུས། ཕྱིས་ལས་དབང་གིས་ཁྱིམ་ཐབ་བྱས་བུ་སྨད་མང་པོ་ཡོད། ཕག་མང་པོ་གསོས། ཉིན་པར་ཆང་དང་སྒོག་པ་ལ་ཟས་བྱེད། མཚན་མོ་གཉིད་སད་པ་དང་། གཏུམ་མོ་དང་ཕྱག་རྒྱ་ཆེན་པོ་སྒོམ་པ་ཞིག་ཡོད་པ་སྟེ། ཅི་ཞིག་ན་ནད་དྲག་པོས་ཟིན་ནས་འཆི་ཁར་སོང་བ་དང་། སྤུན་ཟླ་ཀུན་གྱིས་ད་ཁྱོད་འཆི་བར་འདུག་པ། སྡོམ་པ་ཤོར་དམ་ཚིག་ཉམས། རིན་པོ་ཆེའི་གསུང་བཅག་སྡིག་པ་ནི་ཁྱོད་ལས་ཆེ་བ་མེད་དེ་དགེ་བཤེས་ནམ་པ་འདུལ་བ་འཛིན་པ་ཆེན་པོ་བོས་ལ་འབུལ་བ་བྱ། སྐྱབས་འགྲོ་ཞུ་དགོས་བྱས་པས་དེ་རུང་ཟེར། དགེ་བཤེས་བོས་ཏེ་འབུལ་བ་བྱས། སྐྱབས་འགྲོ་ཞུས་པས་ནད་པ་ན་རེ། ངའི་བླ་མ་རིན་པོ་ཆེའི་སྐྱབས་འགྲོ་དང་མི་མཐུན་པར་འདུག་ཟེར། ཁྱོད་ཀྱི་རིན་པོ་ཆེས་ཇི་སྐད་གསུང་བྱས་པས། ངའི་རིན་པོ་ཆེའི་ཞལ་ནས། སེམས་ཀྱི་ཆོས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་རྟོགས་ན། སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན། སྤྱོད་ལམ་རྣམ་བཞིར་མཉམ་རྗེས་མེད་པར་དུས་ཐམས་ཅད་དུ་ཉམས་མྱོང་དྲན་ཤེས་ཀྱི་ཐག་པས་བཟུང་ནས་མཉམ་རྗེས་མེད་ན་ཆོས་ལ་སྐྱབས་སུ་སོང་བ་ཡིན། དེའི་ངང་ནས་དགེ་བ་ཅི་བྱེད་༼༡༤༥༽ཐེག་པ་ཆེན་པོའི་ལམ་དུ་སོང་ཞིང་། སེམས་ཅན་གྱི་དོན་འབའ་ཞིག་བྱེད་ན་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་གསུངས་པས། ངས་དེ་ཁོ་ན་བཞིན་དུ་བྱས། ཁྱེད་ཀྱི་དེ་ཁ་ཚིག་གི་སྐྱབས་འགྲོ་ཙམ་དུ་འདུག་པ་ཟེར། དེར་དགེ་བཤེས་ན་རེ། རེ་སྡུག་རེ་སྡུག །འདི་དམྱལ་བར་འགྲོ་བར་འདུག །ངའི་ཆོས་ལ་ལོག་ལྟ་སྐྱེས་ཟེར་ནས་སོང་། དེ་ནས་འབྲོ་དམར་ཡུ་བ་ཤི་སྟེ་རོ་བསྲེགས་པས། རིང་བསྲེལ་ཁ་དོག་སྣ་ལྔ་ཕུལ་ལ་འཇལ་བས་ཆོག་པ་བྱུང་། དུ་བ་ཐམས་ཅད་འཇའི་དཀྱིལ་འཁོར་དུ་གྱུར། སྒལ་ཚིགས་ལ་དེ་བཞིན་གཤེགས་པའི་སྐུ་མཚོན་གང་བ་ཞིག་བྱོན། དེ་ལ་སོགས་པའི་སྡིག་པོ་ཆེ་མང་པོ་མཇལ་བ་ཙམ་གྱིས་བལྟས་བཟང་པོ་དང་བཅས་ཏེ་ཤི་སོང་བ་ལ་ཟད་པ་མེད་དོ། །གཞན་ཡང་ཐུགས་ཀྱི་སྲས་ཆེན་པོ་ཟངས་རི་རས་པས། བདག་ལན་ཅིག་ཡུལ་དུ་འགྲོ་བར་ཞུ་ཞུས་པས། མགུར་གསུངས་པ། །ཡོངས་སྟོངས་པ་མེད་པའི་འཁོར་བ་དང་། །ཟིན་པ་མེད་པའི་སོ་ནམས་གཉིས། །ཟད་པ་མེད་པའི་ལོང་གཏམ་གསུམ། །འདི་གསུམ་ཡང་དམ་པའི་ཆོས་དང་འགལ། །མི་བདག་གིས་ཀྱང་རྒྱབ་ཏུ་བསྐྱུར་ནས་བཞག །ཁྱེད་རང་ཡང་རྒྱབ་ཏུ་བསྐྱུར་ན་ལེགས། །གཞི་བདག་ཏུ་བཟུང་བའི་དགོན་པ་དང་། །ངོ་བསྲུང་དགོས་པའི་ཡོན་བདག་གཉིས། །ཁ་ལན་རེ་བའི་ཚོགས་༼༡༤༦༽གསོག་གསུམ། །འདི་གསུམ་ཡང་དམ་པའི་ཆོས་དང་འགལ། །མི་བདག་གིས་ཀྱང་རྒྱབ་ཏུ་བསྐྱུར་ནས་བཞག །ཁྱེད་རང་ཡང་རྒྱབ་ཏུ་བསྐྱུར་ན་ལེགས། །ཡོན་ཏན་མེད་པའི་སློབ་དཔོན་དང་། །མོས་གུས་མེད་པའི་སློབ་མ་གཉིས། །སྨྲ་ཞིང་གཤེ་བའི་མཆེད་གྲོགས་གསུམ། །འདི་གསུམ་ཡང་དམ་པའི་ཆོས་དང་འགལ། །མི་བདག་གིས་ཀྱང་རྒྱབ་ཏུ་བསྐྱུར་ནས་བཞག །ཁྱེད་རང་ཡང་རྒྱབ་ཏུ་བསྐྱུར་ན་ལེགས། །ཕ་ཡུལ་བདུད་ཀྱི་བཙོན་ར་དང་། །སྡུག་སོགས་བྱས་པའི་ནོར་རྫས་གཉིས། །མགུ་བ་མེད་པའི་ངོ་སྲུང་གསུམ། །འདི་གསུམ་ཡང་དམ་པའི་ཆོས་དང་འགལ། །མི་བདག་གིས་ཀྱང་རྒྱབ་ཏུ་བསྐྱུར་ནས་བཞག །ཁྱེད་རང་ཡང་རྒྱབ་ཏུ་བསྐྱུར་ན་ལེགས། །གྲོགས་ཅིར་མི་འོང་བའི་དུངས་སེམས་དང་། །དགྲ་སྙིང་དུ་སྡུག་པའི་བུ་ཚ་གཉིས། །དོན་མེད་ཀྱི་ས་མཐའ་སྐོར་བ་གསུམ། །འདི་གསུམ་ཡང་དམ་པའི་ཆོས་དང་འགལ། །མི་བདག་གིས་ཀྱང་རྒྱབ་ཏུ་བསྐྱུར་ནས་བཞག །ཁྱེད་རང་ཡང་རྒྱབ་ཏུ་བསྐྱུར་ན་ལེགས། །ཞེས་གསུངས་པས་བློ་འགྱུར་ཏེ་བླ་མ་སྐུ་མ་འདས་ཀྱི་བར་དུ་བསྟེན་པ་ཡིན་སྐད། ཡང་དུས་སྐབས་ཤིག་ན། བླ་མ་རིན་པོ་ཆེའི་ཞལ་ནས། སྒོམ་པ་ཚུལ་ཁྲིམས་སྙིང་པོ་དང་ཤེས་རབ་བྱང་ཆུབ་གཉིས་ལ། ༼༡༤༧༽ཁོ་བོ་དང་ཁུ་མཚན་ཡིན་སྙམ་སྟེ། ཐ་མལ་གྱི་རྣམ་རྟོག་ཡིན་ཨང་། ང་སྐྱེ་མཐའི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་བར་གདའ་གསུངས། །ཡང་བྱར་ལྐོག་ན་བཞུགས་པའི་དུས་སུ། ཤེར་བསྒོམ་བྱང་ཡེས་དབུ་མཛད་པའི་ཉེ་གནས་རྣམས་ལ། ད་ནི་ཁོ་བོ་ཡང་འཇིག་རྟེན་དུ་ཡུན་རིང་པོ་མི་སྡོད་པས། ཆོས་ལྷག་མ་ཞུ་བར་འདོད་པ་དང་། དྲི་རྒྱུ་ཡོད་པ་རྣམས་མྱུར་དུ་དྲིས་ཤིག །འོན་ཀྱང་ཉམས་སུ་ལེན་པར་འདོད་ན་ཚིག་མང་མི་དགོས་པས་ངའི་གདམས་ངག་འདི་ཡིད་ལ་ཞོག་ཅིག་གསུངས་ནས། ཕྱག་རྒྱ་ཆེན་པོའི་གདམས་པ་མགུར་དུ་གསུངས་པ། དུས་གསུམ་སངས་རྒྱས་འདུས་པའི་སྐུ། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་རབ་བཀྱེས་པས། །བདག་བློ་སྙིང་གི་མུན་པ་སེལ་མཛད་པའི། །དུས་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཨེ་མ་རང་རིག་ཡེ་ཤེས་སྐྱོང་འདོད་ན། །རས་བལ་བཞིན་དུ་ཤེས་པ་གློད་ལས་ཞོག །བྱ་བ་ཐོངས་ལ་སེམས་ལ་རྟེན་མ་བཅའ། །ཤེས་པ་ཆེད་དུ་མ་འགུགས་ཡན་པར་ཐོངས། །བྱིང་རྒོད་བྱུང་ན་དེ་ཉིད་རང་ལ་ལྟོས། །སེམས་ལ་གནོད་པའི་ལས་རྣམས་ཁད་ཀྱིས་སྤོངས། །ཞེ་འདོད་བྱུང་ན་བདུད་དུ་ཤེས་པར་གྱིས། །མ་བཅོས་གཞག་པའི་སེམས་ནི་སངས་རྒྱས་ཡིན། །བཅོས་མའི་སེམས་ནི་རྒྱལ་བའི་དགོངས་པ་མིན། །ཉིན་༼༡༤༨༽མཚན་འགྲོ་འཆག་ཀུན་ཏུ་ལྷུག་པར་ཞོག །དེ་ལྟར་བཞག་པའི་སེམས་ཉིད་དེ། །གསལ་ལ་འཛིན་མེད་ནམ་མཁའ་འདྲ། །ཕྱོགས་སུ་མ་ལྷུང་ལྟ་བ་ཡིན། ཉམ་ང་མེད་པ་ཤུགས་ལས་བྱུང་། དག་ཅིང་དྲི་མེད་ཤེལ་སྒོང་འདྲ། །གསལ་ལ་འཛིན་མེད་སྒོམ་པ་ཡིན། །རྒྱུན་ཆད་མེད་པ་ཤུགས་ལས་བྱུང་། །མ་བཅོས་ལྷུག་པ་བུ་ཆུང་འདྲ། །ཞེན་པ་བྲལ་བ་སྤྱོད་པ་ཡིན། །དགག་སྒྲུབ་མེད་པ་ཤུགས་ལས་བྱུང་། །རྒྱུ་འབྲས་དུས་མཚུངས་ཨ་མྲྀ་ཏ། །རེ་དྭོགས་མེད་པ་འབྲས་བུ་ཡིན། །རང་བྱུང་ལྷུན་གྲུབ་ཤུགས་ལས་བྱུང་། །དེ་ལྟར་རང་སེམས་སངས་རྒྱས་མ་ལགས་པ། །ཕྱོགས་བཅུ་དུས་གསུམ་མ་ལུས་གང་ལ་ཡང་། །སངས་རྒྱས་ཕྱི་ནས་བཙལ་བས་རྙེད་མི་འགྱུར། །དེ་བས་རང་གི་སེམས་ལ་བལྟ་བ་གོམས་པར་གྱིས། །ཞེས་གསུངས་སོ། །དེ་ལྟར་དྲང་སྲོང་ཆེན་པོ་དེ་ལ་སྐྱེ་འཆིའི་འཇིགས་པ་མི་མངའ་ན་ཡང་། གདུལ་བྱ་ལེ་ལོ་ཅན་རྣམས་ལམ་ལ་བསྐུལ་བའི་ཕྱིར། ཅུང་ཟད་སྙུང་བའི་ཚུལ་བསྟན་ཏེ། སྙུང་ཟུག་ནི་མེད། གསོལ་ཟས་ཆེར་མི་གསོལ། སྐུ་ཤེད་ཅུང་ཟད་ཆུང་བར་གྱུར་པ་ལ། སྒོམ་པ་ལེགས་མཛེས་ཐུགས་མ་བདེ་ནས། སྐུ་ཁམས་བདེའམ་མི་བདེ་ཞེས་དྲིས་པའི་ལན་གསུངས་པ། ༼༡༤༩༽བླ་མ་དམ་པའི་མཚན་ཐོས་ནས། །ཚེ་འདི་བློ་ཡིས་བཏང་ནས་ཀྱང་། །འཇིག་རྟེན་ཆོས་བརྒྱད་ཡལ་བར་དོར། །ཆགས་ཞེན་མེད་པའི་རྣལ་འབྱོར་བདེ། །བློ་འདས་ཀྱི་ལྟ་བ་མཐའ་བྲལ་ཏེ། །དྲན་མེད་བདུད་ཀྱིས་མ་བཟོས་ཙམ། །བདེ་སྟོང་སྒོམ་པ་ཞེན་མེད་དེ། །རྟོག་མེད་ལྟེངས་པོས་མ་བསླུས་ཙམ། །ཤུགས་འབྱུང་སྤྱོད་པ་གཏད་མེད་དེ། །གཉིས་འཛིན་གྱི་མཐའ་རུ་མ་ལྷུང་ཙམ། །འབྲས་བུ་སེམས་ཉིད་འོད་གསལ་དེ། །ཕྱི་དུས་ཀྱི་ཡིད་སྨོན་དུ་མ་ལུས་ཙམ། །བློ་ལས་འདས་པའི་ཆོས་ཉིད་དེ། །ཡིན་མིན་ཚིག་དང་བྲལ་བས་བདེ། །ཡོད་མེད་མཐའ་ལས་འདས་པས་བདེ། །ནང་ནས་ཤར་བས་ངོ་མཚར་ཆེ། །ཉམས་སུ་མྱོང་བ་ཨེ་མ་ཧོ། །ཞེས་གསུངས་ཏེ། འདུས་བྱས་མི་རྟག་པར་སྟོན་པ་དང་། གདུལ་བྱ་རྟག་འཛིན་ཅན་རྣམས་བྱང་ཆུབ་ལ་སྐུལ་བར་བྱ་བའི་ཕྱིར། མྱ་ངན་ལས་འདས་པའི་ཚུལ་སྟོན་པའི་ཟླ་བ་ཕྱེད་ཙམ་གྱིས་གོང་ནས། ཁོ་བོ་སྐྱེས་ཆེན་པོ་ཞིག་འདེགས་པས་གདམས་ངག་ལྷག་མ་རྣམས་དང་དྲི་རྒྱུ་ཡོད་པ་ཚོ་དྲིས་ཤིག་གསུངས། སྒོམ་ཆེན་པ་རྣམས་ཀྱི་བསམ་པ་ལ་ཞལ་ཀྱལ་ཡིན་སྙམ་ནས་འདུག་གོ །དགེ་བའི་བཤེས་གཉེན་ཁམས་པ་སྟོན་པའི་གསལ་སྣང་ལ་ཤར་ནས། བླ་མ་དམ་པ་འདི་ལྟ་བུའི་སྤྱན་སྔར་ཞག་རེ་སྡོད་པ་ལ་ཡང་དཀའ་ལས་༼༡༥༠༽དཔག་ཏུ་མེད་པས། ཁྱེད་རྣམས་ཀྱང་རྒྱུ་འགྲུལ་མ་བྱེད་པར། གདམས་ངག་ལྷག་མ་རྣམས་ཀྱང་ཞུས་ཤིག་གསུངས་ནས། གྲོགས་པོ་ཡུལ་ཕྱོགས་ལ་འགྲོ་འདོད་པ་རྣམས་ཀྱང་བཤོལ་བཏབ། དེའི་ལོ་ལ་ཐབས་ལམ་ལ་སོགས་པའི་ཆོས་གང་ཞུས་ཀྱང་། ཕྱག་རྒྱ་ཆེན་པོ་འབའ་ཞིག་འདེབས། དེའི་དུས་སུ་ཕྱག་རྒྱ་ཆེན་པོའི་ངང་ལས་ཐ་མལ་གྱི་སྣང་བ་ཡེ་མེད་པར་འདུག་སྟེ། དེ་ཉེ་གནས་རྣམས་ཀྱིས་ཞུ་བ་གོ་མ་ཆོད་པས། ཕྱིས་སྒོམ་ཆེན་པ་རྣམས་ལ་མ་མཉེས་སྐད། ཡང་ཞལ་འཛུམ་མཛད་ནས་ཁྱེད་ཀྱིས་མཐོང་ངམ་ང་རང་གིས་མཐོང་གསུངས། དེའི་དུས་ན་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པ་གཟིགས་ཡོད་པར་འདུག་སྟེ་ཞུ་བ་མ་སྤོབས་སྐད། སྟོན་ཟླ་འབྲིང་པོའི་ཚེས་གཅིག་ལ་ཚོགས་ཆོས་ཤིག་གསུངས། དེ་ནས་ཚེས་བཅུ་གསུམ་གྱི་བར་དུ་རྒྱུན་དུ་བཞད་ཅིང་སྐུ་ཁམས་ཤིན་ཏུ་བདེ་བར་གྱུར། དེའི་ཚེ་སློབ་དཔོན་སྒོམ་པས་བླ་མ་རིན་པོ་ཆེ་གལ་ཏེ་སྐུ་མྱ་ངན་ལས་འདས་ན། ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཟླས་སུ་རུང་བའི་ཞལ་ཆེམས་གདམས་ངག་དང་བཅས་པ་ཞིག་ཐུགས་ལ་འདོགས་པར་ཞུ་ཞུས་པས། ང་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ཡིན་པས་ང་ལ་འབྲེལ་བ་ཡོད་པ་ཚོ་འཚེངས་པ་ཡིན་གསུངས་ཤིང་། ཁོ་བོས་དེ་སྔ་ཡང་ཚོགས་དབེན་མེད་པར་བཤད་པ་དེ་ཚོ་རང་ཡིན་མོད། དེ་༼༡༥༡༽མིན་པ་ལོགས་པ་ཞིག་བཤད་རྒྱུ་མེད། འོན་ཀྱང་ཁྱོད་ཀྱིས་འདི་སེམས་ལ་ཟུངས། ད་ལྟ་ཕན་ཆད་འཆི་བའི་དུས་ཚུན་དུ་ཡང་། ཁོ་བོ་དྲན་པར་གྱིས་དེ་རང་གིས་ཆོག་པ་ཡིན། ཁོ་བོས་སེམས་ཅན་ངན་སོང་ནས་འདོན་པའི་ལས་ཚན་ཆེན་པོ་བསགས་པ་ཡིན་པས་ཁོ་བོའི་མིང་ཐོས་པ་ཙམ་ཡང་འདྲེན་ནུས་པ་ཡིན། ང་ཁ་ཆེམས་རླུང་པོ་ལ་འཇོག །ཁ་ཆེམས་གཞན་གཞག་རྒྱུ་མེད་གསུངས། ད་བཟོད་དྭགས་པོ་སྙི་སྒོམ་གྱིས་འདི་སྐད་ཟེར་བ་ཡིན་བྱ་བ་འོང་བ་ཡིན། ཆོས་སུས་བཤད་ཟེར་ན་སྙི་སྒོམ་གྱིས་བཤད་པ་ཡིན་གྱིས་གསུང་། ཡང་ནན་ཏན་དུ་ཞུས་པས་འདི་སྐད་གསུང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་བླ་མ་དམ་པ་རྣམས་དང་། བྱང་ཆུབ་ཀྱི་སེམས་གཉིས་སུ་འདྲེས་པའི་ཡི་དམ་གྱི་ལྷ་རྣམས་དང་། ཇོ་བོ་དཀོན་མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་ཐུགས་རྗེའི་སྤྱན་རས་དག་པས་གཟིགས་ཤིང་སྐྱབས་པ་དང་། བསྲུང་བ་དང་། བསྐྱང་བ་དང་། ཐུགས་རྗེས་བཟུང་དུ་གསོལ། །ང་ཡོངས་འདི་ལྟར་བསམ་པར་ཞུ། །འཆི་བ་ཞེས་བྱ་རྣམ་རྟོག་ཡིན། །དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །རྣམ་རྟོག་གཅིག་ནས་གཅིག་འགྲོ་བ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །ཆོས་སྐུ་རྣམ་པར་དག་པ་༼༡༥༢༽ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །འཇའ་ཚོན་རི་མོ་ཡལ་བ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །སེམས་ལ་སྐྱེ་འཆི་མེད་པ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །འབྱུང་བཞི་རྣམ་པར་དག་པ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །སྒྱུ་མའི་གྲོང་ཁྱེར་ཞིག་པ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །འོད་གསལ་རྣམ་པར་དག་པ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །རྟེན་འབྲེལ་ཚོགས་པ་གྱེས་པ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །རང་སེམས་སྐྱེ་འགག་མེད་པ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །དག་པའི་ཞིང་དུ་འགྲོ་བ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །བཏགས་པ་མིང་གི་རྡོ་རྗེ་ཡིན། །ང་ནི་སོང་བའི་དུས་དག་ན། །ང་ལ་སེམས་པའི་གདུལ་བྱ་རྣམས། །སྡུག་བསྔལ་མྱ་ངན་མ་བྱེད་པར། །ནང་དུ་རང་གི་སེམས་ལ་ལྟོས། །བཅོས་མིན་ངོ་བོ་མཐོང་བ་ན། །ང་དང་འབྲལ་བ་མེད་པ་ཡིན། །ནཱ་རོའི་ཆོས་དྲུག་བསྒོམ་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །ལྷ་སྐུ་དབྱེར་མེད་བསྒོམ་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །ཆོས་རྣམས་རྟེན་འབྲེལ་གོ་བ་ན། །ང་དང་འབྲལ་བ་མེད་པ་ཡིན། །སྟོང་ཉིད་སྙིང་རྗེ་འདྲེས་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །རང་སེམས་བླ་མར་ཤར་ཙ་ན། །ང་དང་༼༡༥༣༽འབྲལ་བ་མེད་པ་ཡིན། །བྱང་ཆུབ་སེམས་ཉིད་འབྱོངས་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །རྣམ་རྟོག་ཅིར་ཡང་གཟིགས་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །རྟག་ཏུ་རི་ཁྲོད་འགྲིམ་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །འཇིག་རྟེན་བློ་ཡིས་བཏང་བ་ན། །ང་དང་འབྲལ་བ་མེད་པ་ཡིན། །སྐྱེ་འཆི་གཉིས་མེད་རྟོགས་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །ཆོག་ཤེས་འདོད་པ་བྲལ་བ་ན། །ང་དང་འབྲལ་བ་མེད་པ་ཡིན། །ཀུན་ལ་བུ་བཞིན་བརྩེ་བ་ན། །ང་དང་འབྲལ་བ་མེད་པ་ཡིན། །བླ་མའི་གསུང་བཞིན་སྒྲུབ་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །དམ་ཚིག་གཙང་མར་བསྲུང་བ་ན། །ང་དང་འབྲལ་བ་མེད་པ་ཡིན། །ཁོ་བོ་གཉིས་མེད་དབྱིངས་སུ་གཤེགས་པ་ན། བླ་མ་མེད་པར་གྱུར་སྙམ་མ་སེམས་པར། བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་རྣམས་དང་ངའི་སེམས་དབྱེར་མི་ཕྱེད་པ་བརྟན་གཡོ་ཐམས་ཅད་ལ་ཁྱབ་པར་གནས་པ་ཡིན་པས་དེ་བཞིན་དུ་གོ་ཞིང་རྟོགས་པར་ཞུ། ཆོས་ཐམས་ཅད་ཀྱི་མཐར་ཐུག་པའི་དོན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བསྒོམ་པར་ཞུ། ལམ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ། ཟབ་ལམ་ནཱ་རོའི་ཆོས་དྲུག་བསྒོམ་པར་ཞུའོ། །ཡོན་ཏན་སྐྱེས་ཚད་ལ་མཆོག་ཏུ་མ་འཛིན་པར་གོང་ནས་གོང་དུ་བརྩེག་པར་ཞུ། ༼༡༥༤༽བསྒོམས་སྐྱོན་དང་ཐེ་ཚོམ་བྱུང་ན་གེགས་སེལ་གྱི་དཔེ་རྣམས་གཟིགས་པར་ཞུ། རང་ཞི་བདེ་འདོད་ན་འདོད་ཆུང་ཆོག་ཤེས་བགྱིད་པར་ཞུ། རྫོགས་པའི་སངས་རྒྱས་བཞེད་ན་རི་ཁྲོད་ཀྱི་དགོན་པ་འགྲིམ་པར་ཞུའོ། །འཁོར་བའི་སྡུག་བསྔལ་དྲན་པར་གྱིས་ལ་ཚེ་འདི་བློ་ཡིས་གཏོང་བར་ཞུ། བླ་མ་རང་སེམས་ཡིན་པས་གཞན་ནས་མི་ཚོལ་བར་ཞུ། རྣམ་རྟོག་མི་མངའ་ས་ལེ་མཁྱེན་པའི་ཆོས་རྣམས་རྟེན་འབྲེལ་དུ་རྟོགས་པར་ཞུ། སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པ་ཡིན་པས་སྨོན་ལམ་ཟབ་ཅིང་རྒྱ་ཆེ་བ་འདེབས་པར་ཞུ། མ་འོངས་པའི་གང་ཟག་ང་དང་མ་ཕྲད་སྙམ་པ་ཀུན་ཀྱང་། ཁོ་བོས་བརྩམས་པའི་ལམ་མཆོག་རིན་ཆེན་འཕྲེང་བ་དང་། རྣམ་པར་ཐར་པའི་རྒྱན་ལ་སོགས་པ་རྣམས་ལ་གཟིགས་དང་། ང་དང་དངོས་སུ་ཕྲད་པ་དང་ཁྱད་མེད་ཀྱིས་ད་ལྟ་ངའི་འཁོར་སྙིང་མེད་པོ་འགའ། བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་འདི་ལྟ་བུ་དང་མཇལ་ནས་ང་ལ་བསྒོམ་མེད་སེམས་པ་ཀུན་ཀྱང་། གུས་པར་གྱིས་ལ་འབད་དེ་གསོལ་བ་ཐོབ་དང་། བྱིན་རླབས་ཀྱིས་ཡོན་ཏན་རང་འབར་དུ་འབྱུང་བས། དེ་ལྟར་དགོངས་པར་ཞུ། སེམས་ཅན་ལ་གནོད་པར་ནི་འོང་། ཕན་པར་ནི་དཀའ་བས་གདན་ས་དང་། སྐུ་ལྡེར་དང་། འབུམ་པ་ལ་སོགས་པ་མི་མཛད་པར་ཞུ། གདན་ས་དང་བླ་མའི་རྣམ་ཐར་༼༡༥༥༽ལ་སོགས་པ་གང་ཡིན་ན་ཆོས་དང་མཐུན་པ་དེ་ཡིན་པས། རྒྱལ་བའི་བཀའ་དང་མ་འགལ་བ་ཞིག་མཛད་པར་ཞུ། ལར་ནི་བླ་མར་སྣང་བ་རྨི་ལམ་ཙམ་འདི་ནུབ་ཀྱང་། ཐུགས་རྗེ་དང་བྱིན་རླབས་ཆུང་དུ་མི་འགྲོ་ཞིང་། སྡུག་བསྔལ་ལས་སྐྱོབ་ཅིང་འཁོར་བར་མི་ལྟུང་བ་ང་རང་གིས་ཤེས་ཀྱིས་མོས་པ་དང་གདུང་བ་མི་བརྗེད་པར་གསོལ་བ་འདེབས་པར་ཞུའོ། །ཞེས་གསུང་ཆེམས་ཀྱི་མགུར་འདི་གསུངས་སོ། །ཀ་ཡེ་རང་ལ་སེམས་པའི་སློབ་མ་རྣམས། །འཁོར་བར་མི་ལྟུང་ང་རང་ཤེས། །སྡུག་བསྔལ་སྐྱོབ་པར་ང་རང་ཤེས། །སྡུག་བསྔལ་མ་བྱེད་བུ་སློབ་རྣམས། །སྡུག་བསྔལ་ལ་སྙིང་པོ་ག་ལ་ཡོད། །འཁྲུལ་སྣང་ལ་སྙིང་པོ་མ་མཆིས་པས། །བུ་གཅིག་པོ་ཤི་བའི་མར་རྒན་ཡང་། །ཞག་གསུམ་ནངས་པར་འཛུམ་བུ་འཆོར། །དེ་མ་ཤོར་བ་ལ་ངོ་མཚར་མེད། །དེ་བས་བུ་དང་སློབ་མ་རྣམས། །ཕྱི་རུ་མྱ་ངན་མ་བྱེད་པར། །ནང་དུ་རང་གི་སེམས་ལ་ལྟོས། །བཅོས་མིན་གཉུག་མ་མཐོང་བ་ན། །ང་དང་འབྲལ་བ་མེད་པ་ཡིན། །བྱང་ཆུབ་སེམས་ལྡན་སྐྱེས་བུ་ང་ལ་ཉོན། །བདག་གིས་འགྲོ་བ་སེམས་ཅན་མ་ལུས་པ། །དག་པ་མངོན་དགའི་ཞིང་ཁམས་སུ། །ཡང་དག་དེ་རུ་འཁྲིད་པར་ཤོག །ཁྲིད་ནས་འཁོར་བའི་རྒྱ་མཚོ་ལས། །ངེས་པ་ཉིད་དུ་༼༡༥༦༽སྒྲོལ་བར་ཤོག །ཅེས་གསུང་། ལར་སྙུང་རྒྱུ་ནི་མེད། སྐུ་ཤེད་ཅུང་ཆུང་ནས་གསོལ་ཇ་བ་རྣམས་ཐུགས་མ་བདེ་ནས། སློབ་དཔོན་སྒོམ་ཚུལ་དང་ཤོ་སྒོམ་འཕགས་པ་གཉིས་སྦྲན་ནས། ཞལ་སྐྱེམས་སམ། སྐུ་ཁམས་བདེའམ་དྲིས་པས་ཅུང་ཟད་མ་བདེ་གསུངས། སློབ་དཔོན་སྒོམ་པས་ལྕགས་ཐོམ་གྱི་ནང་དུ་ཆུ་སྐོལ་ནས་ལྕོང་ཞི་ཞིབ་མོ་བཏབ་པ་འདྲེན་པར་བརྩམས། ཤོ་སྒོམ་གྱིས་ཞེ་ས་ཕུལ་ནས། ཇི་ལྟར་སྙུང་དྲི་དགོས་སྙམ་ཙ་ན། སྐུ་དྲང་པོར་སྲང་སྤྱན་ནམ་མཁའ་ལ་ཧྲིག་མཛད་དེ། རྣམ་རྟོག་མི་མངའ་ཅི་ཡང་ས་ལེ་མཁྱེན། དེ་ཁྱེད་ཀྱིས་གོའམ་ང་རང་གིས་ནི་གོ་ཞེས་ཡང་ཡང་གསུང་ཞིང་། ཆོས་ཐམས་ཅད་ཀྱི་གནས་ལུགས་སྐྱེ་འགགས་མེད་ཅིང་། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་སྙོམ་པར་བཞུགས་སོ། །དུས་སྔ་དྲོ་ཉི་མ་རི་སྐེད་ལ་སླེབ་པ་ཙམ་ཡིན་ལ། ཚེས་བཅོ་ལྔ། སྐར་མ་ཆུ་སྟོད། ཟླ་བ་དབྱར་ཟླ་འབྲིང་པོ། གཉལ་པ་དང་འོལ་ཀ་བ་དང་། དབྲོངས་ཁ་བ་རྣམས་ཀྱི་ཞིང་སེར་མའི་བཙས་མ་བྱེད་དུས། ཆུ་མོ་བྱ་ལོ་ལ་བབ་པའི་ཚེ། དགུང་ལོ་བདུན་ཅུ་རྩ་ལྔ་ལ་སྐུ་གཤེགས་པའི་ཚུལ་བསྟན། དེ་ནུབ་ནམ་མཁའ་ཐམས་ཅད་འཇའ་འོད་ཀྱིས་ཁེངས་པ་དང་། སྒམ་པོའི་ཐད་ཀྱི་ནམ་མཁའ་ལ་ཤེལ་གྱི་མཆོད་རྟེན་བརྒྱ་རྩ་བརྒྱད་འོད་འཕྲོ་བ་དང་། ལྷའི་རྔ་ལྟ་བུའི་སྒྲ་ཆེན་པོ་༼༡༥༧༽གྲགས་པ་དབྲོངས་ཁ་བ་དང་། འོལ་ཀ་བ་དང་། གཉལ་པ་ལ་སོགས་པ་ཐམས་ཅད་ཀྱི་མཐུན་སྣང་དུ་བྱུང་། དེ་ཡང་བླ་མ་གང་དུ་གཤེགས་པའི་སར་འཇས་ལམ་སྣ་འདྲེན་པ་ཡོད་པས། མི་བྱིང་ན་རེ། བླ་མ་སྤྱན་འདྲེན་མཁན་ཡོད་པར་འདུག་ཟེར། དགེ་བཤེས་ཁམས་པས་འུར་སྒྲ་ཆེན་པོ་ཡང་གསན། ཁོང་རང་གི་སྤྱིལ་པོ་དང་ཡང་དགོན་འཇའ་འོད་ཀྱིས་སྦྲེལ་བར་གཟིགས། ཨ་ཙར་ནི་བྱ་བས་འོད་ཀྱིས་སྒམ་པོ་གང་བར་མཐོང་བ་དང་། ལྷ་རྗེ་སྙི་སྒོམ་འདས་སོ་ཟེར་བའི་སྒྲ་ཐོས། དེ་ནས་གདུང་ལྷ་ཁང་ཆེན་མོར་གདན་དྲངས་ནས་དར་ཟབ་དང་རིན་པོ་ཆེའི་ཁྲི་ལ་བཞུགས་ཏེ། མཆོད་པའི་བཀོད་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་ནས། བཙུན་ཆུང་གཉིས་ཀྱིས་མཆོད་གཉེར་བྱས་པས་ཕྱག་རྒྱ་ཆེན་པོའི་སྒོམ་སྐྱེས། སྒོམ་ཆེན་ཐམས་ཅད་ཀྱང་སོ་སོ་ནས་མཚམས་སྟོན་ཏེ་གདུང་གི་དྲུང་དུ་འདུས་ནས་ཐམས་ཅད་ཀྱིས་མོས་པའི་སྒོ་ནས་མཆོད་པ་ཕུལ་ཞིང་། གསོལ་བ་བཏབ་པས་ཞག་གསུམ་གྱི་བར་དུ་ཐམས་ཅད་ལ་གཉིད་དང་རྨུགས་པ་དང་། བཟའ་བཏུང་གི་སྣང་བ་ཡེ་མེད་དེ། གདོང་མཆི་མས་གང་ཞིང་གསོལ་བ་བཏབ་པས་ཕལ་ཆེར་ཏིང་ངེ་འཛིན་གྱི་ཉམས་མྱོང་ཁྱད་པར་ཅན་དང་ལྡན་པར་གྱུར་ཏོ། །དེ་ནས་ཞག་གསུམ་གྱི་ནངས་པར་མཆོད་པའི་ཁྱད་པར་ཤིན་ཏུ་རྒྱས་པ་དང་བཅས་ཏེ་གདུང་བཞུས། ༼༡༥༨༽གདུང་རུས་འོ་མ་ལ་འདྲེན་པའི་ཕྱིར། སྐམ་པས་ལེན་པར་བརྩམས་པས་འོད་རྫ་མ་ཙམ་ཞིག་སྤུར་ཁང་གི་ནང་དུ་འདྲིལ་བར་མཐོང་། གཞན་ཡང་མཐོང་སྣང་སྣ་ཚོགས་བྱུང་སྟེ། དགེ་བཤེས་ཁམས་པས་འཇའ་སྤུངས་པའི་གུར་ལྟ་བུ་སྟེང་གི་ནམ་མཁའ་ལ་མཐོང་། མཁའ་འགྲོའི་ཚོགས་རྣམས་སྤྲིན་བཞིན་འཐིབས་པར་མཐོང་། སློབ་དཔོན་སྟོད་ལུངས་པས་ནུབ་ཕྱོགས་ལ་འཇའ་གུར་ཕུབ་པ་ལྟ་བུ་མཐོང་། ལ་ལས་སྤུར་ཁང་གི་ཕྱི་རོལ་ན་མཆོད་རྟེན་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བར་མཐོང་། སློབ་དཔོན་གཉོས་པ་དང་། རྡོ་རྗེ་སློབ་དཔོན་དང་། སྒོམ་ཤེར་གསུམ་གྱིས་འཇག་སྤྱིལ་དང་། སྤུར་ཁང་གི་བར་འཇའ་གསུམ་གྱིས་སྦྲེལ་བར་མཐོང་། བུད་མེད་སྨ་ར་ཡོད་པ་མང་པོས་གདུང་ལ་མཆོད་པ་བྱེད་པ་དང་། དེ་ལ་སོགས་པ་རང་རང་ལ་མཐོང་སྣང་སྣ་ཚོགས་དང་། ཕུལ་དུ་ཕྱིན་པའི་བལྟས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། དབུས་ཀྱི་སྒམ་པོའི་རི་དེ་སྨུག་སིང་བ་ཐམས་ཅད་ཀྱིས་མཐོང་བ་ལ། རོང་ཁང་རྣམས་རྨུགས་པས་འཐིབས་ཤིང་། མཐའ་མ་ཁོར་ཡུག་ཏུ་སྤྲིན་མཆོད་རྟེན་གྱི་བང་རིམ་ལྟ་བུས་ཁེངས་ཤིང་འཁྲིག་པར་གྱུར་ནས། དེའི་དབུས་ན་སྒམ་པོའི་རི་ནི་སྤྲིན་དང་ན་བུན་གང་ཡང་མེད་པར་འཛུམ་དཀྱིལ་ལེ་འདུག་སྟེ། ནམ་མཁའ་གཡའ་དག་པར་གྱུར་ཏོ། །སྤུར་སྦྱངས་པའི་ནང་ནས་ཐུགས་མེས་མ་གནོད་༼༡༥༩༽པར་བྱོན་པས་སླར་ཡང་སླང་ངའི་ནང་དུ་ཏིལ་མར་བླུག་ནས་སོལ་མེས་བསྲེགས་ཀྱང་རྣམ་པ་གསལ་དུ་སོང་བས། སློབ་དཔོན་སྒོམ་པའི་ཞལ་ནས་འདི་འོ་སྐོལ་རྣམས་ལ་ཐུགས་རྗེས་འཛིན་པའི་རྟེན་དུ་བྱོན་པར་འདུག །གསུངས་ནས་གསོལ་འདེབས་བསྟོད་པ་འདི་གསུངས་སོ། །རྗེ་མཉམ་མེད་བླ་མ་རིན་པོ་ཆེ། །ཅིར་སྣང་ཆོས་སྐུར་སྟོན་མཛད་ཅིང་། །བདེ་བ་ཆེན-པོར་གཟིགས་མཛད་པའི། །རྗེ་དུས་གསུམ་གསལ་ལ་ཕྱག་འཚལ་བསྟོད། །ཉིན་མཚན་དུས་རྣམས་ཐམས་ཅད་དུ། །ཆོས་ཉིད་ངང་ལས་གཡོ་བ་མེད། །རྣམ་པར་སྣང་མཛད་སྤྲུལ་པ་ཞིག །རྗེ་ཡེ་ཤེས་སྒྲོན་ལ་ཕྱག་འཚལ་བསྟོད། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཐུགས་རྗེའི་ཆུ་རྒྱུན་མི་གཅོད་པ། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཞིག །རྗེ་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད། །ཁམས་གསུམ་འཁོར་བའི་རྒྱ་མཚོར་ནི། །ཉོན་མོངས་ནད་ཀྱིས་གདུང་བ་ལ། །སྨན་པའི་རྒྱལ་པོའི་སྤྲུལ་པ་ཞིག །རྗེ་དུག་ལྔ་སེལ་ལ་ཕྱག་འཚལ་བསྟོད། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །སྣ་ཚོགས་སྒོ་ནས་དོན་མཛད་ཅིང་། །ཡེ་ཤེས་སྒྲོན་མེ་འདེགས་མཛད་པ། །རྗེ་སྤྲུལ་སྐུ་ཁྱེད་ལ་ཕྱག་འཚལ་བསྟོད། །བདག་གིས་ཁྱེད་ལ་དེ་བསྟོད་པ། །དེ་ལས་བྱུང་བའི་བསོད་ནམས་༼༡༦༠༽ཀྱིས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །ཉོན་མོངས་ནད་རྣམས་སེལ་བར་ཤོག །ཅེས་གསུངས་ནས་ཐུགས་དེ་དྲི་དང་སྤོས་ཆབ་ཀྱིས་སྐུ་ཁྲུས་གསོལ་ནས། སྒོམ་ཆེན་རྟོགས་ལྡན་རྣམས་ལ་ཞལ་བསྟན་ཅིང་དབང་བསྐུར་རོ། །དེ་ནས་སྡེ་པ་རྣམས་ཀྱིས་རིན་པོ་ཆེ་འདས་པའི་གཏམ་ཐོས་ནས། ཐམས་ཅད་ཀྱིས་བཟང་འགྲན་བྱས་ནས་གདུང་གདན་འདྲེན་དུ་འོངས་ཏེ། ཟླ་བ་གཅིག་ཏུ་གདུང་ལ་མཆོད་པ་ཕུལ་ནས་བཞི་ཆར་དགོས་སོ། །སྡེ་པ་རྣམས་ཀྱིས་ཆ་བཞི། སློབ་དཔོན་སྒོམ་པས་བཀྲ་ཤིས་སྒོ་མང་ནང་དུ་བཞུགས་པ་ལ་བཞི་ཆ། སྒོམ་ཆེན་པ་རྣམས་ཀྱིས་ཕྱེད་ཐོབ་པ་ལ། སློབ་དཔོན་སྒོམ་པས་གསེར་ཞོ་ལ་བཏགས་ནས་དམ་ཚིག་ལ་ཀར་ཏེ་རྒྱལ་ཕམ་མེད་པར་བགོས་སོ། །སྡེ་པ་རྣམས་ཀྱིས་ཕྱོགས་ཕྱོགས་སུ་དར་གྱི་ཁྲི་ལ་གདུང་བཞུགས་ཏེ། སྟེང་དུ་གདུགས་ཕུབ། ཟུར་ལ་རྒྱལ་མཚན་བསྒྲེངས། ཕྱོགས་རྣམས་ལ་བ་དན་དང་། ཕྱེ་མ་ཕུར་མ་ལ་སོགས་པ་མཆོད་རྫས་དུ་མ་དང་། ཆ་ལང་དང་འཁར་རྔ་ལ་སོགས་པའི་རོལ་མོའི་སྒྲ་སྣ་ཚོགས་དང་བཅས་པས་བསྐོར་ཏེ་གདན་དྲངས་སོ། །ནམ་མཁའ་ཡང་འཇའ་འོད་ཀྱིས་གང་བར་གྱུར་ཏོ། །བར་སྣང་ཐམས་ཅད་སྤོས་ཀྱི་དུ་བས་འཁྲིགས་ཤིང་། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་ངུ་ཞིང་སྨྲེ་སྔགས་བཏོན་པས། ས་གཡོས་པ་ཙམ་དུ་གྱུར་ཏོ། །སྒོམ་ཆེན་རྣམས་ཀྱང་༼༡༦༡༽རང་རང་གི་ཕྱོགས་ཀྱི་རི་ཁྲོད་རྣམས་ལ་བཞུད་དོ། །ས་གཞི་ཐམས་ཅད་ཀྱི་བཀྲག་མདངས་ཉམས་ཏེ་སྡོད་མི་འདོད་པར་གྱུར་ཀྱང་། ཁམས་པ་རིན་པོ་ཆེའི་ཞལ་ནས་ཡུགས་ས་མོ་ཁྲེལ་ཆུང་བར་འདོད་པ་རྣམས་ཀྱང་། དབྱར་དགུན་རེའི་མྱ་ངན་བྱེད་པར་འདུག་པས། ང་ཡང་ད་ལོ་སློབ་དཔོན་སྒོམ་པའི་སྡོད་རོགས་བྱེད་པ་ཡིན་གསུངས་ནས། འཚོ་བ་དཀོན་ནེ་ལས་མེད་ཀྱང་དཔོན་སློབ་གཉིས་ཀྱིས་སློབ་དཔོན་སྒོམ་པའི་ཕྱག་ཕྱིར་བཞུགས་སོ། །དེའི་ཚེ་ཆོས་རྗེ་རིན་པོ་ཆེ་འདས་དུས་མ་བསླེབས་པའི་སྒོམ་ཆེན་རྣམས་ཀྱིས་དྲི་རྨེད་བྱས་པའི་ལན་དུ་གདུང་དབྱངས་ཀྱི་ང་རོ་གསུངས་པ། སྐྱེས་ཆེན་མི་ཡི་སེང་གེའི་ཉི་མ་ནི། །དུས་ཀྱི་རྒྱལ་པོ་བྱ་ལོ་ཤར་བའི་ཚེ། །དབྱར་ཟླ་འབྲིང་པོའི་བཅོ་ལྔའི་སྔ་དྲོ་ལ། །སངས་རྒྱས་ཉི་མ་གདུལ་བྱའི་སྣང་ངོར་ནུབ། །རྒྱུ་སྐར་ཆུ་སྟོད་མཁའ་ལ་རྒྱུ་བའི་དུས། །རྩི་ཤིང་ནགས་ཚལ་འབྲས་བུ་སྨིན་གྱུར་ཅིང་། །ཉེ་དང་རིང་བའི་སྐྱེ་བོ་ཐམས་ཅད་ཀྱིས། །འཇའ་ཡི་གུར་ཕུབ་མཆོད་རྟེན་སྣང་བ་ཤར། །དུ་བ་འོད་ཀྱི་ཕུང་པོ་ཆེན་པོར་འཁྱིལ། །མཁའ་འགྲོའི་ཚོགས་རྣམས་སྤྲིན་ཕུང་བཞིན་དུ་འཐིབས། །སྤྲིན་ཚོགས་རབ་དྭངས་ཉི་མའི་དཀྱིལ་འཁོར་ཏེ། །འོད་ཟེར་རབ་བཀྱེ་མཆོད་པའི་ཆར་པ་ཕབ། །ཡེ་ཤེས་མེ་ལ་ཐུགས་ཉིད་བཞུ་གྱུར་ཀྱང་། །འགྱུར་བ་མེད་པ་ཆོས་རྗེའི་ཕྱག་༼༡༦༢༽ཏུ་བྱོན། །རྗེས་འཇུག་བཀའ་འབངས་རྣམས་ལ་ཐུགས་རྗེ་ཡིས། །ལྕགས་ཀྱུའི་ཞགས་པས་དུས་གསུམ་གཟིགས་པར་ངེས། །ཟླ་བ་གཅིག་ཏུ་གདུང་ལ་མཆོད་པ་ཕུལ། །མཆོད་པའི་རྟེན་དུ་གདུང་རྣམས་སོ་སོར་བགོས། །སྡེ་པ་རྣམས་ཀྱིས་ཕྱོགས་ཕྱོགས་རྣམས་སུ་ཡང་། །ཤིང་རྟ་རབ་བྱས་རྒྱལ་མཚན་བསླང་བྱས་ཤིང་། །གདུགས་རྣམས་རབ་ཕུབ་རོལ་མོའི་ཚོགས་ཀྱིས་བསྐོར། །སྤོས་ཀྱི་དུད་པས་སྟོང་གསུམ་ཁྱབ་གྱུར་ཅིང་། །ནམ་མཁའ་འཇའ་དང་འོད་ཀྱིས་ཁེངས་པར་གྱུར། །དགེ་འདུན་རྣམས་ཀྱི་གདོང་ཡང་མཆི་མས་གཡོགས། །མཁའ་འགྲོ་རྣམས་ཀྱང་རང་བཞིན་གནས་སུ་གཤེགས། །སྒོམ་ཆེན་རྣམས་ཀྱང་རང་རང་ཡུལ་དུ་བཞུད། །ཆོས་སྐྱོང་རྣམས་ཀྱང་རྟོགས་ལྡན་ཕྱི་བཞིན་འབྲང་། །དབེན་ཞིང་ཉམས་དགའི་དགོན་པ་སྟོངས་པར་གྱུར། །ཡི་དྭགས་རྣམས་ལ་གཏོར་མའི་རྒྱུན་ཡང་ཆད། །འགྲོ་བའི་ཉི་མ་སྒམ་པོར་ནུབ་པར་གྱུར། །དགོས་འདོད་ནོར་བུ་ཆོས་དབྱིངས་རྒྱ་མཚོར་གཏོར། །ཤེས་རབ་སྒྲོན་མེ་དུས་ཀྱི་རླུང་གིས་སྐྱོད། །ས་ཡི་བཀྲག་ཉམས་ཐར་པའི་གྲོང་ཁྱེར་ཞིག །ཀྱི་ཧུད་འདོད་འཇོའི་རྒྱ་མཚོ་སྐམས་པར་གྱུར། །ཐུབ་པའི་བསྟན་པ་སྒམ་པོའི་རི་ལ་ནུབ། །འདི་འདྲའི་བཤེས་གཉེན་རྙེད་པར་ག་ལ་འགྱུར། །འོད་གསལ་ཉི་མ་ནུབ་པར་གྱུར་པ་ལ། །ལྟ་ངན་མུན་པ་གང་༼༡༦༣༽གིས་སེལ་བར་ནུས། །གྲུ་ཆེན་རྒྱ་མཚོར་ཞིག་པར་གྱུར་པ་ལ། །ཆུ་བོ་བཞི་ལས་གང་གིས་སྒྲོལ་བར་འགྱུར། །ཡེ་ཤེས་རི་བོ་ཉིལ་བར་གྱུར་པ་ལ། །ཤེས་རབ་ཉི་མ་གང་ལས་འཆར་བར་འགྱུར། །གདུལ་བྱའི་ཆར་པ་ཆད་པར་གྱུར་པ་ལ། །ཕྲིན་ལས་མྱུ་གུ་གང་གིས་བྲན་པར་འགྱུར། །ཀྱི་ཧུད་སྐྱེས་མཆོག་ཆེན་པོ་གང་དུ་གཤེགས། །འགྲོ་བའི་སྒྲོན་མེ་གང་དུ་གཤེགས་པར་གྱུར། །སྔོན་གྱི་དུས་ན་མེ་ཏོག་ཟླ་མཛེས་ཏེ། །ཐུབ་པའི་སྤྱན་སྔར་ཟླ་འོད་གཞོན་ནུར་གྱུར། །ལྔ་བརྒྱའི་དུས་འདིར་སྐྱེས་མཆོག་ཆེན་པོ་ཉིད། །ཁྱེད་ནི་མཐོང་ངམ་ཐོས་སམ་དྲན་གྱུར་པ། །ཁྱེད་ལ་དད་པའི་སྐྱེ་བོ་མ་ལུས་པ། །སྡིག་པ་རབ་ཟད་རྟོགས་པ་མཐར་ཐུག་འཆར། །སྐྱེས་བུ་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས། །སངས་རྒྱས་ཞིང་དུ་ཁྱེད་དང་མི་འབྲལ་ཤོག །ཅེས་བསྟོད་ནས་བླ་མ་རིན་པོ་ཆེ་མིན་ན། ད་རེས་ཀྱང་ཁོ་བོའི་མི་ལུས་དོན་མེད་ལ་དེའུ་སོང་གསུངས་ཤིང་། ལར་སློབ་མ་བྱ་བ་བླ་མའི་རྣམ་ཐར་འཛིན་པ་ལ་ཟེར་བ་ཡིན་པས་ཁོ་བོ་ཡང་རིན་པོ་ཆེའི་རྣམ་པར་ཐར་པ་བཞིན་བྱེད་པ་ཡིན་གསུངས་ནས། དུས་རྟག་ཏུ་མཚམས་ལ་གནས་པ་དང་། རྐང་བཞིའི་འབུལ་བ་མི་ལེན་པ་དང་། གསེར་དངུལ་ཕྱག་ཏུ་མི་འཛིན་པ། ཡར་ངོ་ལ་སྐུ་མཚམས་མཛད་པ། མར་ངོ་ལ་ཁྲིད་མཛད་པ་དང་། དེ་ལ་སོགས་པ་རིན་པོ་ཆེའི་རྣམ་༼༡༦༤༽ཐར་བཞིན་མཛད་དོ། །དེ་ནས་སློབ་དཔོན་སྒོམ་པས་བཀྲ་ཤིས་སྒོ་མང་ལ་སོགས་ཏེ། ཆོས་རྗེའི་ཕྱི་རྟེན་ནང་རྟེན་རྣམས་ལེགས་པར་གྲུབ་ནས་ཁོང་རང་གི་ཐུགས་ལས་རྣམས་ཚར་བ་དང་། དབོན་པོ་སྒོམ་ཆུང་ལ་གདན་ས་གཏད་ནས། ཁོང་རང་རི་ཁྲོད་ལ་འབྱོན་པར་དགོངས་པ་ལ། གྲྭ་པ་བགྲེས་པོ་རྣམས་དང་ཉེ་གནས་ལ་སོགས་པ་རྣམས་སྒོ་མང་ལ་ཕྱག་འབུལ་བ་དང་། ཆོས་འབྲེལ་ཞུ་བ་ལ་ཕྱོགས་ཕྱོགས་ནས་ཚོགས་ཏེ། ཆོས་ཞུ་བའི་ལན་མགུར་དུ་གསུངས་པ། བློ་འདས་ཀྱི་ལྟ་བ་མཐའ་བྲལ་ལ། །ཐེ་ཚོམ་ཟ་ཡང་མི་འཚལ་ལོ། །བདེ་སྟོང་གི་སྒོམ་པ་ཞེན་མེད་ལ། །སྒོམ་ཐུན་དུ་བཅད་ཀྱང་མི་འཚལ་ལོ། །རང་ཤུགས་ཀྱི་སྤྱོད་པ་ཞེན་མེད་ལ། །ཚུལ་འཆོས་བགྱི་ཡང་མི་འཚལ་ལོ། །འབྲས་བུ་རང་སེམས་འོད་གསལ་ལ། །རེ་དྭོགས་བགྱི་ཡང་མི་འཚལ་ལོ། །ཞེས་གསུངས་པས། དོན་ཉམས་སུ་ལེན་པའི་གདམས་ངག་ཅིག་ཞུ་ལགས། ཞེས་ཞུས་པས། ཐེ་ཚོམ་མེད་པའི་ལྟ་བ་ལ། །གཞི་རྩ་ཆོད་པའི་རྟོགས་པ་འཚལ། །སྒོམ་ཐུན་དུ་བཅད་དུ་མེད་པ་ལ། །དུས་གསུམ་གཉུག་མར་འཆར་ཡང་འཚལ། །ཚུལ་འཆོས་མེད་པའི་སྤྱོད་པ་ལ། །རང་འཁྲིས་མེད་པའི་གཞན་ཕན་འཚལ། །རེ་དྭོགས་མེད་པའི་འབྲས་བུ་ལ། །གོམས་པ་རྒྱུན་༼༡༦༥༽དུ་བསྟེན་ཡང་འཚལ། །ཞེས་གསུངས་པས་ཁྱེད་རེས་འཚལ་རེས་མི་འཚལ་གསུང་། དེ་ཀུན་ཁྱེད་རང་རྟོགས་ལྡན་གྱི་ཆོས་སུ་འདུག །ངེད་རྣམས་ལ་སྐྱེ་བར་བྱེད་པའི་ཐབས་ལག་ཏུ་བླང་རྒྱུའི་གདམས་ངག་ཅིག་ཞུ་ཟེར་བ་ལ་ཡང་གསུངས་པ། དབྱངས་དེ་དང་གཅིག་སྟེ་འདི་དང་གཉིས། །ལྷན་ཅིག་སྐྱེས་པའི་སེམས་ཉིད་འདི། །བཙིར་གྱིས་གཟུང་ན་གཉུག་མ་ཡིན། །ལྷོད་ཀྱིས་གློད་ན་སྤྲོས་བྲལ་ཡིན། །ལྷན་ཅིག་རྟོགས་ན་ཆོས་སྐུ་ཡིན། །རྣམ་རྟོག་སྤང་བྱར་མི་འདོད་ཅིང་། །མི་རྟོག་ཆེད་དུ་མི་སྒྲུབ་པ། །མཉམ་བྲལ་སེམས་ཀྱི་ངོ་བོ་ཡིན། །གསལ་སྟོང་གི་རིག་པ་རྗེན་པ་འདི། །མ་ཡེངས་པར་སྐྱོང་བ་མན་ངག་ཡིན། །ཡོད་ན་བླ་མ་དཀོན་མཆོག་མཆོད། །མེད་ན་ཤེས་པ་གློད་ལས་ཞོག །ཕ་འཛམ་གླིང་གྲགས་པས་དེ་སྐད་གསུངས། །ཞེས་གསུངས་ཏེ། རྗེ་སྒོམ་པ་འདི་ཉིད་ཀྱང་། བླ་མ་རིན་པོ་ཆེའི་འཕྲིན་ལས་ཀྱི་རྣམ་སྤྲུལ། སྤྲུལ་སྐུ་སེམས་ཅན་གྱི་བསོད་ནམས་ལས་གྲུབ་པ། བསྟན་པའི་བདག་པོ་ཡིན་ཏེ། དེ་ཡང་རྒྱས་པ་སེ་རེ་དང་། ཡུམ་ཚེ་ལྕམ་གཉིས་ལ་སྲས་གསུམ་ཡོད་པའི་འབྲིང་པོ་སྒོམ་པ་གྲགས་མཛེས་བྱ་བ། ཏིང་ངེ་འཛིན་དུ་མ་དང་ལྡན་པ་ཞིག་སྔ་བར་འདས། །དེའི་གཅེན་པོ་སློབ་དཔོན་སྒོམ་ཚུལ་ཡང་ཡུམ་གྱི་ལྷུམས་ན་བཞུགས་པའི་ཚེ། ཡུམ་གྱི་རྨི་ལམ་ན་ལྟོ་བ་ནས་ཉི་མ་༼༡༦༦༽ཤར་བས་འཛམ་གླིང་འོད་ཀྱིས་གང་བ་རྨིས་པས། སྐུ་བལྟམས་པའི་དུས་སུ་མཚན་ཡང་འཛམ་གླིང་གྲགས་པ་བྱ་བར་བཏགས། ལོ་ལྔ་པ་ལ་ཨ་ཁུ་ལྷ་རྗེ་སྙི་ཆུང་པ་དང་འགྲོགས་ནས་དྭགས་པོ་ངོས་སུ་བྱོན། བླ་མ་ཆེན་པོ་དང་མཇལ། མི་གཡོ་བའི་སྒོམ་ལུང་ཕོག་པས་ཞལ་གཟིགས། ལོ་བཅུ་གཅིག་པ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་འཁྲུངས། དགུང་ལོ་བཅུ་བདུན་ལོན་ནས་དགེ་བཤེས་མངའ་རིས་པས་མཁན་པོ་མཛད་དེ་དགེ་ཚུལ་མནོས། ཉི་ཤུ་ལ་དགེ་བཤེས་ཤ་བ་གླིང་པས་མཁན་པོ་མཛད་ནས་བསྙེན་རྫོགས་མཛད་དོ། །དགེ་སློང་ཚུལ་ཁྲིམས་སྙིང་པོ་བྱ་བར་མཚན་གསོལ། བླ་མ་ཆེན་པོས་ཆོས་དྲུག་ལ་སོགས་ཏེ། གདམས་ངག་ཐམས་ཅད་རྫོགས་པར་གནང་ནས་གཉགས་ལྟ་བྱར་མ་དང་། ལྷོ་ཤ་འུག་དོམ་ཚང་ལ་སོགས་པ་རི་ཁྲོད་དུ་མ་བསྟེན། མཆོག་ཐུན་མོང་གི་དངོས་གྲུབ་མཉེས། བྱར་ལྐོག་དབང་ཞུ་ཕུབ་ཏུ་བཞུགས་དུས། ཞྭ་སྣ་རིང་གི་སྣ་བ་བལྟབས་སྟེ་མནབས་པས་སྒོམ་ཞྭ་ཞེས་གྲགས་པ་བྱུང་། བླ་མ་ཆེན་པོའི་ཞལ་ནས་སྒོམ་ཚུལ་འདི་སྔར་ནས་ཐུགས་རྒྱུད་སྦྱངས་སྦྱངས་པས། ཁོ་བོས་སད་པར་བྱས་པ་ཙམ་ཞེས་ཤིན་ཏུ་དགྱེས་པར་མཛད། དེ་ནས་ཚོགས་པ་སློབ་དཔོན་སྒོམ་པ་ལ་གཏད། བྱ་ལྐོག་ཏུ་ཚོགས་པ་སྟོང་རེ་ཙམ་འདུས། དེ་ནས་སྒམ་པོའི་མཆོད་ཁང་རྙིང་མ་དང་། སྒོམ་༼༡༦༧༽སྡེའི་མཁར་ལན་ལ་སོགས་པ་མཛད། གསེར་གྱི་མཆོད་རྟེན་བཀྲ་ཤིས་སྒོ་མངས་ལ་སོགས་པ་མང་དུ་བཞེངས། དེ་ནས་སྟོད་ལུངས་ཀྱི་གནས་བརྟན་ཤེས་རབ་གྲགས་བྱ་བས་གདན་དྲངས། མཚུར་ལྷ་ལུང་གི་དགོན་པ་བཏབ། དབུས་གཙང་ཁམས་གསུམ་གྱི་དགེ་འདུན་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད། དེ་ནས་འདྲེ་སྲིན་གདུག་པ་ཅན་འཁྲུགས་ནས། ལྷ་ས་འཕྲུལ་སྣང་གི་གཙུག་ལག་ཁང་མེས་བསྲེགས། རེ་ཧྲུལ་དུ་སོང་ནས་གསོ་མཁན་མེད་པའི་དུས་སུ། ཆོས་སྐྱོང་མགོན་པོ་དང་། རེ་མ་ཏི་དང་། རྫོང་བཙན་གསུམ་གྱི་སྤྱན་འདྲེན་དུ་བྱུང་སྟེ། དབུ་རུ་བྱང་ངོས་ཕ་གིར་ལྷ་ས་སྡེ་བཞི་འཁྲུག་པ་ཤོར་བས་དེའི་བསྡུམས་ལ་བྱོན་ཟེར་བས་ཞལ་གྱིས་བཞེས་ཏེ། དེར་བྱོན་ནས་རེ་ཧྲུལ་སྟོང་པ་དེར་བཞུགས་ནས། བསྡུམས་མ་བྱུང་། ཡུན་རིང་དུ་ཐོགས། དྭགས་པོ་ནས་ཀྱི་གྲྭ་པ་རྣམས་སྐྱོ་བར་གྱུར། སློབ་དཔོན་གྱི་ཞལ་ནས་ད་ཞག་འགའ་ན་འགྲོ་བ་ཡིན་གསུངས། དེར་འགྲོ་བར་བརྩམས་པ་དང་། ཡང་འགྲོ་མི་བཏུབ་པར་འདུག་གསུངས། དེ་ཇི་ལྟར་ལགས་ཞུས་པས། མདང་ངའི་རྨི་ལམ་དུ་བླ་མ་ཆེན་པོ་བྱོན་ནས་སྒོམ་ཚུལ་ཁྱོད་ཀྱིས་ང་འཇོག་ཕོད་དམ་བྱ་བ་གསུངས། བླ་མ་ཆེན་པོ་དང་ཇོ་བོ་ཐ་དད་མི་འདུག་གསུང་། ཡང་ལན་ཅིག་ཇོ་བོའི་ཞལ་ནས་འཁྲུག་པ་འདི་ཁྱོད་ཀྱིས་མི་སྡུམ་ན་སུས་སྡུམ། ངས་༼༡༦༨༽གྲོགས་བྱ་ཡིས་གསུངས་ཏེ། སྤྱན་ཆབ་བྱུང་བ་ཀུན་གྱིས་མཐོང་སྣང་དུ་གྲུབ་པ་བྱུང་། དེ་ནས་ཇོ་བོའི་ལུང་གི་རྗེས་སུ་འབྲངས་ནས་བསྡུམས་པས། ཚེགས་མ་བྱུང་། བསོད་ནམས་ནམ་མཁའ་དང་མཉམ། ཉི་མ་དང་ཟླ་བ་ལྟ་བུར་གྲགས་པར་གྱུར། འཕྲུལ་སྣང་གི་ལྕགས་རི་དང་། སྐོར་ཁང་དང་། སྤེན་པད་དང་། ཞལ་བ་ལ་སོགས་པའི་ཞབས་ཏོག་མང་དུ་མཛད། སློབ་དཔོན་གཉལ་སྟོན་ལ་ཁྱོད་ཀྱིས་ལྷ་ས་འདི་ཅིར་མཐོང་གསུངས། གཉལ་སྟོན་གྱིས་ཇོ་བོ་འདི་ན་བཞུགས། བྱམས་པ་འདི་ན་བཞུགས་བྱ་བ་ལ་སོགས་པ་ཀུན་གྱིས་མཐོང་བ་བཞིན་དུ་མཐོང་ཞུས་པས། ཁོ་བོས་དེ་ལྟར་མ་མཐོང་ལྷ་སའི་གཙུག་ལག་ཁང་འདི་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་མཐོང་གསུངས། བདག་གིས་ཀྱང་མཐོང་ཐབས་ཡོད་ལགས་སམ་ཞུས་པས། མོས་གུས་གྱིས་དང་མཐོང་གི་གསུངས། གསོལ་བ་བཏབ་པས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་གཙོ་བོ་སློབ་དཔོན་ཉིད་ཀྱིས་མཛད་པ། ཁོང་རང་ཡང་ལྷའི་གྲལ་ལ་ཚུད་པར་གཟིགས་སོ། །གཉལ་སྟོན་ན་རེ་འོ་སྐོལ་རྣམས་ལ་ནཱ་རོ་པ་ཙམ་གྱིས་དད་པ་ཡོད་ན། སློབ་དཔོན་འདི་ལ་ཏཻ་ལོ་པ་ཙམ་གྱིས་བྱིན་རླབས་ཡོད་ངོ་ཤེས་པར་འདུག་གསུང་སྐད། གཞན་ཡང་རྡོ་རྗེ་གདན་སྐད་ཅིག་གི་སྐོར་བ་དང་། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་༼༡༦༩༽གཟིགས་པ་དང་། སྤྱན་རས་གཟིགས་དང་རྡོ་རྗེ་ཕག་མོ་ལ་སོགས་པ་ཡི་དམ་གྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས། སྐུ་མི་སྣང་བ་དང་དུ་མར་གྱུར་པ་ལ་སོགས་པ་རྫུ་འཕྲུལ་དང་མངོན་པར་ཤེས་པའི་ཡོན་ཏན་དུ་མ་དང་ལྡན་པ་ཡིན་ཞིང་། ཆོས་རྒྱལ་ཆེན་པོའི་བཀའ་ཆེམས་ལས་ལུང་བསྟན་པའང་ཡོད་དེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཤར་ལྷོར་སྐུ་འཁྲུངས་པ། །གསང་སྔགས་འཆང་བའི་རྣལ་འབྱོར་ཆེན་པོ་ནི། །སྙིང་པོའི་མཐའ་ཅན་སྐྱེས་བུ་དམ་པ་སྟེ། །གཙུག་ལག་ཁང་ཆེན་འདི་ལ་ཕན་པར་འགྱུར། །ཞེས་སོགས་འབྱུང་ཞིང་རྒྱས་པར་ནི་རྗེ་འདི་ཉིད་ཀྱི་རྣམ་ཐར་དུ་བལྟ་བར་བྱའོ། །དེ་ལྟར་བདག་ཉིད་ཆེན་པོ་འདི་ནི་བླ་མ་ཆེན་པོ་དང་། ངོ་བོ་ཅིག་ཀྱང་ཐུགས་སྲས་ལྟ་བུར་སྣང་བ་མི་ལས་འདས་པ་ཡིན་ཞིང་། དགུང་ལོ་ལྔ་བཅུ་རྩ་གསུམ་གྱི་བར་དུ་བཞུགས། གླང་གི་ལོ་སྟོན་ཟླ་ཐ་ཆུང་གི་ཚེས་ཉི་ཤུ་ལ་ངོ་མཚར་བའི་བལྟས་མང་པོ་དང་བཅས་ཏེ་སྐུ་གཤེགས། ཐུགས་དང་ལྗགས་མ་ཚིག་པར་བྱོན། སློབ་དཔོན་པའི་གཅུང་པོ་སློབ་དཔོན་སྒོམ་ཆུང་ཞེས་གྲགས་པ་ཡང་། ཏིང་ངེ་འཛིན་གྱི་རྟོགས་པ་དང་ཡོན་ཏན་དཔག་ཏུ་མེད་པ་མངའ་ཞིང་། བདེ་མཆོག་དང་སྒྲོལ་མ་དཀར་མོ་ལ་སོགས་ཏེ། ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་མཐོང་བ་དང་། དབུའི་གཙུག་ཏོར་༼༡༧༠༽ཀུན་གྱིས་གསལ་བར་མཐོང་བ་ཡོད་པ་དང་། རྫུ་འཕྲུལ་སྣ་ཚོགས་སྟོན་ཅིང་ཐུགས་རྗེ་དང་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་ཞིག་ཡིན་ཅིང་། དགུང་ལོ་བཞི་ཅུ་རྩ་བཞི་ལ་ངོ་མཚར་བའི་བལྟས་མང་པོ་དང་བཅས་ཏེ་སྐུ་གཤེགས། ཐུགས་ལྗགས་མ་ཚིག་པར་བྱོན། རྒྱས་པར་ནི་འདི་ཉིད་ཀྱི་རྣམ་ཐར་དུ་བལྟ་བར་བྱའོ། །དེ་ལྟར་རྗེ་ཁུ་དབོན་གསུམ་པོ་འདི་ནི། འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རིགས་གསུམ་མགོན་པོ་ལྟ་བུ། རྡོ་རྗེ་འཆང་ནས་སྤྲུལ་པའི་སྐུ་རྒྱུན་མ་ཆད་པ་ཡིན་ཏེ། རྗེ་བཙུན་ཁུ་དབོན་འདི་དག་གི་སྲས་མཆོག་ཏུ་གྱུར་པ། རྗེ་དུས་གསུམ་མཁྱེན་པ་དང་། བདེ་གཤེགས་རིན་པོ་ཆེ་ཕག་མོ་གྲུ་པ་དང་། དཔལ་འབའ་རོམ་པ་རྣམས་སོ་སོར་ཡང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་འགྲོ་བ་འདྲེན་པའི་གཙོ་བོར་གྱུར་པའོ། །ཉེ་བའི་སྲས་བཞི་ལ། སྒོམ་པ་འདུལ་འཛིན། ལ་ཡག་ཇོ་སྲས། མགར་སྒོམ་དཀར་པོ། སྐྱེ་སྒོམ་ཡེ་རྡོར་དང་བཞིའོ། །གསོལ་ཇ་གཟིམས་གཡོག་དང་ཞབས་ཏོག་བྱེད་པའི་ཉེ་གནས་བཞི་ནི། ཇོ་གདན་ལེགས་མཛེས། ཤོ་སྒོམ་བྱང་ཡེས། ཉེ་གནས་གསལ་བྱང་། རས་སྒོམ་རས་པ་དང་བཞིའོ། །གཞན་ཡང་འོལ་ཁ་ཆོས་འབྱུང་། ཐང་ལྷ་མོན་སྒོམ། ཏི་སྒྲོ་ཉང་སྒོམ། ཞིག་པོ་ལྗང་ཐུལ། ཞེས་བྱ་བ་རྣམས་དང་། རིན་པོ་ཆེ་རྨོག་ལྕོག་༼༡༧༡༽པ། རྒྱལ་བ་ཁྱུང་ཚང་པ། གནམ་མཚོ་དོ་སྒོམ། ཟངས་རི་རས་པ་ལ་སོགས་ཏེ་ཕྱི་ནང་གི་ཡོན་ཏན་དཔག་ཏུ་མེད་པ་མངའ་བའི་བུ་སློབ་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །རྗེ་སྒོམ་པ་དང་། དགེ་བཤེས་ཁམས་པ་དང་། རྗེ་རིན་པོ་ཆེ་དབུ་སེ་ལ་སོགས་པ་ཐུགས་ཀྱི་སྲས་མང་ཞིང་འདུས་པའི་དུས་སུ། བླ་མ་རིན་པོ་ཆེའི་ཞལ་ནས། སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁོ་བོ་ཟླ་འོད་གཞོན་ནུ་ཞེས་བྱ་བར་གྱུར་ནས་ཏིང་ངེ་འཛིན་དམ་པ་སྩལ་ཞིང་། འདིར་ཡང་ཁོ་བོས་ཁྱེད་རྣམས་ཏིང་ངེ་འཛིན་ལ་བཀོད་དེ། སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་ཆེར་བྱས་པ་ཡིན་ཞེས་གསུངས་ཏེ། དེ་ལྟར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་དམ་པར་གྱུར་པ། ཆོས་རྗེ་སྒམ་པོ་པ་འདི་ཉིད་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་རྒྱལ་པོའི་མདོ་དང་། དཀོན་མཆོག་རྩེགས་པ་དང་། སྙིང་རྗེ་པདྨ་དཀར་པོ་ལ་སོགས་ཏེ་མདོ་རྒྱུད་དུ་མར་ལུང་བསྟན་ཅིང་། སྙིགས་མའི་དུས་ན་དེ་བཞིན་གཤེགས་པའི་བསྟན་པ་ལ་ཆོས་འཛིན་པར་ཞལ་གྱིས་བཞེས་པ། དགེ་སློང་འཚོ་བྱེད་ཅེས་བྱ་བ་འཁོར་དགྲ་བཅོམ་པ་ལྔ་བརྒྱ་ལས་མི་ཉུང་བར་ལུང་བསྟན་ཏེ། དེ་ཡང་ཏིང་ངེ་འཛིན་གྱི་རྟོགས་པ་དང་ལྡན་པ། མ་དག་པའི་དངོས་པོ་བརྒྱད་མི་འཆང་བ། རི་མཚམས་དང་འདག་སྦྱར་ལ་གནས་པ། གསང་སྤྱོད་ཙོག་པུའི་རྣལ་འབྱོར་ལ་༼༡༧༢༽བརྩོན་པ། སྤྱན་དང་མངོན་ཤེས་དྲུག་གི་ཡོན་ཏན་དང་ལྡན་པ། ལྔ་ཁྲི་གཅིག་སྟོང་དྲུག་བརྒྱ་འབྱུང་ངོ་། །ཞེས་པ་དང་། མདོ་ཏིང་ངེ་འཛིན་རྒྱལ་པོའི་ལེའུ་བཅོ་ལྔ་པ་ལས་ཀྱང་། གསལ་བར་ལུང་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་བྱམས་པ་ལ་བཀའ་སྩལ་པ། ཟླ་འོད་གཞོན་ནུར་གྱུར་པ་འདི་ཉིད་ཀྱིས། །མཚུངས་པ་མེད་པར་དགའ་བས་སངས་རྒྱས་བསྟོད། །སངས་རྒྱས་ཡོན་ཏན་བྱེ་བྲག་འཕགས་བརྗོད་པས། །རྟག་ཏུ་འཁོར་མོར་ཤིན་ཏུ་བསྔགས་པར་འགྱུར། །སྔོན་ཡང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འདིར། །སངས་རྒྱས་དག་ཀྱང་བྱེ་བ་ཕྲག་སྟོང་མཐོང་། །རྒྱལ་བ་དེ་དག་ཀུན་གྱི་དྲུང་དུ་འདིས། །ཏིང་འཛིན་ཞི་མཆོག་འདི་ཡང་རབ་ཏུ་དྲིས། །བྱང་ཆུབ་སྤྱོད་པ་མཆོག་འདི་སྤྱོད་པ་ན། །འདི་ནི་ཀུན་ཏུ་ང་ཡི་བུར་གྱུར་ཏེ། །ཐམས་ཅད་དུ་ཡང་སྤོབས་དང་ལྡན་པར་གྱུར། །ཀུན་ཏུ་རྟག་པར་ཚངས་པར་སྤྱོད་པ་སྤྱད། །འདི་ནི་ཕྱི་དུས་འཇིགས་པ་ཆེན་པོ་ལ། །རྟག་ཏུ་ཚངས་སྤྱོད་གཙང་ལ་རབ་གནས་པས། །ཏིང་འཛིན་འདི་ནི་ཤིན་ཏུ་རྒྱས་བྱེད་འགྱུར། །འདི་ལ་མ་ཕམ་ཁྱོད་ཉིད་ང་ཡི་དཔང་། །ཏིང་འཛིན་དམ་པ་འདི་ནི་རབ་འཚོལ་ཞིང་། །ལམ་འདིར་ཞུགས་པས་བྱང་ཆུབ་དམ་ཐོབ་འགྱུར། །སངས་རྒྱས་བྱེ་བ་མང་པོས་ཡོངས་བཟུང་སྟེ། །འདྲེན་པ་རྣམས་ལ་མཆོད་པ་༼༡༧༣༽མཆོག་བྱེད་འགྱུར། །ང་ནི་ཡེ་ཤེས་ལ་ཡང་རབ་གནས་ཏེ། །ཟླ་འོད་སྤྱོད་པ་ཁྱད་ཞུགས་ལུང་བསྟན་ཅིང་། །འདི་ཡི་སྲོག་དང་ཚངས་པར་སྤྱོད་པ་དག །ཕྱི་མའི་དུས་ལ་བར་ཆད་མེད་པར་བྱ། །ལག་མཐིལ་ཀྱུ་རུའི་འབྲུ་ལྔ་བཀོད་པ་བཞིན། །མ་འོངས་པ་ན་གང་ལ་མཆོད་འགྱུར་བ། །སངས་རྒྱས་བྱེ་བ་དག་ནི་ཕྲག་སྟོང་དང་། །དེ་ལས་ལྷག་པར་གངྒའི་བྱེ་སྙེད་ཅེས། །ལྷ་དང་ཀླུ་རྣམས་བྱེ་བ་བརྒྱད་ཅུ་དང་། །གནོད་སྦྱིན་བྱེ་བ་སྟོང་ཕྲག་བདུན་ཅུ་དག །ཕྱི་མའི་དུས་ལ་བརྩོན་པར་བྱེད་པར་འགྱུར། །རྐང་གཉིས་གཙོ་བོ་ལ་ཡང་མཆོད་པར་བྱེད། །རྐང་གཉིས་གཙོ་ལ་མཆོད་པ་མཆོག་བྱས་ཏེ། །ཡེ་ཤེས་བླ་མེད་འདི་ནི་རབ་བསྒྲུབས་ནས། །ཕྱི་མའི་དུས་ལ་དེ་ནི་འཇིག་རྟེན་མགོན། །རྒྱལ་བ་དྲི་མེད་འོད་ཅེས་བྱ་བར་འགྱུར། །ཟླ་འོད་གཞོན་ནུར་གྱུར་པ་བདག་ཉིད་ཀྱི། །ལུང་བསྟན་འདི་ཐོས་དགའ་བ་རྒྱས་གྱུར་ཏེ། །ཏ་ལ་བདུན་སྲིད་དུ་ནི་མངོན་འཕགས་ནས། །མཁའ་ལ་འདུག་སྟེ་ཆེད་དུ་བརྗོད་པ་བརྗོད། །ཨེ་མ་རྒྱལ་བས་ཆོས་མཆོག་སྟོན་མཛད་པ། །རྣམ་གྲོལ་ཡེ་ཤེས་བདག་པོ་སྟོབས་ལ་གནས། །ཤིན་ཏུ་ངེས་པའི་ཡེ་ཤེས་མཆོག་གནས་པས། །ཕ་རོལ་རྒོལ་བ་དག་གིས་ཟིལ་མི་ནོན། །ཆགས་པ་སྤངས་ཤིང་རྣམ་པར་གྲོལ་ལ་རེག །སྲིད་པའི་ཁྲི་ཤིང་འཆིང་བ་མཐའ་དག་༼༡༧༤༽བཅད། །སྲིད་པ་སྤངས་ཤིང་སྲིད་པར་མཚམས་སྦྱོར་མེད། །ཆོས་ཀྱི་རང་བཞིན་དངོས་མེད་རབ་མཁྱེན་ཅིང་། །བརྗོད་དུ་མེད་པའི་ཚིག་ཀྱང་ཐུགས་སུ་ཆུད། །མུ་སྟེགས་ཕྱིན་ཅི་ལོག་ལ་གནས་པ་དག །མི་མཁས་དེ་ཀུན་སེང་གེས་ཝ་བཞིན་བཤིག །བདེ་བར་གཤེགས་པ་བསྟན་པའི་ཆོས་ཀྱི་གཏེར། །གཏེར་མཆོག་དམ་པ་བདག་གིས་དེང་ཐོབ་སྟེ། །ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་སྤངས། །འདྲེན་པར་མི་འགྱུར་སྙམ་པའི་ཐེ་ཚོམ་མེད། །གསེར་གྱི་ཁ་དོག་མཛེས་ཤིང་འོད་གསལ་བ། །ཕྱག་ཀྱང་དེའི་མགོ་ལ་རབ་བཞག་ནས། །ལྷར་བཅས་འཇིག་རྟེན་དག་ཀྱང་དཔང་བཀོད་དེ། །མི་ཡི་ཁྱུ་མཆོག་བྱང་ཆུབ་དབང་བསྐུར་མཛད། །ཅེས་བསྟན་ཏོ། །རྒྱས་པར་ནི་མདོ་ཉིད་ལས་རྟོགས་པར་བྱའོ། །ཡང་འཁོར་འདུས་པའི་སྒོ་ནས་ཀྱང་གསལ་བར་བསྟན་ཏེ། མདོ་དེ་ཉིད་ལས། ཟླ་འོད་གཞོན་ནུར་གྱུར་པ་སེམས་དགའ་ནས། །སངས་རྒྱས་སྤྱན་སྔར་འདུག་སྟེ་ཚིག་སྨྲས་པ། །སྐྱེས་བུ་དམ་པ་མྱ་ངན་ཡོངས་འདས་ནས། །མ་རུངས་དུས་ན་བདག་གིས་མདོ་འདི་བཟུང་། །བདག་གིས་ལུས་དང་སྲོག་ཀྱང་ཡོངས་བཏང་སྟེ། །འཇིག་རྟེན་སྐྱིད་པ་ཅི་མཆིས་ཀུན་བཏང་ལ། །བདག་གིས་འཇིག་པ་ཆེན་པོའི་དུས་དེར་ཡང་། །ཏིང་འཛིན་ཞི་མཆོག་འདི་ནི་བཟུང་བར་བགྱིས། །༼༡༧༥༽སེམས་ཅན་མང་ལ་སྙིང་རྗེ་ཆེར་བསྐྱེད་དེ། །སེམས་ཅན་སྡུག་བསྔལ་མགོན་མེད་མཐོང་བས་ཀྱང་། །དེ་དག་ལ་ནི་བྱམས་པ་ཉེར་སྦྱར་ཞིང་། །ཏིང་འཛིན་ཞི་མཆོག་འདི་ནི་གཟུང་བར་བགྱི། །དེ་ཡི་ཚེ་ན་ཏིང་འཛིན་འཛིན་པ་དག །ལྔ་བརྒྱ་ལས་ནི་མི་ཉུང་དེར་འབྱུང་སྟེ། །མདོ་སྡེ་མཆོག་འདི་རྒྱ་ཆེར་གཟུང་བ་ལ། །དེ་དག་སྔོན་དུ་འདྲེན་པ་གཞོན་ནུ་ཡིན། །ཞེས་བསྟན་ཏོ། །ཡང་ཕྱི་རབས་ཀྱི་རྒྱུད་འཛིན་བསྟན་པ་ཡང་མདོ་དེ་ཉིད་ལས། མི་ཟད་པ་ཡི་ཕྱི་དུས་ལ། །དམ་པའི་ཆོས་ནི་འཇིག་པའི་ཚེ། །མདོ་སྡེ་འདི་ནི་རབ་བཤད་པར། །ཁྱེད་ལ་སུ་དག་སྤྲོ་བ་ཡོད། །དེ་ཚེ་གཞོན་ནུ་ལངས་ནས་ནི། །ངུ་ཞིང་རྒྱལ་ལ་འདི་སྐད་གསོལ། །སངས་རྒྱས་ཐུགས་ཀྱི་སྲས་པོ་ཡིས། །འདི་སྐད་སེང་གེའི་སྒྲ་ཡང་གྲགས། །རྫོགས་པའི་སངས་རྒྱས་མྱ་ངན་འདས། །མི་ཟད་པ་ཡི་ཕྱི་དུས་ལ། །ལུས་དང་སྲོག་ཀྱང་རབ་བཏང་སྟེ། །བདག་གིས་མདོ་སྡེ་རྒྱས་པར་བགྱི། །བྱིས་པ་རྣམས་ཀྱིས་མི་བདེན་པ། །སྤྱོད་ཅིང་སྤྱོད་པ་བཟང་བར་བགྱི། །གཤེ་བ་དང་ནི་སྡིག་པ་ཡང་། །འདྲེན་པ་དང་དུ་བླང་བར་བགྱི། །བྱང་ཆུབ་སེམས་དཔའ་གཞན་དག་ལ། །ངན་སེམས་དག་ནི་སྐྱེ་བའམ། །གང་སྔོན་བདག་གི་སྡིག་པ་ཡིས། །ལས་རྣམས་བགྱིས་པ་བྱང་བར་བགྱི། །སངས་རྒྱས་གསེར་གྱི་མདོག་འདྲ་༼༡༧༦༽བ། །སྤྱི་བོ་ལ་ནི་ཕྱག་བཞག་སྟེ། །དེ་བཞིན་གཤེགས་པ་འཇམ་དཔལ་དབྱངས། །ཟླ་འོད་ལ་ནི་སྟོན་པས་གསུང་། །གཞོན་ནུ་ཕྱི་མའི་དུས་དག་ལ། །ཁྱོད་ཀྱིས་ཚངས་པར་སྤྱོད་པ་དང་། །སྲོག་གི་བར་ཆད་མི་འབྱུང་བར། །ཁྱོད་ལ་བྱིན་གྱིས་བརླབ་པར་བྱ། །ཆོས་སྨྲ་བ་ནི་གཞན་དག་ཀྱང་། །བརྒྱད་བརྒྱ་པོ་དག་ལངས་ནས་སུ། །ཕྱི་མའི་དུས་ན་བདག་ཅག་ཀྱང་། །མདོ་སྡེ་འདི་ནི་འཛིན་པ་ལགས། །ལྷ་དང་ཀླུ་དང་གནོད་སྦྱིན་ཡང་། །བྱེ་བ་བརྒྱ་བཅུ་ཉེར་ལྷགས་ཏེ། །གཞན་ཡང་ཁྲག་ཁྲིག་དྲུག་ཅུ་རྣམས། །འཇིག་རྟེན་མགོན་ལ་འདི་སྐད་སྨྲས། །དགེ་སློང་དག་ནི་འདི་རྣམས་ལས། །དེ་རིང་སུ་དག་ལངས་པ་རྣམས། །ཕྱི་དུས་དེ་ཚེ་བདག་ཅག་གིས། །འདྲེན་པ་རབ་ཏུ་བསྲུང་བར་བགྱི། །ཞེས་གསུངས་པས། བརྒྱུད་འཛིན་གྱི་སྐྱེས་བུ་དམ་པ་འདི་རྣམས་ཀྱང་། སྔོན་གྱི་ཆོས་སྨྲ་བ་བརྒྱད་པོ་དེ་རྣམས་ཡིན་ཅིང་། དེའི་དུས་ཀྱི་ལྷ་དང་ཀླུ་ལ་སོགས་པ་དེ་རྣམས་ཀྱང་། སྐྱེས་བུ་དམ་པ་དེ་རྣམས་ཀྱི་ཕྱི་བཞིན་དུ་ཆོས་སྐྱོང་བར་ལུང་བསྟན་པ་ཡིན་ནོ། །རྒྱས་པར་ནི་མདོ་ཉིད་དུ་བལྟ་བར་བྱའོ། །དོན་འདི་ཉིད་དང་མཐུན་པར་སྙིང་རྗེ་པདྨ་དཀར་པོ་ལས། ཇི་སྐད་དུ་ང་འདས་ནས་མ་འོངས་པའི་དུས་ན། བྱང་ཕྱོགས་ཀྱི་རྒྱུད་དུ་དགེ་སློང་འཚོ་བྱེད་ཅེས་བྱ་བ། སྔོན་གྱི་༼༡༧༧༽རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། ལྷག་པའི་བསམ་པ་བསྐྱེད་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ། མང་དུ་ཐོས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་འཛིན་པ། ཐེག་པ་ཆེན་པོའི་བསྔགས་པ་བརྗོད། ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་སྟོན་པ་ཞིག་འབྱུང་བར་འགྱུར་ཏེ། ཞེས་བླ་མ་ཆེན་པོ་ཉིད་ཀྱི་ལུང་བསྟན་དང་། དེས་ངའི་སྐུ་གདུང་ཞིག་ཅིང་རལ་བ་རྣམས་མཐོང་ནས་གསེར་གྱིས་བརྒྱན་པར་བྱེད། གདུགས་དང་རྒྱལ་མཚན་དང་། དར་དང་དྲིལ་བུ་གཡེར་ཁའི་དྲྭ་བས་གཡོགས་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་དང་མཆོད་རྟེན་གྱི་ཁང་པ་དང་། མཆོད་རྟེན་རྣམས་སེང་གེའི་རྒྱལ་མཚན་གྱིས་བརྒྱན་ཏེ། ལྷ་དང་མི་རྣམས་དགའ་བ་སྐྱེ་ཞིང་ཡོངས་སུ་བསྐྱང་བ་དང་། ངའི་བསྟན་པ་ཡོངས་སུ་བསྐྱང་བ་དང་། སེམས་མ་དྭངས་པ་རྣམས་དྭངས་པར་བྱ་བ་དང་། དྭངས་པ་རྣམས་ཕྱིར་ཞིང་འཕེལ་བ་དང་། སྐྱེ་བོ་མང་པོ་དགེ་བའི་རྩ་བའི་ཚོགས་བསགས་པའི་ཕྱིར་ལོངས་སྤྱོད་པ་བྱེད་དུ་འཇུག་པར་འགྱུར་རོ། །ཞེས་སློབ་དཔོན་སྒོམ་པ་ལོ་ལྔ་པའི་ཚེ་མཇལ། དེ་གཙུག་ལག་ཁང་གི་ཞིག་གསོ་བྱེད་དུ་འཇུག་པ་དགོངས་པ་ཡིན་ནོ། །ཞེས་ཚད་༼༡༧༨༽མར་གྱུར་པ་རྣམས་གསུང་ངོ་། །ཀུན་དགའ་བོ་དེའི་ཚེ་དགེ་སློང་མི་བརྩོན་པ་ལྷོད་པ། ལོངས་སྤྱོད་མང་བ། སྤོང་བ་ལས་ཉམས་པ། ཚུལ་ཁྲིམས་ཉམས་པ། ཚུལ་ཁྲིམས་འཆལ་བ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ། འདུ་འཛི་ལ་དགའ་བ། རབ་ཏུ་དབེན་པ་ལ་མི་བལྟ་བ། བརྩོན་པ་བོར་བ། གནས་གཅིག་ན་འཁོད་པ། ཡོངས་སུ་འཛིན་པ་ལ་བརྩོན་པ། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་འདྲེས་པ། དཀོན་མཆོག་དང་མ་འདྲེས་པ། མ་གུས་པ། དགེ་སློང་ལྟར་བཅོས་པ་དག་ནི་མང་དུ་འབྱུང་བར་འགྱུར་རོ། །དགེ་སློང་བརྩོན་འགྲུས་བརྩམས་པ། རབ་ཏུ་དབེན་པ། དྲན་པ་ཉེ་བར་བཞག་པ། མཉམ་པར་བཞག་པ། ཤེས་རབ་དང་ལྡན་པ། སེམས་རྩེ་གཅིག་པ། དགེ་བའི་ཆོས་ཅན་འདོད་པ་ཆུང་བ། ཆོག་ཤེས་པ། བསོད་སྙོམས་ལ་རྒྱུ་བ། འཕགས་པའི་རིགས་ལ་གནས་པ། མང་དུ་ཐོས་པ། ཐོས་པ་བསགས་པ་དག་ནི་ཉུང་ངུ་འབྱུང་བར་འགྱུར་ཏེ། ཞེས་དག་པ་དང་མ་དག་པའི་འཁོར་ལུང་བསྟན་པ། དེ་ལ་དགེ་སློང་འཚོ་བྱེད་དེ་འཁོར་རྣམས་ལ་ཁོང་ཁྲོ་བའི་སེམས་མེད་པ་དང་། དབང་པོ་མ་ཉམས་པ་དང་། དད་པ་དང་དང་བ་མཆོག་དང་ལྡན་པ། གོས་ངུར་སྨྲིག་བགོས་ཤིང་། ཚུལ་ཁྲིམས་ཅན་ཐམས་ཅད་ལ་སྦྱིན་གནས་སུ་འདུ་ཤེས་༼༡༧༩༽བསྐྱེད་ནས་སྦྱིན་པ་བྱིན། དགེ་བའི་རྩ་བ་བསྐྱེད་པར་བྱེད་དེ། བྱང་ཆུབ་སེམས་དཔར་བྱེད་པའི་དགེ་བའི་རྩ་བ་རྒྱ་ཆེན་པོ་རྣམ་པ་སྣ་ཚོགས་བསགས་ནས། འཆི་བའི་དུས་བྱས་མ་ཐག །ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་འདས་པ་ན། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་འོད་དྲི་མ་མེད་པ་ཞེས་བྱ་བར་འགྱུར་རོ། །ཀུན་དགའ་བོ་དགེ་སློང་འཚོ་བྱེད་དེས་ཀྱང་ངའི་བསྟན་པ་འདི་ཡངས་ཤིང་རྒྱས་པར་བྱེད་པར་འགྱུར་གྱིས། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་སྨྲེ་སྔགས་མ་འདོན་ཅིག །ཀུན་དགའ་བོ་ངའི་ཚངས་པར་སྤྱོད་པ་རྒྱས་པ། ལྷ་དང་མི་རྣམས་ཀྱིས་མནོས་པར་འགྱུར་རོ། །ཞེས་གསུངས་ཤིང་། གཞན་ཡང་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། ཆུ་བོ་མ་ཧཱ་ལོ་ཧི་ཏའི་འགྲམ་རི་བྲག་ཚང་ཚིང་ཅན་ན་དགེ་སློང་འཚོ་བྱེད་ཅེས་གྲགས་པ། དག་པའི་འཁོར་དང་མ་དག་པའི་འཁོར་འདྲེས་པ་གཅིག་པུ། ལྔ་བརྒྱ་ལས་མི་ཉུང་བ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ལོངས་སྤྱོད། ཅེས་པ་ལ་སོགས་པ་མདོ་སྡེ་དང་རྒྱུད་སྡེ་དུ་མ་ལས་ལུང་བསྟན་པས། ཐེ་ཚོམ་དང་རྩོད་པའི་གནས་དང་བྲལ་ཞིང་། ༼༡༨༠༽གཞན་ལས་ཆེས་ཡིད་ཆེས་པའི་གནས་སུ་གཟུང་བར་བྱ་བ་ཡིན་པའི་ཕྱིར་དང་། གཞན་ཡང་འདི་དག་ལས་ཆེས་མཆོག་ཏུ་གྱུར་པའི་རྣམ་པར་ཐར་པ་མང་ཞིག་ཀྱང་སྣང་མོད་ཀྱིས། འདིར་ནི་དེ་ཙམ་ཁོ་ན་ལས་བརྗོད་པར་མ་སྤོབས་སོ། །འདི་དག་ནི་རྗེ་ཉིད་ཀྱིས་གསུངས་པའི་རྣམ་ཐར་རྒྱས་བསྡུས་གསུམ་དང་། ཉེ་གནས་ཆོས་བཞི་དང་། བྲན་ཁ་རིན་པོ་ཆེ་ལ་སོགས་པ་རྣམས་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པ་དང་། འདུལ་འཛིན་གྱིས་ཟིན་བྲིས་སུ་མཛད་པ་རྣམས་དང་། རྗེ་མཁའ་སྤྱོད་དབང་པོས་མཛད་པའི་རྣམ་ཐར་ཆེན་མོར་གྲགས་པ་རྣམས་གུང་བསྒྲིགས་ཏེ། མདོ་སྡེ་རིན་པོ་ཆེའི་ལུང་ཁུངས་དང་སྦྱར་ནས་མོས་པའི་བློ་ཁོ་ནས་ཡི་གེར་བགྱིས་སོ། །མེ་ཏོག་ཟླ་མཛེས་རྒྱལ་བའི་སྲས་པོ་མཆོག །གང་སྔོན་ཟླ་འོད་གཞོན་ནུ་ཞེས་བྱར་འགྱུར། །གང་རིའི་ཁྲོད་འདིར་དཔལ་ལྡན་སྒམ་པོ་པ། །རྒྱལ་མཆོག་དྲི་མེད་འོད་ལ་ཕྱག་འཚལ་ཏེ། །གང་གིས་སྐལ་མང་སྔོན་ནས་རྗེས་བཟུང་ཡང་། །དྲན་དང་བློ་གྲོས་ཏིང་འཛིན་དམན་དབང་གིས། །ཇི་བཞིན་རྟོགས་ཏེ་དེ་ལྟ་ན་ཡང་འདིར། །དཔལ་ལྡན་བླ་མའི་རྣམ་ཐར་ཡིད་བཞིན་འཕྲེང་། །རབ་མཛེས་བཀོད་པའི་བ་དན་རྣམ་མཛེས་པ། །མགོན་མཆོག་ཐུགས་རྗེའི་མཐུ་ལས་ལེགས་གྲུབ་སྟེ། །མ་ལུས་སྐྱེ་དགུའི་མིག་གི་བདུད་རྩིར་༼༡༨༡༽ནི། །ཟད་མེད་ཕྱི་མཐའི་བར་དུ་རབ་ཏུ་གནས། །བདག་ནི་དུས་རྣམས་ཀུན་ཏུ་བཅོམ་ལྡན་འདས། །བདེ་ཆེན་རབ་རྩོལ་ཁྱོད་དང་མི་འབྲལ་ཞིང་། །ཌོམྦི་རྣལ་འབྱོར་དབང་པོའི་ལམ་བཟང་ལས། །འགྲོ་རྣམས་ཡུད་ཀྱིས་རྣམ་འདྲེན་ཉིད་གྱུར་ཅིག །ཆོས་ཀྱི་རྗེ་དཔལ་ལྡན་སྒམ་པོ་པའི་རྣམ་པར་ཐར་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཀུན་ཁྱབ་སྙན་པའི་བ་དན། ཐར་པ་རིན་པོ་ཆེའི་རྒྱན་གྱི་མཆོག་ཅེས་བྱ་བ་འདི་ནི། རྗེ་ཉིད་ཀྱི་དབོན་པོ། སྤྱན་སྔ་ཆོས་རྗེ་བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། སྟོན་པ་མྱ་ངན་ལས་འདས་ནས་ད་ལྟའི་བར་ལ། ལོ་ཉིས་སྟོང་གསུམ་བརྒྱ་གོ་བརྒྱད་སོང་ཞིང་། མགོན་པོ་འདི་ཉིད་བལྟམས་ནས་ ས་མོ་ལུག་ བཞི་བརྒྱ་ཞེ་གཉིས་སོང་ལ། མྱ་ངན་ལས་འདས་ནས་ ཆུ་མོ་བྱ་ ལོ་སུམ་བརྒྱ་རེ་བདུན་སོང་བའི་ལྕགས་ཕོ་འབྲུག་གི་ལོ་ལ། བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་སླད་དུ། རི་བོ་ཤཱནྟིར་པར་དུ་བགྱིས་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact