Only Dharma. Since 1992
/ Mahamudra / Gampopa

Gampopa's collected works (5)

༼༡ན༽མགོན་པོ་ཟླ་འོད་གཞོན་ནུས་མཛད་པའི་ཚོགས་ཆོས་ལེགས་མཛེས་མ་བཞུགས་སོ། །

༼༡བ༽༄༅། །ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། འོ་སྐོལ་ད་ལྟ་ཐོབ་པར་དཀའ་བའི་མི་ལུས་རིན་ཆེན་ཐོབ། འཕྲད་པར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་ཆེན་དང་འཕྲད་པའི་དུས་འདི་ལ། སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་ནས་སྒྲུབ་པ་ཉམས་སུ་ལེན་དགོས། དེ་ཡང་འཇུག་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་། བསྡུ་ན་གསུམ་ཡིན། ཉན་ཐོས་ཀྱི་ཐེག་པའི་སྒོར་ཞུགས་པ་དང་། རང་སངས་རྒྱས་ཀྱི་ཐེག་པའི་སྒོར་ཞུགས་པ་དང་། ཐེག་པ་ཆེན་པོའི་སྒོར་ཞུགས་ནས་སྒྲུབ་པ་ཉམས་སུ་ལེན་པའོ། །དེ་ལྟར་འཇུག་པའི་སྒོ་ཐེག་པ་གསུམ་ཡོད་ཀྱང་། ད་རེས་ཉན་རང་གི་ཐེག་པ་དེ་མི་སྟོན། ཐེག་པ་ཆེན་པོའི་སྒོར་ཞུགས་ནས་སྒྲུབ་པ་ཉམས་སུ་ལེན་པའི་ཐབས་ཤིག་སྟོན། དེ་ལ་ཡང་དབྱེ་ན་གཞུང་ལུགས་མང་དུ་ཡོད་དེ། སེམས་ཙམ་རྣམ་པ་བདེན་པའི་གཞུང་ལུགས་དང་། རྣམ་པ་རྫུན་པར་འདོད་པའི་གཞུང་ལུགས་དང་གཉིས། དབུ་མ་ལ་སྒྱུ་མ་༼༢ན༽ལྟ་བུ་དང་རབ་ཏུ་མི་གནས་པའོ། །དེ་ལས་ཟུང་འཇུག་རབ་ཏུ་མི་གནས་པ་དང་། རྒྱུན་ཆད་རབ་ཏུ་མི་གནས་པའི་གཞུང་དང་། གསང་སྔགས་ལ་ཡང་གསར་མ་དང་། རྙིང་མ། ཕྱི་པ་དང་ནང་པ། ཕ་རྒྱུད་དང་མ་རྒྱུད་ལ་སོགས་མང་དུ་ཡོད་ཀྱང་། བསྡུ་ན་གཉིས། ཕ་རོལ་ཏུ་ཕྱིན་པ་ཚོགས་ཀྱི་ལམ་དང་། གསང་སྔགས་ཐབས་ཀྱི་ལམ་མོ། །དེ་ལ་ཡང་དང་པོ་ནི་དུས་ཡུན་རིང་དུ་འགོར་ཞིང་། སྤྱོད་པ་ཉམས་སུ་བླང་དཀའ་བར་འདུག་པས་ད་རེས་དེ་མི་སྟོན། བླ་མའི་བྱིན་རླབས་ཀྱི་དྲོད་ལ་བརྟེན་ནས་ཡང་དག་པའི་ཡེ་ཤེས་ངོས་ཟིན་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པར་བྱེད་པའི་གསང་སྔགས་ཐབས་ཀྱི་ལམ་གྱི་སྒོར་ཞུགས་ནས། སྒྲུབ་པ་ཉམས་སུ་བླང་བའི་ཐབས་ཤིག་སྟོན། དེ་ལ་ཡང་སྔགས་ཕྱི་པ་དང་ནང་པ། ཕ་རྒྱུད་མ་རྒྱུད་གང་གི་སྒོར་ཞུགས་ནས་ཉམས་སུ་ལེན་ཀྱང་བྱིན་རླབས་ཀྱི་ལམ་པ་ཡིན་པས། བླ་མའི་བྱིན་རླབས་ཞུགས་པ་ཞིག་གལ་ཆེ། བྱིན་༼༢བ༽རླབས་མ་ཞུགས་ན་མཆོག་ཐུན་མོང་གི་དངོས་གྲུབ་བསྒྲུབས་ཀྱང་མི་འགྲུབ་ལ། བླ་མའི་བྱིན་རླབས་ཞུགས་ན་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཚེགས་མེད་པར་འགྲུབ་སྟེ། དཔེར་ན་མི་དབུལ་པོའི་ཁྱིམ་ན་མི་རབས་བདུན་རྒྱུད་དུ་དབུལ་བའི་སྡུག་བསྔལ་སེལ་བར་བྱེད་པའི་གཏེར་ཆེན་གཅིག་ཡོད་ཀྱང་། གཏེར་ཁ་མ་ཕྱེད་ཀྱི་བར་དུ་དབུལ་བའི་སྡུག་བསྔལ་དང་བཅས་ལ། ཁ་ཕྱེད་ཙ་ན་དབུལ་བའི་སྡུག་བསྔལ་དང་བྲལ་ལོ། །དཔེ་དེ་བཞིན་དུ་མི་དབུལ་པོ་དང་འདྲ་བའི་འོ་སྐོལ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ། གཏེར་དང་འདྲ་བའི་སེམས་ཉིད་ལྷན་ཅིག་སྐྱེས་པ་དེ་རང་ཆས་སུ་ཡོད་ཀྱང་། གཏེར་ཁ་མ་ཕྱེད་པ་དང་འདྲ་བའི་བླ་མའི་བྱིན་རླབས་མ་ཞུགས་ན། དེ་མི་ཟིན་ཅིང་དངོས་གྲུབ་རྣམ་གཉིས་འགྲུབ་པའི་ཐབས་མེད། གཏེར་ཁ་ཕྱེ་བ་དང་འདྲ་བའི་བླ་མའི་བྱིན་རླབས་ཞུགས་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟིན་ཏེ། དངོས་གྲུབ་རྣམ་པ་གཉིས་ཐོབ་པ་ལ་ཚེགས་མེད་དེ། དེས་ན་ད་རེས་ཐུན་མོང་གི་གདམས་ངག་རིན་པོ་ཆེའི་གཏེར་ཁ་ཕྱེད་པ་ལྟ་བུའི་གདམས་ངག་འདི་སྟོན་ནོ།། ༡ །།ན་མོ་གུ་རུ། ཐུན་མོང་གི་གདམས་ངག་རིན་པོ་ཆེ་གཏེར་ཁ་འབྱེད་པ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི་སྟེ། གསང་སྔགས་བྱིན་རླབས་ཀྱི་ལམ་པ་ཡིན་པས། དང་པོ་བླ་མའི་བྱིན་རླབས་ཞུགས་པ་ཞིག་གལ་ཆེ་བ་ཡིན། བླ་མའི་བྱིན་རླབས་ཞུགས་ནས་ཡེ་ཤེས་ཀྱི་མཐོངས་ཕྱེད་དེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟོགས་པ་ཤར་བས། ཕྱི་ཤེས་བྱའི་ཆོས་ཐམས་ཅད་ལ་སྒྲོག་རང་གྲོལ་ལ་སོང་ནས། ཡེ་ཤེས་ཀྱི་རིག་པ་སྒྲོ་འདོགས་ནང་ནས་ཆོད་པ་ཞིག་ཡོང་ངོ་། །དེ་ལྟར་ཧེ་བཛྲ་ལས། ཡང་དག་ཡེ་ཤེས་སྣང་བ་པོ། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་༼༣ན༽གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་འདུག་པའི་ཕྱིར་རོ། །འོ་ན་བྱིན་རླབས་འཇུག་པ་ལ་གར་ཐོད་ཐོད་གཅིག་ལ་བསྟེན་པས་ཆོག་གམ་སྙམ་ན་མི་ཆོག་སྟེ་དང་པོ། བླ་མ་དམ་པ་གཅིག་ལ་བསྟེན་དགོས་སོ། །དེ་ཡང་བླ་མའི་མཚན་ཉིད་མདོའམ་རྒྱུད་ནས་མང་དུ་བཤད་ཀྱང་བསྡུ་ན། གསུམ་ལྡན་དུ་དགོས་ཏེ། དེ་ཡང་དང་པོ་བརྒྱུད་པའི་བཀའ་མ་ཆད་པ་དང་གཅིག །ངང་ཚུལ་བཟང་ལ་ཐུགས་རྗེ་ཆེ་བ་དང་གཉིས། དམན་པའི་བློ་སྤངས་ཏེ་གུས་པ་སྐྱེ་བའི་རྟེན་དུ་རུང་བའོ། །དང་པོ་ལ་གསུམ། ཐུགས་རྒྱུད་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པས། སློབ་མའི་རྒྱུད་ལ་རྟོགས་པ་སྐྱེད་ནུས་པ་དང་། སྙན་བརྒྱུད་དམར་ཁྲིད་ཉམས་ཀྱི་བརྒྱུད་པ་མ་ཆད་པས་ས་མཱ་དྷིས་ལམ་སྣ་འདྲེན་ནུས་པ་དང་། ནག་ཁྲིད་བཀའི་བརྒྱུད་པ་མ་ཆད་པས། བཤད་པ་ལ་ཚིག་གིས་ལྷད་མ་ཞུགས་ཏེ། གང་གིས་ལམ་སྣ་འདྲེན་ནུས་པའོ། །གཉིས་པ་ནི་གོ་སླ། གསུམ་པ་ལ་གཉིས། རང་གུས་པ་སྐྱེ་བ་དང་། གཞན་གུས་པ་སྐྱེ་བའི་རྟེན་དུ་རུང་བའོ། །དང་པོ་ལ་དམན་པའི་བློ་ནི་བླ་མ་འདི་གདམས་ངག་ཀྱང་ཆུང་། རྟོགས་པ་ཡང་དམའ། འདི་བས་གདམས་ངག་ཀྱང་ང་རང་ཆེ། བྱིན་རླབས་ཀྱང་ང་རང་ཆེ། རྟོགས་པ་ཡང་ང་རང་མཐོ་སྟེ། འབྲེལ་དོན་གྱི་སྟོབས་ཀྱིས་བརྟེན་པ་ཡིན་སྙམ་ནས། བླ་མ་ལ་བརྙས་ཤིང་རང་ཉིད་ང་རྒྱལ་དང་བཅས་པས་ཅི་ཙམ་བསྟེན་ཀྱང་བྱིན་རླབས་མི་འཇུག་ཅིང་། རྟོགས་པ་རྒྱུད་ལ་མི་སྐྱེའོ། །ཡང་གུས་པ་སྐྱེ་བའི་རྟེན་དུ་རུང་བ་ནི། བླ་མ་འདི་གདམས་པའི་གནད་ཀྱང་ཆེ། བྱིན་རླབས་དང་ཐུགས་རྗེ་ཡང་ཆེ། རྟོགས་པ་ཡང་མཐོ། དུས་དིང་སང་གི་རྡོ་རྗེ་འཆང་དངོས་འདི་ཡིན་སྙམ་པའི་དད་གུས་ཡོད་ན། བྱིན་རླབས་འབྱུང་ཞིང་རྟོགས་པ་རྒྱུད་ལ་སྐྱེའོ། །གཉིས་པ་ནི་ཐམས་ཅད་ཀྱིས་བྱིན་རླབས་ཅན་གདམས་ངག་ཅན་རྟོགས་པ་དང་ལྡན་པར་གྲགས་པ་༼༣བ༽གཅིག་བསྟེན་ནོ། །དེ་ལ་དགོས་པ་གཉིས། གསང་མི་དགོས་པས་རང་རྒྱུད་དེ་ལ་སྒྲིབ་པ་མི་གསོག་པའི་དགོས་པ་དང་། གཞན་གྱིས་རྗེས་སུ་ཡི་རང་བྱས་པས་གཞན་རྒྱུད་ཚོགས་རྫོགས་པར་འགྱུར་བའི་དགོས་པའོ། །བྱིན་རླབས་གུས་པ་ལས་འབྱུང་བས་གསོལ་བ་རྒྱུན་ཆད་མེད་པར་འདེབས་པ་གཅིག་དགོས། མཆན་བུ། དེ་ལྟ་བུའི་བླ་མ་མཚན་ཉིད་དང་ལྡན་པ་དེ་ལ་བསྟེན་པ་ཙམ་གྱིས་མི་ཆོག་སྟེ། དེ་ཡང་གུས་པས་གང་ལ་བསྒོམ་ཞིང་གསོལ་བ་འདེབས་ན། བླ་མ་ལ་གུས་པ་བསྒོམ་ཞིང་གསོལ་བ་འདེབས་པ་ཡིན་ཏེ། དེ་ཡང་སྤྱིར་བླ་མ་ཐམས་ཅད་ཀྱང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །དེ་ལྟར་ཡང་བདེ་མཆོག་ལས། བདེ་གཤེགས་སྐྱེད་པ་བླ་མའི་རྒྱུད། །རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ཡིན། །ཞེས་གསུངས་སོ། །དེ་བས་ན་བླ་མ་གཅིག་ལ་གསོལ་བ་བཏབ་པ་དང་། ཀུན་ལ་གསོལ་བ་བཏབ་པ་ཁྱད་མེད་པས་རང་གང་ལ་མོས་པའི་བླ་མ་གཅིག་ལ་བླ་མ་འདི་སངས་རྒྱས་དངོས་ཡིན་སྙམ་དུ་བསམ་ཞིང་གསོལ་བ་བཏབ་པས། དེ་ཡང་ཁ་ཙམ་མིན་ཚིག་ཙམ་མིན་གུས་པ་སིང་སིང་བ་བསྒོམ་ཞིང་གསོལ་བ་དྲག་ཏུ་གདབ། རྒྱུན་ཆད་མེད་པར་གདབ། མོས་གུས་བྱས་གདུང་བའི་ཤུགས་བསྐྱེད་ལ་གདབ་བོ། །དེ་ལྟར་ཡང་། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ཡང་མི་བསམ་མོ། །ཞེས་གསུངས་སོ། །དེ་ལྟར་གུས་པས་བསྒོམས་ན་བྱིན་རླབས་འབྱུང་བར་བླ་མ་ནཱ་རོ་པས་ཏཻ་ལོ་པ་ལ་ལོ་བཅུ་གཉིས་སུ་མོས་གུས་བྱས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་མཐར་ཐུག་པ་ཐོབ་པའམ། སློབ་དཔོན་ཀླུ་སྒྲུབ་ཀྱིས་བྲམ་ཟེ་ཆེན་པོ་ས་ར་ཧ་པ་ལ་མོས་གུས་བྱས་པས་ཐུན་གཅིག་གིས་གྲོལ་བ་དང་། ཏོག་རྩེ་བས་བཟང་པོའི་ཞབས་ལ་ནུབ་གཅིག་མོས་གུས་མཐར་ཐུག་པ་བྱས་པས། མཆོག་ཐུན་མོང་གི་དངོས་གྲུབ་མཐར་ཐུག་པ་ཐོབ་པ་༼༤ན༽བཞིན་ནོ། །སྤྱིར་ཡང་གུས་པ་ལ་གཉིས། བསྒོམ་པའི་མོས་གུས་དང་། སྐྱེས་པའི་མོས་གུས་སོ། །དང་པོ་ནི་ལས་དང་པོ་པས་མོས་གུས་བཅོས་མ་བསྒོམ་པ་ཡིན་ཏེ། བསྒོམས་པས་ཀྱང་བླ་མའི་སྤྱོད་ལམ་མ་དག་པ་བག་ཙམ་མཐོང་བས་ཀྱང་གུས་པ་ལྡོག་སྟེ་མི་བརྟན་ནོ། །གཉིས་པ་ནི་མོས་གུས་མ་བསྒོམ་པར་ཤུགས་ཀྱིས་འབྱུང་བའོ། །དེ་ལ་ནི་ལུས་ངག་གི་སྤྱོད་ལམ་མ་དག་པ་ཅི་མཐོང་ཡང་། མོས་གུས་མི་ལྡོག་སྟེ་རང་སྐྱོན་དུ་ཤེས་པ་འབྱུང་བ་ལྟ་བུའོ། །རྩ་བ། གུས་པ་ངེས་ཤེས་སྐྱེས་པ་ལས་འབྱུང་བས། མཆན་བུ། མ་བཅོས་པ་འབྱུང་སྟེ་རྒྱུ་ཅི་ལས་བྱུང་ན་དགེ་སྦྱོར་རྒྱུད་ལ་སྐྱེས་ཏེ་ནང་དུ་རང་ལ་དགེ་སྦྱོར་སྐྱེས་ཙ་ན། བླ་མ་དང་མཆེད་གྲོགས་ཐམས་ཅད་ལ་ཡང་དགེ་སྦྱོར་བཟང་པོ་ཡོད་ངེས་སྙམ་ནས་གུས་པ་རང་བཞིན་གྱིས་འབྱུང་། རང་ལ་དགེ་སྦྱོར་མ་སྐྱེས་ན། སྒོམ་འདི་བླ་མ་དང་མཆེད་གྲོགས་ཐམས་ཅད་ལ་ཡང་མེད་ངེས་སྙམ་ནས་མོས་གུས་མི་འབྱུང་བ་ཡིན། འོ་ན་མོས་གུས་དགེ་སྦྱོར་རྒྱུད་ལ་སྐྱེས་པ་ལས་བྱུང་ན། དགེ་སྦྱོར་རྒྱུད་ལ་སྐྱེས་པ་ལ་ཅི་དགོས་སྙམ་ན། རྩ་བ། གདམས་ངག་གི་གནད་དུ་ཐེབས་པ་ཅིག་དགོས་ཏེ། མཆན་བུ། གསོལ་བ་འདེབས་པའི་མཁན་པོ་ཡང་རང་གི་སེམས། གདམས་པ་གནད་དུ་ཐེབས་ན་སེམས་ཀྱི་འཁྲུལ་རྟོག་དག །དེ་ཀ་དག་ཙ་ན་འཁྲུལ་པའི་སྣང་བ་ཐམས་ཅད་རང་དག་པའོ། །ཡང་ན་གསོལ་བ་གདབ་པའི་ཡུལ་བླ་མར་སྣང་བ་ཡང་སེམས། གསོལ་བ་འདེབས་པའི་མཁན་པོ་ཡང་རང་གི་སེམས། གསོལ་བ་འདེབས་པ་ཡང་སེམས། དེས་ན་སེམས་ལ་སེམས་ཀྱིས་གསོལ་བ་བཏབ་པས། སེམས་སེམས་ཉིད་ཀྱི་ངང་དུ་དག་ཙ་ན། གསོལ་བ་ཐེབས་ཤིང་བླ་མའི་བྱིན་རླབས་ཞུགས་པ་ཡིན་ནོ། །རྩ་བ། གདམས་པ་བླ་མ་ལས་འབྱུང་བས། མཆན་བུ། ཟབ་༼༤བ༽མོ་རྙེད་པ་དེ་ཡང་། གཞན་ག་ནས་ཀྱང་མི་འབྱུང་གདམས་པ་སྟེ། རྩ་བ། བླ་མ་ལ་ཡུན་རིང་དུ་བསྟེན་པ་ཅིག་དགོས་ཏེ། མཆན་བུ། དེ་ཡང་བླ་མ་དང་གཡག་འགྲོགས་བྱས་པས་མི་ཆོག །ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་མ་དག་པ་ཐམས་ཅད་སྤངས་ནས་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་བསྟེན་ནོ། །འོ་ན་བསྟེན་པ་ཙམ་གྱིས་མི་ཆོག་སྟེ། རྩ་བ། ཡང་ནས་ཡང་དུ་ནན་ཏན་བྱ་བ་ཞིག་དགོས་ན། མཆན་བུ། གདམས་པ་མཐའ་དག་རྩད་ནས་ཆོད་པ་ཐེ་ཚོམ་མེད་ཅིང་ཡིད་ཆེས་པར་གེགས་སེལ་གྱི་གདམས་པ་དང་བོགས་འདོན་གྱི་གདམས་ངག་ལ་སོགས་པ་མ་ལུས་པ་ཐོབ་པ་ཐམས་ཅད་ལ་ནན་ཏན་བྱས་པ་ཞིག་དགོས་པ་ཡིན་གསུང་། རྩ་བ། ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བཀའ་སྩལ་པ། དེ་ཐམས་ཅད་ཀྱི་བརྗོད་བྱའི་དོན་ཧྲིལ་གྱིས་དྲིལ་བས། རྒྱུ་སེམས་ཅན་ལ་བརྟེན་ནས་འབྲས་བུ་སངས་རྒྱས་ཐོབ་པར་བྱེད་པའི་ཐབས་ཤིག་བསྟན་པ་ཡིན། སེམས་ཅན་དང་སངས་རྒྱས་གཉིས་རྒྱུ་ཐ་དད་དུ་འདུག་པ་ཐ་དད་སྒྲུབ་ཏུ་ཅང་བཏུབ་བམ་སྙམ་ན། སྤྱིར་ཐ་དད་པ་ལ་གསུམ། དངོས་པོ་ཐ་དད་པ་དང་། གཅིག་པ་བཀག་པའི་ཐ་དད་པ་དང་། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་དང་གསུམ་མོ། །དེ་ལྟར་གསུམ་ཡོད་པ་ལས་དངོས་པོ་ཐ་དད་པ་རྟ་དང་བ་གླང་ལྟ་བུ་ཡང་མིན། ཡིན་ན་རྟས་བ་གླང་སྒྲུབ་ཏུ་མི་བཏུབ་པ་བཞིན་ནོ། །གཅིག་པ་བཀག་པའི་ཐ་དད་པ་ཡང་མ་ཡིན། འོ་ན་ཇི་ལྟར་ཡིན་ན། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡིན། ངོ་བོ་གཅིག་ཏུ་ཡིན་ན་ངོ་བོ་གང་དུ་གཅིག །ངོ་བོ་སེམས་སུ་གཅིག་སྟེ་སེམས་ཅན་དུ་སྣང་བ་ཡང་སེམས། བུདྡྷ་ཡང་སེམས་ཡིན་ཏེ། དོན་ལ་སེམས་ལས་མ་གཏོགས་པའི་ཆོས་མེད་དེ། དེ་ལྟར་༼༥ན༽ཡང་། སེམས་ལས་མ་གཏོགས་ཆོས་རྣམས་མེད་ཅེས་པའོ། །དེ་ལྟར་ངོ་བོ་གཅིག་ཡིན་ན་བུདྡྷ་བསྒྲུབ་མི་དགོས་སམ་སྙམ་ན། ངོ་བོ་གཅིག་ཀྱང་ལྡོག་པ་ཐ་དད་པས་བསྒྲུབ་དགོས་ཏེ། ལྡོག་པ་ཇི་ལྟར་ཐ་དད་ན། བུདྡྷ་ནི་སེམས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་པས་ཁྱད་པར་དུ་བྱས་པ་ཡིན། དེ་ལྟར་ཡང་འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་ནས་མི་ཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །སེམས་ཅན་ནི་རིགས་ལྔའམ་དྲུག་གིས་བསྡུས་པ་ཐམས་ཅད་དོ། །དེ་ཐམས་ཅད་ཀྱི་རྒྱུད་ལ་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་རང་ཆས་སུ་ཡོད་པ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པས་བསྒྲིབས་ནས། སེམས་ཉིད་ཀྱི་དོན་མ་རྟོགས་པས་འཁྲུལ་པ་ཡིན་ཏེ། ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པ་ཡིན་ནོ། །དེ་ལྟར་ཡང་ཀྱཻ་རྡོ་རྗེ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་གསུངས་སོ། །དེས་ན་སངས་རྒྱས་ཐོབ་པར་བྱེད་པ་ལ་སེམས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་དགོས། དེ་རྟོགས་པར་བྱེད་པ་ལ་གློ་བུར་གྱི་དྲི་མ་དག་དགོས། གློ་བུར་གྱི་དྲི་མ་དག་པར་བྱེད་པ་ལ་ཐབས་ཤེས་རབ་ཟུང་དུ་འབྲེལ་བར་ཉམས་སུ་ལེན་དགོས་པས། ཐབས་ཤེས་རབ་ཟུང་དུ་འབྲེལ་བ་པི་ཝང་གི་སྒྲ་ལྟ་བུའི་གདམས་ངག་འདི་སྟོན། དེ་ཡང་ཐབས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། ཤེས་རབ་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་བསྒོམ་པ་གཉིས་ཟུང་འབྲེལ་དུ་ཉམས་སུ་བླངས་པས། སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་དག་ནས། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ། དེ་པི་ཝང་གི་སྒྲ་ལྟ་བུ་ཡིན་ཏེ། དཔེར་ན་པི་ཝང་གི་སྒྲ་དེ་རྒྱུད་ལས་ཀྱང་མ་བྱུང་། ཁོག་པ་ལས་ཀྱང་མ་བྱུང་། ༼༥བ༽སྐྱེས་བུའི་རྩོལ་བ་ལས་ཀྱང་མ་བྱུང་སྟེ། དེ་ཐམས་ཅད་ཀྱི་རྟེན་འབྲེལ་ཚོགས་པ་ལས་བྱུང་བ་ཡིན་ནོ། །དེ་བཞིན་དུ་སྒྲིབ་པ་གཉིས་དག་ནས་མྱ་ངན་ལས་འདས་པ་ཐོབ་པ་ཡང་། ཐབས་རྐྱང་པ་བསྒོམས་པ་ལས་ཀྱང་མ་བྱུང་། ཤེས་རབ་རྐྱང་པ་བསྒོམས་པ་ལས་ཀྱང་མ་བྱུང་སྟེ། ཐབས་དང་ཤེས་རབ་ཟུང་འབྲེལ་དུ་ཉམས་སུ་བླངས་པས་ཐོབ་པ་ཡིན་ནོ། །དེ་ལ་ཐབས་དང་ཤེས་རབ་ཟུང་འབྲེལ་དུ་ཉམས་སུ་ལེན་པ་པི་ཝང་གི་སྒྲ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི། རྩ་བ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཁྱེར་ཤེས་པ་ཅིག་གལ་ཆེ། མཆན་བུ། དེ་ལྟར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་མ་ཤེས་པར་འཁོར་བ་ལ་བློ་མི་ལྡོག་ཅིང་། མྱ་ངན་ལས་འདས་པ་ལ་འདུན་ཅིང་འདོད་པ་མི་འབྱུང་བས་དེས་ན་དང་པོ་འཁོར་བའི་ཉེས་དམིགས་བསྒོམ། དེ་ལ་གཉིས། སྤྱིར་འཁོར་བ་མཐའ་དག་ལ་དམིགས་ཏེ་བསྒོམ་པ་དང་། ཕུན་སུམ་ཚོགས་པ་གཉིས་ཀྱི་སྡུག་བསྔལ་ལ་དམིགས་ཏེ་བསྒོམ་པའོ། །དང་པོ་ནི་དམྱལ་བ་ན་ཚ་གྲང་གི་སྡུག་བསྔལ་མ་གཏོགས་པ་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད། ཡི་དྭགས་ལ་བཀྲེས་སྐོམ། བྱོལ་སོང་ལ་བཀོལ་སྤྱོད་ཀྱི་སྡུག་བསྔལ། ལྷ་ལ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ། ལྷ་མ་ཡིན་ལ་འཐབ་རྩོད་ཀྱི་སྡུག་བསྔལ། མི་ལ་ཡང་སྡུག་བསྔལ་གསུམ་མམ་བརྒྱད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བས་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད་པ་ཡིན་སྙམ་དུ་བསམ། གཉིས་པ་ནི་མི་རང་ལ་ཡང་ནང་བཟའ་བ་མེད། ནུབ་གོན་པ་མེད་པ་དང་། ན་ཚ་ལ་སོགས་པའི་སྡུག་བསྔལ་གྱིས་ཉེན་པའི་ཚོགས་རྣམས་ཀྱང་། སྡུག་བསྔལ་བའི་རང་བཞིན་ཡིན་ལ། ད་ལྟ་བདེ་སྐྱིད་ཕུན་སུམ་ཚོགས་པ་རང་གི་སྡུག་བསྔལ་ལ་སོམས་དང་། བསམས་ན་དེ་རྣམས་ལ་སྡུག་བསྔལ་འབའ་ཞིག་ལས་བདེ་བ་མེད་དེ། དེ་ལྟར་བསྒོམས་པས་༼༦ན༽འཁོར་བ་འདི་མེ་དོང་དང་འདྲ། བཙོན་ར་དང་འདྲ། གཤེད་མའི་རལ་གྲི་དང་འདྲ་སྟེ། ཇི་ལྟར་བྱས་ཀྱང་སྡུག་བསྔལ་འབའ་ཞིག་ལས་མི་འདུག་སྙམ་པ་ཞིག་བྱུང་ཙ་ན་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པ་ཡིན་ནོ། །རྩ་བ། སྡུག་བསྔལ་ལམ་དུ་ཁྱེར་ཤེས་པ་ཞིག་གལ་ཆེ། མཆན་བུ། སྡུག་བསྔལ་ལམ་དུ་ཁྱེར་བ་ལ་གཉིས། ཁྱེར་བ་དངོས་དང་། ལམ་གྱི་ཆ་རྐྱེན་དུ་ཁྱེར་བའོ། །དང་པོ་ནི་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ་དམིགས་ནས། དེ་ལྟར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས། ཉན་ཐོས་ལྟར་སྤོང་ངམ་སྙམ་ན་མི་སྤོང་སྟེ། བོ་དྷི་སཏྭ་རྣམས་ཀྱིས་སྡུག་བསྔལ་ལམ་དུ་འཁྱེར་དགོས་པས་ན། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དེ་ལྟར་སེམས་ཅན་དང་སྡུག་བསྔལ་གཉིས་ཀ་རང་རྒྱུད་པར་བྱས་ནས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྟེ། སྙིང་རྗེ་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་ཆུབ་ཀྱི་སེམས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས། གཉིས་པ་ནི་རྒྱུད་ལ་ན་ཚ་དང་སྡུག་བསྔལ་བྱུང་བའི་དུས་སུ། སྡུག་བསྔལ་འདི་དགེ་སྦྱོར་གྱི་སྐུལ་མ་ཡིན། དད་པའི་གསལ་འདེབས་ཡིན། བརྩོན་འགྲུས་ཀྱི་ལྕག་ཡིན། སྡུག་བསྔལ་འདི་དགོས་པ་ཡིན། སྐུ་དྲིན་ཆེ་བ་ཡིན། བྱང་གི་སྒྲ་མི་སྙན་པའི་རྟེན་ལ་ཡོན་ཏན་གོང་མ་མི་སྐྱེ་བ་ཡང་སྡུག་བསྔལ་གྱིས་ལྷག་པར་འཚེ་བ་མེད་པའི་སྐྱོན་ཡིན། སྡུག་བསྔལ་མེད་ན་ངེས་འབྱུང་མེད་བྱ་བ་ཡིན། དཔེར་ན་ལྷ་གསེར་གྱི་རྔ་སྤྲིན་གྱི་སྙིང་པོ་ཅན་ལྟ་བུ་ཡིན་སྙམ་དུ་བསམ། རྩ་བ། དེ་ལྟར་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་གང་ལ་གཏད་ཀྱང་གཏད་དུ་བཏུབ་སྟེ། སིང་སིང་སྐྱེ་ཞིང་འདུག་ན་ཐབས་བྱམས་པ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་མཐར་ཐོན་༼༦བ༽པ་ཡིན་པས། དེས་ཆོག་གམ་སྙམ་ན་མི་ཆོག་སྟེ། ལམ་དངོས་པོ་དང་མཚན་མར་འཛིན་པའི་བློ་དང་བྲལ་བ་ཞིག་གལ་ཆེ། མཆན་བུ། ཞེས་པ་ནི་ཐབས་སྙིང་རྗེ་ཆེན་པོ་དེ་ཉིད་ཀྱི་ངོ་བོ་ལ་བལྟས་པས། འདས་པ་འགགས་ཏེ་མ་དམིགས། མ་འོངས་པ་མ་སྐྱེས་ཏེ་མ་དམིགས། ད་ལྟའི་ཤེས་པ་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དོ། །སྙིང་རྗེ་སྐྱེ་བའི་ཡུལ་ལ་བལྟས་ན། སྡུག་བསྔལ་བ་པོ་རང་གྲུབ་པ་མེད་དོ། །སྡུག་བསྔལ་ལུས་ལ་མེད་དེ། ལུས་འབྱུང་བ་བཞི་ལས་གྲུབ་པའི་བེམ་པོ་ཡིན། སེམས་ལ་མེད་དེ་སེམས་ནམ་མཁའ་དང་འདྲ་བའི་སྟོང་པ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་རང་གི་ངོ་བོ་ཡང་སྐྱེ་འགག་གནས་གསུམ་དང་བྲལ་ཏེ་གྲུབ་པ་མེད་དོ། །སྐྱེ་འགག་གནས་གསུམ་དེ་ལྟར་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་པ་ཅིག་ཏུ་ཐག་ཆོད་ཙ་ན། དེ་ཀའི་ངང་ལ་ཡིན་མིན་ལ་སོགས་པ་བློ་བྲལ་གྱི་ངང་ལ་བཞག་གོ །དེ་ལྟར་བསྒོམས་པས་མཉམ་གཞག་གི་དུས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རྟོགས་ཀྱང་། རྗེས་ཀྱི་གནས་སྐབས་སུ་བདེ་སྡུག་གི་རྣམ་པ་ཐམས་ཅད་སྒྱུ་མ་ལྟ་བུར་འཆར་རོ། །དེ་ལྟར་ཡང་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་མཉམ་པར་བཞག་པའི་དུས་སུ་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་མཐོང་ལ། རྗེས་ཀྱི་དུས་སུ་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་མཐོང་བའོ། །ཞེས་གསུངས་སོ། །དེའི་ཚེ་ན་སྔར་གོམས་པའི་སྟོབས་ཀྱིས་བྱམས་པ་དང་སྙིང་རྗེ་ཡང་ཞེན་པ་མེད་པར་འཆར་ཏེ། དེ་ཀ་ལ་ཆོས་ལ་དམིགས་པའི་སྙིང་རྗེ་ཞེས་བྱ་སྟེ། ཆོས་སྣང་བ་ཙམ་འདི་ལ་དམིགས་ནས་སྐྱེ་བའི་ཕྱིར་རོ། །དེ་ཙམ་ན་ལུས་ངག་གི་དགེ་སྦྱོར་རྨི་ལམ་སྒྱུ་མ་ཙམ་དུ་ཞེན་པ་མེད་པར་གཞན་དོན་དུ་བྱེད་པའོ། །དེ་ལྟར་སྡུད་པ་ལས་ཀྱང་། ཕུང་པོ་འདི་དག་གདོད་ནས་སྟོང་ཉིད་༼༧ན༽སྐྱེ་མེད་ཅེས། །མཉམ་པར་མ་བཞག་སེམས་ཅན་ཁམས་ལ་སྙིང་རྗེ་འཇུག །བར་སྐབས་དེར་ཡང་སངས་རྒྱས་ཆོས་ལས་ཡོངས་མི་ཉམས། །ཞེས་གསུངས་སོ། །རྩ་བ། བློ་བྲལ་དེ་ཀ་ཕ་མཐར་ཐུག་གི་འབྲས་བུ་ཆོས་ཀྱི་སྐུ་ཡིན་པར་ངོ་ཤེས་པར་བྱ་བ་གལ་ཆེའོ། །མཆན་བུ། ཞེས་པ་ནི་དེ་ལྟར་དངོས་པོ་དང་མཚན་མར་མི་འཛིན་པའི་བློ་བྲལ་གྱི་དོན་དང་མ་བྲལ་བར་ཉམས་སུ་བླངས་པས། དུས་ཐམས་ཅད་དུ་དེའི་ངང་ལས་མ་གཡོས་ཏེ། མཉམ་བཞག་དང་རྗེས་ཐོབ་མེད་པར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་ཕྲིལ་གྱིས་སོང་བ་དེ་ཀ་མཐར་ཐུག་གི་འབྲས་བུ་ཆོས་ཀྱི་སྐུ་ཐོབ་པ་ཡིན་ནོ། །དེ་ལྟར་ཆོས་ཀྱི་སྐུའི་ངང་ལས་མ་གཡོས་པར། གདུལ་བྱའི་སྣང་བ་ཤར་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་མཛད་དོ། །མཛད་ཀྱང་ཀུན་སློང་དང་རྣམ་པར་རྟོག་པ་གང་ཡང་མེད་དེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ཡིན་ནོ། །དེ་ལྟར་རྟོག་པ་མེད་ཀྱང་སེམས་ཅན་གྱི་དོན་མཛད་པའི་ཆ་ནས་དམིགས་པ་མེད་པའི་སྙིང་རྗེ་ཞེས་བྱ་སྟེ། དོན་ལ་རྒྱུའི་མིང་འབྲས་བུ་ལ་སྦྱར་ཏེ་བཏགས་པ་ཡིན་ནོ། །དེ་ཡང་དོ་ཧ་ལས། སྙིང་རྗེའི་མེ་ཏོག་གཞན་ཕན་འབྲས་བུ་འཛིན། །མིང་ནི་གཞན་ལ་ཕན་པའོ། །ཞེས་པའི་ཕྱིར་རོ།། ༢ །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། བཀའ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ། རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞི། དེ་ཐམས་ཅད་ཀྱི་འགྲེལ་པ་གདམས་ངག་དང་བཅས་པ་དཔག་ཏུ་མེད་པ་གཅིག་གསུངས་ཀྱང་། དེ་ཐམས་ཅད་ཀྱི་ནང་ནས་བརྗོད་བྱ་རྒྱུ་འབྲས་རྟེན་ཅིང་འབྲེལ་བ་རང་བྱུང་བའི་གནས་ལུགས་སམ་ཡིན་ལུགས་ཤིག་བསྟན་པ་ཡིན། དེ་བསྟན་པའི་དགོས་པ་བླང་དོར་གྱི་བྱེ་བྲག་ཤེས་པའི་དགོས་པ་ཡོད། དེས་ན་རྒྱུ་འབྲས་ཀྱི་གནས་ལུགས་ཤེས་དགོས། དེ་ལ་གཉིས། འཁོར་བའི་༼༧བ༽རྒྱུ་འབྲས་དང་། མྱ་ངན་ལས་འདས་པའི་རྒྱུ་འབྲས་གཉིས་སོ། །དང་པོ་ལ་སྤྱིར་ནམ་མཁའ་ལ་མཐའ་མེད་པ་བཞིན་དུ། འཁོར་བའི་སེམས་ཅན་ལ་ཡང་མཐའ་མེད་པ་ཡིན་ཀྱང་། བསྡུ་ན་འགྲོ་བ་རིགས་དྲུག་ཏུ་འདུས། དེ་ཐམས་ཅད་ཀྱང་རྒྱུ་ཉོན་མོངས་པ་དུག་ལྔས་ཀུན་ནས་བསླངས་ནས་ལས་དགེ་མི་དགེ་སྤྱད་པས། འབྲས་བུ་འགྲོ་བ་རིགས་དྲུག་ཏུ་སྐྱེས་ནས་འཁོར་བའི་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་བ་ཡིན། དེ་ཡང་རྒྱུ་འབྲས་ངོ་སྐལ་དུ་རྩི་ན། ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླངས་ནས་མི་དགེ་བ་བཅུ་སྤྱད་པས་འབྲས་བུར་དམྱལ་བར་སྐྱེ། འདོད་ཆགས་ཀྱིས་ཡི་དྭགས། གཏི་མུག་གིས་དུད་འགྲོ །ཕྲག་དོག་གིས་ཀུན་ནས་བསླངས་ནས་མི་དགེ་བ་བཅུ་སྤྱད་ན། ལྷ་དང་ལྷ་མ་ཡིན་དུ་སྐྱེ་སྟེ། ང་རྒྱལ་གྱིས་མིར་སྐྱེའོ། །གཉིས་པ་མྱ་ངན་ལས་འདས་པ་ལ་གཉིས། ཞི་བ་མྱ་ངན་ལས་འདས་པ་དང་། མི་གནས་པའི་མྱ་ངན་ལས་འདས་པའོ། །ཞི་བ་མྱ་ངན་ལས་འདས་པ་དེ་ཐོབ་པར་བྱེད་པའི་རྒྱུ། གང་ཟག་གི་བདག་མེད་པ་བསྒོམ་པ་དང་། ཆོས་ཀྱི་བདག་མེད་ཕྱོགས་གཅིག་ཏུ་གཟུང་བ་རང་བཞིན་མེད་པར་རྟོགས་པ་ཡིན་ལ། རྐྱེན་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པ་ལྷ་དཀོན་མཆོག་གསུམ་ལ་བརྟེན་ནས་ཚོགས་གསོག་གོ །དེ་ལྟར་རྒྱུ་རྐྱེན་གཉིས་ཚོགས་པ་ལ་བརྟེན་ནས་འབྲས་བུ་ཞི་བ་མྱ་ངན་ལས་འདས་པ་ཐོབ་པའོ། །གཉིས་པ་ནི་རྒྱུ་བདག་མེད་པ་གཉིས་རྟོགས་པའི་ཤེས་རབ། རྐྱེན་བསྡུ་བའི་དངོས་པོ་བཞིའམ། ཕ་རོལ་ཏུ་ཕྱིན་པ་དྲུག་གམ། ཚད་མེད་པ་བཞི་བསྒོམས་པ་ལ་སོགས་པའི་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས། འབྲས་བུ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་རྒྱུ་འབྲས་ཀྱི་གནས་ལུགས་བདེན་ངེས་མི་སླུ་བས་སོ། །ད་འཁོར་བ་རྒྱུ་འབྲས་སྐྱོན་དང་༼༨ན༽བཅས། ཉེས་དམིགས་དང་བཅས་པར་ཤེས་པར་བྱས་ནས་དོར་བར་བྱ། མྱ་ངན་ལས་འདས་པ་རྒྱུ་འབྲས་ཡོན་ཏན་དང་བཅས་ཏེ་ཤེས་པར་བྱས་ནས་ཉམས་སུ་བླང་བར་བྱ། དེ་ལ་ཡང་གཉིས་ཡོད་པ་ལས། ཞི་བ་མྱ་ངན་ལས་འདས་པ་རྒྱུ་འབྲས་ནི་དམན་པར་འདུག་པས་དོར་བར་བྱ། མི་གནས་པའི་མྱ་ངན་ལས་འདས་པ་རྒྱུ་འབྲས་དང་བཅས་པ་ཉམས་སུ་བླང་བྱ་ཡིན་གསུང་སྟེ། དེ་ལྟར་རྒྱུ་འབྲས་བདེན་ངེས་པས་བྱ་བ་མ་ཡིན་པ་སྤོང་ཞིང་། བྱ་བའི་ཆ་ཉམས་སུ་ལེན་དགོས། དེ་ལྟར་ཉམས་སུ་ལེན་པ་ལ། ལས་རྒྱུ་འབྲས་ཀྱི་གནས་ལུགས་སམ་ཡིན་ལུགས་ཤེས་དགོས། དེ་ཤེས་པར་བྱེད་པ་ལ་རྒྱུ་འབྲས་མི་སླུ་བ་སཱ་ལུ་ལྗང་པ་ལྟ་བུའི་གདམས་ངག་འདི་སྟོན་པ་ཡིན། དེ་ཡང་དཔེར་ན་རྒྱུ་འབྲས་སཱ་ལུ་ལ་བརྟེན་ནས་མྱ་ངན་ལས་འདས་པ་ལྟ་བུ་འབྱུང་ངེས་པར་འདུག་པས། སཱ་ལུའི་སོ་ནམ་གྱི་རྩོལ་བ་བྱེད་ཅིང་། བྲ་བོའི་སོ་ནམས་མི་བྱེད་པ་བཞིན་དུ། ཆོས་ཐམས་ཅད་ཀྱི་རྒྱུ་འབྲས་ཀྱི་གནས་ལུགས་ཤེས་པས་འཁོར་བའི་རྒྱུ་འབྲས་གཉིས་པོ་སྤོང་། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་རྒྱུ་འབྲས་ཉམས་སུ་ལེན་པ་ཡིན་ནོ། །དེས་ན་རྒྱུ་འབྲས་མི་སླུ་བ་སཱ་ལུ་ལྗང་པ་ལྟ་བུའོ། །གདམས་ངག་འདི་ལ་དོན་བཞི་སྟེ། སྔ་མའི་རྒྱུ་འབྲས་ཀྱི་ལས་ལ་བརྟགས་ཤིང་དཔྱད་པའི་སྒོ་ནས་ངེས་ཤེས་བསྐྱེད་པ་དང་། ཞེས་པ་ནི། ད་ལྟར་ཚོར་བ་བདེ་སྡུག་ཉམས་སུ་མྱོང་བ་ནི། སྐྱེ་བ་སྔ་མ་ཕན་ཆད་ལས་དགེ་མི་དགེ་སྤྱད་པའི་འབྲས་བུ་ཡིན་ནོ། །དེ་ལྟར་མདོ་ལས། འགྲོ་འདི་ཐམས་ཅད་ལས་ལས་བྱུང་། །ལས་རྣམས་ཀུན་ལ་མཐུ་ཡོད་པས། །ལུས་ཅན་ཀུན་གྱི་སྐྱིད་སྡུག་འདི། །ལས་རྣམས་ཡིན་པར་ཤེས་པར་བྱ། །ཞེས་གསུངས་སོ། །རིགས་པས་དཔྱད་ཀྱང་རྒྱུ་འབྲས་བདེན་ངེས་ཏེ། བསོད་ནམས་བསགས་པའི་རྟེན་གྱི་གང་༼༨བ༽ཟག་ལ་གཞན་རྣམས་ཐམས་ཅད་ཀྱི་ལོ་ཉེས་ཀྱང་དེའི་ལོ་ལེགས་ནས་འོང་། གཞན་གྱི་ཕྱུགས་ཉེས་ཀྱང་དེའི་ལེགས་པ་ལ་སོགས་པ་འོང་། བསོད་ནམས་མ་བསགས་པའི་རྟེན་གྱི་གང་ཟག་དེ་ལ་གཞན་ཐམས་ཅད་ཀྱི་ལོ་ལེགས་ཀྱང་། དེའི་ཉེས་པ་ལ་སོགས་པའི་ངོ་བོ་མི་འདོད་པ་ཐམས་ཅད་འབྱུང་སྟེ། དེ་ཐམས་ཅད་ཀྱང་བསོད་ནམས་ལ་རགས་ལས་པས་སྔ་མ་ཕན་ཆད་དུ་ལས་དགེ་མི་དགེ་སྤྱད་པའི་འབྲས་བུ་ཡིན་ནོ། །དེ་བས་ན་ཚེ་འདིའི་སྡུག་བསྔལ་སྤང་དུ་མི་བཏུབ་ལ། བདེ་བ་སྒྲུབ་ཏུ་ཡང་མི་བཏུབ་སྟེ། དེ་གཉིས་ཀའི་རྒྱུ་སྔོན་དུ་སོང་བའི་ཕྱིར་རོ། །དཔེར་ན་རྒྱུ་ས་བོན་སྔོན་དུ་སོང་བའི་འབྲས་བུ་དགག་པར་མི་ནུས་པ་བཞིན་ནོ། །དེ་བས་ན་རྒྱུ་འབྲས་བདེན་ངེས་མི་སླུ་ངེས་པ་ཡིན་སྙམ་དུ་བསམ་མོ། །དེ་ལྟར་བསམས་པས་རྒྱུ་འབྲས་བདེན་ངེས་མི་སླུ་ངེས་པར་འདུག་སྙམ་དུ་སྔ་མའི་རྒྱུ་འབྲས་ལས། ངེས་ཤེས་སྐྱེས་པའི་སྒོ་ནས་ད་ལྟར་གྱི་རྒྱུ་འབྲས་ལ་བླང་དོར་གྱི་སྒོ་ནས་བསྒྲུབ་ཅིང་ཉམས་སུ་བླང་བ་དང་། ཞེས་པ་ནི། སྤྱིར་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་བསྡུ་ན་གཉིས། འབྲས་བུ་ལ་སྤྱོད་པའི་དུས་དང་། རྒྱུ་ལ་སྤྱོད་པའི་དུས་སོ། །དང་པོ་ནི་ད་ལྟ་ཚོར་བ་བདེ་སྡུག་ཉམས་སུ་མྱོང་བཞིན་པ་འདི་ཡིན་ཏེ། དེ་ཡང་རྒྱུ་སྔོན་དུ་སོང་བའི་སྟོབས་ཀྱིས་འབྲས་བུ་དགག་པར་མི་ནུས་པ་ཡིན་ནོ། །གཉིས་པ་ནི། དགེ་མི་དགེའི་ལས་ལ་སྤྱོད་པ་ཕྱི་མ་བདེ་སྡུག་སྒྲུབ་པའི་རྒྱུ་ཡིན་པས། ད་ཕྱི་མ་ཕན་ཆད་དུ་བདེ་བ་ཐོབ་པར་འདོད་པས་དགེ་བ་ཉམས་སུ་བླང་ཞིང་། སྡུག་བསྔལ་དང་བྲལ་བར་འདོད་པས་སྡིག་པ་མི་དགེ་བ་སྤང་ཞིང་དོར་བར་བྱའོ། །དེ་ལྟར་མི་དགེ་བ་སྤངས་ན་ཕྱི་མ་ལ་འབྲས་བུ་སྡུག་བསྔལ་འབྱུང་མི་སྲིད་དེ། རྒྱུ་མེད་པའི་འབྲས་བུ་ཤེས་བྱ་ལ་འབྱུང་མི་སྲིད་པའི་ཕྱིར་རོ། །དེས་ན་དགེ་སྡིག་གི་ལས་ཆེས་ཕྲ་མོ་ཡང་ཁྱད་དུ་མི་བསད་པར། སྡིག་པ་ཕྲ་ཞིང་ཕྲ་བ་ནས་སྤངས་ཤིང་། ༼༩ན༽དགེ་བ་ཕྲ་བ་ནས་ཉམས་སུ་བླང་ངོ་། །དེ་ཡང་ཁ་ཅིག་ན་རེ། དེ་ཡང་མ་ངེས་ཏེ། ད་ལྟ་དགེ་བའི་ལས་འབའ་ཞིག་བྱེད་པ་ལ་སྡུག་བསྔལ་བ་ཡང་འདུག་ལ། མི་དགེ་བ་འབའ་ཞིག་བྱེད་པ་ལ་བདེ་ཞིང་སྐྱིད་པ་ཡང་འདུག་པའི་ཕྱིར་རོ་ཟེར་བ་ལ། དེའི་སྐྱོན་མེད་དེ་ད་ལྟ་བདེ་སྡུག་སྣ་ཚོགས་སུ་ཉམས་སུ་མྱོང་བ་འདི་ཐམས་ཅད་ཚེ་སྔ་མའི་ལས་ཀྱི་འབྲས་བུ་ཡིན་ལ། ད་ལྟ་དགེ་མི་དགེ་སྤྱད་པའི་འབྲས་བུ་སྐྱེ་བ་ཕྱི་མ་ལ་འབྱུང་བ་ཡིན་པའི་ཕྱིར་རོ། །འོ་ན་ད་ལྟ་དགེ་བའི་ལས་སྤྱད་པས་སྐྱེ་བ་སྔ་མ་ཕན་ཆད་ཀྱི་ལས་མི་དགེ་བ་བྱས་པ་ཕན་ཆད་ཀྱང་འདག་པ་མིན་ནམ་སྙམ་ན། དེ་ལ་གཉིས། ས་བོན་དང་། རྣམ་སྨིན་ནོ། །དང་པོ་སྐྱེ་བ་སྔ་མ་ཕན་ཆད་ལ་སྡིག་པ་མི་དགེ་བ་སྤྱད་པའི་ས་བོན། ཀུན་གཞི་ལ་ཡོད་པ་འགགས་ཏེ། དེ་ལ་འབྲས་བུ་མ་བྱུང་བའི་ཕྱིར་རོ། །གཉིས་པ་ནི། རྣམ་པར་སྨིན་པའི་འབྲས་བུ་ད་ལྟ་བདེ་སྡུག་ཉམས་སུ་མྱོང་བཞིན་པ་འདི་ནི་སྤང་བར་མི་ནུས་ཏེ། ཉམས་སུ་མྱོང་བའི་ཕྱིར་རོ། །སྤྱིར་ཡང་སྤང་བྱ་སྤོང་བ་ཐམས་ཅད་ནི་ས་བོན་ལ་གནོད་པ་སྐྱེལ་བ་ཡིན་ལ། གཉེན་པོ་རྒྱུད་ལ་བརྟེན་པ་ཐམས་ཅད་ནི་ས་བོན་གསོས་འདེབས་པ་ཡིན་ནོ། །དེ་ལྟར་སྡིག་པ་སྤང་ཞིང་དགེ་བ་ཉམས་སུ་ལེན་པའི་དུས་སུ་རྒྱུ་འབྲས་ཀྱི་དོན་ཐམས་ཅད་ཀྱང་། གཉིས་མེད་དུ་ལྟ་བས་ཐག་བཅད་པ་དང་། ཞེས་པ་ནི་སྤྱིར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་ཀུན་རྫོབ་འཁྲུལ་པའི་སྣང་བ་མ་འགགས་ཀྱི་བར་དུ། རྒྱུ་འབྲས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་དུ་གནས་པ་ཡིན། དེ་ལ་ཡང་དབྱེ་ན་གཉིས། འདུས་བྱས་འཁོར་བའི་རྒྱུ་འབྲས་དང་། འདུས་མ་བྱས་མྱ་ངན་ལས་འདས་པའི་རྒྱུ་འབྲས་གཉིས་སོ། །དང་པོ་ནི་རྒྱུ་དགེ་མི་དགེ་སྤྱད་པ་ལ་བརྟེན་ནས། འབྲས་བུ་བདེ་སྡུག་ཉམས་སུ་མྱོང་བ་ཡིན་པས། སྡུག་བསྔལ་དང་བྲལ་བར་འདོད་བདེ་༼༩བ༽བ་དང་ཕྲད་པར་འདོད་པ་རྣམས་ཀྱིས་མི་དགེ་བ་སྤངས་ཤིང་དགེ་བ་ཉམས་སུ་བླང་། གཉིས་པ་ནི། རྒྱུ་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དོན་བསྒོམ་པ་ལ་བརྟེན་ནས། འབྲས་བུ་སྐུ་གསུམ་རོ་མཉམ་བདེ་བ་ཆེན་པོའི་སྐུ་ཐོབ་པའོ། །དེས་ན་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པས། རྒྱུ་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་བསྒོམ་དགོས་པ་ཡིན་ནོ། །དེ་བསྒོམ་པའི་དུས་སུ་འཁོར་བའི་རྒྱུ་འབྲས་ཇི་ལྟར་ཉམས་སུ་བླང་སྙམ་ན། དེ་ཡང་གནས་ལུགས་ཀྱི་དོན་མ་རྟོགས་ཤིང་འཁྲུལ་པའི་སྣང་བ་མ་དག་གི་རིང་ལ་རྒྱུ་འབྲས་བདེན་ངེས་པས། སྡིག་པ་སྤངས་ཤིང་དགེ་བ་ཉམས་སུ་བླང་། གནས་ལུགས་ཀྱི་དོན་རྟོགས། འཁྲུལ་པའི་སྣང་བ་དག་པའི་དུས་སུ། རྒྱུ་འབྲས་ངོ་བོ་ཉིད་དུ་གྲོལ་ཏེ་རང་དག་གོ །དེ་ཙམ་ན་སྡིག་པ་སྤང་དུ་མེད། དེ་མེད་ན་དགེ་བ་ཉམས་སུ་བླང་དུ་ཡང་མེད་དེ་བླང་དོར་དང་བྲལ་ལོ། །དེ་ལྟར་རྒྱུ་ལ་བླང་དོར་དང་བྲལ་ན་འབྲས་བུ་རེ་དོགས་དང་བྲལ་ཏེ། རེ་དྭོགས་འབྱུང་མི་སྲིད་དོ། །དེ་ཅིས་ཏེ་སྙམ་ན། རྒྱུ་ལས་དགེ་མི་དགེ་སྤྱད་པ་ཐམས་ཅད་ཀྱང་རང་གི་སེམས་ཀྱིས་སྤྱད་པ་ཡིན་ལ། འབྲས་བུ་བདེ་སྡུག་ཉམས་སུ་མྱོང་བ་ཐམས་ཅད་ཀྱང་རང་གིས་ཉམས་སུ་མྱོང་བ་ལས་ཕྱི་རོལ་ན་གྲུབ་པ་མེད་དོ། །སེམས་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དེ། ནམ་མཁའ་ལྟ་བུ་ཡིན། དེ་ལྟར་རྟོགས་ཙ་ན། རྒྱུ་ལ་དགེ་མི་དགེ་གཉིས་མེད། རྒྱུ་དང་འབྲས་བུ་གཉིས་མེད། གཉིས་མེད་ཀྱི་ངང་དུ་ཤེས་པ་རང་སར་ཁྲེས་སེ་བཞག་པ་ལས་གཞན་མེད་དོ། །དེ་ལྟར་བརྟགས་ཤིང་དཔྱད་པས་ཐམས་ཅད་རང་གི་སེམས་སུ་ཐག་ཆོད་པ་ལ་དཔྱད་པས་སེམས་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དེ་ཆོས་ཀྱི་སྐུ་ནམ་མཁའི་དཀྱིལ་ལྟ་བུ་ཞིག་ཏུ་ཐག་བཅད། དེ་ལྟར་ཐག་བཅད་པས་ཐག་ཆོད་༼༡༠ན༽པའི་དོན་བློ་ལས་འདས་པའི་དབྱིངས་སུ་བསྐྱལ་བའོ། །ཞེས་པ་ནི། རྒྱུ་དགེ་སྡིག་གཉིས་སེམས་སུ་ཐག་ཆོད་པས། དེར་དགེ་བ་སྤེལ་བའི་བློ་དང་ཡང་བྲལ་ལ། སྡིག་པ་སྤོང་བའི་བློ་དང་ཡང་བྲལ་བའོ། །འབྲས་བུ་བདེ་སྡུག་གཉིས་སུ་སྣང་བ་ཡང་སེམས་སུ་རོ་གཅིག་པར་གོ་ལ། སེམས་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དེ། ནམ་མཁའ་ལྟ་བུར་གོ་བས་སྡུག་བསྔལ་སྤང་བའི་བློ་དང་བྲལ་ལ་བདེ་བ་སྒྲུབ་པའི་བློ་དང་ཡང་བྲལ་ལོ། །ལར་ཧྲིལ་གྱིས་དྲིལ་བས་རྒྱུ་ལ་བླང་དོར་གྱི་བློ་དང་བྲལ་ལ། འབྲས་བུ་ལ་རེ་དྭོགས་ཀྱི་བློ་དང་བྲལ་ནས། དེ་ལྟར་བློ་ཐམས་ཅད་དང་བྲལ་ནས། ད་བློ་བྲལ་གྱི་དོན་དང་འབྲལ་བ་མེད་པར་ཉམས་སུ་བླང་གསུང་ངོ་།། ༣ །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཐེག་པའི་རིམ་པ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱང་གདུལ་བྱ་གང་ཟག་གི་སྣོད་ཀྱི་རིམ་པ་དང་སྦྱར་ནས་གསུངས་པ་ཡིན། དེ་ལྟར་ཡང་བསྡུས་རྒྱུད་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཞེས་གསུངས་སོ། །དེས་ན་དེ་ཐམས་ཅད་ལ་གྲུབ་མཐའ་བཟང་ངན་དང་། བདེ་མི་བདེ་ལེགས་མི་ལེགས་ཀྱི་བྱེ་བྲག་མི་དབྱེ། སངས་རྒྱས་ཀྱིས་གསུངས་པའི་ཆོས་ལ་མི་ལེགས་པ་དང་། ནོར་ས་ཤེས་བྱ་ལ་མི་སྲིད། ཐེག་པ་མཐོ་དམན་གྱི་རིམ་པ་བྱུང་བ་ཐམས་ཅད་ཀྱང་དབང་པོའི་རིམ་པ་དང་སྦྱར་ནས་གསུངས་པ་ཡིན། དབང་པོ་དམན་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་གྱི་རྟེན་གྱི་གང་ཟག་ལ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་བསྟན་པའི་དུས་སུ། བདེ་ཡང་དེ་ཀ་བདེ་ལེགས་ཀྱང་དེ་ཀ་ལེགས་ནས་ཡོང་བ་ཡིན། རང་གི་གྲུབ་མཐའི་ཁ་གཟུང་ནས། གྲུབ་མཐའ་༼༡༠བ༽གཞན་ལ་སྨད་དུ་མི་རུང་། སྒྲོ་གདགས་སུ་མི་རུང་། དེ་ལྟར་བྱས་ན་ཉེས་དམིགས་ཆེ་སྟེ། མདོ་དང་བསྟུན་ན་ཆོས་སྤོང་གི་ལས་གསོག །རྒྱུད་སྡེ་དང་བསྟུན་ན་རང་ངམ་གཞན་གྱི་གྲུབ་མཐའ་ལ་སྨད་པའི་ཉེས་པའོ། །དེས་ན། ཆོས་ལ་ཕྱོགས་དང་རིས་སུ་མི་བཅད། འོ་ན་སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་ནས། ཐེག་པ་གོང་མས་འོག་མ་སུན་དབྱུང་བར་བཤད་པ་སྙམ་ན། ཐེག་པ་འོག་མ་ལ་གནས་པའི་གང་ཟག་དེ། ཐེག་པ་གོང་མ་ལ་འཇུག་པའི་ཆེད་དུ་སུན་དབྱུང་བ་ལ་ཉེས་པ་མེད། དེ་མ་ཡིན་པ་གྲུབ་མཐའ་གང་ལ་ཡང་སྒྲོ་གདགས་པ་དང་། སྐུར་པ་གདབ་ཏུ་མི་རུང་། དེ་ལྟར་ཐེག་པའི་རིམ་པ་མང་དུ་ཡོད་ཀྱང་དེ་ཐམས་ཅད་ཀྱི་ནང་ནས་ལམ་མཆོག་ཏུ་གྱུར་པ། ཐེག་པ་ཆེན་པོ་འདི་ཁོ་ན་ཡིན། དེ་ལྟར་ཡིན་པས་ད་ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་རྟེན་གྱི་གང་ཟག་ཞིག་གིས། ཐེག་པ་ཆེན་པོའི་སྒོར་ཞུགས་ནས་སྒྲུབ་པ་ཉམས་སུ་ལེན་པའི་དུས་སུ། དང་པོ་ལྟ་བས་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་ཀྱི་བདག་མེད་པའི་དོན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཅིག་ཏུ་གཏན་ལ་ཕབ་ནས་བསྒོམས་པས་ཉམས་སུ་ལེན་པའི་དུས་སུ་ལྟ་བས་གཏན་ལ་ཕབ་པའི་དོན་དེ་ཉིད་རང་གི་རྒྱུད་ལ་བཀལ་ནས་ཉམས་སུ་ལེན་པའོ། །དེ་ལྟར་བདག་མེད་པའི་དོན་བསྒོམ་པ་དེ་ཡང་དང་པོ་རང་ནས་འཛུགས་ཚུགས་སུ་བསྒོམས་པས་མི་ཡོང་། ཐབས་ལ་བརྟེན་ནས་རིམ་གྱིས་བསྒོམ་དགོས་པ་ཡིན་པས། ད་བདག་མེད་པའི་དོན་རིམ་གྱིས་བསྒོམ་པ། རྒྱལ་པོའི་བཙུན་མོ་ཤི་བ་ལ་བརྡ་རིམ་གྱིས་སྤྲོད་པ་ལྟ་བུའི་གདམས་ངག་སྟོན། བདག་མེད་པའི་དོན་རིམ་གྱིས་བསྒོམ་པ་རྒྱལ་པོའི་བཙུན་མོ་ཤི་བ་ལ་བརྡ་རིམ་གྱིས་སྤྲོད་པ་ལྟ་བུའི་གདམས་༼༡༡ན༽ངག་འདི་ལ་དོན་བཞི། དང་པོ་བདག་དང་གཞན་མཉམ་པ་བསྒོམ་པ་ནི། སྤྱིར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱང་། བདེ་བ་ཐོབ་པར་འདོད་ཅིང་སྡུག་བསྔལ་དང་བྲལ་བར་མི་འདོད་པ་གཅིག་ཀྱང་མེད་དེ། དེ་ལྟར་ཡང་མདོ་ལས། འགྲོ་བ་འདི་དག་བདེ་བ་མངོན་པར་འདོད། །ཅེས་པ་དང་། དེས་ན་བདག་བདེ་བ་ཐོབ་པར་འདོད་པ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱང་བདེ་བ་ཐོབ་པར་འདོད་པ་ཡིན་པ་ལ། དེ་སྔ་ཕན་ཆད་དུ་བདག་གི་བདེ་བ་སྒྲུབ་ཅིང་གཞན་གྱི་བདེ་བ་མི་སྒྲུབ་པ་དེ་ཇི་ལྟར་ཡིན་སྙམ་དུ་བསམ་པ་ཡིན་ཏེ། དེ་ལྟར་ཡང་སྤྱོད་འཇུག་ལས། གང་ཚེ་བདག་དང་གཞན་གཉིས་ཀ །བདེ་བ་འདོད་དུ་མཚུངས་པ་ལས། །བདག་གཞན་ཁྱད་པར་ཅི་ཡོད་ན། །གང་ཕྱིར་བདག་གི་བདེ་བ་བརྩོན། །ཞེས་སོ། །དེ་བཞིན་དུ་སྡུག་བསྔལ་བསལ་བ་ཡང་སེམས་ཡིན་ཏེ། དེ་ལྟར་ཡང་དེ་ཉིད་ལས། གང་ཚེ་བདག་དང་གཞན་གཉིས་ཀ །སྡུག་བསྔལ་མི་འདོད་མཚུངས་པ་ལས། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་སྲུང་བྱེད། །དེ་ཕྱིན་ཆད་བདག་གི་བདེ་བ་བསྒྲུབ་པ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཡང་བདག་གིས་བསྒྲུབ་དགོས་སྙམ་དུ་བསམ། བདག་གི་སྡུག་བསྔལ་སེལ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡང་བདག་གིས་བསལ་དགོས་སྙམ་དུ་བསམ་མོ། །དེ་ལྟར་བསྒོམས་པས་རང་གི་རྟོག་པ་ལ་གཞན་ལ་སྡུག་བསྔལ་དང་བདེ་བ་ཅི་བྱུང་ཡང་རང་ལ་ཕན་པ་དང་གནོད་པ་གང་ཡང་མི་འདུག་ལ་རང་ལ་བདེ་བ་དང་། སྡུག་བསྔལ་བག་ཙམ་བྱུང་བས་ཀྱང་ཕན་གནོད་དངོས་སུ་འབྱུང་གིན་འདུག་པས། སྔོན་ལ་རང་གི་བདེ་བ་གཅིག་སྒྲུབ་དུཿཁ་ཞིག་སེལ་སྙམ་པའི་རྟོག་པ་བྱུང་ན། དེ་སྤོང་བའི་༼༡༡བ༽གཉེན་པོར། བདག་པས་གཞན་གཅེས་བསྒོམ་པ་ཡིན་ཏེ། དེ་སྔ་ཕན་ཆད་ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པས་བསྒྲིབས་ཏེ། བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐབས་མ་ཤེས་པ་ཡིན་ཏེ། དེ་ལྟར་ཡང་སྤྱོད་འཇུག་ལས། བདེ་བ་འདོད་ཕྱིར་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་པའོ། །དེས་ན་བདེ་བ་ཐོབ་པར་འདོད་པས་བདེ་བའི་རྒྱུ་སྒྲུབ་དགོས་ལ། སྡུག་བསྔལ་དང་བྲལ་བར་འདོད་པས་སྡུག་བསྔལ་གྱི་རྒྱུ་སྤང་དགོས་སྙམ་དུ་བསམ། སྡུག་བསྔལ་བའི་རྒྱུ་གང་ཡིན་ན་རང་དོན་བྱེད་པ་འདི་ཁོ་ན་ཡིན་ཏེ། འཁོར་བ་ཐོག་མཐའ་མེད་ཅིང་སྟོང་མཐའ་མེད་པར་འཁྱམས་ཏེ། འཁོར་བའི་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བ་འདི་ཐམས་ཅད་ཀྱང་རང་དོན་བྱས་པས་བྱུང་བ་ཡིན་ལ། བུདྡྷ་དང་བོ་དྷི་ས་ཏྭའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་སེམས་ཅན་གྱི་དོན་བྱས་པ་ལས་བྱུང་བ་ཡིན། སྡུག་བསྔལ་ཐམས་ཅད་རང་དོན་བྱས་པ་ལས་བྱུང་སྟེ། དེ་ལྟར་སྤྱོད་འཇུག་ལས། མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པས་གཞན་གྱི་དོན་བྱེད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་སོ། །དེར་མ་ཟད་ཚེ་འདིའི་བདེ་བ་ཐམས་ཅད་ཀྱང་གཞན་དོན་བྱས་པ་ལས་བྱུང་ལ། སྡུག་བསྔལ་ཐམས་ཅད་རང་དོན་བྱས་པ་ལས་བྱུང་བ་ཡིན་ཏེ། དེ་ལྟར་ཡང་དེ་ཉིད་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །ཞེས་པས་སོ། །དེས་ན་སྡུག་བསྔལ་གྱི་རྩ་བ་འཁོར་བ་ཐོག་མ་མེད་པ་ནས་སྡུག་ཏུ་འཇུག་པ། བདག་གཅེས་པར་འཛིན་ཅིང་རང་དོན་བྱེད་པ་འདི་ཁོ་ནར་འདུག་སྙམ་དུ་བསམ། བདེ་བ་འཇུག་པ་དང་སྡུག་བསྔལ་སེལ་བའི་སྨན་གཞན་དོན་བྱེད་པ་འདི་ཁོ་ན་ཡིན་པས། ༼༡༢ན༽སེམས་ཅན་གྱི་དོན་ཁོ་ན་བྱ་སྙམ་དུ་བསམ། དེ་ཡང་བདག་གིས་དུས་འདི་ནས་བཟུང་ནས་བླ་ན་མེད་པའི་སངས་རྒྱས་མ་ཐོབ་བར་དུ། ལུས་ངག་ཡིད་གསུམ་གྱི་བྱ་བ་ཅི་བྱེད་ཐམས་ཅད་སེམས་ཅན་གཞན་གྱི་དོན་དུ་བྱ་སྙམ་དུ་བསམ། གཞན་དོན་བྱས་པའི་བསོད་ནམས་དེ་ཡང་སེམས་ཅན་གཞན་གྱི་དོན་དུ་བསྔོ་སྙམ་དུ་བསམ། དེ་ལྟར་བསམས་ཤིང་བྱ་བ་ཅི་བྱེད་པ་ཐམས་ཅད་ཀྱང་སེམས་ཅན་གཞན་གྱི་དོན་དུ་བྱའོ། །བདག་མ་གྲུབ་པར་བསྒོམ་པ་ནི། དེ་ལྟར་བསམས་པས་རང་གི་རྟོག་པ་ལ། སེམས་ཅན་གཞན་གྱི་དོན་བྱེད་པ་ཡང་གལ་ཆེ་བར་འདུག་སྟེ། རང་གི་དོན་ཅིག་ཀྱང་མ་བྱས་ན་རང་ལ་སྡུག་བསྔལ་འབྱུང་ན་ངས་མི་བཟོད་སྙམ་ན། དེ་ཐམས་ཅད་མ་བསམས་པའི་སྐྱོན་ཡིན། བསམ་ན་བདག་གི་དོན་བྱེད་པ་ལ་དོན་བྱ་བའི་ཡུལ་བདག་བདེན་པར་གྲུབ་དགོས་པ་ལ། བདག་རང་བདེན་པར་གྲུབ་པ་མེད་དོ། །འོ་ན་བདག་མ་གྲུབ་པ་ཅིས་ཤེས་ན། རིག་པས་བརྟགས་ཤིང་དཔྱད་པས་ཤེས་ཏེ། བདག་ཏུ་འཛིན་པ་དེ་བདག་ཏུ་གཟུང་བའི་ཡུལ་ཕུང་པོ་ལྔ་ལ་འཛིན་ནམ། བདག་ཏུ་འཛིན་པའི་ཤེས་པ་ལ་བདག་ཏུ་འཛིན་ནམ། ཡང་ན་དེ་གཉིས་ལས་དོན་གཞན་དུ་གྱུར་པ་གཅིག་ལ་བདག་ཏུ་འཛིན། དང་པོ་ལ་འཛིན་ན་དེ་ལ་ཡང་བདག་མེད་དེ། ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་ནོ། །གཉིས་པ་ལ་བདག་ཏུ་འཛིན་ན་དེ་ལ་ཡང་བདག་མེད་དེ། ཤེས་པ་སྐད་ཅིག་མ་མི་རྟག་པ་ཡིན་ཏེ། དེ་ཡང་སྔ་མ་འགགས་ཏེ་མི་དམིགས། མ་འོངས་པ་མ་སྐྱེས་ཏེ་མི་དམིགས། ད་ལྟར་གྱི་ཤེས་པ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དེ། ནམ་མཁའ་ལྟ་བུ་ཡིན་པས་ན་ཡང་བདག་ཏུ་འཛིན་པ་མེད་དོ། །གསུམ་པ་ལ་བདག་ཏུ་འཛིན་ན་དེ་གཉིས་ལས་དོན་གཞན་དུ་གྱུར་པའི་བདག་ཀྱང་ཤེས་བྱ་ལ་མི་སྲིད་དེ། ༼༡༢བ༽དཔེར་ན་མོ་གཤམ་གྱི་བུ་ལ་བདག་ཏུ་གཟུང་བའི་ཡུལ་ཡང་མེད་ལ། བདག་ཏུ་འཛིན་པའི་ཤེས་པ་ཡང་མེད་པ་བཞིན་ནོ། །ཡང་ན་བདག་ཏུ་འཛིན་པ་དེ་ལུས་ལ་བདག་ཏུ་འཛིན་ནམ། སེམས་ལ་བདག་ཏུ་འཛིན། ལུས་ལ་འཛིན་ན་ལུས་ཆ་ཤས་ཕྱེ་ལ་གང་ལ་བདག་ཏུ་འཛིན་པ་སོམས་དང་། བསམས་ན་ལུས་ལ་ཡང་བདག་མེད། སེམས་ལ་བདག་ཏུ་འཛིན་ན། སེམས་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་པས་ན་བདག་མེད་དོ། །དེ་ལྟར་བསམས་པས་བདག་ཏུ་གྲུབ་པ་མི་འདུག་པས། ད་གཞན་དོན་ཁོ་ན་བྱའོ་སྙམ་ན། གཞན་མ་གྲུབ་པར་བསྒོམ་པའོ། །བདག་མ་གྲུབ་པར་རྟོགས་ཙ་ན། དེ་ལ་ལྟོས་པའི་གཞན་ཡང་རྣམ་པ་ཐམས་ཅད་དུ་གྲུབ་པ་མི་སྲིད་དེ། དཔེར་ན་རྨི་ལམ་གྱི་གནས་སྐབས་སུ་བདག་གཞན་གཉིས་སུ་སྣང་ཡང་། གཉིད་སད་པའི་དུས་སུ་རྨི་ལམ་གྱི་བདག་ཏུ་སྣང་བ་དང་། གཞན་དུ་སྣང་བ་གཉིས་ཀ་ལ་གྲུབ་པ་མེད་དོ། །དེ་ཙ་ན་སྣང་བ་དེ་གཉིད་ཀྱི་སྟོབས་ཀྱིས་རང་གི་སེམས་འཁྲུལ་ནས་བདག་གཞན་དུ་སྣང་བ་ཡིན་ནོ། །དེ་ལྟར་བདག་གཞན་གཉིས་ཀ་མ་གྲུབ་པར་རྟོགས་ཏེ། ཡོད་མ་མྱོང་བར་ཤེས་ཙ་ན། དེ་ལ་ལྟོས་པའི་མེད་པ་ཡང་མི་སྲིད་པས། ཡོད་པ་དང་མེད་པ་ལ་སོགས་པའི་བློ་ཐམས་ཅད་དང་བྲལ་ལ་བྱར་མེད་འཛིན་མེད་དུ་བཞག་གོ། །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པའི་དོན་མཐའ་དག་བསྡུ་ན། ལུང་གི་ཆོས་དང་རྟོགས་པའི་ཆོས་རྣམ་པ་གཉིས་སུ་འདུས་པ་ཡིན་ཏེ། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པའོ། །དེ་ལ་ལུང་གི་ཆོས་ནི་གཞན་ལས་བརྒྱུད་དེ་འོངས་པའི་དོན་གྱིས་ན་ལུང་ཞེས་བྱ་བ་ཡིན་ཏེ། དེ་ཡང་བླ་མ་གོང་མ་རྣམས་ལས་ཐོས་པའི་ཚིག་དང་། དོན་བློ་༼༡༣ན༽ལ་བཟུང་བ་མ་བརྗེད་པར་བྱས་ནས། ཕྱི་རབས་ཀྱི་སློབ་མ་སྣོད་དང་ལྡན་པ་ལ་སྟོན་པར་བྱེད་པའོ། །གཉིས་པ་རྟོགས་པའི་ཆོས་ཀྱི་གོ་བ་ནི། ཐོས་པའི་དོན་དེ་ཉིད་ཕུག་དབེན་པར་ཕྱིན་ནས་སྒྲུབ་པ་ཉམས་སུ་བླངས་ཏེ། མངོན་པར་རྟོགས་པ་རྒྱུད་ལ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ལྟར་ཡང་། དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་པའོ། །དེ་ལྟར་བསྟན་པའི་དོན་དེ་ཉིད་གཏན་ལ་ཕབ་ནས། གང་ཟག་གཅིག་གིས་ཉམས་སུ་ལེན་པའི་དུས་སུ་ཇི་ལྟར་ཉམས་སུ་ལེན་ན། དང་པོ་བླ་མ་དམ་པ་གཅིག་ལ་བསྟེན་ནས་ལུང་གི་ཆོས་ལ་ཐོས་བསམ་བྱེད་པ་ཡིན་ཏེ། དེ་ལྟར་ཡང་སྤྱོད་འཇུག་ལས། །བཟོད་བྱ་ཐོས་པ་བཙལ་བར་བྱ། །ཞེས་པའོ། །འོ་ན་དུས་རྟག་ཏུ་ཐོས་བསམ་བྱའམ་སྙམ་ན། དེས་མི་ཆོག་སྟེ་ཐོས་པའི་དོན་དེ་ཉིད་རི་ཁྲོད་དམ་དགོན་པ་དབེན་པར་ཕྱིན་ལ་བསྒོམ་དགོས། མ་བསྒོམས་ན་ཉོན་མོངས་པའི་གཉེན་པོར་མི་འགྲོ་སྟེ། དེ་ལྟར་སྤྱོད་འཇུག་ལས། དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་གཞག་ལ་བརྩོན་བྱ་ཞིང་། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཞེས་པ་དང་། ཡང་དེ་ཉིད་ལས། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོར་སྟོང་པ་ཉིད། །ཇི་ལྟར་དེ་ཉིད་སྒོམ་མི་བྱེད། །ཅེས་པས་སོ། །དེས་ན། སྒོམ་པ་ཁོ་ན་གལ་ཆེའོ། །སྒོམ་པ་ལ་གཉིས། ལམ་དང་ལམ་གྱི་ཆ་རྐྱེན་ནོ། །དང་པོ་ནི། ཐབས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་བདག་མེད་པའི་དོན་བསྒོམ་པའོ། །གཉིས་པ་ཆ་རྐྱེན་ནི། དད་པ་དང་བརྩོན་འགྲུས་སོ། །དེ་ལྟར་གཉིས་དགོས་པའི་རྒྱུ་མཚན་ཡང་དད་པ་མེད་ན་ཆོས་ལ་མི་ཚུད་ཅིང་། ལམ་དང་འབྲས་བུ་ལ་ཐེ་ཚོམ་ཟ་བའི་སྐྱོན། བརྩོན་འགྲུས་༼༡༣བ༽མེད་ན་དགེ་སྦྱོར་ཕྱི་ཤོལ་དུ་ལུས་པས་ཡོན་ཏན་རྒྱུད་ལ་མི་སྐྱེ་བའི་སྐྱོན། སྐྱོན་དེ་གཉིས་དང་བྲལ་བར་འདོད་པ་ལ་གཞི་དད་པ། གྲོགས་བརྩོན་འགྲུས་གཉིས་ལམ་གྱི་ཆ་རྐྱེན་དུ་མེད་ཐབས་མེད། དང་པོ་དད་པ་ལ་གསུམ། དང་བའི་དད་པ་དང་། འདོད་པའི་དད་པ་དང་། ཡིད་ཆེས་པའི་དད་པའོ། །དང་བའི་དད་པས་འབྲས་བུ་ལ་ཡིད་ཆེས། འདོད་པའི་དད་པ་ཡོད་པས་ལམ་ལ་འཇུག །ཡིད་ཆེས་པའི་དད་པ་ཡོད་པས་ལམ་དང་། འབྲས་བུ་ལ་ཐེ་ཚོམ་མི་ཟ་བ་ཡིན་གསུང་། གྲོགས་བརྩོན་འགྲུས་ལ་གསུམ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། ཆོག་མི་ཤེས་པའི་བརྩོན་འགྲུས་སོ། །དང་པོ་གོ་ཆའི་བརྩོན་འགྲུས་ཡོད་པས། བསྒོམ་པར་བློས་ཐག་བཅད་པ་ཡིན། གཉིས་པ་སྦྱོར་བའི་བརྩོན་འགྲུས་ཡོད་པས་བསྒོམ་ཕྱི་ཤོལ་དུ་མི་འཇོག་སྟེ། ད་ལྟ་ཉིད་ནས་བསྒོམ་པ་ཡིན། གསུམ་པ་ཆོག་མི་ཤེས་པའི་བརྩོན་འགྲུས་ཡོད་པས་བསྒོམ་པ་འཕྲོ་མི་གཅོད་པས་དུས་རྒྱུན་ཆད་མེད་པར་བསྒོམ་པའོ། །དེ་ལྟར་བརྩོན་འགྲུས་རྣམ་པ་གསུམ་གྱིས་ལམ་སྲང་དུ་བཅུག་ནས། ལམ་ཉམས་སུ་ལེན་པའི་དུས་སུ་བརྩོན་འགྲུས་རྣམ་པ་གསུམ་ལ་མི་མཐུན་པའི་ཕྱོགས་ཏེ། ལེ་ལོའི་དྲི་མས་གོས་ཏེ་བསྒོམ་ལས་ཡེངས་ནས་ལུས་ངག་ཐ་མལ་དུ་སོང་བའི་དུས་སུ། དད་པའི་གསོས་འདེབས། བརྩོན་འགྲུས་ཀྱི་ལྕག་འདེབས་པ་ལ་དལ་འབྱོར་རྙེད་དཀའ་བ་དང་འཆི་བ་མི་རྟག་པ་བསྒོམ་པ་ཡིན། དེ་ཡང་དལ་འབྱོར་རྙེད་དཀའ་བ་བསྒོམ་པའི་དུས་སུ། དལ་འབྱོར་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདི་ལ་མ་བསྒོམས་ན། ཕྱི་མ་ཕན་ཆད་དུ་མི་ཁོམ་པའི་གནས་བརྒྱད་དུ་སྐྱེས་ན། སྒོམ་པའི་བློ་ཡང་མི་འབྱུང་ལ། སྒོམ་པའི་ཐབས་ཀྱང་མེད་པས། ད་ལྟ་ཁོ་ན་སྒོམ་པའི་དུས་༼༡༤ན༽ཡིན་པ་ལ་བསྒོམ་དགོས་འདུག་སྙམ་པ་ཞིག་བྱུང་ན་སྨན་པ་ལ་སྦྱོར་བ་སྟེ། ལེ་ལོའི་དྲི་མ་དང་། སྒྱིད་ལུག་པའི་ལེ་ལོའི་དྲི་མ་འདག །འཆི་བ་མི་རྟག་པ་བསྒོམ་པའི་དུས་སུ། འཆི་ངེས། ནམ་འཆི་ཆ་མེད། འཆི་བ་ལ་ཆོས་མིན་པ་གཞན་གྱིས་མི་སྟོངས། ཆོས་ལ་བསྒོམ་པ་ཁོ་ན་གལ་ཆེ་བར་འདུག །ད་ལྟ་ཉིད་ནས་བསྒོམ་དགོས་སྙམ་པའི་གོ་བ་གཅིག་རྒྱུད་ལ་སྐྱེས་པའི་དུས་སུ། སྙོམ་ལས་ཀྱི་ལེ་ལོའི་དྲི་མ་འདག །དེ་ལྟར་དྲི་མ་ལེ་ལོ་གསུམ་པོ་དེ་དག་ཙ་ན། བསྒོམ་པ་ལ་བརྩོན་འགྲུས་དྲག་པོའི་སྒོ་ནས་ཉམས་སུ་ལེན་པ་ཞིག་འབྱུང་བ་སྟེ། དཔེར་ན་རྟ་བཟང་པོ་ལ་ལྕག་གིས་བྲབས་པས་བང་ཆེར་ཆོད་པ་ཞིག་འོང་བ་ཡིན། དཔེ་དེ་བཞིན་དུ་ཉམས་སུ་ལེན་པའི་དུས་བར་སྐབས་སུ་དལ་འབྱོར་རྙེད་པར་དཀའ་བ་དང་། འཆི་བ་མི་རྟག་པ་བསྒོམ་པས་དེས་གྲོགས་བྱས་ནས། དགེ་སྦྱོར་རྒྱུན་ཆད་མེད་པ་བརྩོན་འགྲུས་དྲག་པོས་ཉམས་སུ་ལེན་པ་ཞིག་འབྱུང་བ་ཡིན་པས། བརྩོན་འགྲུས་ཀྱིས་གྲོགས་བྱེད་པ་ལ་རྟ་བཟང་པོ་ལ་ལྕག་གིས་བྲབས་པ་ལྟ་བུའི་གདམས་ངག་ཅིག་སྟོན། བརྩོན་འགྲུས་ཀྱིས་གྲོགས་བྱེད་པ་ལ་རྟ་བཟང་པོ་ལ་ལྕག་གིས་བྲབས་པ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི། སྤྱིར་མི་ལུས་རྙེད་པར་དཀའ། ཞེས་པའི་གོ་བ་ནི། སྤྱིར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ལ་གྲངས་བསམ་གྱིས་མི་ཁྱབ་ལ། བརྗོད་ཀྱིས་མི་ལོང་སྟེ། དཔེར་ན་ནམ་མཁའ་ལ་མཐའ་མེད་པ་བདེ་བཞིན་དུ། སེམས་ཅན་ལ་ཡང་མཐའ་མེད་པ་ཡིན་པ་ལ། དེ་ལ་རིགས་ཀྱི་སྒོ་ནས་དབྱེ་ན་ལྔའམ་དྲུག །གནས་ཀྱི་སྒོ་ནས་དབྱེ་ན་ཁམས་གསུམ་གྱི་སེམས་ཅན། དེ་རྣམས་ལ་མང་ཉུང་དུ་བྱས་ན། ལྷ་ཁོ་ན་མང་སྟེ། ལྷ་ལ་ཁམས་ཕྱེད་དང་གསུམ་ཡོད། འགྲོ་བ་རིགས་ལྔ་པོ་ལ་འདོད་པའི་ཁམས་༼༡༤བ༽ཀྱི་ཕྱེད་ལས་མེད་པས་ན་ཉུང་། ལྔ་པོ་ལས་དམྱལ་བ་ཁོ་ན་མང་། དེ་བས་ཡི་དྭགས་སྟོང་འགྱུར་གྱིས་ཉུང་། དེ་བས་དུད་འགྲོ་སྟོང་འགྱུར་གྱིས་ཉུང་། དུད་འགྲོ་ལ་ལྟོས་ན་མིའི་འགྲོ་བ་ཉུང་ཟད་ལས་མེད་པས་ན་རྙེད་པར་དཀའོ། །མི་ལུས་ཐོབ་པ་དེ་ལས་ཀྱང་བྱེ་བྲག་ཏུ་དལ་འབྱོར་རྙེད་པར་དཀའ། ཞེས་པ་འདི་ལ་གཉིས། དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའ་བ་དང་། འབྱོར་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའ་བའོ། །དང་པོ་དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའ་བ་ནི། མི་ཁོམ་པའི་གནས་བརྒྱད་སྤངས་ཏེ། མི་ཁོམ་པའི་གནས་བརྒྱད་ནི། དམྱལ་བ་དང་ཡི་དྭགས་དང་། དུད་འགྲོ་དང་། ལྷ་ཚེ་རིང་པོ་དང་། ཡུལ་མཐའ་ཁོབ་དང་། དབང་པོ་མ་ཚང་བ་དང་། ཀླ་ཀློ་དང་། ལོག་ལྟ་ཅན་དང་། དེ་རྣམས་སུ་སྐྱེས་ན་ཆོས་བྱ་བའི་བློ་ཡང་མི་སྐྱེ་ལ། ཆོས་བྱ་བའི་སྐབས་ཀྱང་མེད་པས་ན། མི་ཁོམ་པར་འདུག་པ་ལ། མི་མཐུན་པའི་ཕྱོགས་བརྒྱད་པོ་དེ་རྣམས་སུ་མ་སྐྱེས་པས་ན་དལ་བའོ། །གཉིས་པ་འབྱོར་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའ་བ་ལ་གཉིས། གཞན་གྱི་འབྱོར་བ་ལྔ་དང་རང་གི་འབྱོར་བ་ལྔའོ། །དང་པོ་གཞན་འབྱོར་ལྔ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཡང་དཀའ་བ་དང་། དེས་ཆོས་གསུངས་པ་ཡང་དཀའ་བ་དང་། བསྟན་པ་རྒྱུན་དུ་གནས་པ་ཡང་དཀོན། རྟོགས་པ་རྗེས་སུ་སྒྲུབ་པའི་གང་ཟག་ཀྱང་དཀོན། བརྩེ་བས་རྗེས་སུ་འཛིན་པའི་གང་ཟག་ཀྱང་དཀོན། །གཉིས་པ་རང་གི་འབྱོར་བ་ལྔ་ནི། བསྟན་པ་དང་ཁ་ཐུག་པར་མི་ལུས་ཐོབ་པ་དང་། དེ་ཡང་ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། སྐྱེ་མཆེད་ཀྱི་གནས་ལ་དད་པ། ལས་ཀྱི་མཐའ་མ་ལོག་པའོ། །དེ་ལྟར་མི་ཁོམ་པའི་གནས་བརྒྱད་སྤངས་༼༡༥ན༽པས་ན་དལ་བ། རང་གཞན་གྱི་འབྱོར་པ་བཅུ་ཚང་བའི་མི་ལུས་ནི་ཤིན་ཏུ་རྙེད་པར་དཀའ་སྟེ། དེ་ལྟར་ཡང་སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུངས་པའི་ཕྱིར་རོ། །སྐྱེ་བ་སྔ་མ་ཡན་ཆད་དུ་ཚོགས་དཔག་ཏུ་མེད་པ་བསགས། དཀའ་ལས་དཔག་ཏུ་མེད་པ་བྱས་པ་ལ་བརྟེན་ནས་རྙེད་པའི་དལ་འབྱོར་ཀྱང་མི་རྟག་པ་ཡིན་ཏེ། ཡུན་རིང་པོ་ཞིག་བསྡད་པའི་ལོང་མེད། འོ་སྐོལ་ལ་འཆི་བའི་འཇིགས་པ་འོང་ངེས། དེ་ལ་འབྲོས་ས་གཞན་མེད། ཐར་ས་གཞན་མེད་དེ། དེ་ལྟར་རྟ་དབྱངས་ཀྱི་ཞལ་ནས་ཀྱང་། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །གང་ཞིག་ཁྱོད་ཀྱིས་མཐོང་བའམ། །འོན་ཏེ་ཐོས་སམ་ཐེ་ཚོམ་ཟ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་འཇིགས་པ་ཡང་ཚེ་ལ་ངེས་པ་མེད་པས། ནམ་འཆི་ཆ་མེད་འཇིགས་པ་འོང་ནི་འོང་ངེས། བྱུང་བའི་དུས་སུ་ཉི་མ་རྒས་ལ་ཕག་ཏུ་འགྲོ་བ་དང་འདྲ་བས། སྨན་དང་། སྔགས་དང་། རིག་པ་གང་གིས་ཀྱང་བཟློག་མི་ནུས། རྫས་དང་ཡོ་བྱད་ཉེ་དུ་དང་འབྲེལ་བ་གང་གིས་ཀྱང་མི་སྟོངས་ཏེ། དེ་ལྟར་སྤྱོད་འཇུག་ལས། རྙེད་པ་མང་པོ་ཐོབ་གྱུར་ཅིང་། །ཡུན་རིང་བར་དུ་བདེ་སྤྱད་ཀྱང་། །ཆོམ་པོས་ཕྲོགས་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ །ཞེས་པ་དང་། འཆི་བའི་དུས་ལ་བབ་པ་ན། །བུ་རྣམས་སྐྱབས་སུ་མི་འགྱུར་ལ། །ཕ་མ་མ་ཡིན་གཉེན་འདུན་ནི། །སུ་ཡང་སྐྱབས་སུ་འགྱུར་བ་མེད། །ཅེས་གསུངས་སོ། །དུས་དེ་ཙ་ན་ཆོས་མིན་པ་གཞན་གང་གིས་ཀྱང་མི་ཕན་པར་འདུག་པས། ཆོས་ཁོ་ན་བྱེད་དགོས་གསུང་། མི་རྟག་པ་དེ་ཉིད་ལམ་དུ་ཁྱེར་ཤེས་པར་བྱ། ཞེས་པ་ནི། སྤྱིར་ལམ་དུ་ཁྱེར་བ་ལ་གཉིས། ཐབས་སྙིང་རྗེ་ལམ་དུ་ཁྱེར་བ་དང་། ༼༡༥བ༽ཤེས་རབ་སྟོང་པ་ཉིད་ལམ་དུ་ཁྱེར་བའོ། །དང་པོ་ནི་ཚེ་འདི་འདུས་བྱས་ཡིན་པས་སྐད་ཅིག་ཀྱང་མི་སྡོད། དེ་མི་རྟག་པ་ཡིན་པ་ལ། དེ་ལྟར་མ་ཤེས་པར་ཚེ་འདི་ཁོ་ན་དོན་དུ་གཉེར་ཞིང་། རྟག་པར་འཛིན་པའི་སེམས་ཅན་ལ་དམིགས་ནས་བྱམས་པ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །གཉིས་པ་ནི་མི་རྟག་པ་རང་གི་ངོ་བོ་ལ་བརྟག་པས། འདས་པ་འགགས་ཏེ་མི་དམིགས། མ་འོངས་པ་མ་སྐྱེས་ཏེ་མ་དམིགས། ད་ལྟར་བ་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དོ། །དེ་ལྟར་ཡང་མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་གསུངས་སོ། །ཐབས་བྱམས་པ་དང་སྙིང་རྗེ་རང་གི་ངོ་བོ་ལ་བརྟགས་ཤིང་དཔྱད་པས་ཀྱང་། སྐྱེ་འགག་གནས་གསུམ་གྱིས་སྟོང་པར་ཤེས་པར་བྱས་ལ། དེ་ཀའི་ས་ལ་རང་སར་བཞག་ཅིང་བསྒོམ། རྗེས་ཀྱི་སྤྱོད་ལམ་ཐམས་ཅད་ཀྱང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་ཉམས་སུ་བླང་ཞིང་ཞེན་པ་མེད་པར་བྱ། དེ་ལྟར་ཡང་། གཞན་ཕན་ཞེན་མེད་ཀྱི་སྙིང་རྗེ་འདི། །ཐབས་ཀྱི་མཆོག་ཏུ་བཙིར་གྱིས་གཟུང་། །ཞེས་གསུངས་སོ།། ༤ །།བླ་མ་རིན་པོ་ཆེའི་ཞལ་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུས་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་ནི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་སོ། །དེ་ཡང་དལ་བ་ནི་མི་ཁོམ་པའི་གནས་བརྒྱད་སྤངས་པས་ན་དལ། རང་དང་གཞན་གྱི་འབྱོར་པ་བཅུ་ཚང་བའི་མི་ལུས་འདི་ཤིན་ཏུ་རྙེད་པར་དཀའ་བ་ཡིན། ཐོབ་ཀྱང་ཡུན་རིང་པོ་བསྡད་པའི་དབང་མེད་དེ། འཆི་བའི་འཇིགས་པ་ཞིག་འོང་ངེས། དེ་བྱུང་བའི་དུས་སུ་འཇིག་རྟེན་ཕ་རོལ་དུ་སྐྱས་ཆེན་པོ་ནི་འདེགས། ༼༡༦ན༽སྨན་དང་སྔགས་དང་རིག་པ་གང་གིས་ཀྱང་མཐུ་བརླག །ཉི་མ་ལའི་ཕག་ཏུ་འགྲོ་བ་དང་འདྲ་བར། ཐབས་གང་གིས་ཀྱང་བཟློག་ཏུ་མེད་པའི་དུས་སུ། སྐྱབས་མགོན་ཆོས་མིན་པ་གང་གིས་ཀྱང་མི་སྟོངས་པར་འདུག་པས། ཆོས་ལ་མི་བྱ་བའི་ཐབས་མེད། ཆོས་བྱེད་པ་ལ་ཡ་ཆད་ཁ་འགགས་པ་འདྲ་བའི་ཆོས་འདིས་མི་ཕན། སྙིང་ནས་ཆོས་ཤིག་བྱེད་དགོས། སྙིང་ནས་ཆོས་བྱེད་པ་ལ་འདི་ཐམས་ཅད་ཀྱི་མཚན་ཉིད་ཤེས་པར་བྱས་ཏེ། ཤེས་པའི་འཁྱོག་ལམ་བསྲང་ནས་ཤེས་པ་སྲང་དུ་བཅུག་ནས། དགེ་སྦྱོར་ཉམས་སུ་ལེན་དགོས་པ་ཡིན་པ་ལ། ཆོས་ཐམས་ཅད་ཀྱི་མཚན་ཉིད་མ་ཤེས་པས་དགེ་སྦྱོར་ཐམས་ཅད་ལྟར་སྣང་དུ་སོང་བ་སྒྱུ་མའི་སྐྱེས་བུ་ལྟ་བུ་ཡིན་པས། མཚན་ཉིད་ལམ་དུ་འཁྱེར་བའི་གདམས་ངག་འདི་སྟོན། དེ་ལ་མཚན་ཉིད་ཀྱི་དོན་བཤད་ན། ཆོས་ཐམས་ཅད་ཀྱི་མཚན་ཉིད་མ་ཤེས་པས་ལྟར་སྣང་དུ་སོང་བ་ནི། སྤྱིར་ཆོས་ལ་མང་ཡང་བསྡུ་ན་བཞི་ཡིན་ཏེ། འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་མཚན་ཉིད་མི་རྟག་པར་མ་ཤེས་པས། དགེ་སྦྱོར་ཅི་དང་ཅི་བྱེད་པ་ཐམས་ཅད་ཚེ་འདིའི་རྟོག་པས་ཁྱེར་བས་ལྟར་སྣང་དུ་སོང་བ་ཡིན། གཉིས་པ་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བར་མ་ཤེས་ནས་ཚུལ་ཁྲིམས་བསྲུང་བ་ཐམས་ཅད་ཀྱང་ལྟར་སྣང་དུ་སོང་བ་ཡིན་ནོ། །གསུམ་པ་འགྲོ་བ་རིགས་ལྔའམ་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཕ་མ་ཡིན་ཞིང་། ཕ་མ་ཐམས་ཅད་ཀྱང་སྡུག་བསྔལ་དང་ལྡན་པར་མ་ཤེས་པའི་སྙིང་རྗེ་རྒྱུད་ལ་མ་སྐྱེས་པས་སེམས་ཅན་གཞན་དོན་བྱེད་པ་ཐམས་ཅད་ཀྱང་ལྟར་སྣང་དུ་སོང་བ་ཡིན་ནོ། །བཞི་པ་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀྱི་ཡིན་ལུགས་ཡེ་ནས་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་རང་བཞིན་ཡིན་པ་ལ་དེ་ལྟར་དུ་མ་༼༡༦བ༽ཤེས་པའི་ཆགས་མེད་ཞེན་མེད་ཀྱང་ལྟར་སྣང་དུ་སོང་བ་ཡིན་ནོ། །དེས་ན་ཆོས་ཐམས་ཅད་ཀྱི་མཚན་ཉིད་མ་ཤེས་པས་ལྟར་སྣང་དུ་སོང་བ་སྒྱུ་མའི་སྐྱེས་བུ་ལྟ་བུ་ཡིན་པས། མཚན་ཉིད་པ་ལམ་དུ་འཁྱེར་བའི་གདམས་ངག་འདི་ལ་དོན་བཞི། ཆོས་ཐམས་ཅད་ཀྱི་མཚན་ཉིད་མ་ཤེས་པའི་དགེ་སྦྱོར་ཐམས་ཅད་ལྟར་སྣང་དུ་སོང་བ་སྒྱུ་མའི་སྐྱེས་བུ་ལྟ་བུ་གདམས་ངག་འདི་ལ་བཞི། འཆི་བ་མི་རྟག་པ་མ་བསྒོམས་ཤིང་རྒྱུད་ལ་མ་སྐྱེས་ན་ཆོས་བྱེད་པ་ལྟར་སྣང་དུ་སོང་བ་ཡིན། ཞེས་པའི་དོན་ནི། སྤྱིར་འཁོར་བའི་སྡུག་བསྔལ་འདི་ལས་ཐར་ཞིང་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འདོད་པ་ལ་དམ་པའི་ཆོས་བྱེད་དགོས། ཆོས་བྱེད་པ་ལ་ཡང་ལྟར་སྣང་དུ་མ་སོང་བར་ལམ་དུ་འགྲོ་བ་ཞིག་དགོས། ལམ་དུ་འགྲོ་བ་ལ་མི་རྟག་པ་བསྒོམ་དགོས་པ་ཡིན་ཏེ། ཆོས་བྱེད་ལོ་བསྒོམ་ལོ། །དེ་ལ་བསྒོམ་གྱི་ཆོས་ཚེ་འདིའི་རྣམ་པར་རྟོག་པས་ཀུན་ནས་བསླངས་པའི་སྒྲུབ་པ་ཇི་ཙམ་བྱས་ཀྱང་འཁོར་བ་ལས་འཕགས་མི་སྲིད་པ་ཡིན། འཁོར་བའི་སྡུག་བསྔལ་འདི་ལས་ཐར་པར་འདོད་པས། དགེ་བ་བྱེད་པ་ཐམས་ཅད་ཀྱི་སྔོན་དུ་མི་རྟག་པ་ཐུན་རེ་བསྒོམ་དགོས། དེ་བསྒོམས་ནས་ཆོས་རྒྱུད་ལ་སྐྱེས་པ་ན་ཚེ་འདིའི་བྱ་བྱེད་དམ་ལས་གང་ལ་ཡང་བློ་མི་འཇུག་ཅིང་དགོས་མེད་ཀྱི་བློ་ཅིག་འབྱུང་སྟེ། བློ་སྣ་དེ་བྱུང་ཙ་ན་ཆོས་ལམ་དུ་མི་འགྲོ་བ་ཤེས་བྱ་ལ་མི་སྲིད་དེ། དགེ་སྦྱོར་ཅི་བྱེད་ཐམས་ཅད་མཚན་ཉིད་པར་འོང་བ་ཡིན་གསུང་། སྤྱིར་ཆོས་བྱེད་པ་ལ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་དགོས། དེ་བསྲུང་བ་ལ་སྔོན་དུ་ལས་རྒྱུ་འབྲས་བསྒོམས་པ་ལ་བརྟེན་ནས། རྒྱུ་འབྲས་ལ་ཡིད་ཆེས་པ་ཞིག་དགོས་པ་ཡིན། ལས་རྒྱུ་འབྲས་ལ་བསྒོམས་པའི་བསྒོམ་ཡང་། ལས་རྒྱུ་འབྲས་ལ་ཡིད་མ་ཆེས་ན་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་པ་ཡང་ལྟར་སྣང་ཡིན། ཞེས་༼༡༧ན༽པའི་དོན་ནི། དེ་ཚུལ་འཆོས་སུ་སོང་བ་ཡིན། རེ་ཞིག་བསྲུང་ལོར་སོང་བས་ལྐོག་ཏུ་མི་ཐུབ། བསྲུངས་ཀྱང་འཁོར་བ་ལས་མི་འཕགས་ཏེ། ངེས་པར་འབྱུང་བའི་ཚུལ་ཁྲིམས་རྒྱུད་ལ་མི་སྐྱེ་བ་ཡིན། དེས་ན་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བར་འདོད་པ་ལ། ལས་རྒྱུ་འབྲས་བསྒོམ་དགོས། དེ་བསྒོམས་པས་རྒྱུད་ལ་སྐྱེས་ཏེ། ལས་རྒྱུ་འབྲས་ལ་ཡིད་ཆེས་ན། ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་ཞིག་གདོད་འོང་བ་ཡིན། ངེས་པར་འབྱུང་བའི་ཚུལ་ཁྲིམས་མཚན་ཉིད་པ་ཞིག་འོང་བ་ཡིན་གསུང་། སྔོན་དུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་རྒྱུད་ལ་མ་སྐྱེས་ན། གཞན་དོན་བྱེད་པའང་ལྟར་སྣང་ཡིན། ཞེས་པ་ནི། འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ་བོ་དྷི་སཏྭ་རྣམས་ཀྱིས་ལམ་དུས་སུ་སེམས་ཅན་གྱི་གཞན་དོན་བྱེད་དགོས། དེ་ལ་སྔོན་དུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་བསྒོམས་པས། དེ་གསུམ་རྒྱུད་ལ་སྐྱེ་དགོས། རང་འདོད་ཕུགས་སུ་བཅུག་པའི་གཞན་དོན་ཅི་ཙམ་བྱས་ཀྱང་ལམ་དུ་འགྲོ་མི་སྲིད་དེ། གཞན་དོན་ལྟར་སྣང་ཡིན་ནོ། །དེས་ན་གཞན་དོན་བྱེད་པར་འདོད་པས། སྔོན་དུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་རྒྱུད་ལ་བློ་སྦྱང་དགོས་པ་ཡིན་ཏེ། དེ་གསུམ་ལ་བློ་སྦྱོངས་ན་རང་ལ་མ་འཁྲིས་པའི་གཞན་དོན་མཚན་ཉིད་པ་ཞིག་འབྱུང་སྟེ། དེ་ལམ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་དོན་བྱེད་པའི་དུས་སུ། ཞེན་པའམ། ཆགས་པའམ་འཛིན་པ་མེད་པར་བྱེད་དགོས། དེ་ལ་སྔོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཉམ་བཞག་ཏུ་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་བསྒོམས་པས། རྗེས་ཐོབ་ཀྱི་གནས་སྐབས་སུ་སྣང་བ་སྒྱུ་མ་ལྟ་བུར་༼༡༧བ༽འཆར་དགོས། སྔོན་དུ་མ་བསྒོམས་པའམ། མཉམ་བཞག་གི་དུས་སུ་སྟོང་པ་ཉིད་ཀྱི་དོན་བསྒོམས་ཀྱང་། རྗེས་ཐོབ་ཀྱི་སྐབས་སུ་སྣང་བ་སྒྱུ་མར་མ་ཤེས་ན་ཆགས་ཞེན་མེད་པ་སྐད་ཟེར་བ་ཐམས་ཅད་ལྟར་སྣང་ཡིན་ཏེ། དཔེ་ཐལ་བས་གཡོགས་པའི་མེ་དང་འདྲ་སྟེ། བདག་འཛིན་གྱི་མདུད་པ་དམ་པོ་གཏིང་ན་ཡོད་པས། དེ་ལམ་དུ་མི་འགྲོ །དངོས་འཛིན་གྱི་མདུད་པ་དམ་པོ་གཏིང་ནས་གྲོལ་ན་བདེན་འཛིན་གྱི་འཁྲི་བ་ཆོད་དེ། རྒྱུད་ལ་ཞེན་ཆགས་མེད་ཅིང་འབྲས་བུ་ལ་རེ་བ་མེད་པའམ། ལྟོས་པ་མེད་པ་གཅིག་བྱུང་ན་ལམ་མཚན་ཉིད་པ་ཡིན་ནོ།། ༥ །།བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་སེམས་ཅན་གྱི་རྒྱུད་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡོད་པས་དེའི་གཉེན་པོར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བཀའ་སྩལ་པ། དེ་ཡང་བསྡུ་ན་ཐེག་པ་གསུམ་དུ་འདུས་པ་ལས། ད་རེས་ཉན་རང་གི་ཐེག་པ་མི་སྟོན། ཐེག་པ་ཆེན་པོའི་གདམས་ངག་བྱ་བ་འཆད། དེ་ལ་གཉིས། ངེས་དོན་ལྟ་སྒོམ་གྱི་གདམས་ངག་དང་། དྲང་དོན་སྤྱོད་པའི་གདམས་ངག་གོ །དེ་ལྟར་ལྟ་སྒོམ་སྤྱོད་པ་གསུམ་པོ་དེ་ཡང་ལམ་གྱི་དུས་སུ་ཡ་མ་བྲལ་བར་བྱས་ནས། དེ་ཡང་ཟུང་འབྲེལ་དུ་ཉམས་སུ་ལེན་དགོས་པ་ཡིན། དེ་ལྟར་ཉམས་སུ་ལེན་པ་དེ་ཡང་ཕྱི་ཤོལ་དུ་བཞག་པས་མི་ཡོང་། དལ་འབྱོར་མི་ལུས་ཐོབ་པ་འདི་ལ་འབད་དགོས། མི་ལུས་ཐོབ་ནས་ཀྱང་ཚེ་འདི་མི་རྟག་སྟེ་འཆི་བའི་འཇིགས་པ་ཞིག་འོང་ངེས། དེ་ཡང་ཚེ་ལ་ངེས་པ་མེད་པས་ནམ་འོང་ཆ་མེད་པར་འདུག་པས་ན་ཡང་། དགེ་སྦྱོར་ཕྱི་ཤོལ་དུ་མ་ལུས་པར་བྱས་ལ་ད་ལྟ་ཉིད་དུ་སྒྲུབ་པ་ཉམས་སུ་བླང་སྟེ། འདི་ལྟར་སྣང་བ་འདི་ཐམས་ཅད་ཀྱང་ཕྱི་རོལ་ན་བདེན་པའི་ཆོས་སུ་གྲུབ་པ་མེད། རང་༼༡༨ན༽གི་སེམས་ཀྱི་འཁྲུལ་པའི་སྣང་བ་ཡིན། དཔེར་ན་མདངས་སུམ་གཉིད་ལོག་པའི་གནས་སྐབས་ཀྱི་རྨི་ལམ་གྱི་སྣང་བ་དང་ཁྱད་པར་མེད་ཀྱང་ཀུན་རྫོབ་ཀྱི་གནས་སྐབས་སུ་རྨི་ལམ་སྒྱུ་མ་ཙམ་དུ་རྒྱུ་འབྲས་མི་བསླུ་རྒྱུ་འབྲས་བདེན་ངེས་ཡིན་པས། སྡིག་པ་མི་དགེ་བ་སྤང་ཞིང་དགེ་བ་ཉམས་སུ་ལེན་དགོས། སྡིག་པ་མི་སྤོང་ཞིང་དགེ་བ་ཉམས་སུ་མི་ལེན་པའི་ཆོས་པས་མི་བཏུབ། རང་དོན་ཁོ་ན་བྱེད་པའི་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟེན་གྱི་གང་ཟག་རྣམས་ཀྱིས་ཀྱང་སྡིག་པ་མི་དགེ་བ་སྤང་དགོས། གཞན་དོན་བྱེད་པའི་ཐབས་ཕ་རོལ་ཏུ་ཕྱིན་པའི་སྒོར་ཞུགས་པ་རྣམས་ཀྱིས་ཀྱང་སྡིག་པ་མི་དགེ་བ་སྤོང་ཞིང་དགེ་བ་སྒྲུབ་དགོས། སྤྱིར་ཆོས་མི་བྱེད་ན་མི་བྱེད། བྱེད་ན་དེ་ཕན་ཆད་རྒྱུ་འབྲས་ལ་འཛེམ་པ་གཅིག་གལ་ཆེ་བ་ཡིན། དེ་ལྟར་རྒྱུ་འབྲས་ཀྱི་དོན་ཉམས་སུ་ལེན་པ་ལ། ཐོབ་པའི་མི་ལུས་ལ་གཅེས་སྤྲས་བྱ་ཞིང་། མི་ལུས་དེ་ལ་བརྟེན་ནས་མི་དགེ་བ་སྤང་། དགེ་བ་ཉམས་སུ་བླང་། མངོན་མཐོ་དང་ངེས་ལེགས་ཀྱི་འདོད་པའི་དོན་སྒྲུབ་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི་སྟེ། དང་པོ་དལ་འབྱོར་རྙེད་དཀའ་བ་བསྒོམ་པ་ནི། མི་ཁོམ་པའི་གནས་བརྒྱད་སྤངས་པའི་རང་བཞིན་གྱི་དལ་བ་དང་། རང་དང་གཞན་གྱི་འབྱོར་པ་ཤིན་ཏུ་རྙེད་དཀའ་བ་ཡིན་ཏེ། དེ་ལྟར་སྤྱོད་འཇུག་ལས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །ཞེས་གསུངས་སོ། །ད་ལྟ་དབང་པོ་ལྔ་ལ་སྐྱོན་མ་ཞུགས། སྡོམ་པ་རྣམ་གསུམ་གྱི་རྟེན་དུ་རུང་བའི་མི་ལུས་ཐོབ་པ་འདི་ལ་ཡང་། ཁ་རྗེ་དང་སྟབས་ཁ་ཡག་ནས་ཐོབ་པ་མིན། སྔ་མ་ཕན་ཆད་དུ་ཚོགས་དཔག་ཏུ་མེད་པ་བསགས་དཀའ་ལས་དཔག་ཏུ་མེད་པ་བྱས་པས་ཐོབ་པ་ཡིན། དེ་༼༡༨བ༽ལྟར་ཐོབ་པར་དཀའ་བའི་དལ་འབྱོར་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདི་ལ། དམ་པའི་ཆོས་མ་བྱས་ན་ཕྱི་མ་ཕན་ཆད་དུ་མི་ཁོམ་པའི་གནས་བརྒྱད་གང་དུ་སྐྱེས་ཀྱང་ཆོས་བྱ་བའི་སྐབས་མེད་དེ། དེ་ལྟར་ཡང་སྤྱོད་འཇུག་ལས། གལ་ཏེ་འདི་ལ་ཕན་པར་མ་བསྒྲུབ་ན། །ཕྱིས་ནས་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས་སོ། །ཆོས་བྱེད་པ་དེ་ཡང་ཕྱི་ཤོལ་དུ་བཞག་པས་མི་ཡོང་ད་ལྟ་ཉིད་ནས་ཉམས་སུ་ལེན་དགོས། དེ་ཅི་སྟེ་སྙམ་ན་དལ་འབྱོར་མི་ལུས་ཐོབ་ནས་ཀྱང་མི་ཚེ་ལ་ལོང་མེད་དོ། །གཉིས་པ། འཆི་བ་མི་རྟག་པ་བསྒོམ་པའི་མན་ངག་ནི། ཡུན་རིང་མི་སྡོད་དེ་འཆི་བའི་འཇིགས་པ་ཞིག་འོང་ངེས། འོང་བ་དེ་ཡང་ནམ་འོང་ཆ་མེད་དོ། །དེ་བྱུང་བའི་དུས་སུ་ཡང་དག་པའི་ཆོས་མིན་པ་གང་གིས་ཀྱང་མི་སྟོངས་པ་ཡིན། ཤི་ནས་ཀྱང་རྒྱང་འཕེན་པའི་ལྟ་བ་བཞིན་དུ་ཅང་མེད་དུ་མི་འགྲོ །ལས་དགེ་མི་དགེའི་སྟོབས་ཀྱིས་འཁོར་བ་མཐོ་དམན་གྱི་སྐྱེ་བ་ལེན་ངེས་ཏེ། ད་ལྟ་རང་གིས་བསོད་ནམས་ཀྱི་ལས་བསགས་ན། འདོད་ཁམས་ཀྱི་ལྷ་དང་མིར་སྐྱེ། བསོད་ནམས་མ་ཡིན་པའི་ལས་བསགས་ན་ཕྱི་མ་ལ་ངན་སོང་གསུམ་དུ་སྐྱེ། མི་གཡོ་བའི་ལས་བསགས་ན། གཟུགས་དང་གཟུགས་མེད་ཁམས་ཀྱི་ལྷར་སྐྱེ་བ་ལེན་ནོ། །ད་ལྟ་ཡང་འགྲོ་བ་འདི་ཐམས་ཅད་དེ་ལྟ་བུའི་ལས་ལས་བྱུང་ངོ་། །གསུམ་པ་ལས་རྒྱུ་འབྲས་བསྒོམ་པའི་མན་ངག་ནི། ཕྱི་མར་སྐྱེ་གནས་གར་སྐྱེ་ལས་དེ་རྣམས་དབང་ཁོ་ན་ཆེ་སྟེ། ལས་རྣམས་ཀུན་ལ་མཐུ་ཡོད་པས། །ལུས་ཅན་ཀུན་གྱི་སྐྱིད་སྡུག་ནི། །ལས་རྣམས་ཡིན་པར་ཤེས་པར་བྱ། །ཞེས་གསུངས་སོ། །དེས་ན་སྡུག་བསྔལ་དང་བྲལ་བར་འདོད་པས་སྡུག་བསྔལ་གྱི་རྒྱུ་བསོད་ནམས་མ་ཡིན་པ་སྤང་དགོས། བདེ་བ་དང་ཕྲད་༼༡༩ན༽པར་འདོད་པས་བདེ་བའི་རྒྱུ་བསོད་ནམས་གསོག་དགོས་པས་བསོད་ནམས་བསགས་པ་ཁོ་ན་ལ་བསླབ་གསུང་ངོ་། །བཞི་པ་ལ་ལམ་ཐབས་ཤེས་ནི། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས་ལམ་གྱི་གནས་སྐབས་སུ་ཐབས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། ཤེས་རབ་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་བདག་མེད་པའི་དོན་བསྒོམ་དགོས། དེ་ལྟར་ལམ་གྱི་གནས་སྐབས་སུ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་ཉམས་སུ་བླངས་པས། མཐར་ཐུག་འབྲས་བུའི་གནས་སྐབས་སུ་སྐུ་གསུང་ཐུགས་ཡེ་ཤེས་ལྔའི་བདག་ཉིད་དམ། སྐུ་གསུམ་མམ་ལྔའི་རང་བཞིན་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་དེ་ཐོབ་པར་འདུག་པས། དེས་ན་ད་ལྟ་ལམ་གྱི་གནས་སྐབས་སུ་ལས་རྒྱུ་འབྲས་ལ་གཙོར་བྱས་ལ། ཉམས་སུ་བླང་བར་བྱ་སྟེ། དེ་ཡང་སྡིག་པ་མི་དགེ་བའི་ཉེས་སྐྱོན་ཤེས་པའི་སྒོ་ནས་སྤངས་ཤིང་། དགེ་བའི་ཕན་ཡོན་ཤེས་པའི་སྒོ་ནས་ཉམས་སུ་བླང་བར་བྱ་སྟེ། སྤྱིར་བུདྡྷའི་བསྟན་པའི་སྒོར་ཞུགས། དམ་པའི་ཆོས་མི་བྱེད་ན་མ་གཏོགས། བྱེད་ཕན་ཆད་མི་དགེ་བ་མ་སྤངས་པའི་ཆོས་པས་མི་བཏུབ་པས། མི་དགེ་བ་སྤངས་ཤིང་དགེ་བ་ཉམས་སུ་ལེན་དགོས། དགེ་བ་ཉམས་སུ་ལེན་པ་ལ་ཡང་སྦྱོར་བ་དངོས་གཞི་རྗེས་གསུམ་གྱིས་མ་ཟིན་པའི་དགེ་བ་ཉམས་སུ་བླངས་ཀྱང་། ལམ་དུ་མི་འགྲོ་བས་དགེ་བ་ཉམས་སུ་ལེན་པ་ཐམས་ཅད་ལ་དམ་པ་གསུམ་གྱིས་ཟིན་པར་བྱས་ལ་ཉམས་སུ་བླང་བར་བྱའོ།། ༦ །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་རྒྱུ་སེམས་ཅན་ལ་བརྟེན་ནས་འབྲས་བུ་སངས་རྒྱས་སྒྲུབ་པར་བྱེད་པ་ལ། ལམ་གདམས་ངག་རྣམ་པ་གཉིས་ཡིན། ལམ་ཅིག་ཅར་བའི་གདམས་ངག་༼༡༩བ༽དང་། ལམ་རིམ་གྱིས་པའི་གདམས་ངག་གོ །དང་པོ་ལམ་ཅིག་ཅར་བའི་གདམས་ངག་ནི། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་བླ་མའི་གདམས་ངག་གིས་ངོ་སྤྲད་ནས་ལམ་དུ་འཁྱེར་བར་བྱེད་པ་ཅིག་ཡིན་ཏེ། ད་རེས་དེ་མི་འཆད། གཉིས་པ། ལམ་རིམ་གྱིས་པའི་གདམས་པའི་མན་ངག་འཆད་པས། དེ་ལ་གཉིས། ཐབས་ཀྱི་ལམ་དང་ཤེས་རབ་ཀྱི་ལམ་མོ། །དང་པོ་ཐབས་ཀྱི་ལམ་ནི་ཐབས་ཀྱི་ལམ་ལ་འཁྲིད་པའི་དུས་སུ། ངོ་སྤྲོད་རྣམ་པ་གསུམ་གྱིས་ངོ་སྤྲད་ནས། དེ་ངོ་འཕྲོད་པ་དང་ལམ་འཁྱེར་རྣམ་པ་གསུམ་གྱིས་ལམ་དུ་འཁྱེར་དགོས་པ་ཡིན་ཏེ། དེ་ཡང་བྱམས་པ་ལམ་དུ་འཁྱེར་བའི་དུས་སུ་འགྲོ་དྲུག་ཕ་མར་ངོ་སྤྲད་དགོས་པ་ཡིན། དེ་ངོ་འཕྲོད་ན་བྱམས་པ་རྒྱུད་ལ་མི་སྐྱེ་མི་སྲིད། སྙིང་རྗེ་ལམ་དུ་ཁྱེར་བའི་དུས་སུ། འཁོར་བ་སྡུག་བསྔལ་དུ་ངོ་སྤྲོད་དགོས་པ་ཡིན། དེ་ངོ་འཕྲོད་ན་སྙིང་རྗེ་རྒྱུད་ལ་མི་སྐྱེ་མི་སྲིད་པ་ཡིན། བྱང་ཆུབ་ཀྱི་སེམས་གཉིས་ལམ་དུ་འཁྱེར་བའི་དུས་སུ། རྒྱུ་འབྲས་རྟེན་འབྲེལ་དུ་ངོ་སྤྲོད་དགོས་པ་ཡིན། དེ་ངོ་འཕྲོད་ན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་མི་སྐྱེ་མི་སྲིད་པས། དེས་ན་ལམ་འཁྱེར་རྣམ་པ་གསུམ་གྱིས་ལམ་དུ་འཁྱེར་བར་བྱེད་པ་ལ། ངོ་སྤྲོད་རྣམ་པ་གསུམ་གྱིས་ངོ་སྤྲོད་པ་ཞིག་དགོས་པ་ཡིན། གཉིས་པ་ནི་ཤེས་རབ་ཀྱི་ལམ་ལ་ཁྲིད་ནས་ཤེས་རབ་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་སྐྱེ་བ་མེད་པའི་དོན་བསྒོམ་པ་ལ། དང་པོར་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས་སྣང་གྲགས་ཆོས་སྐུར་ངོ་སྤྲོད་དགོས་པ་ཡིན། དེ་ངོ་མ་འཕྲོད་ན་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་སྐྱེ་བ་མེད་པའི་དོན་མི་རྟོགས་མི་སྲིད་པ་ཡིན། དེ་ལྟར་ལམ་འཁྱེར་བཞིའི་སྒོ་ནས་ལམ་དུ་འཁྱེར་བར་བྱེད་པ་ལ་ངོ་སྤྲོད་བཞིའི་སྒོ་ནས་ངོ་སྤྲད་ནས། ངོ་སྤྲད་པའི་དོན་དེ་༼༢༠ན༽ལམ་དུ་འཁྱེར་བར་བྱེད་པ་ལ། དབུལ་པོ་གཏེར་དང་ཕྲད་པ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི་སྟོན། ངོ་སྤྲད་པའི་དོན་ལམ་དུ་འཁྱེར་བ་དབུལ་པོ་གཏེར་དང་ཕྲད་པ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི་སྟེ། འགྲོ་དྲུག་ཕ་མ་རུ་ངོ་སྤྲོད་པ་ལ། ཞེས་པ་ནི། ཕ་མ་བྱས་པའམ་མ་བྱས་པ་མེད་པས་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཡིན་པ་ལ། སྐྱེ་བ་མང་པོས་བར་དུ་ཆོད་པས་ཕ་མས་ཀྱང་རང་ཅག་ཚུར་ངོ་མ་ཤེས། རང་གིས་ཀྱང་སེམས་ཅན་ཕ་མར་ངོ་མ་ཤེས་པས་འཁྲུལ་ཏེ། སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས་པའི་སྣང་བ་ཤར་ཏེ། སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བ་ནི། དེ་ལྟར་ངོ་མ་ཤེས་ཤིང་འཁྲུལ་པ་དེ་དག་གི་སྐྱོན་ཡིན། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་མ་མཇལ་ཞིང་། ཐེག་པ་ཆེན་པོའི་ཆོས་ལ་ཐོས་བསམ་མ་བྱས་པའི་སྐྱོན་ཡིན་པས། དེ་ལྟར་ངོ་ཤེས་པར་བྱེད་པ་ལ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་ལ། ཐེག་པ་ཆེན་པོའི་ཆོས་ལ་ཐོས་བསམ་བྱ། དེ་ལྟར་ཐོས་བསམ་བྱས་པའི་དུས་སུ། བླ་མ་དགེ་བའི་བཤེས་གཉེན་དེས་ཀྱང་འགྲོ་བ་རིགས་ལྔའམ་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་རང་གི་ཕ་མ་དྲིན་ཅན་ཤ་སྟག་ཡིན་པར་ངོ་སྤྲོད་པ། བྱམས་པ་ལམ་དུ་འཁྱེར་བའི་གདམས་ངག་དང་། ཞེས་པ་ནི། འདི་ཉམས་སུ་བླང་བར་བྱ་སྟེ། དེ་ཡང་དང་པོ་ངོ་སྤྲད་པའི་དུས་སུ་སྤྱིར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་རང་གི་ཕ་མ་བྱས་པའམ་ཕ་མ་མ་བྱས་པ་མེད་དོ། །སེམས་ཅན་ཐམས་ཅད་ཕ་མ་དྲིན་ཆེན་ཤ་སྟག་ཡིན། དེ་ལྟར་ཡིན་པར་ཡང་རྒྱུ་མཚན་བཞིའི་སྒོ་ནས་ངོ་སྤྲད་པར་བྱས་ཏེ། འཁོར་བ་ལ་ཐོག་མཐའི་མུ་བཟུང་དུ་མེད་པས་ན་ཡང་སེམས་ཅན་ཐམས་ཅད་༼༢༠བ༽ཀྱིས་ཕ་མ་མ་བྱས་པ་མེད་དེ། ཚེ་འདི་སྐད་ཅིག་ཀྱང་མི་རྟག་སྟེ། རང་གིས་རྣམ་པར་སྨིན་པའི་ལུས་རྙིང་པ་འབོར་ཞིང་། གསར་པ་ལེན་པའི་འདོར་ལེན་རྒྱུན་མི་ཆད་པར་བྱས་ངེས་པར་འདུག་པས་ཀྱང་། སེམས་ཅན་ཐམས་ཅད་ཀྱིས་ཕ་མ་བྱས་པར་ངེས། ལས་ཀྱི་སྟོབས་ཀྱིས་ལུས་སྣ་ཚོགས་པ་བླང་ངེས་པར་འདུག་པས་ཀྱང་། ཕ་མ་མ་བྱས་པའི་སེམས་ཅན་གཅིག་ཀྱང་མེད་པར་ངེས། གནས་ལ་ངེས་པ་མེད་པར་གནས་སྣ་ཚོགས་སུ་སྐྱེ་བ་བླང་ངེས་པར་འདུག་པས་ཀྱང་། སེམས་ཅན་ཐམས་ཅད་ཀྱིས་ཕ་མ་བྱས་པའམ། ཕ་མ་མ་བྱས་པ་མེད་ངེས་སྙམ་དུ་བསམ། དེ་བས་སེམས་ཅན་གཅིག་གིས་ཕ་མ་བྱས་པའི་གྲངས་ཀྱང་བགྲངས་ཀྱིས་མི་ལང་བ་ཡིན་ཏེ། དེ་ལྟར་ཡང་མ་ཡི་ཐོག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་པའོ། །དེ་ལྟར་ལུང་དང་རིགས་པའི་སྒོ་ནས་བསམས་པས། སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཡིན་ངེས་པར་འདུག་ཨང་སྙམ་དུ་ཕ་མ་རུ་ངོ་འཕྲོད་པ་དང་། དགྲར་སྣང་དང་འདྲེར་སྣང་ལ་སོགས་པ་གནོད་བྱེད་ཀྱི་སྣང་བ་རང་དག་ནས། སེམས་ཅན་ཐམས་ཅད་ལ་རྩ་བའི་ཕ་མ་དྲིན་ཅན་ཤ་སྟག་གི་སྣང་བ་འཆར། དེ་ལྟར་ཤར་ཙ་ན། མ་རྒན་དྲིན་ཅན་འདི་རྣམས་ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ་རྒྱུན་ཆད་མེད་པར་བསྒོམ་པར་བྱའོ། །འོ་ན་དེ་ལྟར་བྱམས་པ་བསྒོམས་པས་རྒྱུད་ལ་སྐྱེས་ནས་དེས་ཆོག་གམ་སྙམ་ན་དེས་མི་ཆོག་སྟེ། སྙིང་རྗེ་བསྒོམ་དགོས་པ་ཡིན་ཞེས་སྟོན་པ་ནི། འཁོར་བ་འདི་སྡུག་བསྔལ་དུ་ངོ་སྤྲོད་པ་ལ། སྤྱིར་འཁོར་བ་སྡུག་བསྔལ་གྱི་རང་བཞིན། དུཿཁའི་རྦ་ཀློང་འཁྲུག་པ་ལྟ་བུའམ། མེ་ཚོགས་དཔུང་པ་ལྟ་བུ་ཡིན་ཏེ། བདེ་བའི་གནས་༼༢༡ན༽སྐབས་གཅིག་ཀྱང་མེད་པ་ཡིན་པ་ལ། དེ་ལྟར་མ་ཤེས་པར་བདེན་པར་འཛིན་པ་ཕྱིན་ཅི་ལོག་འཁྲུལ་པའི་བློ་ཡོད་པས། དེ་སྤོང་བའི་གཉེན་པོར་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་གིས་འཁོར་བའི་ཉེས་དམིགས་བསྒོམ་པའི་གདམས་ངག་བསྟན་ཏེ། སྙིང་རྗེ་ལམ་དུ་འཁྱེར་བའི་མན་ངག་དང་། ཞེས་པའི་དོན་འདི་ཉམས་སུ་ལེན་པར་བྱ་སྟེ། དེ་ཡང་དང་པོ་ངོ་སྤྲོད་པའི་དུས་སུ། སྤྱིར་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ལ། སྡུག་བསྔལ་དུ་ངོ་མ་ཤེས། དེ་ལྟར་ངོ་མ་ཤེས་པ་དེ་ངོ་ཤེས་པར་བྱེད་པ་ལ་རྒྱུ་མཚན་རྣམ་པ་གསུམ་གྱི་སྒོ་ནས་ངོ་སྤྲོད་པ་ཡིན་ཏེ། ངན་སོང་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་ནི་མེ་དོང་དུ་ལྷུང་བ་དང་འདྲ་སྟེ། སྡུག་བསྔལ་འབའ་ཞིག་ལས་བདེ་བའི་གོ་སྐབས་མེད་པ་ཡིན། མཐོ་རིས་ན་གནས་པའི་སེམས་ཅན་ཐམས་ཅད་ལ་ཡང་། བདེ་ཞིང་སྐྱིད་པའི་དུས་སུ་ཡང་འགྱུར་བའི་སྡུག་བསྔལ་དང་བཅས་པས་འབྲས་བུ་སྡུག་བསྔལ་རང་ཆས་སུ་ཡོད་ལ། བདེ་བ་དེ་ཉིད་སྡུག་བསྔལ་བའི་རྒྱུ་ཡིན་ཏེ། འབྲས་བུ་སྡུག་བསྔལ་ཆེན་པོ་འབྱིན་ངེས་པས། དཔེར་ན་བུ་གཅིག་པོ་ཤི་བའི་མ་ལྟ་བུ་ཡིན་པས་ན་ཡང་བདེ་བའི་གོ་སྐབས་མེད་པ་ཡིན། དགྲས་ཉེན་པ་དང་། འདྲེས་ཉེན་པ་ལ་སོགས་པའི་སྡུག་བསྔལ་འབྱུང་བའི་དུས་ནི་སྡུག་བསྔལ་ཡིན་ཏེ། ནམ་ཡང་སྡུག་བསྔལ་འབའ་ཞིག་ཡིན་ལ། བཏང་སྙོམས་ཀྱི་དུས་སུ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ན་བདེ་བའི་གོ་སྐབས་མེད་པ་ཡིན་སྙམ་དུ་བསམ། དེ་ལྟར་བསམས་པའི་དུས་ན་འཁོར་བ་འདི་ན་བདེ་བའི་དུས་སྐད་ཅིག་ཀྱང་མི་འདུག་སྙམ་དུ་ངོ་སྤྲད་དེ། ངོ་ཤེས་པ་དང་དེ་རྣམས་ཀྱི་སྡུག་༼༢༡བ༽བསྔལ་ལ་དམིགས་ནས་སྙིང་རྗེ་བསྒོམ་པར་བྱ་སྟེ། ཁམས་གསུམ་སེམས་ཅན་འདི་རྣམས་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཡིན་པ་ལ། དྲིན་ཅན་འདི་རྣམས་འཁོར་བ་ན་སྡུག་བསྔལ་བར་འདུག་པ་འདི་རྣམས་ཐམས་ཅད་སྙིང་རྗེ་སྙམ་དུ་བསམ་ཞིང་། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་རྒྱུན་ཆད་མེད་པར་བསྒོམ་པར་བྱའོ། །རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་དུ་ངོ་སྤྲད་པ་ལ། དེ་ལྟར་སྙིང་རྗེ་བསྒོམས་པས་སྙིང་རྗེ་རྒྱུད་ལ་སྐྱེས་ན། དེས་ཆོག་གམ་སྙམ་ན་མི་ཆོག་སྟེ་བོ་དྷིའི་སེམས་བསྐྱེད་དགོས། ཞེས་པ་ནི། ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་རྟེན་གྱི་གང་ཟག་ཅིག་གིས། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པ་ལ། རྒྱུ་འབྲས་རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་ལུགས་དེ་ངོ་ཤེས་དགོས་པ་ཡིན་པ་ལ། དེ་མ་ཤེས་པས་འཁྲུལ་ཏེ་འཁོར་བར་འཁྱམས་པས་འཁོར་བའི་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བར་བྱེད་པས། རྒྱུ་འབྲས་རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་ལུགས་དེ་ངོ་ཤེས་པར་བྱེད་པ་ལ། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་ལ་བརྟེན་ནས་དགེ་བའི་བཤེས་གཉེན་དེས་ཀྱང་སེམས་བསྐྱེད་ལམ་དུ་ཁྱེར་ནས་སེམས་ཅན་ཐམས་ཅད་ཀྱི་གཞན་དོན་བྱེད་པའི་གདམས་ངག་དང་། ཞེས་པ་ནི། འདི་ཉམས་སུ་བླང་བར་བྱ་སྟེ། དེ་ཡང་དང་པོ་ངོ་སྤྲད་པའི་དུས་སུ། སྤྱིར་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་ཡིན། དཔེར་ན་རྒྱུ་ས་བོན་གྲུང་པོ་སྔོན་དུ་མ་སོང་བའི་འབྲས་བུ་མྱུ་གུ་སྔོན་པོ་འབྱུང་བ་ཤེས་བྱ་ལ་མི་སྲིད་པ་བཞིན་དུ། རྒྱུའི་ས་བོན་གྲུང་པོ་ལྟ་བུ་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པར། འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པ་ཤེས་བྱ་ལ་མི་སྲིད་པ་ཡིན་༼༢༢ན༽པས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པ་ཡིན། དེ་ལྟར་ཡང་སྤྱོད་འཇུག་ལས། འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱི། །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། །ཅེས་གསུངས་སོ། །དེ་ལྟར་སངས་རྒྱས་ཐོབ་པར་བྱེད་པ་ལ། རྒྱུ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་དགོས་པར་འདུག་ན། བྱང་ཆུབ་ཀྱི་སེམས་དེ་རྒྱུ་གང་ལ་བརྟེན་ནས་འབྱུང་ན། དེ་རྒྱུད་ལ་སྐྱེ་བ་ལ་སྙིང་རྗེ་བསྒོམ་ཞིང་བྱམས་པ་ལ་བློ་སྦྱང་དགོས་པ་ཡིན། དེ་འབྱོངས་ཙ་ན་བོ་དྷིའི་སེམས་རྒྱུད་ལ་མི་སྐྱེ་མི་སྲིད་པ་ཡིན། དེ་ལྟར་ཡང་མདོ་སྡེ་རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་པས་སོ། དེ་ལྟར་སྙིང་རྗེ་བཅོས་མ་མ་ཡིན་པ་ཞིག་རྒྱུད་ལ་སྐྱེ་དགོས། དེ་རྒྱུད་ལ་སྐྱེ་བ་ལ་སྔོན་དུ་བྱམས་པ་བསྒོམས་ཞིང་བྱམས་པ་ལ་བློ་སྦྱོང་དགོས་པ་ཡིན། དེ་ལྟར་ཡང་། སྙིང་རྗེའི་ཆུ་བ་བྱམས་པ་སྟེ། །ཞེས་པའི་ཕྱིར་རོ། །དེ་ལྟར་བསྒོམས་པས་བྱམས་པ་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེས་ཙ་ན། དེའི་སྙིང་རྗེ་ལ་སྙིང་རྗེ་བཅོས་མ་མ་ཡིན་པ་རྒྱུད་ལ་མི་སྐྱེ་མི་སྲིད་པ་ཡིན། དེས་ན་དེ་ཐམས་ཅད་ཀྱང་རྒྱུ་འབྲས་རྟེན་འབྲེལ་ཡིན་པས་རྗེས་སུ་འགྲོ་ངེས་སོ། །ལྡོག་པ་ངེས་པ་ནི་སྔོན་དུ་བྱམས་པ་མ་བསྒོམས་ཤིང་རྒྱུད་ལ་མ་སྐྱེས་ན། འབྲས་བུ་སྙིང་རྗེ་རྒྱུད་ལ་སྐྱེ་མི་སྲིད་པ་ཡིན། སྙིང་རྗེ་མ་སྐྱེས་པས་སེམས་བསྐྱེད་བྱས་ཀྱང་རྒྱུད་ལ་མི་སྐྱེ། དེ་མ་སྐྱེས་ཤིང་བོ་དྷིའི་སེམས་ཀྱིས་མ་ཟིན་པའི་དགེ་བས་ཉམས་སུ་བླངས་ཀྱང་། མི་གནས་པའི་མྱ་ངན་ལས་འདས་པའི་བདེ་བ་ཐོབ་མི་སྲིད་པ་ཡིན། དེ་ལྟར་རྒྱུ་འབྲས་ཀྱི་དོན་ལ་བསམས་པས་རྒྱུ་འབྲས་རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་ལུགས་དེ་ངོས་ཟིན་ཅིང་ངོ་སྤྲད་པ་དང་། འབྲས་བུ་སངས་རྒྱས་ཐོབ་པར་འདོད་༼༢༢བ༽པས་ལམ་གྱི་གནས་སྐབས་སུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་བསྒོམས། སྤྱོད་པ་ཅི་བྱེད་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ནས། རང་ལ་མ་འཁྲིས་པར་སེམས་ཅན་གཞན་དོན་དུ་ཉམས་སུ་བླང་ཞིང་ཉམས་སུ་བླངས་པ་ལས་བྱུང་བའི་དགེ་བ་དེ་ཡང་རང་ལ་མ་འཁྲིས་པར་གཞན་དོན་དུ་བསྔོ་ཞིང་མི་དམིགས་པར་ཉམས་སུ་བླང་ངོ་། །སྣང་གྲགས་ཆོས་སྐུ་རུ་ངོ་སྤྲད་ལ་དེ་ངོ་འཕྲོད་པ་དང་། ཞེས་པ་ནི། སྤྱིར་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀྱང་ཡེ་གདོད་མ་ནས་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་རང་བཞིན། གདོད་མ་ནས་རྣམ་པར་དག་ཅིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། བརྗོད་དུ་མེད་པའི་དོན་ཅིག་ཡིན་པ་ལ། དེ་ལྟར་མ་ཤེས་མ་གོ་བའི་སྒྲུབ་པ་པོ་མི་མཁས་པ་རྣམས་ཀྱིས། སྣང་གྲགས་འདི་བཀག་པའམ་བསལ་བའི་ཕ་རོལ་ན་ཆོས་ཀྱི་སྐུའམ་བརྗོད་དུ་མེད་པ་ཚོལ་བར་བྱེད་དོ། །དེ་བཙལ་ཀྱང་རྙེད་མི་སྲིད་དོ། །དཔེར་ན་འཁྱག་པ་སྤངས་པའི་ཕ་རོལ་ནས་ཆུ་རྙེད་མི་སྲིད་པ་བཞིན། དེ་ལྟར་མ་ཤེས་པ་དེ་གང་གི་སྐྱོན་ཡིན་ན། སྣང་གྲགས་ཀྱི་ཆོས་ཀྱི་ཡིན་ལུགས་མ་ཤེས་ཤིང་། གནས་ལུགས་མ་གོ་བའི་སྐྱོན་ཡིན་པས། དེ་ངོ་ཤེས་པར་བྱེད་པ་ལ་བླ་མ་རྟོགས་པ་དང་ལྡན་པ་ཞིག་ལ། སློབ་མ་སྣོད་དང་ལྡན་པ་ཞིག་གིས་བསྟེན་དགོས། བརྗོད་དུ་མེད་པའི་དོན་ལམ་དུ་འཁྱེར་བའི་གདམས་ངག་གོ །ཞེས་པའི་དོན་ནི། འདི་ཉམས་སུ་བླང་བར་བྱ་སྟེ། དེ་ཡང་ངོ་སྤྲོད་པའི་དུས་སུ་སྤྱིར་སྣང་གྲགས་ཀྱི་ཆོས་འདི་ཐམས་ཅད་ཀྱང་ཡིན་ལུགས་ཆོས་ཀྱི་སྐུའམ། བརྗོད་དུ་མེད་པའི་དོན་རང་ཡིན། གནས་ལུགས་ཆོས་ཀྱི་སྐུའམ་བརྗོད་དུ་མེད་པ་དེ་ཉིད་སྣང་གྲགས་སྣ་ཚོགས་སུ་སྣང་བ་ཡིན། དེ་ལྟར་ངོས་ཟིན་ཅིང་སྒྲོ་འདོགས་ཆོད་ཙ་ན། སྣང་བ་༼༢༣ན༽འདི་གསལ་ཞིང་དགག་ཏུ་ཡང་མེད་ལ། ཆོས་སྐུའམ་བརྗོད་དུ་མེད་པའི་དོན་དེ་སྒོམ་པའམ་སྒྲུབ་ཏུ་ཡང་མེད། དོན་ལ་སྤང་བླང་དང་། དགག་སྒྲུབ་དང་། ཡོད་མེད་དང་ཡིན་མིན་ལ་སོགས་པ་གང་དུ་ཡང་བློས་བསམ་དུ་མེད་ཅིང་། ཚིག་གིས་བརྗོད་དུ་མེད་པ་ཞིག་ཡིན་པས་དེ་ལྟར་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པའི་དོན་དང་འབྲལ་བ་མེད་པར་ཉམས་སུ་བླང་ངོ་།། ༧ །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། ད་ལྟ་སྙིགས་མ་ལྔ་ནི་བདོ། ཚེ་ལ་རང་དབང་ནི་མ་ཐོབ། ན་སོ་དར་ལ་བབ་པ་རྣམས་ཀྱང་མར་མེ་རླུང་གིས་བཏབ་པ་བཞིན་དུ་འགྲོ་བ་ལ་ཚེགས་མེད། རྫས་དང་ཡོ་བྱད་མང་པོ་བསགས་ཀྱང་རང་ལ་ཕན་པའི་ངེས་པ་མེད། དུས་རྟག་ཏུ་ཉེ་དུ་དང་འབྲེལ་བའི་གཙིས་བྱས་ཀྱང་། དེ་ཐམས་ཅད་ཀྱིས་རང་ལ་མི་སྟོངས། དེ་ལྟར་ཡང་སྤྱོད་འཇུག་ལས། རྙེད་པ་མང་པོ་ཐོབ་གྱུར་ཅིང་། །ཡུན་རིང་བར་དུ་བདེ་སྤྱད་ཀྱང་། །ཆོམ་པོས་ཕྲོགས་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ །ཞེས་གསུངས་པས་སོ། །ཡང་དེ་ཉིད་ལས། གཉེན་བཤེས་ཚོགས་ཀྱིས་མཐའ་བསྐོར་ཀྱང་། །སྲོག་གཅོད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་གསུངས་སོ། །འཆི་བའི་ནད་ཀྱིས་ནི་ཐེབས། སྨན་དང་སྔགས་དང་རིག་པ་གང་གིས་ཀྱང་མཐུ་རྡུགས་པའི་དུས་སུ་སྐྱབས་ཆེན་དམ་པའི་ཆོས་མིན་པ་གཞན་མེད་པས། འོ་སྐོལ་དལ་འབྱོར་མི་ལུས་ཐོབ་པའི་དུས་འདི་ལ་དམ་པའི་ཆོས་བྱེད་དགོས་གསུང་། འོ་ན་ཆོས་བྱེད་ན་བྱེད་ལུགས་ཇི་ལྟར་བྱ་སྙམ་ན། ཆོས་བྱེད་པའི་དུས་དང་པོ་བླ་མ་དམ་པ་མཚན་ཉིད་དང་ལྡན་པ་ཞིག་ལ་ཐེག་པ་ཆེན་པོའི་མདོ་རྒྱུད་བསྟན་བཅོས་ལ་ཐོས་པ་བྱ། ཐོས་པ་མ་བྱས་ན་བརྗོད་༼༢༣བ༽བྱེད་ཀྱི་ཚིག་བློ་ལ་མི་ཟིན་ཅིང་། བརྗོད་བྱའི་དོན་མི་གོ་བས་དང་པོ་ཐོས་པ་བྱེད་དགོས། འོ་ན་དུས་རྟག་ཏུ་ཐོས་པ་བྱའམ་སྙམ་ན། དུས་རྟག་ཏུ་ཐོས་པ་མི་བྱ་བར། ཚིག་དང་དོན་བསམ་བྱུང་གི་ཤེས་རབ་ཀྱིས་བསམ། མ་བསམས་ན་རྟོགས་པའི་ཤེས་རབ་རྒྱུད་ལ་མི་སྐྱེ་བས། དེ་རྒྱུད་ལ་སྐྱེ་བ་ལ་བསམ་དགོས། དེ་ཡང་དུས་རྟག་ཏུ་བསམས་པས་ཀྱང་མི་འོང་། བསམས་པའི་དོན་དེ་ཉིད་བསྒོམ་དགོས། མ་བསྒོམས་ན་ཉམས་ཀྱི་དྲོད་རྟགས་འཆར་དུ་མི་བཏུབ། དེ་མ་ཤར་ན་དགེ་སྦྱོར་རྒྱུད་ལ་མི་སྐྱེ་ལ། སྐྱེས་ཀྱང་དྲོད་ཚད་ངོས་མི་ཟིན། དེ་མི་ཟིན་ན་གདམས་ངག་གདབ་པའི་དུས་ཚོད་མི་རིག་པས། དྲོད་ཚད་ངོས་འཛིན་པར་སྨན་པ་མཁས་པ་ལྟ་བུའི་གདམས་ངག་འདི་སྟོན། དེ་ཡང་ཉམས་རྟོགས་ཀྱི་སྒོ་ནས་དགེ་སྦྱོར་རྒྱུད་ལ་སྐྱེས་མ་སྐྱེས་ཀྱི་དྲོད་ཚད་ངོས་འཛིན་པར་བྱེད་པ་སྟེ་དཔེར་ན། སྨན་པ་མཁས་པ་ཅིག་གིས་ནད་པ་གཅེས་པ་ཅིག་འཆོས་པའི་དུས་སུ་དང་པོ་ནད་པ་དེ་ལ་རླུང་མཁྲིས་བད་ཀན་ལ་སོགས་པའི་ནད་ཀྱིས་ཐེབས་པའི་དུས་སུ། ནད་གང་ཡིན་པའི་རྟགས་མི་ཡོང་མི་སྲིད་པས། རྟགས་དེ་ལ་བརྟེན་ནས་ངོས་འཛིན་པ་ཡིན། ནད་ངོས་ཟིན་པ་གང་ཡིན་པའི་བཅོས་བྱས་པས་ནད་སེལ་བ་ལ་ཚེགས་མེད་པ་ཡིན། དེ་བཞིན་དུ་སྨན་པ་མཁས་པ་དང་འདྲ་བའི་བླ་མ་མཚན་ཉིད་དང་ལྡན་པ་ཅིག་གིས། ནད་པ་གཅེས་པ་དང་འདྲ་བའི་སློབ་མ་སྣོད་ལྡན་ཞིག་ལམ་སྣ་ཁྲིད་པའི་དུས་སུ། དང་པོ་འཆི་བ་མི་རྟག་པ་ནས་རིམ་གྱིས་ཁྲིད་ནས་བསྒོམ་དུ་འཇུག་པ་ཡིན། དེ་ལྟར་བསྒོམ་དུ་བཅུག་པས་ནད་ཀྱི་རྟགས་དང་འདྲ་བ། ཉམས་མྱོང་ཚེ་འདི་ལ་བློ་སྣ་འགྱུར། རྟགས་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པ་ལ་སོགས་པ་འབྱུང་ངེས། དེ་མ་༼༢༤ན༽བྱུང་ན་མ་བསྒོམ་པ་ཡིན། ཡང་ན་བསྒོམས་ཀྱང་རྒྱུད་ལ་མ་སྐྱེས་པ་ཡིན་པས། ཡང་དང་ཡང་དུ་བསྡད་ཀྱིན་བསྒོམ། དེ་ལྟར་བསྒོམས་པས་དེའི་ཉམས་རྟོགས་མཐར་ཕྱིན་པ་དང་། འཁོར་བའི་ཉེས་དམིགས་བསྒོམ་པའི་གདམས་ངག་བཏབ་ནས། ཉམས་རྟོགས་ཀྱི་དྲོད་ཚད་འཛིན་ཀྱིན་ཁྲིད་བསྐྱངས་ན། འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ་ཚེགས་མེད་པས་སྨན་པ་ལྟ་བུའི་གདམས་ངག་འདི་སྟོན། དྲོད་ཚད་ངོས་འཛིན་པར་བྱེད་པ་ལ་སྨན་པ་མཁས་པ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི་སྟེ། ཚེ་འདི་ལ་བློ་སྣ་འགྱུར་ནས་འོང་། ཞེས་པ། འདི་ལ་དོན་གསུམ། བསྒོམ་རྒྱུ་དང་། དགོས་པ་དང་། དྲོད་ཚད་དོ། །དང་པོ་ནི་འཆི་བ་མི་རྟག་པ་ནས་བསྒོམ་པ་ཡིན་ཏེ། དེའང་འཆི་ངེས། ནམ་འཆི་ཆ་མེད། འཆི་བ་ལ་ཅིས་ཀྱང་མི་སྟོང་སྙམ་དུ་ལུང་དང་རིགས་པས་གཏན་ལ་ཕབ་ལ་བསྒོམས་པས་མི་རྟག་པ་རྒྱུད་ལ་སྐྱེས་ཙ་ན། དགོས་པ་ཚེ་འདི་དོན་དུ་མི་གཉེར་ཏེ། འཇིག་རྟེན་གྱི་ཆོས་བརྒྱད་དང་བྲལ་དགོས་པ་ཡིན། དེ་ཡང་དཔེར་ན་གནད་གཅོད་ཀྱི་ནད་ཀྱིས་ཐེབས་པའི་དུས་སུ། ཚེ་འདི་ལ་རེ་ཐག་ཆད་པ་དང་། འཇིག་རྟེན་ཆོས་བརྒྱད་ཀྱི་བློ་དང་བྲལ་བ་དུས་མཉམ་པ་བཞིན་ནོ། །དེས་ན་ཚེ་འདི་ལས་བློ་སྣ་འགྱུར་ཟེར་ཀྱང་འཇིག་རྟེན་ཆོས་བརྒྱད་དང་མ་བྲལ་བར་འདུག་ན་ཚེ་འདི་ལས་བློ་འགྱུར་ཟེར་ཀྱང་མི་འགྱུར་བས། ཡང་དང་ཡང་དུ་ལུང་དང་རིགས་པའི་སྒོ་ནས་གཏན་ལ་ཕབ་ཀྱིན་མི་རྟག་པ་བསྒོམ་གསུང་ངོ་། །འཁོར་བ་ལས་བློ་སྣ་འགྱུར་ན་འདོད་ཡོན་གྱི་བདེ་བ་ལ་རོ་མི་མྱང་བ་ཅིག་དགོས་པ་ཡིན། ཞེས་པ་ནི། བསྒོམ་རྒྱུ་འཁོར་བའི་ཉེས་དམིགས་བསྒོམས་པ་ལ་བརྟེན་༼༢༤བ༽ནས། དགོས་པ་འཁོར་བ་མཐའ་དག་ལས་བློ་སྣ་འགྱུར་ནས། འཁོར་བ་དོན་དུ་གཉེར་བའི་བསམ་པ་འབྱུང་མི་སྲིད་པའི་དགོས་པ་ཡོད་དེ་དེའི་དྲོད་ཚད་ནི། དཔེར་ན་སྐྱུགས་ནད་ཅན་ཟས་མཐོང་བ་ལྟ་བུ་ཡིན་ཏེ། དེ་ལྟར་དོ་ཧ་ལས། བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པ་ནི་གྲོང་ཁྱེར་སེམས། །རྒྱལ་པོའི་ཕོ་བྲང་འཇུག་ཅིང་བུ་མོ་དག་དང་རྩེ་བ་ཡང་། །སྔར་ཟོས་པ་ཡི་སྐྱུགས་པ་མཐོང་བ་བཞིན། །ཡུལ་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་རིག །ཅེས་གསུངས་སོ། །འདོད་ཡོན་གྱི་བདེ་བ་ལ་ཞེན་ཅིང་ཆགས་པ་དང་མ་བྲལ་བར་འདུག་ན། འཁོར་བ་ལ་བློ་སྣ་འགྱུར་ཟེར་ཡང་མ་འགྱུར་བ་ཡིན་པས། ད་རུང་དུ་འཁོར་བའི་ཉེས་དམིགས་ཡང་ནས་ཡང་དུ་བསྒོམ་གསུང་ངོ་། །རང་དོན་ལས་བློ་སྣ་འགྱུར་ན། གཞན་དོན་གཙོ་བོར་བྱེད་པ་ཞིག་དགོས་པ་ཡིན། ཞེས་པ་ནི། བསྒོམ་རྒྱུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། དེ་ལ་བློ་འབྱོངས་ཙ་ན། དགོས་པ་རང་དོན་བྱ་བར་འདོད་པའི་བློ་འབྱུང་མི་སྲིད་པའི་དགོས་པ་ཡོད་དོ། །དེའི་དྲོད་ཚད་ནི་འདི་ཡིན་ཏེ་དཔེར་ན་བུ་གཅིག་པའི་མ་བཞིན་ནོ། །རང་དོན་ལ་བློ་སྣ་འགྱུར་ཟེར་ཡང་གཞན་དོན་མི་བྱེད་པར་འདུག་ན་བློ་སྣ་མ་འགྱུར་བ་ཡིན་པས། ཡང་ནས་ཡང་དུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་གསུང་ངོ་། །འཁྲུལ་པའི་གཞི་རྩ་ཆོད་ན་དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་ལས་གྲོལ་དགོས་པ་ཡིན། ཞེས་པ་ནི། བསྒོམ་རྒྱུ་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་བསྒོམས་པས། དགོས་པ་འཁྲུལ་པའི་གཞི་རྩ་ཆོད་པའི་དགོས་པ་ཡོད། དེའི་དྲོད་ཚད་ནི། དེ་ཡང་དཔེར་ན། སྒྱུ་མ་ཡིན་པར་ཤེས་པ་དང་རྟ་གླང་མཚན་ཉིད་པར་འཛིན་པའི་རྟོག་པ་དང་༼༢༥ན༽བྲལ་བ་དུས་མཉམ་པ་བཞིན་ནོ། །འཁྲུལ་པའི་རྩ་བ་ཆོད་ཟེར་ཡང་དངོས་པོ་མཚན་མར་འཛིན་པ་དང་མ་བྲལ་བར་འདུག་ན། འཁྲུལ་པའི་རྩ་བ་མ་ཆོད་པ་ཡིན་པས། ཡང་དང་ཡང་དུ་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་གཏན་ལ་ཕབ་ཀྱིན་བསྒོམ་གསུང་ངོ་།། ༨ །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཀྱི་བརྗོད་བྱའི་དོན་བསྡུ་ན་གསུམ། དམིགས་པར་བྱ་བའི་ཡུལ་འབྲས་བུ་ཕུན་སུམ་ཚོགས་པར་བསྟན་པ་དང་། དེ་སྒྲུབ་པར་བྱེད་པའི་ལམ་ཕུན་སུམ་ཚོགས་པ་དང་། ལམ་དེ་ཉམས་སུ་བླངས་པས་འབྲས་བུ་དེ་ཉིད་འགྲུབ་པའི་ཚུལ་བསྟན་པའོ། །དེ་ལྟར་གསུམ་དུ་བྱེད་པའི་དགོས་པ་ཡང་། རྟེན་གྱི་གང་ཟག་འཇུག་པ་ལ་བྲོད་པ་སྐྱེད་པ་ལ་འབྲས་བུ་བསྟན། འབྲས་བུ་བཟང་ཡང་སྒྲུབ་པར་མི་ནུས་སམ་སྙམ་པ་ལ་ལམ་བསྟན། བསྒྲུབས་ཀྱང་འབྲས་བུ་དམན་ནམ་སྙམ་པ་ལ། ལམ་དེ་ཉིད་ཉམས་སུ་བླངས་པ་ལས་འབྲས་བུ་སྐུ་གསུམ་རོ་མཉམ་པ་བདེ་བ་ཆེན་པོའི་སྐུ་ཐོབ་ཚུལ་གྱི་དེ་ཉིད་བསྟན། དེ་ལྟ་བུའི་འབྲས་བུ་དེ་ཡང་བསྡུ་ན་སྐུ་གསུམ་ཡེ་ཤེས་ལྔ་དང་ལྡན་ལ། དེ་བས་རང་དོན་དུ་སྤངས་པ་ཕུན་སུམ་ཚོགས་པའི་ཆོས་སྐུ་ཐོབ་ལ། གཞན་དོན་དུ་ཐོབ་པ་ཕུན་སུམ་ཚོགས་པའི་གཟུགས་སྐུ་གཉིས་ཐོབ་པའོ། །དེ་ལ་གཉིས་སུ་འོང་བ་ཡང་ཡེ་ཤེས་ལས་ལོངས་སྐུ་འབྱུང་ལ། ཐུགས་རྗེ་ལས་སྤྲུལ་སྐུ་འཆར་བའོ། །དེ་འབྲས་བུ་སྐུ་གསུམ་སྨིན་པའི་དགོས་པ་གདུལ་བྱའི་སྟོབས་ཀྱིས་ཤར་བ་ཡིན་ཏེ། ཚུལ་ཇི་ལྟར་ཞེ་ན་མི་སྣང་ཞིང་མི་སྣང་བ་ལ་ཞེན་པ་ཡང་མེད་པས་ཡེ་ཤེས་ཀྱི་ཁམས་སྟོན་པ་ཆོས་ཀྱི་སྐུའི་གདུལ་བྱ་ཡིན་ཏེ། དེ་ལྟར་མདོ་ལས། མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་༼༢༥བ༽སྣང་བ་མེད་ཕྱིར་རོ། །དེ་ཉིད་ཁོང་དུ་ཆུད་པར་བྱ། །ཞེས་གསུངས་པས་ན། དབྱིངས་དེ་བཞིན་ཉིད་དེ་རྟོགས་པའི་ཡེ་ཤེས་དང་དབྱེར་མི་ཕྱེད་པ་ཙམ་ལ་བྱའོ། །སྣང་ནི་སྣང་ལ་ཞེན་པ་མེད་པ་དག་པ་འཇིག་རྟེན་པའི་ཁམས་ས་དང་པོ་ནས་བཅུ་གཉིས་བར་དུ་སྟོན་པ་ལོངས་སྤྱོད་རྫོགས་སྐུའི་གདུལ་བྱ། སྣང་ཡང་སྣང་ལ་ཞེན་པ་དང་བཅས་པ་མ་དག་པ་འཇིག་རྟེན་པའི་ཁམས་དགའ་ལྡན་ནམ། སུམ་ཅུ་རྩ་གསུམ་པའི་དང་། འཛམ་བུ་གླིང་དུ་སྟོན་པ་སྤྲུལ་པ་སྐུའི་སྟོན་པའོ། །ཡེ་ཤེས་ལྔ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་ལྔར་གྲུབ་པ་དེ་ཐམས་ཅད་ལྡོག་པ་ཐ་དད་པ་ལས། དངོས་པོ་ཐ་དད་པ་ནི་མ་ཡིན་ནོ། །དེ་ལྟ་བུའི་འབྲས་བུ་ཕུན་སུམ་ཚོགས་པ་དེ་ཐོབ་པར་བྱེད་པ་ལ། བླ་མ་དམ་པ་མཚན་ཉིད་དང་ལྡན་པ་ཞིག་ལ་བསྟེན་ནས། ལམ་ཕུན་སུམ་ཚོགས་པ་ཐེག་པ་ཆེན་པོའི་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སྒྲུབ་པ་ཉམས་སུ་ལེན་དགོས། དེ་ལྟར་ཉམས་སུ་བླངས་བས་འབྲས་བུ་སྐུ་གསུམ་རོ་མཉམ་བདེ་བ་ཆེན་པོའི་སྐུ་ཐོབ་པའོ། །དེ་ལྟར་ཡིན་པའི་གནད་ཀས་དེ་ཡོན་ཏན་གྱི་ཆོས་ཐམས་ཅད་སྐྱེད་པར་བྱེད་པས་གཞི་ལྟ་བུའི་གདམས་ངག་འདི་སྟོན། དེའི་མཚན་ཉིད་ཀྱི་དོན་བཤད་ན། ཡོན་ཏན་ནི་ཆོས་ཀྱི་སྐུ་ལ་བརྟེན་པའི་ཡོན་ཏན་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས། གཟུགས་ཀྱི་སྐུ་ལ་བརྟེན་པའི་ཡོན་ཏན་རྣམ་པར་སྨིན་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་ལ་སོགས་པའི་ཡོན་ཏན་གྱི་ཆོས་ཐམས་ཅད་ཐོབ་པར་བྱེད་པ་བླ་མ་དམ་པ་ཞིག་ལ་བསྟེན་ནས་ཐེག་པ་ཆེན་པོའི་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་བླངས་པ་ལས་བྱུང་བ་དེ་དཔེར་ན་ས་གཞི་ལྟ་བུ་ཡིན་ཏེ། ས་གཞི་༼༢༦ན༽ལ་བརྟེན་ནས་རྩི་ཤིང་དང་ནགས་ཚལ་ལ་སོགས་པའི་ལོ་འབྲས་ཐམས་ཅད་སྐྱེ་བར་བྱེད་པ་ལྟར། བླ་མ་ལ་བསྟེན་ནས་ཐེག་པ་ཆེན་པོའི་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་བླངས་པས། འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱུད་ལ་ཡོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པ་ཐམས་ཅད་འབྱུང་བ་ཡིན་ཏེ། ནང་ཡོན་ཏན་གྱི་ཆོས་ཐམས་ཅད་སྐྱེད་པར་བྱེད་པ་ས་གཞི་ལྟ་བུའི་གདམས་ངག་འདི་ལ་དོན་བཞི། བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལ་བསྟེན་དགོས། ཤེས་པ་ནི། བླ་མ་མཚན་ཉིད་དང་ལྡན་པ་གཅིག་ལ་བསྟེན་དགོས་ཏེ། དེ་ཡང་བརྒྱུད་པའི་བཀའ་མ་ཆད་པ་དང་། འདོད་པ་ཆུང་ཞིང་ཆོག་ཤེས་པ་དང་། ཐུགས་རྗེ་ཆེ་བ་དང་། བྱིན་རླབས་དང་ལྡན་པའོ། །དང་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ནས་རྩ་བའི་བླ་མ་ཡན་ཆད་དུ། མཚོན་པའི་ཚིག་ལ་མང་ཉུང་མེད་པ། རྟོགས་པའི་དོན་ལ་མི་འདྲ་བ་མེད་དེ། དཔེར་ན་བུམ་པ་གཅིག་ནས་གཅིག་ཏུ་བྱོ་བ་བཞིན་དུ། བླ་མས་བསྟན་པ་དང་། སློབ་མས་རྟོགས་པ་ལ་ཁྱད་མེད་པའོ། །གཉིས་པ་ནི་སྤྱིར་ཆོས་གང་དང་གང་འཆད་པའི་ཚེ་རྙེད་པ་དང་བཀུར་སྟི་འཁོར་དང་ལོངས་སྤྱོད་ལ་སོགས་པ་ལོག་པའི་དོན་དུ་མི་འཆད་ལ། བྱེ་བྲག་ཏུ་ཕྱག་རྒྱ་ཆེན་པོ་ནི་དེ་དག་གི་དོན་དུ་མི་འཆད་པའོ། །གསུམ་པ་ནི་གང་ལ་ཡང་མི་བལྟ་བར་འགྲོ་བའི་སྡུག་བསྔལ་བཟོད་པར་དཀའ་བ་ཐམས་ཅད་དང་དུ་བླངས་ནས་གཞན་དོན་བྱེད་པའོ། །བཞི་པ་ནི་ནད་སྤོང་བ་དང་གདོན་ཞི་བ་ལ་སོགས་པ་འབྱུང་སྲིད་ཀྱང་། འདི་རང་ལ་ཡོད་པའི་རྟོགས་པ་དེ་སློབ་མའི་རྒྱུད་ལ་ཇི་བཞིན་སྐྱེད་ནུས་པའོ། །དེ་ལྟར་མཚན་ཉིད་བཞི་པོ་དེ་མི་ཚང་བའི་ཁ་མེད་དེ། བརྒྱུད་པ་དང་མི་ལྡན་ན་གདམས་ངག་ཁྱད་པར་ཅན་མི་འབྱུང་བའི་སྐྱོན་ཡོད་དོ། །འདོད་པ་ཆེ་ན་གདམས་༼༢༦བ༽ངག་ལ་ལྷག་ཆད་དང་བསྲེ་སླད་འོང་བའི་སྐྱོན་ཡོད། ཐུགས་རྗེ་ཆུང་ན་འགྲོ་བའི་དོན་མི་འགྲུབ། བྱིན་རླབས་དང་མི་ལྡན་ན་སློབ་མའི་རྒྱུད་ལ་རྟོགས་པ་སྐྱེད་མི་ནུས་པའི་ཕྱིར་རོ། །འོ་ན་བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལ་བསྟེན་པ་ཙམ་གྱིས་ཆོག་གམ་སྙམ་ན་མི་ཆོག་སྟེ། བླ་མ་དེ་ལ་ཐོས་པ་མ་བྱས་ན། དེ་ལ་དང་པོར་ཐོས་པ་བྱེད་དགོས། ཤེས་པ་ནི། ཐོས་པ་དེ་མ་བྱས་ན་ཤེས་བྱ་གཏན་ལ་མི་ཕེབས་པས་དང་པོར་ཐོས་པ་བྱེད་དགོས། དེ་ཡང་བླ་མ་རྟོགས་པ་དང་ལྡན་པ་ཞིག་གིས་སློབ་མ་གུས་པ་དང་ལྡན་པ་ཅིག་ལ། ངེས་དོན་གྱི་གདམས་ངག་བསྟན་པའི་དུས་སུ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་ཡེ་ནས་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་རང་བཞིན་ཡིན་བྱས་ནས་གདམས་ངག་བསྟན་པས། སློབ་མས་ཀྱང་དེ་ལྟར་ཐོས་ཏེ་རྟོགས་ཏེ་འོང་ངོ་། །དེ་ལྟར་ཡང་། དོ་ཧ་ལས་ཀྱང་། གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེ་རིང་དཔལ་ལྡན་བླ་མ་མགོན་པོས་བསྟན་པས་རྟོགས། །ཤེས་པའི་ཕྱིར་རོ། །དེ་ལྟར་མ་གོ་མ་ཤེས་ཀྱི་བར་དུ་ཐོས་པ་བྱེད་དགོས་སོ། །དེ་ལྟར་ཡང་གཙང་བུ་སྒོམ་ཆུང་གི་འཕྲིན་ཡིག་ལས་ཀྱང་། གནས་ལུགས་མ་རྟོགས་བར་དུ་ཐོས་པ་དགོས་པས་དམ་པའི་གདམས་ངག་ཉོན། །ཞེས་གསུངས་སོ། །བར་དུ་སེམས་དགོས་ཞེས་པའི་དོན་ནི། དེ་ལྟར་ཐོས་པ་བྱས་པས་དོན་གོ་ན་དེས་ཆོག་གམ་སྙམ་ན་མི་ཆོག་སྟེ། གོ་བའི་དོན་བསམས་པའི་སྒོ་ནས་སྒྲོ་འདོགས་ཆོད་དགོས་པས་ན་རང་གིས་སེམས་ཀྱིས་བརྟག་དཔྱད་གཏོང་དགོས། བསམས་ཤིང་བརྟགས་དཔྱད་གཏོང་བས་སྒྲོ་འདོགས་ནང་ནས་ཆོད་པ་ཞིག་འོང་བ་ཡིན། བརྟག་དཔྱད་ཇི་ལྟར་གཏོང་ན་དང་པོ་དཔེ་ལ་གཏོང་བ་ཡིན་པས། དཔེར་ན་རྨི་ལམ་གྱི་སྣང་བ་འདི་ཐམས་ཅད་དང་པོ་གང་ནས་འོངས་ཐ་མ་གང་དུ་སོང་ན། གང་༼༢༧ན༽ནས་ཀྱང་མ་འོངས་ཤིང་། གང་དུ་ཡང་མ་སོང་སྟེ། སྣང་བའི་དུས་ཉིད་ན་རང་བཞིན་མེད་དེ་ངོས་བཟུང་དང་བྲལ་ལོ། །དེ་བཞིན་དུ་ད་ལྟའི་སྣང་བ་ཕྱི་རོལ་གྱི་སྣང་བ་དཀར་དམར་གྱིས་སྣང་བའི་དུས་ཉིད། སྣང་བ་འདི་ཐམས་ཅད་ཀྱང་གང་ནས་ཀྱང་མ་འོང་ཞིང་། གང་དུ་ཡང་མི་འགྲོ་ལ། སྣང་བའི་དུས་ཉིད་ན་དེ་ཁོ་ན་གྲུབ་པ་མེད་དེ་ངོས་བཟུང་ཐམས་ཅད་དང་བྲལ་ལོ། །དེ་ལྟར་ངོས་བཟུང་ཐམས་ཅད་དང་བྲལ་བར་ངོས་ཟིན་པ་དེ་ཀ །སྣང་བ་ཆོས་ཉིད་སྐྱེ་བ་མེད་པར་ངོས་ཟིན་ཅིང་སྒྲོ་འདོགས་ཆོད་པ་ཡིན་ནོ། །དེ་ལྟར་སྤྲུལ་འཁོར་ལས། དཔེ་དོན་བསྲེས་ཀྱིན་དཔེ་ལ་དཔྱད། །དཔྱད་པ་ཉིད་ན་ངོས་བཟུང་བྲལ། །བྲལ་བ་དེ་ཙམ་ཆོས་ཉིད་དོ། །ཞེས་པ་དང་། དོ་ཧ་ལས་ཀྱང་། བླུན་པོ་རྣམས་ཀྱི་བློ་ལ་རང་གིས་དཔྱད་བྱས་ན། །སྐད་ཅིག་གྲོལ་བ་དེ་ལ་ཆོས་ཀྱི་སྐུ་ཞེས་བྱ། །གྲོལ་བ་དེ་ལས་གཞན་པའི་བདེ་བ་ཆེན་པོ་མེད། །ཅེས་གསུངས་སོ། །འོ་ན་དེ་ལྟར་རང་བཞིན་མེད་པ་ཞིག་ཡིན་ན། སྣང་བ་སྣ་ཚོགས་སུ་སྣང་བ་འདི་ཡང་མི་འཐད་ཅེ་ན། མི་འཐད་པ་མེད་དོ། །དེ་ཐམས་ཅད་ཀྱང་སེམས་འཁྲུལ་པའི་སྣང་བ་ཡིན་ཏེ། དཔེར་ན་རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་བཞིན་ནོ། །དེ་ལྟར་ཡང་སྒྲོན་མ་ལས། ཆོས་རྣམས་སེམས་ཀྱི་འཁྲུལ་པ་ཡིན། །སེམས་ལས་མ་གཏོགས་ཆོས་རྣམས་མེད། །ཅེས་པ་དང་། དོ་ཧ་ལས་ཀྱང་། སྣང་བ་འདི་དག་སེམས་ཀྱི་འཁྲུལ་པ་སྟེ། །ཞེས་སོ། །འོ་ན་སྣང་བ་འདི་སེམས་ཀྱི་འཁྲུལ་པར་འདུག །མེད་སྣང་དུ་འདུག་ན། སེམས་རང་ཇི་ལྟ་བུ་ཡིན་སྙམ་ན། རང་གི་སེམས་ལ་ལྟོས་དང་། བལྟས་ན་སེམས་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དེ། ནམ་མཁའ་ལྟ་བུ་ཡིན་ནོ། །དེ་ལྟར་དོ་ཧ་ལས་ཀྱང་། སེམས་ནི་ནམ་མཁའ་ལྟ་བུ་བཟུང་བྱ་སྟེ། །གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། །༼༢༧བ༽བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ངོས་བཟུང་ཐམས་ཅད་དང་བྲལ་ཏེ། སྐྱེ་བ་མེད་པར་སྒྲོ་འདོགས་ཆོད་པ་དེ་ཀ་རང་སེམས་གཏན་ལ་ཕེབས་པ་ཡིན་ནོ། །དེ་བསམས་ནས་སྒྲོ་འདོགས་ཆོད་ན་དེས་ཆོག་གམ་སྙམ་ན་མི་ཆོག་སྟེ། ཐ་མར་བསྒོམ་དགོས། ཞེས་པའི་དོན་ནི། མ་བསྒོམས་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པར་སྒྲོ་འདོགས་ཆོད་ཀྱང་། སྒྲོ་འདོགས་ཆོད་བྱེད་ཀྱི་ཤེས་པའི་བློ་དང་མི་འབྲལ་ཏེ། དེ་དང་མ་བྲལ་ན་སྤྲིན་ནག་པོ་བསལ་ཡང་དཀར་པོས་བསྒྲིབས་པ་དང་འདྲའོ། །སྒྲོ་འདོགས་ཆོད་པའི་བློ་དང་བྲལ་བར་བྱེད་པ་ལ། བློ་བྲལ་གྱི་དོན་བསྒོམ་དགོས་ཏེ། དེ་ལྟར་ཡང་སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་བག་ཆགས་སྤོང་བར་བྱེད། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱིས་ནས་སྤོང་བར་བྱེད། །ཅེས་གསུངས་སོ། །དེ་ལྟར་བསམ་བྱུང་གི་ཤེས་རབ་ཀྱིས་སྒྲོ་འདོགས་ཆོད་པ་དང་། དེ་ཀའི་ངང་ལ་ཡོད་པ་དང་། མེད་པ་དང་། བསྒོམ་པ་དང་མི་བསྒོམ་པ་ལ་སོགས་པའི་བློ་ཐམས་ཅད་དང་བྲལ་བར་གནས་ལུགས་ཀྱི་ངང་ལ་རང་སར་བཞག་གོ །དེ་ལྟར་ཡང་སྣང་བ་དང་སྟོང་པ་དབྱེར་མེད་དུ་ཤེས་པར་བྱས་ནས། སྤང་བླང་དང་ཡིན་མིན་གྱི་རྩོལ་བ་མེད་པར་གནས་ལུགས་ཀྱི་ངང་ལ་ཤེས་པ་མ་བཅོས་པར་བཞག་ལ། དེ་ཀ་ལ་ཐ་སྙད་ཀྱིས་སྒོམ་ཞེས་མིང་དུ་བཏགས་པ་ལས། དོན་ལ་བློ་ཡུལ་དུ་བྱས་པའི་དོན་བསྒོམ་དུ་མེད་དོ། །དེ་ལྟར་ཡང་སྒྲོན་མ་ལས། མི་མཐུན་པ་དང་གཉེན་པོ་དབྱེར་མེད་ཕྱིར། །གང་གིས་ཤེས་ནས་རྩོལ་བ་ཀུན་སྤངས་ཏེ། །བཏང་སྙོམས་ཙམ་དུ་མ་བཅོས་ངང་ལ་བཞག །ཐ་སྙད་ཙམ་དུ་སྒོམ་ཞེས་དེ་ལ་བརྗོད། །ཅེས་གསུངས་སོ།། ༩ །།༼༢༨ན༽ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། བཀའ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་གྱི་ཆོས་པོ་ཏི་རི་རྒྱུད་ཙམ་པ་ཅིག་ཡོད་ཀྱང་། དེ་ཐམས་ཅད་ཀྱི་བརྗོད་བྱའི་དོན་བསྡུ་ན་གཉིས། དྲང་དོན་སྐྱེ་བ་བཟང་བར་བྱེད་པའི་ཆོས་དང་། ངེས་དོན་སྐྱེ་བ་འདག་པར་བྱེད་པའི་ཆོས་སོ། །དང་པོ་དེའི་བརྗོད་བྱ་མི་དགེ་བ་བཅུ་རྒྱུ་ཡི་ཉེས་དམིགས་དང་། འབྲས་བུའི་ཉེས་དམིགས་དང་། དགེ་བ་བཅུ་རྒྱུའི་ཕན་ཡོན་དང་། འབྲས་བུའི་ཕན་ཡོན་བཤད་པས། མངོན་མཐོ་དོན་དུ་གཉེར་བའི་གང་ཟག་གིས། མི་དགེ་བ་བཅུ་སྤངས་དགེ་བ་བཅུ་ཉམས་སུ་བླངས་པས་འབྲས་བུ་མངོན་པར་མཐོ་བ་ལྷ་དང་མིའི་གོ་འཕང་ཐོབ་པའོ། །གཉིས་པ་ནི། རིགས་ཅན་གྱི་གང་ཟག་གསུམ་གྱིས་ཐེག་པ་གསུམ་གྱི་སྒོར་ཞུགས་ནས། སྒྲུབ་པ་ཉམས་སུ་བླངས་པས་ངེས་པར་ལེགས་པའི་བྱང་ཆུབ་རྣམ་པ་གསུམ་ཐོབ་པའོ། །དེ་ལྟར་གཉིས་ཡོད་པ་ལས་ད་རེས་དྲང་དོན་མི་སྟོན། ངེས་དོན་སྟོན། དེ་ལ་དབྱེ་ན་གསུམ་ཡོད་པ་ལས། ཉན་རང་གི་ཐེག་པ་མི་སྟོན། ཐེག་པ་ཆེན་པོའི་གདམས་ངག་ཅིག་སྟོན། དེ་ལ་གཉིས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་གསང་སྔགས་འབྲས་བུའི་ཐེག་པའོ། །ད་རེས་དང་པོ་དེ་མི་སྟོན། གཉིས་པ། གསང་སྔགས་འབྲས་བུའི་ཐེག་པ་དེ་སྟོན། དེ་ལ་གཉིས། བསྐྱེད་པའི་རིམ་པའི་གདམས་ངག་དང་རྫོགས་པའི་རིམ་པའི་གདམས་ངག་གཉིས་ཡོད་པ་ལས། འདིར་བསྐྱེད་རིམ་མི་སྟོན། རྫོགས་པའི་རིམ་པའི་གདམས་ངག་སྟོན། དེ་ལ་གཉིས། རྫོགས་པ་ཆེན་པོའི་མན་ངག་དང་ཕྱག་རྒྱ་ཆེན་པོའི་མན་ངག་གཉིས་ཡོད་པ་ལས། འདིར་ཕྱག་རྒྱ་ཆེན་པོའི་གདམས་ངག་སྟོན། དེ་ལ་ཡང་དྲི་བཅས་དང་དྲི་མ་མེད་པ་གཉིས་ཡོད་པ་ལས། འདིར་དྲི་མ་མེད་པའི་གདམས་ངག་ཅིག་སྟོན། ༼༢༨བ༽དེ་ལ་གསུམ། གཞི་དྲི་མ་མེད་པ་དང་། ལམ་དྲི་མ་མེད་པ་དང་། འབྲས་བུ་དྲི་མ་མེད་པའོ། །དང་པོ་ནི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའོ། །གཉིས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལམ་དུ་འཁྱེར་བའོ། །གསུམ་པ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་དོན་དང་མི་འབྲལ་བའོ། །དེ་ལྟར་དྲི་མེད་ཟང་ཐལ་དུ་འཁྱེར་བར་བྱེད་པ་ལ། པདྨ་ལྟ་བུའི་གདམས་ངག་འདི་སྟོན། དེ་ཡང་དྲི་མ་མེད་ཅེས་སྟོན་པ་ནི་གཟུང་འཛིན་བློའི་དྲི་མ་དང་བྲལ་བའོ། །ཟང་ཐལ་ལམ་དུ་འཁྱེར་བར་བྱེད་པའི་གདམས་ངག་ནི། གཞི་དྲི་མ་མེད་པ་དེ་ཉིད་གཏན་ལ་ཕབ་ནས་ལམ་དུ་འཁྱེར་བ་ལ་བརྟེན་ནས། འབྲས་བུ་དྲི་མ་མེད་པ་དེ་ཉིད་ཐོབ་པ་མེ་ཏོག་པདྨ་ལྟ་བུ་ཡིན་ཏེ། དཔེར་ན་མེ་ཏོག་པདྨ་དེ་འདམ་ལས་སྐྱེས་ཀྱང་སྡོང་བུ་དང་ཡལ་ག་དང་མེ་ཏོག་གི་དུས་གསུམ་ཀ་རུ་འདམ་གྱིས་མ་གོས་པ་བཞིན་དུ། གཞི་དྲི་མ་མེད་པ་ལྷན་ཅིག་སྐྱེས་པའི་དོན་ལྟ་བས་གཏན་ལ་ཕབ་པས་དོན་དེ་ཉིད་སྒོམ་པས་ཉམས་སུ་ལེན་པའི་དུས་སུ། ལམ་དྲི་མེད་འོད་གསལ་ལམ་དུ་ཁྱེར་བས། འབྲས་བུ་མངོན་དུ་གྱུར་པའི་དུས་སུ་འབྲས་བུ་དྲི་མ་མེད་པ་ཆོས་ཀྱི་སྐུ་ཐོབ་པར་བྱེད་པའི་ཐབས་པདྨ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི། ཕྱག་རྒྱ་ཆེན་པོ་དྲི་མེད་ཟང་ཐལ། ལྟ་བ་ཕྱག་རྒྱ་ཆེན་པོ་གཏན་ལ་འབེབས་པ་དང་གཅིག །ཅེས་པ་ནི། སྣང་གྲགས་ཀྱི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་ཤར་ཏེ། དེ་ལ་དབྱེ་ན་གསུམ། ཕྱི་ལྷན་ཅིག་སྐྱེས་པ་དང་། ནང་ལྷན་ཅིག་སྐྱེས་པ་དང་། གསང་བ་ལྷན་ཅིག་སྐྱེས་པའོ། །དང་པོ་ནི། ཕྱི་རོལ་ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་ཀྱང་ཆོས་ཉིད་སྟོང་པ་དང་ལྷན་ཅིག་སྐྱེས་པ་ཡིན་ལ། ཆོས་ཉིད་སྟོང་པ་ཡང་སྣང་བ་དང་ལྷན་ཅིག་སྐྱེས་པ་སྟེ། དེ་༼༢༩ན༽གཉིས་ཀྱང་དུས་ལ་སྔ་ཕྱི་མེད་ཅིང་དངོས་པོ་ལ་བཟང་ངན་མེད་པས་ན་ལྷན་ཅིག་སྐྱེས་པའོ། །དེ་ལྟར་ཡང་ས་ར་ཧའི་ཞལ་ནས་ཀྱང་། སྣང་བ་སློབ་དཔོན་དུ་རྟོགས་པར་བྱ། དུ་མ་རོ་གཅིག་ཏུ་རྟོགས་པར་བྱ། དངོས་པོ་རྣམས་ལྷན་ཅིག་སྐྱེས་པར་བྱ། ཞེས་གསུངས་སོ། །དེ་ལྟར་ལྷན་ཅིག་སྐྱེས་པ་ངོ་མ་ཤེས་པ་ཇི་སྲིད་དུ། ཕྱི་གཟུང་བའི་ཡུལ་རྟོག་པ་ཡིན་ལ། ལྷན་ཅིག་སྐྱེས་པ་ངོས་ཟིན་པ་ལ་རང་གི་ངོ་བོའི་སྒོ་ནས་མིང་བཏགས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་ལ། ཡུལ་དང་ཡུལ་ཅན་ཤེས་པའི་སྒོ་ནས་མིང་བཏགས་པས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །གཉིས་པ་ནི། ནང་འཛིན་བྱེད་ཀྱི་ཤེས་པ་ཡང་འོད་གསལ་སྟོང་པར་ལྷན་ཅིག་སྐྱེས་ལ། སེམས་ཉིད་འོད་གསལ་སྟོང་པ་ཡང་། འཛིན་བྱེད་ཀྱི་ཤེས་པ་དང་ལྷན་ཅིག་སྐྱེས་ཏེ། དེ་གཉིས་ཀྱང་དུས་ལ་སྔ་ཕྱི་མེད་ཅིང་དངོས་པོ་ལ་བཟང་ངན་མེད་དེ་ལྷན་ཅིག་སྐྱེས་པའོ། །དེ་ལྟར་ངོས་མ་ཟིན་པ་ཇི་སྲིད་དུ་འཛིན་པའི་རྟོག་པ་ཡིན་ལ་ངོས་ཟིན་ན་ངོ་བོའི་སྒོ་ནས་མིང་བཏགས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་ལ། ཡུལ་དང་ཡུལ་ཅན་གྱི་སྒོ་ནས་མིང་བཏགས་པས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཞེས་ཀྱང་བྱའོ། །དེ་ལྟར་ཡང་ས་ར་ཧའི་ཞལ་ནས་ཀྱང་། རྣམ་རྟོག་ཡེ་ཤེས་ཆེན་པོ་ཡིན། །དུག་ལྔ་སྨན་གྱི་རང་བཞིན་ཡིན། །གཟུང་རྟོག་འཛིན་རྟོག་རྡོ་རྗེ་འཆང་། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། སྒྲོ་འདོགས་གཅོད་བྱེད་ཀྱི་ཤེས་པ་དང་། ཆོས་ཀྱི་དབྱིངས་ཀྱང་ལྷན་ཅིག་སྐྱེས་པ་ཡིན། དེ་ངོས་མ་ཟིན་པར་ཇི་སྲིད་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། དེ་ངོས་ཟིན་པས་དབྱིངས་ཀྱི་ཡེ་ཤེས་བྱིན་གྱི་བརླབ་ཀྱིས་རིག་པའི་རྟོག་པ་དག་སྟེ། དབྱིངས་དང་ཡེ་ཤེས་དབྱེར་མེད་པ་དེ་ལ་ཇི་༼༢༩བ༽ལྟ་བ་མཁྱེན་པའི་ཡེ་ཤེས་ཞེས་ཀྱང་བྱ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་ཀྱང་ཐ་སྙད་བཏགས་པ་ལས། དོན་ལ་ཡེ་ཤེས་མེད་དོ། །དེ་ཡང་ས་ར་ཧ་པས། ལམ་མེད་ཡེ་ཤེས་མེད་དོ། །ཅེས་གསུངས་པའོ། །དེ་ལྟར་ལྟ་བ་ལྷན་ཅིག་སྐྱེས་པར་གཏན་ལ་ཕབ་པ་ཙམ་གྱིས་མི་ཆོག་སྟེ། སྒོམ་པ་ཉམས་སུ་ལེན་དགོས་ཤེས་སྟོན་པ་ནི། སྒོམ་པ་འོད་གསལ་དྲི་མེད་ལམ་དུ་འཁྱེར་ཤེས་པ་དང་གཉིས། ཞེས་པ་ནི། སྣང་གྲགས་ཀྱི་ཆོས་ཐམས་ཅད་ཡེ་ནས་འོད་གསལ་སྟོང་པ་སྐྱེ་བ་མེད་པ་ཆོས་སྐུའི་རང་བཞིན་ཡིན་ལ། གདོད་མ་ནས་རྣམ་པར་དག་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་ངོས་ཟིན་པའོ། །དེ་ལྟར་མདོ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཤེས་གསུངས་པའི་ཕྱིར་རོ། །ཞེས་པ་ནི། དེ་ལྟར་ཆོས་ཐམས་ཅད་སྐྱེ་མེད་དུ་ངོས་ཟིན་པ་དང་། དེ་ཀའི་ངང་ལ་བསྒོམ་པ་དང་མི་བསྒོམ་པ་དང་། ཡོད་པ་དང་། མེད་པ་ལ་སོགས་པ་གཟུང་འཛིན་བློའི་དྲི་མ་དང་བྲལ་བར་བྱས་ལ་བློ་བྲལ་གྱི་ངང་དུ་འཛིན་མེད་དུ་གཞག་གོ །བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང་། ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ཤེས་པ་སྤྲོས་དང་བྲལ་བར་གཞག །ཅེས་པ་དང་། མ་བཅོས་ཤེས་པ་བུ་ཆུང་ལྟ་བུར་གཞག །ཅེས་གསུངས་པས་སོ། །དེ་ལྟར་མཉམ་བཞག་གི་དུས་སུ་འོད་གསལ་ཆོས་ཀྱི་སྐུའི་ངང་དང་མ་བྲལ་བར་བསྒོམ། རྗེས་ཀྱི་གནས་སྐབས་སུ་ཇི་ལྟར་བྱ་ཞེ་ན། རྗེས་ཐོབ་སྤྱོད་པ་ཅིར་སྣང་ཐུག་ཕྲད་རང་གྲོལ་ལམ་དུ་འཁྱེར་ཤེས་པ་དང་གསུམ། ཞེས་པ་ནི་མིག་གི་ཡུལ་དུ་གཟུགས་ཆེ་བ་དང་ཆུང་བ་དང་། ལེགས་པ་དང་མི་ལེགས་པ་ལ་སོགས་པ་སྣ་ཚོགས་སུ་སྣང་བ་དང་། དེ་བཞིན་དུ་རྣ་བའི་ཡུལ་དུ་སྒྲ་སྣ་ཚོགས་པ་ལ་སོགས་པའི་ཚོགས་དྲུག་གི་ཡུལ་དུ་སྣང་བའི་དངོས་པོ་ཐམས་ཅད་ལ། སྔར་ལྟར་ལྟ་སྒོམ་གྱི་དུས་སུ། སྣང་གྲགས་ཀྱི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་གཏན་ལ་ཕབ་ཅིང་༼༣༠ན༽བསྒོམས་པའི་སྟོབས་ཀྱིས། རྗེས་ཀྱི་གནས་སྐབས་སུ་སྣང་བ་གང་དང་ཕྲད་པ་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ངོས་ཟིན་པས་ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་རང་གྲོལ་དུ་འགྲོ་སྟེ། དཔེར་ན་སྔར་འདྲིས་ཀྱི་མི་ངོ་ཤེས་པ་ལྟ་བུ་འབྱུང་ངོ་། །དེ་ལྟར་བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང་། ཅེར་གྱིས་སྣང་བའི་དུས་ཉིད་དུ། །ཕྱག་རྒྱ་ཆེན་པོ་རྟོགས་པ་ནི། །དུས་མཉམ་དག་ཏུ་འདོད་པ་ཡིན། །ཞེས་པས་སོ། །ལམ་རྣམ་པ་བཞིའི་སྐབས་སུ། དེ་ལྟར་མཉམ་བཞག་གི་དུས་སུ་འོད་གསལ་ཆོས་ཀྱི་སྐུའི་ཉམས་དང་མ་བྲལ་བར་བསྒོམ། རྗེས་ཀྱི་དུས་སུ་ཇི་ལྟར་བྱ་ན། རྗེས་ཐོབ་ཞེས་པ་ནི་མིག་གི་ཡུལ་དུ་གཟུགས་ཅེར་གྱི་མཐོང་བ། རྣ་བས་སྒྲ་ལྷང་གིས་ཐོས་པ་ལ་སོགས་པའོ། །འབྲས་བུ་ལྷུན་གྲུབ་རེ་དྭོགས་མེད་པའི་གདིང་ཚུད་པ་དང་བཞིའོ། །ཞེས་པ་ནི་འདི་སྟེ། དེ་ཡང་འབྲས་བུ་ནི་ཆོས་ཀྱི་སྐུ་ཡིན་ལ། ལྷུན་གྲུབ་ནི་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཡེ་ནས་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་རང་བཞིན་དུ་གོ་སྟེ། འཁོར་འདས་གཉིས་མེད་དུ་རྟོགས་པའོ། །མཆན་བུ། དེ་ལྟར་ལྟ་སྒོམ་སྤྱོད་པ་གསུམ་གྱི་སྒོ་ནས་ཉམས་སུ་བླངས་པས་འབྲས་བུ་གང་ཐོབ་པ་ཡིན་སྙམ་ན། རྩ་བ། རེ་དྭོགས་མེད་པ་ནི། དེ་ལྟར་འཁོར་བ་ཉིད་མྱ་ངན་ལས་འདས་པར་རྟོགས་པས། མྱ་ངན་ལས་འདས་པ་ལོག་ནས་ཐོབ་ཏུ་རེ་བ་མེད་ལ། མྱ་ངན་ལས་འདས་པ་ཉིད་འཁོར་བར་རྟོགས་པ་དང་། འཁོར་བ་ངན་པ་ཞིག་ཏུ་ལྷུང་གིས་དོགས་པ་ཡང་མེད་དེ། དེ་ལྟར་ཡང་བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང་། ཁམས་གསུམ་ཡེ་ནས་སངས་རྒྱས་ཡིན། །འཁོར་བ་ཡེ་ནས་མྱ་ངན་འདས། །ཞེས་གསུངས་སོ། །གདིང་དུ་ཚུད་པ་ནི། སྒྲོ་འདོགས་ནང་དུ་ཆོད་ངེས་པའི་དོན་ལ་༼༣༠བ༽ཤེས་པ་གཏིང་ནས་སྐྱེས་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རེ་དོགས་ཏིལ་འབྲུ་ཙམ་ཡང་མེད་པའོ།། ༡༠ །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། སྐལ་ལྡན་ཀུན་འཁོར་བ་འདི་མེ་དོང་དང་འདྲ། བཙོན་ར་དང་འདྲ། གཤེད་མའི་རལ་གྲི་དང་འདྲ། སྡུག་བསྔལ་འབའ་ཞིག་ལས་བདེ་བའི་གནས་སྐབས་སྐད་ཅིག་ཀྱང་མེད་པས། ད་འཁོར་བའི་སྡུག་བསྔལ་འདི་ལས་ཐར་པར་བྱེད་པའི་ཐབས་ཤིག་ཚོལ་དགོས། མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་བྱེད་པའི་ཐབས་ཤིག་ཚོལ་དགོས། འོ་ན་འཁོར་བའི་སྡུག་བསྔལ་དང་བྲལ་ནས་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་བྱེད་པ་ལ་ཅི་དགོས་ན། དེ་ལ་འཁྲུལ་པ་དག་དགོས། འཁྲུལ་པ་འཇིག་དགོས། འཁྲུལ་པ་དག་པའམ་ཞིག་པ་དེ་ཀ་ལ། མྱ་ངན་ལས་འདས་པའི་བདེ་བ་ཐོབ་ཅེས་ཐ་སྙད་དུ་བཏགས་པ་ལས་མྱ་ངན་ལས་འདས་པའི་བདེ་བ་ལོགས་ནས་སྒྲུབ་ཏུ་མེད། དེ་ལྟར་རྒྱན་ལས། དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། །ཞེས་པ་དང་། འཁྲུལ་པ་དག་པར་བྱེད་པ་ལ་ཅི་དགོས་ན། དེ་ལ་འཁྲུལ་པའི་ཡིན་ལུགས་ཤེས་དགོས། གནས་ལུགས་གོ་དགོས། །འོ་ན་ཀུན་རྫོབ་འཁྲུལ་པའི་སྣང་བ་འདིའི་ཡིན་ལུགས་ཅི་ཡིན་ན། ཡིན་ལུགས་མེད་པ་ལ་སྣང་བ་སྨིག་རྒྱུ་ལྟ་བུ་ཡིན། སྣང་བའི་དུས་ཉིད་ན་སྟོང་པ་ཆུ་ཟླ་ལྟ་བུ་ཡིན། གནས་ལུགས་ཇི་ལྟར་གནས་ན་སྣང་བ་དང་སྟོང་པ་ཉིད་གཉིས་སུ་མེད་པར་གནས་སོ། །དེ་ལྟར་གཉིས་མེད་ཀྱི་དོན་རྟོགས་ན་གཉིས་འཛིན་དང་གཉིས་སྣང་གི་རྟོག་པ་ཐམས་ཅད་རང་སར་གྲོལ་ཏེ། འཁྲུལ་པ་དག་པ་ཡིན་པས་གནད་ཀྱི་ཚིག་བཞི་ལ་བརྟེན་ནས་འཁྲུལ་པའི་གཞི་རྩ་གཅོད་པར་བྱེད་པ་སྤུ་གྲི་ལྟ་བུའི་གདམས་ངག་འདི་སྟོན། མཚན་གྱི་དོན་བཤད་ན། གནད་ཅེས་པ་ནི་འཁྲུལ་པའི་ཡིན་༼༣༡ན༽ལུགས་ཤེས་ཤིང་། གནས་ལུགས་གོ་ན་འཁྲུལ་པ་འཇིག་པ་ལ་ཚེགས་མེད་དེ། འཁྲུལ་པ་འདག་ངེས་སོ། །ཚིག་བཞི་པ་ཞེས་པ་ནི། སྣང་བའི་ཡིན་ལུགས་གཏན་ལ་འབེབས་པར་བྱེད་པའི་ཚིག་གཉིས། གནས་ལུགས་གོ་བར་བྱེད་པའི་ཚིག་གཉིས་ཏེ་བཞིའོ། །དེ་ལྟར་མན་ངག་གི་ཚིག་བཞི་པོ་ལ་བརྟེན་ནས་འཁྲུལ་པའི་གཞི་རྩ་གཅོད་པར་བྱེད་པ་སྟེ། དཔེར་ན་སྤུ་གྲི་ལྟ་བུ་ཡིན་ཏེ། སྤུ་གྲི་དེས་ཀྱང་སྤུ་ཕྲ་རགས་མེད་པར་ཐམས་ཅད་ཉལ་གྱིས་གཅོད་པར་བྱེད་པ་བཞིན་དུ། མན་ངག་གི་ཚིག་བཞི་པོ་འདིས་ཀྱང་འཁྲུལ་པའི་རྟོག་པ་ཕྲ་རགས་མེད་པར་ཐམས་ཅད་རྩ་བ་ནས་བཅད་ནས་འདག་པར་བྱེད་པས་ན། སྤུ་གྲི་ལྟ་བུའི་གདམས་ངག་འདི་སྟོན། གནད་ཀྱི་ཚིག་བཞི་ལ་བརྟེན་ནས་འཁྲུལ་པའི་གཞི་རྩ་གཅོད་པར་བྱེད་པ། སྤུ་གྲི་ལྟ་བུའི་གདམས་ངག་འདི་ལ་དོན་བཞི། ཞེས་པ་ནི། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཆོས་ཉིད་དེ་བཞིན་ཉིད་ཀྱིས་རྣམ་པར་དག་པ། ནམ་མཁའི་དཀྱིལ་ལྟ་བུ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་པའོ། །མེད་པར་སྣང་བ་དང་གཅིག །ཅེས་པ་ནི། དེ་ལྟར་ཆོས་ཀྱི་དབྱིངས་ནམ་མཁའི་དཀྱིལ་ལྟ་བུ་དེའི་ངང་ལས། རྒྱུ་མ་རིག་པས་བྱས་རྐྱེན་རླུང་ལྔས་བྱས་ནས་ངོ་བོ་རིག་པ་འཁྲུལ་པས་གཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་སྣ་ཚོགས་པ་ཉམས་སུ་མྱོང་བ་ཡིན་ནོ། །དེ་ཡང་དཔེར་ན་ནམ་མཁའ་དྭངས་པ་ལ་སྤྲིན་གློ་བུར་དུ་བྱུང་བའམ། ཆུ་དྭངས་པ་ལ་རྙོག་མ་གློ་བུར་དུ་བྱུང་བ་ལྟ་བུ་ཡིན་ཏེ། དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། སྟོང་པ་ཉིད་གཟུགས་སོ་ཤེས་པ་དང་། གཞན་ཡང་རྣམ་འགྲེལ་ལས། ༼༣༡བ༽སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པའོ། །དེ་ལྟར་གཟུང་བ་དང་འཛིན་པ། འཁོར་བ་དང་མྱ་ངན་ལས་འདས་པ། བདེ་བ་དང་སྡུག་བསྔལ། སྐྱོན་དང་ཡོན་ཏན་ལ་སོགས་པའི་སྣང་བ་སྣ་ཚོགས་སུ་སྣང་བ་ཐམས་ཅད་ཀྱང་། སྣང་བ་དང་སྟོང་པ་གཉིས། ཞེས་པ་ནི། དཔེར་ན་འཁྱག་པ་ཉིད་ཆུ་ཡིན་པ་བཞིན་ནམ། སྨིག་རྒྱུ་ལ་ཆུར་སྣང་བའི་དུས་ཉིད་ན་ཆུ་ཐིགས་པ་ཅིག་ཀྱང་ཡོད་མ་མྱོང་བ་བཞིན་ནོ། །དེ་ལྟར་ས་ར་ཧ་པས་ཀྱང་། གཟུགས་སྟོང་པའོ། །ཞེས་གསུངས་པ་དང་། མདོ་ལས། ཅི་སྟེ་ངོ་བོ་ཉིད་དུ་ན། །སྣང་བ་འདི་དག་མེད་པ་སྟེ། །ཡང་དག་ཏུ་ན་སྣང་མེད་པའི། །རྣམ་པར་ཤེས་པའི་འཁྲུལ་པར་སྣང་། །ཞེས་གསུངས་སོ། །གཉིས་སུ་མེད་པ་དང་གསུམ་ཞེས་པ་ནི། དེ་ལྟར་སྣང་བ་ཉིད་སྟོང་པ་ཡིན་ལ། སྟོང་པ་ཉིད་ཀྱི་རྩལ་སྣང་བར་ཤར་བ་ཡིན་པས་ན་སྣང་བ་དང་སྟོང་པ་གཉིས་སུ་མེད་པའོ། །འཁོར་བ་ཉིད་མྱ་ངན་ལས་འདས་པ། མྱ་ངན་ལས་འདས་པ་ཉིད་འཁོར་བར་སྣང་བས་ན་འཁོར་འདས་གཉིས་སུ་མེད་པའོ། །བདེ་བའི་ངོ་བོ་ཡང་སྟོང་པ། སྡུག་བསྔལ་གྱི་ངོ་བོ་ཡང་སྟོང་པར་འདུག་པས་ན་བདེ་སྡུག་གཉིས་སུ་མེད། སྐྱོན་དང་ཡོན་ཏན་གཉིས་སུ་མེད་དེ་རོ་གཅིག །སྤང་བྱ་དང་གཉེན་པོ་གཉིས་སུ་མེད་དེ་རོ་གཅིག་པའོ། །དེ་ཡང་དཔེར་ན་དུང་དང་དུང་གི་དཀར་པོ་ལྟ་བུའོ། །དེ་ལྟར་ཡང་། གཉིས་མེད་གཉིས་སུ་མེད་པར་སྟོན་ཞེས་པ་དང་། ས་ར་ཧའི་ཞལ་ནས་ཀྱང་། འཁོར་བ་ཡེ་ནས་མྱ་ངན་འདས། །སེམས་ཅན་ཡེ་ནས་གྲོལ་བ་ཡིན། །ཉོན་མོངས་ཡེ་ནས་བྱང་ཆུབ་ཡིན། །ཞེས་གསུངས་པས་སོ། །བློ་དང་བྲལ་བའོ། །ཞེས་པ་ནི། དེ་ལྟར་སྣང་བ་འདི་སྟོང་༼༣༢ན༽པར་གོ་བས་སྣང་བ་དགག་པའི་བློ་དང་ཡང་བྲལ། སྟོང་པ་ཉིད་སྣང་བར་གོ་བས། སྟོང་པ་བསྒོམ་པའི་བློ་དང་བྲལ་ལོ། །ལར་ཧྲིལ་གྱིས་དྲིལ་བས་འཁོར་འདས་གཉིས་སུ་མེད་པར་གོ་བས་རེ་དྭོགས་ཀྱི་བློ་དང་བྲལ་བ་ལ་སྐྱོན་ཡོན་གཉིས་མེད་དུ་གོ་བས་བླང་དོར་གྱི་བློ་དང་བྲལ། དེ་ལྟར་གཉིས་མེད་ཀྱིས་དོན་རྟོགས་ན་གཉིས་འཛིན་གྱི་བློ་ཐམས་ཅད་དང་བྲལ་ཏེ། བློ་བྲལ་གྱི་དོན་ལ་མ་ཡེངས་པར་གཞག་གོ །ཞེས་གསུངས་སོ། །དེ་ལྟར་ཡང་སྒྲོན་མ་ལས་ཀྱང་། བཏང་སྙོམས་ཙམ་དུ་མ་བཅོས་ངང་གཞག་ན། །ཐ་སྙད་ཙམ་དུ་བསྒོམ་ཞེས་དེ་ལ་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང་། ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ཤེས་པ་སྤྲོས་དང་བྲལ་བར་གཞག །ཅེས་གསུངས་པས་སོ།། ༡༡ །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཐེག་པ་ཆེན་པོའི་ཆོས་དཔག་ཏུ་མེད་པ་ཞིག་གསུངས་ཀྱང་། དེ་ཐམས་ཅད་ཀྱི་བརྗོད་བྱའི་དོན་ཧྲིལ་གྱིས་དྲིལ་བས། ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་གང་ཟག་ཅིག་ལ་ལམ་འབྲས་བུ་དང་བཅས་པའི་གནས་ལུགས་ཤིག་བསྟན་པ་ཡིན། དེ་ལ་གཉིས། ལམ་དང་འབྲས་བུའོ། །དེ་གཉིས་ཀྱི་གོ་བ་ཡང་། ལམ་ནི་སྤང་བྱ་སྤང་ཞིང་གཉེན་པོ་རྒྱུད་ལ་སྐྱེད་པར་བྱེད་པའོ། །འབྲས་བུ་ནི་སྤངས་པ་དང་ཡེ་ཤེས་མཐར་ཕྱིན་པའོ། །ལམ་ཉམས་སུ་ལེན་པའི་དུས་སུ་སྤང་བྱ་སྤོང་བ་ཡིན་ན། སྤང་བྱ་གང་སྤོང་བ་ཡིན་སྙམ་ན། སྤྱིར་སྤང་བྱ་ལ་མང་ཡང་། བསྡུ་ན་མཐོང་སྤངས་དང་བསྒོམ་སྤངས་གཉིས་སུ་མ་འདུས་པ་མེད། དེ་བས་ཀྱང་བསྡུ་ན་ཉོན་མོངས་པ་དང་རྣམ་པར་རྟོག་པའོ། །༼༣༢བ༽དེ་སྤངས་ཤིང་ལམ་དུ་འཁྱེར་བར་བྱེད་པ་ལ་གསུམ། སྤོང་བའི་ལམ་དང་། བསྒྱུར་བའི་ལམ་དང་། གནས་ལུགས་གཏན་ལ་ཕབ་ནས་གཉུག་མ་ལམ་དུ་འཁྱེར་བའོ། །དང་པོ་སྤོང་བའི་ལམ་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་འདོད་ཆགས་ལ་སོགས་པ་ཉོན་མོངས་དུག་ལྔ་པོ་ནི། མི་སྡུག་པ་ལ་སོགས་པ་གཉེན་པོ་ལྔ་བསྒོམས་པས་སྤོང་བར་འདོད། གཉིས་པ་སྒྱུར་བའི་ལམ་གསང་སྔགས་པ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བསྒོམ། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་བསྒྱུར་ནས་བསྒོམ་པའོ། །ལམ་གཉིས་ཀྱི་དང་པོ་སྤོང་བའི་ལམ་གྱི་གཉེན་པོའི་ངོས་སྐལ་གཅིག་ཏུ་བསྒོམས་པ་དེས་ཀྱང་ཉོན་མོངས་པ་མགོ་ནོན་གྱི་ཚུལ་དུ་སྤོང་བ་ཡིན་གྱིས་ས་བོན་རྩ་བ་ནས་སྤོང་བར་མི་ནུས་སོ། །གཉིས་པ་སྒྱུར་བའི་ལམ་གཉེན་པོའི་སྒོམ་ལུགས་དེས་ཀྱང་ཐ་མལ་གྱི་ངན་རྟོག་སྤང་བར་ནུས་ཀྱང་། བཟང་རྟོག་ལྷར་འཛིན་གྱི་རྟོག་པ་མི་འགག་པས་ན་སྐྱོན་དང་བཅས་སོ། །གསུམ་པ་གནས་ལུགས་གཏན་ལ་ཕབ་ནས་གཉུག་མ་ལམ་དུ་བྱེད་པ་ལ། རྣམ་རྟོག་ཐམས་ཅད་གཅོད་པར་བྱེད་པ་འཁོར་ལོ་ལྟ་བུའི་གདམས་ངག་འདི་སྟོན། དེའི་དོན་བཤད་ན་རྣམ་པར་རྟོག་པ་ཐམས་ཅད་ཅེས་པ་ནི། སྤྱིར་རྣམ་པ་རྟོག་པ་མང་ཡང་བསྡུ་ན་གཟུང་རྟོག་དང་འཛིན་རྟོག་གཉིས་གཅོད་པར་བྱེད་པའི་ཚུལ་གནས་ལུགས་གཏན་ལ་ཕབ་པའི་སྒོ་ནས་སྤང་པ་ཡིན་ཏེ། དེ་ཡང་ཕྱི་སྣང་བའི་གནས་ལུགས་གཏན་ལ་ཕེབས་ན་གཟུང་བའི་རྟོག་པ་འགགས་ལ། ནང་རིག་པའི་གནས་ལུགས་གཏན་ལ་ཕེབས་ན་འཛིན་པའི་རྟོག་པ་འགགས་ཏེ། གཉིས་མེད་ཀྱི་དོན་གཏན་ལ་ཕེབས་ན་གཉིས་ཆོས་ཐམས་ཅད་དང་བྲལ་ལོ། །དེ་༼༣༣ན༽བྲལ་ཙ་ན་གཉིས་མེད་ཙམ་དུ་འཛིན་པའི་བློ་དང་ཡང་བྲལ་ནས། བློ་བྲལ་དུ་ཁྲེས་ཁྲེས་འགྲོ་བ་ཡིན། དཔེར་ན་མཚོན་ཆའི་འཁོར་ལོ་དེས་དངོས་པོ་གང་དང་ཕྲད་པ་ཐམས་ཅད་གཅོད་པར་བྱེད་པ་བཞིན་དུ། སྒྲོ་འདོགས་གཅོད་བྱེད་ཀྱི་ཤེས་རབ་ཀྱིས་སྒྲོ་འདོགས་ཆོད་དེ། གནས་ལུགས་གཏན་ལ་ཕེབས་ན། རྣམ་པར་རྟོག་པ་ཐམས་ཅད་རང་སར་གྲོལ་ཏེ་དབྱིངས་དང་ཡེ་ཤེས་གཉིས་མེད་དུ་གནས་སོ། །དེས་ན་འཁོར་ལོ་ལྟ་བུའི་གདམས་ངག་འདི་སྟོན། རྣམ་པར་རྟོག་པ་ཐམས་ཅད་གཅོད་པར་བྱེད་པ་འཁོར་ལོ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི། སྣང་བ་སེམས་སུ་མི་ཤེས་པའི་ཁ་མེད། དེ་ངོ་མ་ཤེས་ན་སྣང་བ་ལ་བདེན་པར་ཞེན་པ་འགག་ཏུ་མི་བཏུབ། དེ་མ་འགགས་ན་ཉོན་མོངས་པ་ཆགས་པ་སྐྱེས་པ་ལ་སོགས་པའི་ལས་བསགས་པས་འཁོར་བར་འཁྱམས་ནས་འཁོར་བའི་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་བ་ཡིན་ནོ། །དེ་ལྟར་ཡང་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང་། ཇི་སྲིད་ཕུང་པོར་འཛིན་ཡོད་ན། །དེ་སྲིད་ངར་འཛིན་ཡོད་པར་འགྱུར། །ངར་འཛིན་ཡོད་ལ་ལས་ཡོད་དེ། །ལས་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་སོ། །དེ་བས་ན་སྐྱེ་བ་འདག་པར་བྱེད་པ་ལ་ལས་འདག་དགོས། ལས་འདག་པ་ལ་ཉོན་མོངས་པ་འདག་དགོས། དེ་འདག་པར་བྱེད་པ་ལ་སྣང་བ་ལ་བདེན་ཞེན་འདག་དགོས། བདེན་ཞེན་འདག་པ་ལ་སྣང་བ་འདིའི་ཡིན་ལུགས་ཤེས་དགོས། གནས་ལུགས་གོ་དགོས། འོ་ན་སྣང་བའི་ཡིན་ལུགས་ཅི་ཡིན་ན། སྣང་བ་འདི་སེམས་ཀྱི་འཁྲུལ་པའི་སྣང་བ་ཡིན་ཏེ། དཔེར་ན་མདང་སུམ་གཉིད་ལོག་པའི་རྨི་ལམ་དང་ཁྱད་པར་མེད་དེ། དེ་ལྟར་ཡང་ས་ར་ཧ་པས། སྣང་བ་འདི་དག་སེམས་ཀྱི་འཁྲུལ་པ་སྟེ། །༼༣༣བ༽ཞེས་གསུངས་པས་སོ། །ཕལ་པོ་ཆེ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་པས་སོ། །གནས་ལུགས་ནི་སྣང་བ་དང་སྟོང་པ་གཉིས་སུ་མེད་པར་གནས་པས་སོ། །དེ་ལྟར་ཤེས་ཤིང་གོ་ན་སྣང་བ་ལ་བདེན་ཞེན་མེད་དེ། དེ་མེད་ན་ཉོན་མོངས་པ་མེད། དེ་མེད་ན་ལས་མེད་དེ། དེ་མེད་ན་སྐྱེ་བ་ལན་མི་སྲིད་དོ། །དེ་ལྟར་དོ་ཧ་ལས། འགྲོ་རྣམས་ལས་ཀྱིས་ཕོ་མོར་བརྩིར་གྱུར་ཏེ། །ལས་ལས་གྲོལ་ན་ཡིད་ནི་ཐར་པ་ཡིན། །ཞེས་གསུངས་པས་སོ། །སེམས་ཆོས་ཉིད་དུ་མི་ཤེས་པའི་ཁ་མེད། དེ་ངོ་མ་ཤེས་ན་ཉོན་མོངས་པ་རང་གར་འཆོར་ཏེ། ལས་བསགས་པས་འཁོར་བར་འཁྱམས་པ་ཡིན་ནོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། ཆོས་འདི་ཡོངས་སུ་མ་ཤེས་ན། །ངར་འཛིན་ལས་ནི་རྗེས་སུ་འཇུག །དེ་ལས་དགེ་དང་མི་དགེའི་ལས། །དེ་ལས་སྐྱེ་བ་བཟང་དང་ངན། །ཞེས་པས་སོ། །དེ་བས་ན་སེམས་ཆོས་ཉིད་དུ་ཤེས་དགོས། དེ་ཤེས་པ་ལ་སེམས་ཀྱི་ཡིན་ལུགས་ཤེས་དགོས། གནས་ལུགས་གོ་དགོས། འོ་ན་སེམས་ཀྱི་ཡིན་ལུགས་ཅི་ཡིན། སེམས་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དེ། དེ་འོད་གསལ་ཆོས་ཀྱི་སྐུའི་རང་བཞིན་ཏེ། དཔེར་ན་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་ཡིན་ནོ། །དེ་ཡང་ས་ར་ཧ་པས་ཀྱང་། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའོ། །འོད་གསལ་བ་གང་ཞེ་ན་སྟོང་པ་ཉིད་ཀྱི་ཚིག་བླ་དྭགས་སོ། །ཞེས་གསུངས་སོ། །གནས་ལུགས་ནི་གསལ་སྟོང་གཉིས་སུ་མེད་པར་གནས་སོ། །དེ་ལྟར་ཤེས་ཤིང་གོ་ན་ཉོན་མོངས་པ་མ་སྤངས་གནས་སུ་དག །དེ་ལྟར་དག་ན་སྐྱེ་བ་མི་ལེན་པས་སྐྱེ་བ་དག་པའོ། །ཆོས་ཉིད་བརྗོད་དུ་མེད་པར་ངོ་མི་ཤེས་པའི་ཁ་མེད། དེ་ངོ་མ་ཤེས་ན་གཟུང་འཛིན་བློའི་དྲི་མ་བག་ལ་ཉལ་མི་འདག །དེ་༼༣༤ན༽མ་དག་ན་གོལ་སྒྲིབ་ཀྱི་གཡང་ལ་ལྷུང་བའི་ཉེན་ཡོད། དེས་ན་བློའི་དྲི་མ་འདག་པར་བྱེད་པ་ལ་ཆོས་ཉིད་དེའི་ཡིན་ལུགས་ཤེས་དགོས། གནས་ལུགས་གོ་དགོས། འོ་ན་ཡིན་ལུགས་ཅི་ཡིན་ན། ཆོས་ཉིད་ལ་ཡོད་པ་དང་མེད་པ་ལ་སོགས་པའི་མུ་བཞིའི་སྒོ་ནས་བསམས་ལ་སེམས་ཀྱིས་བསམ་དུ་མེད་ལ། བརྗོད་པ་སྒྲའི་སྒོ་ནས་བརྗོད་དུ་མེད་དེ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ལོ། །དེ་ལྟར་ཡང་མདོ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཞེས་གསུངས་པ་དང་། གཞན་ཡང་། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་སོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་བརྗོད་དུ་མེད་པ་བློ་ལས་འདས་པའི་དོན་རྟོགས་ན། གཟུང་འཛིན་བློའི་དྲི་མ་བག་ལ་ཉལ་ཐམས་ཅད་རང་སར་དག་ནས། གོལ་སྒྲིབ་ཀྱི་གཡང་ལ་ལྷུང་མི་སྲིད་པ་ཡིན་གསུང་ངོ་། །བརྗོད་དུ་མེད་པ་དེ་ཉིད་ཆོས་ཀྱི་སྐུ་ཡིན་པར་ངོ་མི་ཤེས་པའི་ཁ་མེད། དེ་མ་ཤེས་ན་ཞེ་འདོད་ཀྱི་བདུད་འཇུག་པས་བརྗོད་དུ་མེད་པའི་དོན་དེ་ཉིད་ཆོས་ཀྱི་སྐུ་ཡིན་པས། བརྗོད་དུ་མེད་པའི་དོན་དང་དུས་ཐམས་ཅད་དུ་འབྲལ་བ་མེད་པར་ཉམས་སུ་བླང་ངོ་། །དེ་ལྟར་ཉམས་སུ་བླངས་པས་དུས་ཐམས་ཅད་དུ་བརྗོད་དུ་མེད་པའི་དོན་དང་མི་འབྲལ་ཞིང་། དེའི་ངང་ལས་མ་གཡོས་པར་འདུག་ན་འབྲས་བུ་ཆོས་ཀྱི་སྐུ་ཐོབ་པ་ཡིན་ནོ། །དེ་ལྟར་གོ་ན་ཞེ་འདོད་ཀྱི་བདུད་འཇུག་མི་སྲིད་ཅིང་། རེ་དྭོགས་ཀྱི་བློ་འབྱུང་མི་སྲིད་པ་ཡིན་གསུང་ངོ་།། ༡༢ །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། འོ་སྐོལ་ད་རེས་ངེས་པ་དོན་གྱི་གདམས་ངག་གི་གནད་ལ་བརྟེན་ནས་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲུབ་པར་བྱེད་པའི་ཐབས་ཅིག་སྟོན། འོ་སྐོལ་སེམས་ཅན་གྱི་རྒྱུད་ལ་འབྲས་བུ་ཡང་དག་༼༣༤བ༽པར་རྫོགས་པའི་སངས་རྒྱས་བསྒྲུབ་པ་ལ། སེམས་ཅན་དང་སངས་རྒྱས་གཉིས་ལ་འབྲེལ་བ་ཡོད་དམ་མེད་སྙམ་ན། འབྲེལ་བ་མེད་པ་མ་ཡིན་ཏེ་འབྲེལ་བ་ཡོད། འབྲེལ་བ་ཡོད་ན། རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་དམ། ཕན་ཚུན་ལྟོས་ཆོས་ཀྱི་འབྲེལ་བ་ཡོད་དམ། བདག་ཉིད་གཅིག་པའི་འབྲེལ་བ་ཡོད་དམ་སྙམ་ན། རྒྱུ་ས་བོན་གྲུང་པོ་ལ་བརྟེན་ནས་འབྲས་བུ་མྱུ་གུ་སྔོན་པོ་སྐྱེས་པ་ལྟ་བུ་སྐྱེ་བྱ་སྐྱེ་བྱེད་རྒྱུ་འབྲས་ལྟ་བུ་ནི་མེད། ཡོད་ན་སེམས་ཅན་རྒྱུ་འཁྲུལ་པའི་རང་བཞིན་ཡིན་པ་བཞིན་དུ། སངས་རྒྱས་ཀྱང་འཁྲུལ་པ་དང་བཅས་པར་ཐལ་བའི་སྐྱོན་ཡོད། ཕན་ཚུན་ལྟོས་ཆོས་ཀྱི་འབྲེལ་བ་ཚ་བོ་དང་ཞང་པོའམ། ཕུ་བོ་དང་ནུ་བོ་ལྟ་བུ་ཡང་མེད། ཡོད་ན་ཆོས་སྐུ་བློ་ཡུལ་དུ་ཐལ་བའི་སྐྱོན་ཡོད། འོ་ན་འབྲེལ་བ་གང་ཡོད་ན། བདག་ཉིད་གཅིག་པའི་འབྲེལ་བ་ཡོད། བདག་ཉིད་གར་གཅིག་ན་སེམས་སུ་གཅིག །སངས་རྒྱས་ཀྱི་བདག་ཉིད་ཀྱང་བསམ་གྱིས་མི་ཁྱབ་ཅིང་། བརྗོད་དུ་མེད་པ་ཞིག་ཡིན་ལ། སེམས་ཅན་གྱི་སེམས་ཀྱི་བདག་ཉིད་ཀྱང་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པ། བློ་ལས་འདས་པ་ཞིག་ཡིན་པས་ན་བདག་ཉིད་སེམས་སུ་གཅིག་པའོ། །དེ་ལྟར་བདག་ཉིད་གཅིག་པ་ཞིག་ཡིན་ན་སངས་རྒྱས་རང་མི་དགོས་སམ་སྙམ་ན། དེ་ལྟར་ཡིན་པ་ལ་ཡིན་པར་མ་ཤེས་མ་གོ་མ་རྟོགས་པས་འཁྲུལ་ཏེ་འཁོར་བར་འཁྱམས་ནས། གཉིས་སྣང་དང་གཉིས་འཛིན་གྱི་རྟོག་པ་སྣ་ཚོགས་སུ་ཤར་བ་ཡིན་ཏེ། འཁྲུལ་པའི་རྟོག་པ་འདག་པར་འདོད་པས་གཉིས་སུ་མེད་ཅིང་བདག་ཉིད་གཅིག་པ་དེ་རྟོགས་དགོས། དེ་རྟོགས་པར་བྱེད་པ་ལ་གནས་ལུགས་ཀྱི་དོན་གཏན་ལ་ཕབ་ནས་བསྒོམ་དགོས། བསྒོམ་པ་ལ་ཡང་མཚན་བཅས་དང་མཚན་མ་མེད་པའི་བསྒོམ་པ་དང་། དེ་ལ་༼༣༥ན༽ཉམས་དང་རྟོགས་པ་ལ་སོགས་པའི་ཡིན་ལུགས་གཏན་ལ་ཕེབས་དགོས་པས། ཡིན་ལུགས་གསལ་བར་སྟོན་པར་བྱེད་པ་མེ་ལོང་ལྟ་བུའི་གདམས་ངག་འདི་སྟོན། དེ་ཡང་ཡིན་ལུགས་ཤེས་པ་ནི་མཚན་བཅས་ཀྱི་སྒོམ་ལ་སོགས་པ་སྒོམ་ཐམས་ཅད་ཀྱི་ཡིན་ལུགས་སམ་གནས་ལུགས་གསལ་བར་སྟོན་པར་བྱེད་པ་མེ་ལོང་ལྟ་བུ་ཡིན་ཏེ། དཔེར་ན་མེ་ལོང་ལ་བརྟེན་ནས་རང་གི་བྱེད་བཞིན་གྱི་དཀྱིལ་འཁོར་འདི་མཛེས་པ་དང་མི་མཛེས་པ་ལ་སོགས་པ་ཐམས་ཅད་གཏན་ལ་ཕེབས་ལ། མེ་ལོང་མེད་ན་རང་གི་བྱད་བཞིན་མི་མཐོང་ཞིང་མི་རྟོགས། དེ་བཞིན་དུ་གདམས་པ་འདི་ཐོས་པ་ལ་བརྟེན་ནས་སྒོམ་ཐམས་ཅད་ཀྱི་ཡིན་ལུགས་སམ་གནས་ལུགས་གཏན་ལ་ཕེབས་ལ། མ་ཐོས་ན་མི་ཕེབས་པར་འདུག་པས། དེ་གཏན་ལ་འབེབས་པར་བྱེད་པ་མེ་ལོང་ལྟ་བུའི་གདམས་ངག་འདི་སྟོན། ཡིན་ལུགས་གསལ་བར་སྟོན་པར་བྱེད་པ་མེ་ལོང་ལྟ་བུའི་གདམས་ངག་འདི་ལ་དོན་བཞི། མཚན་མ་དང་བཅས་པ་བྱས་པའི་སྒོམ་ཐམས་ཅད་འཇིག་པ་ཡིན། ཞེས་པ་ནི་སྤྱིར་བསྒོམ་པ་ལ་གཉིས། མཚན་མ་དང་བཅས་པའི་དོན་བསྒོམ་པ་དང་། མཚན་མ་མེད་པའི་དོན་བསྒོམ་པའོ། །དང་པོ་ནི། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ། འཁོར་གསུམ་མི་དམིགས་པས་རྒྱས་མ་ཐེབས་པའམ། བསྐྱེད་རིམ་ལྟ་བུ་བསྒོམ་པ་དང་། རྩ་དང་རླུང་བསྒོམ་པ་ལ་སོགས་པ་ཐམས་ཅད་ལ་སྐྱེ་མེད་ཀྱི་རྒྱས་མ་ཐེབས་པ་མཚན་མ་དང་བཅས་པ་བློ་ཡུལ་དུ་བྱས་པའི་སྒོམ་ཡིན་པས་འཇིག་པ་ཡིན་ཏེ། རྒྱུ་འདུས་བྱས་ཡིན་པས་འབྲས་བུ་འདུས་བྱས་འཁོར་བ་གྲུབ་པའི་རྒྱུ་ཡིན་པའོ། །གཉིས་པ་ནི། མཚན་མ་མེད་པ་ཆོས་ཀྱི་དབྱིངས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་བསྒོམ་པ་སྟེ། འབྲས་༼༣༥བ༽བུ་འདུས་མ་བྱས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་རྒྱུ་ཡིན་ནོ། །དེས་ན་མཚན་བཅས་ནི་སྤང་བྱ། མཚན་མ་མེད་པ་ནི་བསྒྲུབ་བྱ་ཡིན་ནོ། །བླ་མའི་བྱིན་རླབས་དང་ཉམས་མྱོང་ལས་བྱུང་བའི་ཆོས་ཐམས་ཅད་ཡལ་ནས་འགྲོ་བ་ཡིན། ཐབས་ཟབ་མོའི་གནད་ལ་བརྟེན་ནས་བདེ་གསལ་མི་རྟོག་གསུམ་གྱི་ཉམས་མྱོང་ངམ་ས་མཱ་དྷི་བཟང་པོ་བྱུང་ཡང་སྒྲོ་འདོགས་མ་ཆོད་ཅིང་ཆོས་ཉིད་ཀྱི་དོན་ངོས་མ་ཟིན་པ་ལྟ་བུའོ། །བྱ་བས་གཡེང་པའམ་བླ་མ་དང་བྲལ་ཏེ་མོས་གུས་ལ་འཕེལ་འགྲིབ་བྱུང་བའི་དུས་སུ་ཉམས་མྱོང་ངམ་ས་མཱ་དྷིའོ། །དེ་ལྟར་སྤྱོད་འཇུག་ལས། སྟོང་ཉིད་དང་ནི་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་སོ། །གནས་ལུགས་ཀྱི་དོན་ལ་གཉིས། དྲན་སྣང་གི་གནས་ལུགས་དང་། ཆོས་ཀྱི་དབྱིངས་ཀྱི་གནས་ལུགས་སོ། །དང་པོ་ལ་གཉིས། ནང་དྲན་པའི་གནས་ལུགས་དང་། ཕྱི་སྣང་བའི་གནས་ལུགས་སོ། །དང་པོ་ནི། དྲན་པ་དང་སྟོང་པ་གཉིས་སུ་མེད་པའོ། །གཉིས་པ་ནི། སྣང་བ་དང་སྟོང་པ་གཉིས་སུ་མེད་པའོ། །སྤྱི་དོན་གཉིས་པ་ནི། ཆོས་ཀྱི་དབྱིངས་སྤྲོས་པའི་མཐའ་ཐམས་ཅད་བྲལ་བ་གཅིག་ཏུ་སྒྲོ་འདོགས་གཅོད་ཅིང་གཏན་ལ་ཕེབས་པའི་གནས་ལུགས་ཀྱི་དོན་དེ་ལ་བློས་བཅོས་སུ་མེད་པ་ཡིན། དེ་ཡང་དྲན་པ་གཉིས་མེད་དུ་གཏན་ལ་ཕེབས་པས། ནང་དྲན་རིག་གི་རྟོག་པ་འགགས་པ་དང་མི་རྟོག་པ་བསྒོམ་པ་ལ་སོགས་པའི་བློས་བཅས་བཅོས་བྱར་མེད་དོ། །ཕྱི་སྣང་སྟོང་གཉིས་མེད་དུ་གཏན་ལ་ཕེབས་པ་དང་། སྣང་བ་འགགས་པ་དང་སྟོང་པ་བསྒོམ་པ་ལ་སོགས་པའི་གཉེན་པོའི་བློས་བཅོས་སུ་མེད་དོ། །དེ་ལྟར་ཡང་སྒྲོན་མ་ལས། སྨིག་རྒྱུ་ལྟ་བུའི་སེམས་སྣང་ལ། །རང་བཞིན་ཤེས་༼༣༦ན༽པ་བཅོས་སུ་མེད། །མི་ཤེས་སྨིག་རྒྱུ་འཆོས་པ་བཞིན། །ཞེས་སོ། །བཅས་བཅོས་བྱེད་ན་དྲན་སྣང་གི་གནས་ལུགས་མ་རྟོགས་པ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱི་གནས་ལུགས་བསམ་གྱིས་མི་ཁྱབ་པ། བརྗོད་དུ་མེད་པའི་དོན་བློ་ལས་འདས་པ་ཞིག་ཏུ་གཏན་ལ་ཕེབས་ན། བློ་འདས་ཀྱི་དོན་དེ་ལ་ཡོད་མེད་དང་ཡིན་མིན་ལ་སོགས་པའི་བློས་བཅོས་སུ་མེད་དོ། །དེ་ལྟར་སྒྲོན་མ་ལས། རང་བཞིན་ཉིད་ལས་མ་འདས་ཤེས་ནས་ནི། །སྒྲོ་འདོགས་བྱིས་པའི་རྗེས་སུ་མ་འབྲངས་ན། །རང་བཞིན་ཉིད་ལ་ཡོངས་ཀྱིས་བཅོས་མི་དགོས། །ཞེས་གསུངས་སོ། །དེ་བས་ན་བཅས་བཅོས་བྱས་ན་དབྱིངས་ཀྱི་གནས་ལུགས་མ་རྟོགས་པ་ཡིན་གསུང་ངོ་། །དེ་ལྟར་ཡང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་དེ་ཉིད་ལ་ཤེས་པ་མ་བཅོས་པ་དེ་ཉིད་ཆོས་ཀྱི་སྐུ་ཡིན་ནོ། །དེ་ཉིད་ཀྱི་ངང་ལས་མ་གཡོས་ཤིང་། དེའི་རང་བཞིན་དང་མི་འབྲལ་བ་དེ་ཀ་ལ་མ་རིག་པའི་གཉིད་སད་པ་ཞེས་བྱ་སྟེ། དེས་ན་སྣང་བ་སེམས་སུ་ཤེས་པས་སེམས་མིན་གྱི་དངོས་པོ་ཡོད་མ་མྱོང་བར་གོ །སེམས་ཆོས་ཉིད་དུ་གོ་བས་དུག་ལྔ་མ་སྤངས་གནས་སུ་དག་པ་དེ་ཀ་ལ་སྒྲིབ་པ་སྤངས་ཞེས་ཀྱང་བྱ། བྱང་ཆུབ་ཐོབ་ཅེས་ཀྱང་བྱའོ། །དེ་ལྟར་སྒྲོན་མ་ལས། རྨི་ལམ་སད་ནས་གཟུགས་དང་བྲལ་བ་བཞིན། །སྒྲིབ་སྤངས་བྱང་ཆུབ་ཐོབ་ཅེས་རྒྱལ་བས་གསུངས། །ཞེས་པས་སོ། །མི་ལའི་ཞལ་ནས་ཀྱང་། སེམས་མ་བཅོས་པ་དེ་ཉིད་ཆོས་ཀྱི་སྐུའོ། །ཞེས་སོ།། ༡༣ །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཀྱང་བསྡུ་ན་རྣམ་པ་གཉིས། ཤེས་བྱ་ལ་སྒྲོ་འདོགས་གཅོད་པར་བྱ་བའི་ཕྱིར་མདོ་རྒྱུད་ཀྱི་བཤད་པ་དང་། དེའང་དོན་༼༣༦བ༽རྒྱུད་ལ་བཀལ་བའི་ཕྱིར་སྙན་བརྒྱུད་གདམས་ངག་གི་དོན་བཤད་པའོ། །དེ་ལྟར་ཡང་གཉིས་ཡོད་པ་ལས་དང་པོ་ནི། དེ་ཤེས་བྱ་དོན་སྤྱིའི་རྣམ་པ་ལ་ཤོར། དེ་ལ་འགྱངས་པས་རྒྱུད་ཐོག་ཏུ་བཀལ་ནས་ཉམས་སུ་ལེན་མ་ཤེས། དེ་མ་ཤེས་པས་ཉོན་མོངས་པ་དང་རྣམ་པར་རྟོག་པའི་གཉེན་པོར་མི་འགྲོ་བར་འདུག་པས་དང་པོ་མི་སྟོན། གཉིས་པ། རྒྱུད་ལ་བཀལ་བའི་ཕྱིར་སྙན་བརྒྱུད་ཀྱི་གདམས་ངག་གི་དོན་བསྟན་པ། དེ་ལ་གཉིས། དྲང་དོན་གྱི་གདམས་ངག་ལམ་རིམ་གྱིས་པ་དང་། ངེས་པ་དོན་གྱི་གདམས་ངག་ལམ་ཅིག་ཅར་བ་གཉིས་ལས། དང་པོ་དེ་མི་སྟོན། གཉིས་པ་འཆད་པས། དེ་ལ་བཞི། ཤེས་བྱ་གཏན་ལ་འབེབས་པ་ལ་ལྟ་བའི་གདམས་ངག །དེ་ཉིད་ཉམས་སུ་ལེན་པ་ལ་སྒོམ་པའི་གདམས་ངག །དེ་ཉིད་ཡུལ་དང་བསྲེ་བ་ལ་སྤྱོད་པའི་གདམས་ངག །དེ་ལ་དོན་གཅིག་ཏུ་གྱུར་པ་ལ་འབྲས་བུའི་གདམས་ངག་གོ །དེ་ལྟར་ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་བཤད་ཀྱང་། དོན་གཅིག་ལས་མི་འདའ་སྟེ། དཔེར་ན་གངས་ཀྱི་ཐིགས་པ་ལྟ་བུ་ཡིན་ཏེ། གངས་ཀྱི་ཐིགས་པ་དེ་དང་པོ་གར་བྱུང་བ་དེའི་ཤུལ་དུ་ཕྱི་མ་རྣམས་ཀྱང་འབབ་པ་ལྟར། ངེས་པ་དོན་གྱི་གདམས་ངག་གོ །ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་སྒོམ་ཆེན་པ་རྣམས་ཀྱིས་ཀྱང་། དང་པོ་ལྟ་བ་གཏན་ལ་འབེབས་པའི་དུས་སུ། ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཞིག་ཏུ་གཏན་ལ་ཕེབས་ཙ་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་། དེ་ཉིད་ངང་དུ་རང་གྲོལ་ཞིང་རང་དག་པས། བསྒོམ་མེད་ཀྱི་དངོས་པོ་ལོགས་ནས་མ་རྙེད་པས། དེ་ཙ་ན་མ་བསྒོམས་པ་ཆེན་པོ་རང་འབྱུང་། དེ་ལྟ་བུའི་ལྟ་སྒོམ་མཐར་ཕྱིན་ཙ་ན། ༼༣༧ན༽ལུས་ངག་གི་སྤྱོད་པ་ཅི་བྱེད་ཐམས་ཅད་ཀྱང་དེའི་ངང་དུ་སྤྱོད་ཅིང་སྤོང་ལེན་མེད་པ་ཞིག་འབྱུང་། དེ་ལྟར་དུས་དང་གནས་སྐབས་ཐམས་ཅད་དུ་དེའི་ངང་ལས་མ་གཡོས་ན་འབྲས་བུ་མངོན་དུ་གྱུར་པའོ། །དེས་ན་གངས་ཀྱི་ཐིགས་པ་ལྟ་བུའི་གདམས་ངག་འདི་སྟོན། དོན་གཅིག་ལས་མི་འདའ་བ་གངས་ཀྱི་ཐིགས་པ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི། ལྟ་བ་ལ་ཡིན་པ་མེད་དེ། ཅེས་པ་ནི། དཀར་དམར་གྱི་སྣང་བ་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་ཀྱང་། ཕྱི་རོལ་ན་ཡོད་མ་མྱོང་སྟེ་རང་སེམས་འཁྲུལ་པའི་སྣང་བ་ཡིན། འོ་ན་སེམས་རང་བདེན་པའི་ཆོས་སུ་གྲུབ་བམ་སྙམ་ན། སེམས་ཀྱང་བདེན་པར་མ་གྲུབ་སྟེ་ཡོད་མ་མྱོང་། འོ་ན་མེད་པར་སོང་ངམ་སྙམ་ན། ཡོད་མ་མྱོང་བ་ལ་མེད་པར་འགྲོ་རྒྱུ་མེད་དེ། དཔེར་ན་མོ་གཤམ་ལ་བུ་སྐྱེ་མ་མྱོང་བས་ཐ་མ་འཆི་རྒྱུ་མེད་པ་བཞིན་ནོ། །དེ་ཡང་མདོ་ལས། དངོས་པོ་རབ་ཏུ་མ་གྲུབ་ན། །དངོས་མེད་གང་ལས་ཡིན་པར་འགྱུར། །ཞེས་གསུངས་སོ། །སྒྲོན་མ་ལས་ཀྱང་། དངོས་པོ་མེད་ཕྱིར་དངོས་པོ་སྟོང་པའང་མེད། །ཆོས་ཅན་མེད་ཕྱིར་ཆོས་ཉིད་ཡོད་མ་ཡིན། །ཞེས་དང་། དོ་ཧ་ལས། དངོས་པོར་སྐྱེ་བ་མཁའ་ལྟར་རབ་ཞི་བ། །དངོས་རྣམས་སྤངས་པའི་ཕྱིར་ན་ཅི་ཞིག་སྐྱེ། །ཞེས་པའོ། །མཐའ་དང་བྲལ་བ། ཞེས་པ་ནི་ཡོད་པ་མ་གྲུབ་པས་རྟག་པའི་མཐའ་དང་བྲལ་ལ། དེ་མ་གྲུབ་ཙ་ན་དེ་ལ་ལྟོས་པའི་མེད་པ་ཡང་མ་གྲུབ། དེ་མ་གྲུབ་ཙ་ན་ཆད་པའི་མཐའ་དང་བྲལ་ལོ། །དེ་ལྟར་ཡང་མདོ་ལས། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་གོ་ཙ་ན་འདི་ལྟར་༼༣༧བ༽དུ་བསྒོམ་པར་བྱ་ཡིས། དམིགས་གཏད་དང་བཅས་པའི་སྒོམ་པས་ཐར་པ་ལ་སྒྲིབ་པ་ཡིན་ཏེ། དེ་ལྟར་ཡང་མདོ་ལས། གང་ལ་དམིགས་ཀྱང་དམིགས་པ་དེ་ཡིས་ཐར་པར་སྒྲིབ་ཅེས་གསུངས་སོ། །སྒོམ་པ་ལ་མིན་པ་མེད་དེ་དམིགས་གཏད་མེད་པ། ཞེས་པ་ནི། ཆོས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། འཁོར་འདས་ལ་སོགས་པའི་སྣང་བ་སྣ་ཚོགས་སུ་སྣང་བའི་དུས་ཉིད་ན་ཕྱི་རོལ་ན་བདེན་པའི་ཆོས་སུ་གྲུབ་པ་མེད། རང་གི་སེམས་སུ་ཤེས་ལ་སེམས་ལ་བལྟས་པས་ཀྱང་དངོས་པོ་དང་མཚན་མར་གྲུབ་མ་མྱོང་སྟེ། ཆོས་ཉིད་དུ་ངོས་ཟིན་པའོ། །དེ་ཡང་སྨིག་རྒྱུ་ལ་ཆུར་སྣང་བའི་དུས་ཉིད་ན། ཆུ་ཐིགས་པ་གཅིག་ཀྱང་ཡོད་མ་མྱོང་སྟེ། ནམ་མཁའི་རང་བཞིན་ཡིན་པ་བཞིན་ཡིན་ནོ། །དེ་ལྟར་སྒྲོན་མ་ལས། དེ་བཞིན་ཆོས་རྣམས་སྣ་ཚོགས་སྣང་བ་ཡང་། །སྣང་བ་ཉིད་ན་མཚན་མེད་ནམ་མཁའ་བཞིན། །ཞེས་པས་སོ། །དེ་ལྟར་གོ་ཙ་ན་ཇི་ལྟར་བྱས་ཀྱང་ཆོས་ཉིད་ཀྱི་ངང་དང་འབྲལ་མ་མྱོང་སྟེ། བསྒོམ་པ་དང་མི་བསྒོམ་པ་གཉིས་མེད་དོ། །དེ་ལྟར་ཡང་སྒྲོན་མ་ལས། ཆོས་རྣམས་ཐམས་ཅད་ཡེ་ནས་རོ་གཅིག་ཕྱིར། །བསྒོམ་པར་བྱ་དང་སྒོམ་པ་གཉིས་སུ་མེད། །སེམས་ནི་ཆོས་ཉིད་ཡེ་ནས་ཡིན་ཞེ་ན། །ཆོས་ཀྱི་དབྱིངས་ཉིད་གཞན་དུ་བསྒོམ་མི་དགོས། །ཤེས་དང་། དོ་ཧ་ལས་ཀྱང་། ཀྱེ་མ་རང་བཞིན་བྲལ་བ་དེ་ཉིད་བསྒོམ་དུ་ཡོད་དམ་ཟེར། །གལ་ཏེ་བསྒོམ་པར་བྱ་དང་སྒོམ་བྱེད་གཉིས་རྟོགས་ན། །གཉིས་སུ་འཛིན་པའི་ཡིད་ཀྱིས་བྱང་ཆུབ་སེམས་སྤངས་ཏེ། །སྐྱེས་བུ་དེ་ཡིས་རང་གིས་རང་ལ་སྡིག་པ་བྱས། །ཤེས་གསུངས་སོ། །སྤྱོད་པ་ལ་གཉིས་སུ་མེད་པ་བླང་དོར་མེད་པ་སྟེ། དེ་ལྟར་སྤྲུལ་འཁོར་ལས་ཀྱང་། ནམ་ཡང་སྤོང་ལེན་བྱ་མི་རིགས། །ཤེས་གསུངས་པ་དང་། གཞན། མི་ལེན་མི་སྤོང་༼༣༨ན༽སྙམ་པ་རྒྱལ་པོའི་ངང་། །ཞེས་པ་ནི་བདེ་བའི་ངོ་བོ་ཡང་སྟོང་པ། སྡུག་བསྔལ་གྱི་ངོ་བོ་ཡང་སྟོང་པར་འདུག་པས་ན། བདེ་སྡུག་གཉིས་མེད་སྐྱོན་ཡོན་གཉིས་མེད། རྟོག་པ་དང་མི་རྟོག་པ་གཉིས་སུ་མེད་དེ། དེ་ལྟར་ཡང་སྒྲོན་མ་ལས་ཀྱང་། རྨི་ལམ་དག་གི་བདེ་དང་སྡུག་བསྔལ་ཡང་། །ཤེས་པས་རིག་ན་རང་བཞིན་ཡོངས་ཀྱིས་མཉམ། །ཞེས་གསུངས་པ་དང་། དོ་ཧ་ལས་ཀྱང་། ཐ་མི་དད་པའི་ཡེ་ཤེས་ཁོ་ན་ཕྱོགས་གཅིག་པུ། །རང་བཞིན་བཞག་པའི་སེམས་ཀྱིས་རང་ལ་ཁྱབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་གཉིས་མེད་དུ་གོ་ཞིང་གཉིས་མེད་དུ་རྟོགས་ཙ་ན། སྤྱོད་པ་ལ་འབྲས་བུ་རོ་གཅིག་ཏུ་གོ་བས། རེ་དྭོགས་མེད་པའོ་ཞེས་པས་འཁོར་བ་ཉིད་མྱ་ངན་ལས་འདས་པ། མྱ་ངན་ལས་འདས་པ་ཉིད་འཁོར་བར་སྣང་སྟེ། དོན་ལ་འཁོར་འདས་གཉིས་སུ་མེད་དེ་རོ་གཅིག་པས། ད་འཁོར་བར་ལྷུང་གིས་དོགས་པ་དང་། མྱ་ངན་ལས་འདས་པ་ཐོབ་ཏུ་རེ་བའི་རེ་དྭོགས་ཐམས་ཅད་དང་བྲལ་ལོ། །དེ་ལྟར་ཡང་འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདི་ཐ་དད་ཡོད་མ་ཡིན། །འཁོར་བའི་ཆོས་ཉིད་རྟོགས་པ་ལ། །མྱ་ངན་འདས་ཤེས་རབ་ཏུ་བརྗོད། །ཅེས་གསུངས་པ་དང་། བྱམས་པས་རྒྱན་ལས་ཀྱང་། གང་ཟག་མྱ་ངན་འདས་དང་འཁོར་བ་རོ་གཅིག་པས། །དེ་འདྲའི་བློ་ལྡན་དེ་འདིར་ཀུན་འགྲོར་ཤེས་པར་བྱ། །ཞེས་པ་དང་། དོ་ཧ་ལས་ཀྱང་། འཁོར་བ་གང་ཡིན་མྱ་ངན་འདས་པ་གང་། །ཡིད་ཀྱི་དྲི་མ་དག་ནས་ལྷན་ཅིག་སྐྱེས་པ་སྟེ། །ཞེས་གསུངས་སོ།། ༡༤ །།ན་མོ་གུ་རུ། དགེ་བའི་བཤེས་གཉེན་པའི་ཞལ་ནས། འོ་སྐོལ་ཐོབ་པར་དཀའ་བའི་དལ་འབྱོར་མི་ལུས་རིན་པོ་ཆེ་ཐོབ། ཕྲད་པར་དཀའ་བའི་༼༣༨བ༽སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་ཕྲད་པའི་དུས་འདི་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པའི་ལམ་བཙལ་བའི་དུས་ལ་བབ་པ་ལགས། དེ་སྔ་ཕན་ཆད་ལམ་དང་མ་ཕྲད་ཅིང་། རྒྱུ་ཀུན་འབྱུང་གི་བདེན་པ་ལས་དང་ཉོན་མོངས་པ་མ་སྤངས་ཤིང་། བདེན་པ་བཞིའི་དོན་མ་ཤེས་ཤིང་ལེགས་པར་མ་གོ་བས། རྒྱུ་ལ་རྐྱེན་སྲེད་པ་དང་། ལེན་པ་སྟེ་གཞི་མ་རིག་པའི་རྒྱུ་ལས་རྐྱེན་སྲེད་པ་དང་ལེན་པས་ལས་གསུམ་བསགས་ཏེ། བསོད་ནམས་མ་ཡིན་པའི་ལས་ཀྱིས་ངན་སོང་གསུམ་དུ་སྐྱེ། བསོད་ནམས་ཀྱི་ལས་ཀྱིས་འདོད་པ་ཁམས་ཀྱི་ལྷ་དང་མིར་སྐྱེ། མི་གཡོ་བའི་ལས་ཀྱིས་གཟུགས་དང་གཟུགས་མེད་ཁམས་སུ་སྐྱེ་བ་བླངས་ཏེ། མཐའ་མི་མངོན་པའི་འཁོར་བར་འཁོར་ཞིང་། ད་དུང་དུ་ཡང་འཁོར་དགོས་པར་འདུག་པས་ད་འཁོར་བ་དེ་སྤོང་བར་བྱེད་པའི་གཉེན་པོ་ལམ་ཉམས་སུ་ལེན་དགོས། ལམ་ཉམས་སུ་ལེན་པ་ལ་གཉིས། དྲང་དོན་ཐབས་ལ་དམིགས་པའི་གདམས་ངག་དང་། ངེས་དོན་ཤེས་རབ་ལ་དམིགས་པའི་གདམས་ངག་གོ །དང་པོ་དེས་ཉོན་མོངས་པ་རྩ་བ་ནས་སྤོང་བར་མི་ནུས་པས་དེ་མི་སྟོན། ཐ་མ་དེ་འཆད། དེ་ལ་ཡང་གདམས་པ་གནད་དུ་ཐེབས་པ་ཞིག་དགོས་པ་ཡིན། གནད་དུ་མ་ཐེབས་ན་འཁྲུལ་པ་འཇིག་ཏུ་མི་བཏུབ་པ་དཔེར་ན། རྭ་ལས་ཞོ་འཇོ་བ་ལྟ་བུ་ཡིན་ནོ། །གནད་དུ་ཐེབས་ན་གྲོལ་བ་ལ་ཚེགས་མེད་པ་དཔེར་ན་ལོང་བའི་མིག་འབྱེད་པ་ལྟ་བུ་ཡིན། འོ་ན་གནད་གང་ཡིན་ན་གཉིས་སུ་མེད་པར་གཏན་ལ་ཕེབས་ནས་ཉམས་སུ་ལེན་པ་དེ་ཡིན་པས། སྣང་བ་གཟུགས་ལ་དམིགས་པའི་དུས་སུ་སྣང་སྟོང་གཉིས་མེད་དུ་གཏན་ལ་ཕབ། བརྗོད་པ་སྒྲ་དང་ཕྲད་པའི་དུས་སུ་གྲགས་སྟོང་གཉིས་མེད་དུ་གཏན་ལ་ཕབ། མྱོང་བ་རོ་ལ་༼༣༩ན༽དམིགས་པའི་དུས་སུ་མྱོང་སྟོང་གཉིས་མེད་དུ་གཏན་ལ་ཕབ། ཚོར་བ་རེག་བྱ་ལ་དམིགས་པའི་དུས་སུ་བདེ་སྡུག་གཉིས་མེད་དུ་གཏན་ལ་ཕབ་ནས་ཉམས་སུ་བླངས་ན་གྲོལ་བ་ལ་ཚེགས་མེད་དེ། དཔེར་ན་ལོང་བ་མིག་འབྱེད་པ་ལྟ་བུ་ཡིན་ཏེ། དཔེར་ན་མི་མིག་ལོང་བ་ཞིག་ལ། སྨན་པ་མཁས་པ་ཞིག་གིས་ཐུར་མ་ལེགས་པ་ཞིག་གིས་མིག་གི་སྒྲིབ་གཡོགས་དེ་བསལ་བ་ཙམ་གྱིས་སྣང་བ་འདི་བཀྲ་ལམ་གྱིས་འབྱུང་བ་བཞིན་དུ། སྨན་པ་མཁས་པ་དང་འདྲ་བའི་བླ་མ་དམ་པ་ཞིག་གིས། ཐུར་མ་ལེགས་པོ་དང་འདྲ་བའི་གདམས་པ་ཟབ་མོ་ཞིག་བཏབ་སྟེ། ཕྱི་རོལ་གྱི་ཡུལ་ཐམས་ཅད་གཉིས་མེད་དུ་ངོ་སྤྲད་པས་འཁྲུལ་པ་འཇིག་པ་ལ་ཚེགས་མེད་པས་ན། ལོང་བ་མིག་འབྱེད་པ་ལྟ་བུའི་གདམས་ངག་འདི་སྟོན། གདམས་པ་གནད་དུ་ཐེབས་པ་ལོང་བ་མིག་འབྱེད་པ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི་སྟེ། སྣང་བ་གཟུགས་ལ་དམིགས་པའི་བསམ་གཏན་སྣང་སྟོང་གཉིས་མེད་དུ་གཏན་ལ་ཕབ་ནས་སྨིག་རྒྱུ་ལྟ་བུར་ཉམས་སུ་བླང་བའི་གདམས་ངག་དང་། ཞེས་པ་ནི། ས་རྡོ་རི་བྲག་རྩི་ཤིང་དང་ནགས་ཚལ་སྐྱེས་པ་དང་བུད་མེད་ལ་སོགས་པའི་སྣང་བ་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་ཀྱང་སྣང་བའི་དུས་ཉིད་ནས་སྣང་ལ་རང་བཞིན་མེད་དེ་ངོ་བོ་སྟོང་པ་ཡིན། ངོ་བོ་སྟོང་པ་དེ་རང་སྣང་སྣ་ཚོགས་སུ་ཤར་བ་ཡིན་ནོ། །མདོར་ན་སྣང་བ་དང་སྟོང་པ་གཉིས་སུ་མེད་དོ། །དེ་ལྟར་ཡང་ཤེས་རབ་སྙིང་པོ་ལས་ཀྱང་། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ཡང་དཔེར་ན་སྨིག་རྒྱུ་ལ་ཆུར་སྣང་༼༣༩བ༽བའི་དུས་ཉིད་ན་ཆུ་ཐིགས་པ་གཅིག་ཀྱང་ཡོད་མ་མྱོང་སྟེ། ངོ་བོས་སྟོང་པ་བཞིན་ནོ། །དེ་ལྟར་སྣང་སྟོང་གཉིས་སུ་མེད་པར་བྱས་ལ། དེ་ཀའི་ངང་ལ་བཞག་ཀྱིན་བསྒོམ། དེ་ལྟར་བསྒོམས་པས་རྗེས་ལ་ཉམས་མྱོང་སྣང་བ་ལ་ཞེན་པ་མེད་པའི་ཉམས་མྱོང་སྣང་། ཞེན་པ་མེད་པའི་ཉམས་ཤར་བས། འཇིག་རྟེན་ཆོས་བརྒྱད་ཀྱི་ནང་ནས་རྙེད་ན་དགའ། མ་རྙེད་ན་མི་དགའ་བ་གཉིས་པོ་དེ་ལས་གྲོལ་ནས་འགྲོ་བ་ཡིན་གསུང་གདའོ། །བརྗོད་པ་སྒྲ་ལ་དམིགས་པའི་བསམ་གཏན་གྲགས་སྟོང་གཉིས་མེད་དུ་གཏན་ལ་ཕབ་ནས་བྲག་ཆ་ལྟ་བུར་ཉམས་སུ་ལེན་པའི་གདམས་ངག་དང་། ཞེས་པ་ནི། ངག་ཏུ་བརྗོད་པའི་སྒྲ་འདི་ཐམས་ཅད་ཀྱང་། གྲགས་བདོ་ཙ་ན་ངོ་བོས་སྟོང་སྟེ། གྲགས་སྟོང་དབྱེར་མེད་ཡིན་ཏེ་དཔེར་ན་བྲག་ཆ་བཞིན་ནོ། །དེ་ལྟར་སྒྲ་གྲགས་སྟོང་གཉིས་མེད་དུ་ཤེས་པར་བྱས་ལ། གཏམ་སྙན་པ་དང་མི་སྙན་པ་ཐམས་ཅད་ལ་ཆགས་སྡང་མེད་པར་ཉམས་སུ་བླང་སྟེ། དེ་ལྟར་ཡང་མདོ་ལས། གཅིག་པུར་འདུག་ན་སེམས་ལ་ལྟོས། །མང་པོར་འདུག་ན་སྒྲ་ལ་ལྟོས། །ཞེས་གསུངས་སོ། །དེ་ལྟར་ཉམས་སུ་བླངས་པས་སྒྲ་གྲགས་སྟོང་གཉིས་མེད་དུ་གཏན་ལ་ཕེབས་པས། ཆགས་སྡང་མེད་པའི་ཉམས་ཤར་ཙ་ན། འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་ནང་ནས་གྲགས་ན་དགའ་མ་གྲགས་ན་མི་དགའ། བསྟོད་ན་དགའ་མ་བསྟོད་ན་མི་དགའ་བའི་ཆོས་བཞི་པོ་དེ་ལས་གྲོལ་ནས་འགྲོ་བ་ཡིན་གསུང་ངོ་། །མྱོང་བ་རོ་ལ་དམིགས་པའི་བསམ་གཏན་མྱོང་སྟོང་གཉིས་མེད་དུ་གཏན་ལ་ཕབ་ནས་སྨྱོན་པའི་ཁ་ཟས་ལྟར་ཉམས་སུ་བླང་བའི་གདམས་ངག་དང་། ཞེས་པ་ནི། ལྕེ་ཐོག་ཏུ་རོ་ཉམས་སུ་མྱོང་བའི་དུས་སུ་རོ་ཞིམ་པ་དང་། མི་ཞིམ་པ་ལ་སོགས་པའི་རོ་༼༤༠ན༽སྣ་ཚོགས་ཉམས་སུ་མྱོང་བའི་དུས་སུ། དེ་ལ་རང་བཞིན་མེད་པར་ཤེས་པར་བྱས་ཏེ། དེ་ལ་ཡང་དུས་གསུམ་དུ་བརྟག་གོ །འོ་ན་རོ་ལ་ཁ་བ་དང་། མངར་བ་དང་། སྐྱུར་བ་དང་། ཞིམ་པ་དང་། མི་ཞིམ་པ་ལ་སོགས་པ་སྣ་ཚོགས་སུ་འདུག་པ་སྙམ་ན། དེ་ཐམས་ཅད་ཀྱང་རང་གི་རྣམ་པར་རྟོག་པས་དེ་ལྟར་དུ་བཟུང་ཞིང་། ཐ་སྙད་དེ་ལྟར་བཏགས་པ་ལས་དེ་ལྟར་སྣང་བ་ཡིན་ནོ། །དོན་ལ་བརྟགས་ཤིང་དཔྱད་ན་རང་བཞིན་གྲུབ་པ་མེད་དོ། །དེ་ལྟར་ཡང་ཤེས་རབ་སྙིང་པོ་ལས། སྒྲ་མེད་དྲི་མེད་རོ་མེད་ཅེས་གསུངས་སོ། །དེ་ལྟར་འཁྲུལ་པའི་རྟོག་པ་ཡིན་པས། དཔེར་ན་སྨྱོན་པའི་ཁ་ཟས་ལྟ་བུ་ཡིན་ནོ། །ཚོར་བ་རེག་བྱ་ལ་དམིགས་པའི་བསམ་གཏན་བདེ་སྡུག་གཉིས་མེད་དུ་གཏན་ལ་ཕབ་ནས། རྨི་ལམ་ལྟར་ཉམས་སུ་བླང་བའི་གདམས་ངག་དང་། ཞེས་པ་ནི། ཚོར་བ་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་བའི་དུས་སུ། དེ་ལ་རང་བཞིན་མེད་པར་ཤེས་པར་བྱ་སྟེ། དཔེར་ན་རྨི་ལམ་གྱི་བདེ་སྡུག་ཉམས་སུ་མྱོང་བ་ལ་རང་བཞིན་མེད་པ་བཞིན་ནོ། །དེ་ལྟར་ཡང་སྒྲོན་མ་ལས། རྨི་ལམ་དག་གི་བདེ་དང་སྡུག་བསྔལ་དག །སད་པར་གྱུར་ན་རང་བཞིན་མཉམ་པ་ལྟར། །རྣམ་པར་རྟོག་དང་མི་རྟོག་གཉིས་ཀ་ཡང་། །ཤེས་པས་རིག་ན་རང་བཞིན་ཡོངས་ཀྱིས་མཉམ། །ཞེས་གསུངས་པའི་ཕྱིར་རོ།། ༡༥ །།བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་གང་ཟག་ཅིག་གིས། འཁོར་བའི་ཉེས་སྐྱོན་ཤེས་པའི་སྒོ་ནས་སྤོང་བར་འདོད་ཅིང་། མྱ་ངན་ལས་འདས་པའི་ཡོན་ཏན་ཤེས་པའི་སྒོ་ནས་ཐོབ་པར་འདོད་པས། ལམ་ཉམས་སུ་ལེན་དགོས། དེ་ལ་གཉིས། དྲང་དོན་ཐབས་ཀྱི་ལམ་ཉམས་སུ་ལེན་པ་༼༤༠བ༽དང་། ངེས་དོན་གནས་ལུགས་རྟོགས་པར་བྱེད་པ་ཤེས་རབ་ཀྱི་ལམ་ཉམས་སུ་ལེན་པའོ། །དེ་ལྟར་ཡང་དྲང་དོན་དང་ངེས་དོན་གང་ཉམས་སུ་ལེན་ཀྱང་། ཉམས་སུ་བླང་བའི་དུས་སུ་ཉམས་མྱོང་ངམ་རྟོག་པའི་དྲོད་རྟགས་མི་འཆར་མི་སྲིད་པ་ཡིན། དེ་མ་ཤར་ན་ཉམས་སུ་མ་བླངས་པ་ཡིན། ཡང་ན་ཉམས་སུ་བླངས་ཀྱང་རྒྱུད་ལ་མ་སྐྱེས་པ་ཡིན། ཡང་ན་སྐྱེས་ཀྱང་བརྟན་པ་མ་ཐོབ་པ་ཡིན། དེ་ཡང་སྤྱིར་དྲོད་རྟགས་ལ་གཉིས། དྲང་དོན་ཐབས་ཀྱི་ལམ་ཉམས་སུ་བླངས་པའི་དྲོད་ཚད་ངོས་བཟུང་བ་དང་། ངེས་དོན་གནས་ལུགས་རྟོགས་པར་བྱེད་པའི་ཤེས་རབ་ཀྱི་ལམ་ཉམས་སུ་བླངས་བའི་དྲོད་ཚད་ངོས་བཟུང་བའོ། །དེ་ལྟར་གཉིས་ཡོད་པ་ལས་དང་པོ་དེ་མི་སྟོན། གཉིས་པ་ངེས་དོན་གནས་ལུགས་རྟོགས་པར་བྱེད་པ་ཤེས་རབ་ཀྱི་ལམ་ཉམས་སུ་བླངས་པའི་ཉམས་མྱོང་ངམ། དྲོད་རྟགས་ཀྱི་སྒོ་ནས་དྲོད་ཚད་ངོས་འཛིན་པར་བྱེད་པ་དཔེར་ན་ཞིང་པ་སོ་ནམས་མཁན་ལྟ་བུའི་གདམས་ངག་འདི་སྟོན། དེ་ཡང་དཔེར་ན་ཞིང་པ་སོ་ནམས་བྱེད་པ་རྣམས་ཀྱིས། དང་པོ་རྨོས་བྱེད་པའི་དུས་ཚོད་དང་། དེ་ནས་འདེབས་པའི་དུས་ཚོད་དང་། ཐ་མ་བཙའ་བའི་དུས་ཚོད་རིག་དགོས། དེ་མ་ཤེས་ན་ལོ་ཐོག་ཕུན་སུམ་ཚོགས་པ་མི་འབྱུང་བ་བཞིན་དུ། འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ། ངེས་པ་དོན་གྱི་གདམས་ངག་ཉམས་སུ་ལེན་པ་རྣམས་ཀྱིས། དང་པོ་སྣང་བ་སེམས་སུ་གཏན་ལ་ཕབ་ནས་ཉམས་སུ་ལེན་དགོས། དེ་ནས་སེམས་ཉིད་སྟོང་པར་གཏན་ལ་ཕབ་ནས་ཉམས་སུ་ལེན་དགོས། སྤྱིར་ཤེས་བྱ་ལ་སྒྲོ་འདོགས་ཆོད་དགོས། གཉིས་མེད་ཀྱི་དོན་གཏན་ལ་ཕབ་ནས་ཉམས་སུ་ལེན་དགོས། དེ་ལྟར་༼༤༡ན༽ཉམས་སུ་བླང་བའི་དུས་སུ་སྣང་བ་སེམས་སུ་གཏན་ལ་ཕེབས་ན། དྲོད་རྟགས་འདི་འཆར་དགོས་པ་ཡིན། རྟགས་འདི་མ་བྱུང་ན་གཏན་ལ་ཕེབས་ཟེར་ཀྱང་མ་ཕེབས་པ་ཡིན། གཉིས་པ་སེམས་ཉིད་སྟོང་པར་གཏན་ལ་ཕབ་ནས་ཉམས་སུ་བླང་པའི་དུས་སུ་གཏན་ལ་ཕེབས་ན་རྟགས་འདི་ལྟ་བུ་འཆར་དགོས་པ་ཡིན། རྟགས་དེ་མ་བྱུང་ན་སྒྲོ་འདོགས་ཆོད་ཟེར་ཀྱང་མ་ཆོད་པ་ཡིན་ནོ། །གཉིས་མེད་ཀྱི་དོན་གཏན་ལ་ཕེབས་ནས་ཉམས་སུ་བླངས་བའི་དུས་སུ། དྲོད་རྟགས་འདི་འཆར་དགོས་པ་ཡིན། རྟགས་དེ་མ་བྱུང་ན་གཏན་ལ་ཕེབས་ཟེར་ཀྱང་མ་ཕེབས་པ་ཡིན་སྙམ་དུ་དྲོད་ཚད་ཤེས་པར་བྱས་ནས་ཉམས་སུ་བླང་། འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ་ཚེགས་མེད་པས་ན། དྲོད་ཚད་ཀྱི་གདམས་ངག་འདི་སྟོན། ཉམས་རྟོགས་ཀྱི་དྲོད་ཚད་ཟིན་པ་ལ་ཞིང་པ་ལྟ་བུའི་གདམས་ངག་འདི་ལ་བཞི། ཕྱི་རོལ་དཀར་དམར་གྱི་སྣང་བ་སེམས་སུ་ཤེས་པ་དང་སྣང་བ་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་ཀྱང་བདེན་པའི་ཆོས་སུ་ཕྱི་རོལ་ན་གྲུབ་པ་མེད་དེ་འཁྲུལ་པར་སྣང་བ་ཡིན་ནོ། །དེ་ལྟར་ཡང་བརྒྱད་སྟོང་པ་ལས་ཀྱང་། སྣང་བ་འདི་སེམས་ཀྱི་འཁྲུལ་པས། ཞེས་པ་དང་། ཕལ་པོ་ཆེ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་པ་དང་། དོ་ཧ་ལས་ཀྱང་། འཁོར་བའི་རང་བཞིན་སེམས་ཀྱི་ངོ་བོ་ཉིད་ཡིན་ཞེས། རྨོངས་པ་མདའ་བསྣུན་གྱིས་སྨྲས་ཙ་ན་ཤེས་པར་བྱོས། ཤེས་པ་དང་། སྒྲོན་མ་ལས་ཀྱང་། ཆོས་རྣམས་སེམས་ཀྱི་འཁྲུལ་པ་སྟེ། །སེམས་ལས་མ་གཏོགས་རྣམ་རྟོག་མེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ལུང་དང་རིགས་པའི་སྒོ་ནས་གཏན་ལ་ཕབ་ཀྱིན་༼༤༡བ༽བསྒོམས་པས་སྣང་བ་འདི་སེམས་ཀྱི་འཁྲུལ་པར་རུང་། སྣང་བ་སྒྱུ་མ་ལྟ་བུར་ཤར་བ། སྣང་བ་ལ་ཞེན་པ་རང་གྲོལ་དུ་སོང་བ་གཉིས་དུས་ཅིག་ཏུ་འབྱུང་བ་ཡིན་ཏེ། དཔེར་ན་སྨིག་རྒྱུ་ལ་ཆུར་སྣང་བའི་དུས་སུ། སྨིག་རྒྱུ་ཡིན་པར་ངོ་ཤེས་པས་ཆུ་ཐིགས་པ་གཅིག་ཀྱང་ཡོད་མ་མྱོང་བར་ཤེས་པ་དང་། ཆུར་འཛིན་གྱི་རྟོག་པའི་ཞེན་པ་མེད་པ་དུས་གཅིག་ཏུ་འབྱུང་བ་ཡིན་ནོ། །སྣང་བ་ལ་ཞེན་པ་མ་འགགས་ཤིང་སྒྱུ་མར་མ་ཤེས་ན། སྣང་བ་སེམས་སུ་གཏན་ལ་ཕེབས་ཟེར་ཀྱང་གཏན་ལ་མ་ཕེབས་པ་ཡིན། ཡང་ན་གཏན་ལ་ཕེབས་ཀྱང་བརྟན་པ་མ་ཐོབ་པ་ཡིན་པས། སྔ་མ་བཞིན་དུ་ལུང་རིགས་ཀྱི་སྒོ་ནས་ཡང་དང་ཡང་དུ་གཏན་ལ་ཕབ་ཀྱིན་བསྒོམ་གསུང་ངོ་། །དེ་ལྟར་སྣང་བ་འདི་ཐམས་ཅད་ཀྱང་ཕྱི་རོལ་ན་བདེན་པའི་ཆོས་སུ་གྲུབ་པ་མེད་དེ། རང་གིས་སེམས་ཀྱི་འཁྲུལ་པར་ཤེས་པ་དང་། ཤེས་པ་ཁ་ནང་དུ་ལོག་ལ་སེམས་ལ་ལྟོས་དང་། བལྟས་པས་སེམས་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དེ་ནམ་མཁའི་དཀྱིལ་ལྟ་བུ་ཅིག་ཡིན་ནོ། །དེ་ལྟར་ཡང་རྒྱུད་ལས། སེམས་ཀྱི་རང་བཞིན་འོད་གསལ་བ། །ཉོན་མོངས་པ་རྣམས་གློ་བུར་བ། །ཞེས་པ་དང་། དོ་ཧ་ལས་ཀྱང་། སེམས་ནི་ནམ་མཁའ་ལྟ་བུར་བཟུང་བྱ་སྟེ། །ཞེས་པ་དང་། གདོད་ནས་དག་པ་ནམ་མཁའི་རང་བཞིན་ཉིད། །བལྟས་ཤིང་བལྟས་ཤིང་མཐོང་བ་འགགས་པར་འགྱུར། །ཞེས་པ་དང་། འདོད་ཆགས་མི་དམིགས་དེ་བཞིན་ཞེ་སྡང་དང་། །གཏི་མུག་འདི་ལ་ནམ་ཡང་མི་དམིགས་ཏེ། །ཆོས་རྣམས་ཐམས་ཅད་ནམ་མཁའ་འདྲའོ་ཞེས། །དེ་ལྟར་གང་ཤེས་དེ་ནི་རྒྱལ་བར་འགྱུར། །ཞེས་པ་དང་། སྒྲོན་མ་ལས་ཀྱང་། སེམས་ཀྱང་ཡེ་ནས་སྐྱེ་མེད་ལ། །སྒོམ་པ་པོ་༼༤༢ན༽དག་གང་ལ་ཡོད། །ཅེས་གསུངས་པས་སོ། །དེ་ལྟར་ལུང་དང་རིགས་པས་གཏན་ལ་ཕབ་ཀྱིན་ཉམས་སུ་བླངས་པས། སེམས་ཉིད་སྟོང་པར་གཏན་ལ་ཕེབས་ཤིང་སྒྲོ་འདོགས་ཆོད་པ་ཞིག་འོང་སྟེ། དེ་ལྟར་སེམས་ཀྱི་ཆོས་ཉིད་སྟོང་པར་གཏན་ལ་ཕེབས་ཤིང་སྒྲོ་འདོགས་ཆོད་པ་དང་། ཆགས་སྡང་གི་གནོད་པ་ཞི་བ་དུས་གཅིག་ཏུ་འབྱུང་བ་ཡིན་ཏེ། དཔེར་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་པ་ལ་ཐག་པ་ཡིན་པར་ངོ་ཤེས་ཤིང་ཐག་པར་མཐོང་བ་དང་། སྦྲུལ་དུ་སྣང་བ་ཡང་མེད་ལ། སྦྲུལ་དུ་འཛིན་པ་ཡང་མེད་པ་དུས་མཉམ་པ་བཞིན་ནོ། །དེ་ལྟར་ཉོན་མོངས་པ་རང་གྲོལ་དུ་མ་སོང་ན། སེམས་ཉིད་འོད་གསལ་ཆོས་སྐུར་གཏན་ལ་ཕེབས་ཟེར་ཡང་མ་ཕེབས་པ་ཡིན། ཡང་ན་ཕེབས་ཀྱང་བརྟན་པ་མ་ཐོབ་པ་ཡིན་པས། སྔ་མ་བཞིན་དུ་ལུང་དང་རིགས་པའི་སྒོ་ནས་ཡང་དང་ཡང་དུ་གཏན་ལ་ཕབ་ཀྱིན་བསྒོམ་གསུང་ངོ་། །ཤེས་བྱའི་ཆོས་ཐམས་ཅད་ཀྱང་བསྡུ་ན་འཁོར་འདས་གཉིས་སུ་མ་འདུས་པ་མེད་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རིགས་པས་བརྟགས་ཤིང་དཔྱད་ལ་སྒྲོ་འདོགས་ཆོད་པ་དང་། འཁོར་འདས་དང་བདེ་སྡུག་ལ་སོགས་པ་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྐྱེ་མེད་དུ་ངོས་ཟིན་ནས། གནས་ལུགས་མ་བཅོས་པའི་ངང་ལ་ལྷུན་གྱིས་རང་སར་གནས་པ་གཉིས་དུས་གཅིག་ཏུ་འབྱུང་བ་ཡིན་ཏེ། དཔེར་ན་བྱ་རོག་གཟིངས་ལ་ཆགས་པ་ལྟ་བུ་ཅིག་འབྱུང་བ་ཡིན། དེ་ལྟར་རྒྱན་ལས་ཀྱང་། བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པ་ཆོས་ཀྱི་དབྱིངས་ལ་གནས། །ཞེས་པ་དང་། སྒྲོན་མ་ལས་ཀྱང་། བརྗོད་པའི་གཙོ་བོ་སེམས་དེ་ཉིད། །མ་སྐྱེས་དངོས་གཞི་ཡོད་མིན་ན། །བསྒོམ་དང་༼༤༢བ༽བསྒོམ་དུ་མེད་པ་ཡིན། །ཐ་སྙད་གང་དང་གང་གིས་འཇུག །ཅེས་པ་དང་། ས་ར་ཧས་ཀྱང་། ཐ་མི་དད་པའི་ཡེ་ཤེས་ཁོ་ན་ཕྱོགས་གཅིག་པུ། །རང་བཞིན་ཁྱབ་པའི་སེམས་ཀྱིས་རང་ལ་ཁྱབ་པར་འགྱུར། །ཞེས་གསུངས་པས་སོ། །དེ་ལྟར་བསྒོམས་ཀྱང་གནས་ལུགས་ཀྱི་ངང་ལ་གནས་སུ་མི་བཏུབ་པར་བྱིང་རྒོད་ཀྱི་སྐྱོན་གྱིས་གོས་ན་ཤེས་བྱ་ལ་སྒྲོ་འདོགས་ཆོད་ཟེར་ཡང་མ་ཆོད་པ་ཡིན། ཡང་ན་ཆོད་ཀྱང་བརྟན་པ་མ་ཐོབ་པ་ཡིན་པས། ལུང་དང་རིགས་པའི་སྒོ་ནས་ཡང་དང་ཡང་དུ་སྒྲོ་འདོགས་བཅད་ཅིང་བསྒོམ་གསུང་། སྤྱིར་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད། སྐྱོན་དང་ཡོན་ཏན་གཉིས་སུ་མེད། སྣང་བ་དང་སྟོང་པ་གཉིས་སུ་མེད། སྤང་བྱ་དང་གཉེན་པོ། བསྒོམ་པ་དང་མི་བསྒོམ་པ་ལ་སོགས་པ་ཐམས་ཅད་ཀྱང་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་རོ་གཅིག་ཅིང་དབྱེར་མེད་དོ། །དེ་ལྟར་ཡང་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང་། འཁོར་བ་དང་ནི་མྱ་ངན་འདས། །འདི་གཉིས་ཐ་དད་ཡོད་མ་ཡིན། །འཁོར་བའི་ཆོས་ཉིད་རྟོགས་པ་ལ། །མྱ་ངན་འདས་ཤེས་རབ་ཏུ་བརྗོད། །ཅེས་གསུངས་པ་དང་། དོ་ཧ་ལས་ཀྱང་། ལས་རྣམས་གང་ལ་དགེ་དང་སྡིག་པ་གཉིས་རྟོག་པ། །གང་ཞིག་རྩོལ་བ་དེ་ནི་དགེ་དང་སྡིག་པའི་སྦྱོར་བར་བཤད། །གང་གིས་སྤྱད་པ་དེ་ནི་རང་གིས་རང་ལ་བཅིངས་པའོ། །ཞེས་གསུངས་པའོ། །དེ་ལྟར་ལུང་དང་རིགས་པའི་སྒོ་ནས་ཡང་དང་ཡང་དུ་གཏན་ལ་ཕབ་ནས་བསྒོམ་དགོས་པ་ཡིན་གསུང་། གཉིས་སྣང་གི་རྟོག་པ་དང་གཉིས་མེད་ཀྱི་རྟོག་པ་གཉིས་དུས་གཅིག་ཏུ་འབྱུང་བ་ཡིན་ཏེ། དཔེར་ན་སྒྱུ་མའི་རྟ་གླང་ལ་སྒྱུ་མ་ཡིན་པར་ཤེས་པ་དང་། རྟ་གླང་གི་འཛིན་པ་དང་བྲལ་བ་གཉིས་དུས་གཅིག་ཏུ་འབྱུང་བ་བཞིན་ནོ། །དེ་ཡང་༼༤༣ན༽ཕྱི་རོལ་གྱི་གཉིས་སྣང་གི་རྟོག་པ་མ་དག་པར་འདུག་ན། ནང་དུ་གཉིས་མེད་ཀྱི་དོན་རྟོགས་ཟེར་ཀྱང་མ་རྟོགས་པ་ཡིན་ནོ། །ཡང་ན་རྟོགས་ཀྱང་བརྟན་པ་མ་ཐོབ་པ་ཡིན་པས། ལུང་དང་རིགས་པའི་སྒོ་ནས་ཡང་དང་ཡང་དུ་གཏན་ལ་ཕབ་ཀྱིན་བསྒོམ་དགོས་པ་ཡིན་གསུང་ངོ་།། ༡༦ །།བླ་མ་རིན་པོ་ཆེའི་ཞལ་ནས། འོ་སྐོལ་ད་ལྟ་མངོན་པར་མཐོ་བ་ལྷ་དང་མིའི་སྟེགས་ལ་འཛེགས་ནས་ངེས་པར་ལེགས་པ་བྱང་ཆུབ་རྣམ་པ་གསུམ་ཐོབ་པར་འདོད་པས། ཐེག་པ་གསུམ་གྱི་སྒོར་ཞུགས་ནས་སྒྲུབ་པ་ཉམས་སུ་ལེན་དགོས་པ་ལ། ད་རེས་ཉན་རང་གི་ཐེག་པའི་སྒོར་ཞུགས་ནས། ཉན་རང་གི་བློ་དེ་སྒྲུབ་པར་བྱེད་པ་ན་ལྟ་སྒོམ་བློའི་རྟེན་དང་མ་བྲལ་ཞིང་། སྤྱོད་པས་གཞན་དོན་གྱི་འཕྲིན་ལས་མི་འགྲུབ་པར་འདུག་པས་ད་རེས་དེ་ནི་མི་སྟོན། ཐེག་པ་ཆེན་པོའི་སྒོར་ཞུགས་ནས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་ཤིག་སྟོན། དེ་ལ་དོན་བཞི། ལྟ་བ་རྣམ་པར་དག་པ་དང་། སྒོམ་པ་རྣམ་པར་དག་པ་དང་། སྤྱོད་པ་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པའོ། །དེ་གཉིས་ཀྱང་བསྡུ་ན་ལམ་དང་འབྲས་བུ་གཉིས་སུ་འདུས། དེ་ཡང་དང་པོ་གསུམ་གྱིས་ལམ་བསྟན་ལ། ཐ་མས་ནི་འབྲས་བུ་བསྟན་པའོ། །ལམ་ལ་གསུམ་དུ་འོང་བ་ཡང་། སྤྱིར་ལམ་ལ་མཉམ་བཞག་དང་རྗེས་ཐོབ་གཉིས་ཡོད་པ་ལས། དང་པོ་གཉིས་ཀྱིས་ནི་མཉམ་གཞག་བསྟན་ལ། སྤྱོད་པས་རྗེས་ཐོབ་བསྟན་པའོ། །མཉམ་བཞག་ལ་ལྟ་སྒོམ་གཉིས་བསྟན་པས། ལྟ་བ་གནས་ལུགས་དོན་གྱི་ཕུ་ཐག་ལྷུན་གྱིས་གྲུབ་པའི་ལྟ་བ་རྣམ་པར་དག་པ་ཞིག་ཡོད་ཙ་ན། སྒོམ་པ་གོལ་སྒྲིབ་ཀྱི་མཐར་ལྷུང་མི་སྲིད། སྒོམ་པ་རྣམ་༼༤༣བ༽པར་དག་པ་ཞིག་འབྱུང་ངེས་ཤིང་། རྗེས་སུ་འགྲོ་ངེས་སོ། །དང་པོ་ལྟ་བས་ཐག་མ་ཆོད་དེ། ལྟ་བ་མ་དག་ཙ་ན་སྒོམ་པ་རྣམ་པར་དག་པ་འབྱུང་མི་སྲིད་དེ། གོལ་སྒྲིབ་ཀྱི་མཐར་ལྷུང་ངེས་སོ། །བཟློག་ངེས་སོ། །དེས་ན་དང་པོ་གཏན་ལ་འབེབས་པའི་དུས་སུ། ཤེས་བྱའི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པར་གཏན་ལ་ཕབ་ནས། གཏན་ལ་ཕབ་པའི་དོན་དེ་ཉིད་རང་གི་རྒྱུད་ལ་བཀལ་ནས་སྒོམ་པས་ཉམས་སུ་ལེན་དགོས། དེ་ལྟར་ཉམས་སུ་བླངས་པས་རྗེས་ཐོབ་ཀྱི་དུས་སུ་སྣང་བ་འདི་ཐམས་ཅད་ཀྱང་རྨི་ལམ་སྒྱུ་མ་ཙམ་དུ་འཆར་རོ། །དེ་ལྟར་ཤར་ཙ་ན་རྨི་ལམ་སྒྱུ་མ་ཙམ་དུ་སྡིག་པ་མི་དགེ་བ་སྤོང་ཞིང་། དགེ་བ་ཡང་རྨི་ལམ་སྒྱུ་མ་ཙམ་དུ་ཉམས་སུ་ལེན་ནོ། །དེ་ལྟར་ལྟ་བ་སྒོམ་པ་སྤྱོད་པ་གསུམ་རྣམ་པར་དག་པ་ཞིག་ཡོད་ཙ་ན་འབྲས་བུ་རྣམ་པར་དག་པ་ཞིག་མི་འཆར་མི་སྲིད་དོ། །དེས་ན་ཆོས་བཞི་པོ་དེ་མི་ཚང་ཁ་མེད་དུ་འདུག་པས་ན། མན་ངག་བཞི་སྒྲོམ་དུ་བཅུག་ནས་ལམ་གྱི་སྲོལ་འབྱེད་པ་ཤིང་རྟའི་འཁོར་ལོ་ལྟ་བུའི་གདམས་ངག་འདི་སྟོན། དེ་ཡང་མན་ངག་བཞི་སྒྲོམས་སུ་བཅུག་ནས། ཞེས་པ་ནི། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ་དང་བཞི། ལམ་འབྲས་བུ་བཞི་སྟེ་ལམ་འབྲས་ཚར་གཅིག་ཏུ་ཁྱེར་ནས་ལམ་གྱི་སྲོལ་འབྱེད་པ་དེ་ཤིང་རྟའི་འཁོར་ལོ་ལྟ་བུ་ཡིན་ཏེ། དཔེར་ན་ཤིང་རྟ་དེ་ལ་འཁོར་ལོ་བཞི་ཀ་ཚང་དགོས། གང་རུང་ཞིག་མ་ཚང་ན་ཡང་ཤིང་རྟ་དེ་དྲང་དུ་མི་བཏུབ། དེ་བཞིན་དུ་གང་ཟག་ཅིག་སངས་རྒྱས་ཐོབ་པར་བྱེད་པ་ལ། ཆོས་བཞི་པོ་མི་ཚང་ཁ་མེད་དུ་དགོས་པ་ཡིན་ཏེ། ཤིང་རྟའི་འཁོར་ལོ་ལྟ་བུའི་གདམས་ངག་འདི་ལ་༼༤༤ན༽དོན་བཞི། དང་པོ་ལྟ་བས་ཆོས་ཉིད་ཀྱི་དོན་ལ་ཕུ་ཐག་བསྲིང་བ་དང་། ཞེས་པ་ནི། ཕྱི་རོལ་དཀར་དམར་གྱི་སྣང་བ་སྣ་ཚོགས་སུ་སྣང་བ་དང་། ནང་དྲན་རིག་གི་རྟོགས་པ་སྣ་ཚོགས་སུ་འཆར་བ་འདི་ཐམས་ཅད་ཀྱང་འོད་གསལ་ཆོས་ཀྱི་སྐུ་ཡིན། འོ་ན་དྲན་སྣང་གི་ཆོས་ལ་འཕེལ་འགྲིབ་དང་འགྱུར་བ་ཡོད་པ་བཞིན་དུ། འོད་གསལ་ཆོས་སྐུ་ལ་ཡང་འགྱུར་བ་འོང་ངམ་ཞེ་ན། སྐྱོན་མེད་དེ་དྲན་སྣང་ལ་འཕེལ་འགྲིབ་ཏུ་སྣང་བའི་དུས་ཉིད་ན། དྲན་སྣང་ལ་འཕེལ་འགྲིབ་ཡོད་མ་མྱོང་སྟེ། དྲན་སྣང་རང་འོད་གསལ་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་ཏེ། དཔེར་ན་རབ་རིབ་ཅན་ལ་སྐྲ་ཤད་སྣང་བའི་དུས་སུ་སྣང་བའི་དུས་ཉིད་ན་ནམ་མཁའི་རང་བཞིན་ཏེ། དོན་ལ་ནམ་མཁའ་དང་སྐྲ་ཤད་ཡོད་མ་མྱོང་བ་དང་། སྐྲ་ཤད་ལ་འཕེལ་འགྲིབ་ཏུ་སྣང་ཡང་རང་གི་མིག་འཁྲུལ་ནས་སྣང་བ་ལས་དོན་ལ་འཕེལ་འགྲིབ་ཡོད་མ་མྱོང་སྟེ། ནམ་མཁའ་རང་ཡིན་པའི་ཕྱིར་རོ། །དེས་ན་ནམ་མཁའ་དང་སྐྲ་ཤད་ཇི་ལྟར་སྣང་བ་ནམ་མཁའ་རང་ཡིན་པས། དོན་ལ་སྐྲ་ཤད་སྣང་བས་ནམ་མཁའ་འཕེལ་ཞིང་འགྲིབ་པའམ། མི་སྣང་བས་འཕེལ་བ་མེད་འགྱུར་བ་མེད་པས། བླང་དོར་རམ་བཅས་བཅོས་བྱར་མེད་དོ། །དཔེ་དེ་བཞིན་དུ་དྲན་སྣང་གི་ཆོས་ཐམས་ཅད་ལ་ཡང་བདེ་བ་དང་སྡུག་པ། སྤང་བྱ་དང་གཉེན་པོ། །སྐྱོན་དང་ཡོན་ཏན་ལ་སོགས་པ་སྣ་ཚོགས་སུ་སྣང་ཡང་ཐམས་ཅད་ཀྱང་འོད་གསལ་ཆོས་ཀྱི་སྐུའི་རང་བཞིན་ཡིན་པས། བཅས་བཅོས་དང་། འཕེལ་འགྲིབ་དང་། དགག་སྒྲུབ་དང་སྤང་བླང་བྱར་མེད་དེ། རྒྱུད་བླ་མ་ལས་ཀྱང་། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཅེས་གསུངས་པས་སོ། །འོ་ན་སྣང་བ་ཇི་༼༤༤བ༽ལྟར་ཡིན་ན། སྣང་བ་འདི་འཁྲུལ་པའི་སྣང་བ་ཡིན་ཏེ། དོན་ལ་ཡོད་མ་མྱོང་ངོ་། །དེ་ལྟར་ཡང་མདོ་ལས། ཅི་སྟེ་ངོ་བོ་ཉིད་དུ་ན། །སྣང་བ་འདི་དག་མེད་པ་སྟེ། །ཡང་དག་ཏུ་ན་སྣང་མེད་པའི། །རྣམ་པར་ཤེས་པ་འཁྲུལ་པར་སྣང་། །ཞེས་གསུངས་སོ། །འོ་ན་འཁྲུལ་པའི་སྣང་བ་དེ་རང་སྤང་དགོས་པ་མིན་ནམ་ཞེ་ན། སྤང་མི་དགོས་ཏེ་འཁྲུལ་པ་ལ་འཁྲུལ་པར་ཤེས་པ་དང་། འཁྲུལ་པའི་སྣང་བ་རང་སར་དག་པ་གཉིས་དུས་མཉམ་སྟེ། དཔེར་ན་འཁྲུལ་པ་ལ་ཐག་པ་སྦྲུལ་དུ་སྣང་བའི་དུས་སུ་འཁྲུལ་པར་ཤེས་པ་དང་། འཁྲུལ་སྣང་དག་པ་གཉིས་དུས་མཉམ་པ་བཞིན་ནོ། །དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པ་འོད་གསལ་ཆོས་ཀྱི་སྐུའི་རང་བཞིན་ཡིན་ཞིང་། སྤང་བླང་དང་ཡིན་མིན་ལ་སོགས་པ་བློ་ཡུལ་དུ་བྱར་མེད་པ་ཞིག་ཡིན་ན། བསྒོམ་པ་བསྒོམ་དུ་ཡང་མེད་པ་ཞིག་ཡིན་སྙམ་ན། གནས་ལུགས་ཀྱི་དོན་ལ་བློས་བྱར་མེད་ཅིང་བསྒོམ་པ་བསྒོམ་དུ་མེད་པ་ཡིན་ཀྱང་། རྟེན་གྱི་གང་ཟག་གིས་གནས་ལུགས་ཀྱི་དོན་དེ་ཉིད་རྒྱུད་ལ་བཀལ་ནས་ཉམས་སུ་ལེན་དགོས་པ་ཡིན། ཞེས་སྟོན་པ་ནི། གཉིས་པ་འོད་གསལ་གྱི་དོན་ལ་གོལ་སྒྲིབ་ཀྱི་འཁྱོག་བསྲང་བ་དང་། ཞེས་པ་ནི། ལྟ་བ་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་བརྗོད་དུ་མེད་པ་བློ་ལས་འདས་པའི་དོན་དེ་ཉིད་གཏན་ལ་ཕབ་ནས། སྒོམ་པས་ཉམས་སུ་ལེན་པའི་དུས་སུ་ཞེས་པ་ནི། སྤྱིར་གོལ་བ་ཐམས་ཅད་ནི་ཞེན་པའི་འཛིན་པས་གོལ་བ་ཡིན་པས། ཞེན་པའམ་འཛིན་པའི་ཆ་ཐམས་ཅད་དང་བྲལ་བར་བྱས་ལ། ཞེན་མེད་འཛིན་མེད་དུ་ཁྲེས་སེ་གཞག་གོ །བླང་དོར་བྱར་མེད་དུ་ཁྲེས་སོ་གཞག་གོ །དེ་ལྟར་མ་བཅོས་པར་གཞག་པ་དེ་ཀ་ལ་སྒོམ་ཞེས་ཐ་སྙད་བཏགས་པ་ཡིན་ནོ། །སྒྲོན་མ་ལས། ༼༤༥ན༽བཏང་སྙོམས་ཙམ་དུ་མ་བཅོས་ངང་གཞག་ན། །ཐ་སྙད་ཙམ་དུ་སྒོམ་ཞེས་དེ་ལ་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་རྒྱུ་འབྲས་ཀྱི་དོན་ལ་ལུས་ངག་གིས་ཚད་བསྡམ་པ་དང་། ཞེས་པ་ནི། དེ་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་རང་བཞིན་ཡིན་ཞིང་། བླང་དོར་བྱར་མེད་པ་ཞིག་ཡིན་ན། ད་དགེ་བ་དང་དུ་མི་ལེན་ཞིང་སྡིག་པ་སྤང་མི་དགོས་སྙམ་ན། མཉམ་བཞག་གི་དུས་ན་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་བྱར་མེད་ཅིག་རྟོགས་ཀྱང་། རྗེས་ཐོབ་ཀྱི་དུས་སུ་སྣང་བ་རྨི་ལམ་སྒྱུ་མ་ཙམ་དུ་ཡང་སྡིག་པ་མི་དགེ་བ་སྤང་ཞིང་། དགེ་བ་ཉམས་སུ་ལེན་དགོས་ཏེ། སྤྱིར་རྒྱུ་འབྲས་ལ་གཉིས། ཞེན་པའི་རྒྱུ་འབྲས་དང་། སྣང་བ་ཙམ་གྱི་རྒྱུ་འབྲས་སོ། །དང་པོ་ནི། འོ་སྐོལ་སོ་སོ་སྐྱེ་བོ་དངོས་པོ་ལ་མངོན་པར་ཞེན་པ་རྣམས་ཀྱིས་འཁྲུལ་པའི་སྒོ་ནས་ལས་དགེ་མི་དགེ་སྤྱད་པས། དེའི་འབྲས་བུ་ཡང་འཁོར་བའི་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་བ་ཡིན་ནོ། །གཉིས་པ་ནི། རྣལ་འབྱོར་པ་རྟོགས་པ་དང་ལྡན་པ་རྣམས་ཀྱིས་སྣང་བ་འདི་རྨི་ལམ་སྒྱུ་མ་ལྟ་བུ་རྟོགས་ནས། ལས་དགེ་མི་དགེ་ཐམས་ཅད་ཀྱང་རྨི་ལམ་སྒྱུ་མ་ལྟ་བུར་སྤྱད་པས། འབྲས་བུ་ཡང་རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་མྱོང་བའོ། །སྣང་བ་སྒྱུ་མ་ལྟ་བུར་རྟོགས་ནས་རྒྱུ་ལས་དང་ཉོན་མོངས་པ་འབྱུང་བར་མི་འཐད་ཅེ་ན། མི་འཐད་པ་མེད་དེ་སྟོང་པ་ཉིད་ཀྱི་དོན་རྟོགས་པ་དེ་ཡང་། སྣང་བ་སྒྱུ་མ་ལྟ་བུར་རྟོགས་ཀྱང་སྟོང་པ་ཉིད་ཀྱི་དོན་གོམས་པས་མཐར་ཕྱིན་ཏེ་བག་ཆགས་སྲབ་པས། ལས་དང་ཉོན་མོངས་པ་མེད་ན་འབྱུང་བ་རག་པོ་མེད་ཀྱང་། ཕྲ་བ་བག་ལ་ཉལ་མ་སྤངས་༼༤༥བ༽པས་འབྱུང་བ་ཡིན་ནོ། །དེ་ལྟར་ཡང་སྤྱོད་འཇུག་ལས། གང་ཚེ་སྒྱུ་མའི་བུད་མེད་ལ། །དེ་བྱེད་ཉིད་ཀྱང་ཆགས་སྐྱེ་ན། །དེ་བྱེད་པ་ནི་ཤེས་བྱ་ལ། །ཉོན་མོངས་བག་ཆགས་མ་སྤངས་པ། །དེས་ན་དེ་མཐོང་བ་ན་དེ། །སྟོང་ཉིད་བག་ཆགས་ཉམ་ཆུང་ཉིད། །ཅེས་གསུངས་པས་སོ། །དེ་ལྟར་ལས་དགེ་མི་དགེ་སྤྱད་ཀྱང་། བདེན་ཞེན་མེད་པས་འབྲས་བུ་འབྱིན་པར་མི་འཐད་དོ་ཞེ་ན། དེ་ཡང་མི་འཐད་པའི་རྒྱུ་མེད་དེ། རྒྱུ་ལ་ཞེན་པ་མེད་དེ་སྒྱུ་མ་ལྟ་བུར་སྤྱད་པས། འབྲས་བུ་ཡང་ཞེན་པ་མེད་པ་སྒྱུ་མ་ལྟ་བུར་ཉམས་སུ་མྱོང་བ་ཡིན་ནོ། །རྒྱུད་བླ་མའི་འགྲེལ་པ་ལས། སོ་སོ་སྐྱེ་བོ་དང་ཉན་རང་དང་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་བཞི་ལས། ཆོས་སྐུ་མངོན་དུ་འགྱུར་དུ་མི་སྟེར་བའི་སྒྲིབ་པ་བཞི་ཡོད་དེ། མ་རིག་བག་ཆགས་དང་། ཟག་པ་མེད་པའི་ལས་བརྒྱད་དང་། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་དང་། ཡིད་ཀྱིས་སྤྲུལ་པའི་ལུས་ལེན་པ་དང་བཞི་ཡོད་པར་བཤད་དོ། །རྒྱུ་འབྲས་ཡོད་མེད་ཀྱི་མཚམས་ནི། ཆོས་ཉིད་ཀྱི་དོན་མ་རྟོགས་ཤིང་། སྣང་བ་སྒྱུ་མ་ལྟ་བུར་མ་རྟོགས་ཀྱི་བར་དུ་ཞེན་པའི་རྒྱུ་འབྲས་ཡོད་ལ། ཆོས་ཉིད་བདེན་པའི་དོན་རྟོགས་སྣང་བ་སྒྱུ་མ་ལྟ་བུར་རྟོགས་ཀྱང་། གོམས་པ་མཐར་མ་ཕྱིན་གྱི་བར་དུ་སྣང་བ་ཙམ་གྱི་རྒྱུ་འབྲས་ཡོད། ཧྲིལ་གྱིས་དྲིལ་བས་ཆོས་སྐུ་མ་རྟོགས་ཀྱི་བར་དུ་རྒྱུ་འབྲས་ཡོད་ལ། ཆོས་སྐུ་རྟོགས་ནས་རྒྱུ་འབྲས་བྱ་བའི་མིང་མེད་དོ། །བཞི་པ་འབྲས་བུ་ལྷུན་གྲུབ་ཀྱི་དོན་ལ་རེ་དྭོགས་ཀྱི་བློ་དང་བྲལ་བའོ། །ཞེས་པ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་རང་བཞིན་དུ་གཏན་ལ་ཕེབས་ནས། ཆོས་སྐུ་ལོགས་ནས་ཐོབ་ཏུ་རེ་བ་ཡང་མེད་ལ་འཁོར་༼༤༦ན༽བར་ལྟུང་གིས་དོགས་པ་ཡང་མེད་དོ། །རེ་དྭོགས་ཀྱི་བློ་ཡོད་པ་ཇི་སྲིད་དུ་འབྲས་བུ་ལྷུན་གྲུབ་ཀྱི་དོན་མི་རྟོགས་པ་ཡིན་ནོ།། ༡༧ །།བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་རྟེན་གྱི་གང་ཟག་གིས་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ། ལམ་གྱི་གནས་སྐབས་སུ་ལྟ་བ་སྒོམ་པ་སྤྱོད་པ་གསུམ་གྱི་ལམ་སྲང་དུ་ཧྲིལ་གྱིས་བཅུག་ནས། ཉམས་སུ་ལེན་དགོས་པ་ཡིན། དེ་ལྟར་དགོས་པའི་རྒྱུ་མཚན་ཡང་། དཔེར་ན་ལྟ་བ་མིག་རྒྱངས་དང་འདྲ་བ་ཡིན། སྒོམ་པ་གོམས་པ་དང་འདྲ་བ་ཡིན། སྤྱོད་པ་སྐྱེལ་མ་དང་འདྲ་བ་ཡིན། འབྲས་བུ་ཡིད་བཞིན་ནོར་བུ་རིན་པོ་ཆེ་དང་འདྲ་བ་ཡིན་ནོ། །དེས་ན་དང་པོ་ལྟ་བ་གནས་ལུགས་ཕྱིན་ཅི་མ་ལོག་པ་ཞིག་གལ་ཆེ། དེ་མ་རྟོགས་ཤིང་གཏན་ལ་མ་ཕེབས་ན། སྒོམ་པ་ཡིད་སྨོན་དུ་འཆོར་རོ། །དེ་ཤོར་བས་སྤྱོད་པ་ཚུལ་འཆོས་སུ་འགྲོ །དེ་ལྟར་སོང་བས་འབྲས་བུ་སྐུ་གསུམ་མི་ཐོབ། དེས་ན་འབྲས་བུ་སྐུ་གསུམ་ཐོབ་པ་ལ། དང་པོ་ལྟ་བའི་ཡིན་ལུགས་ཤེས་ཤིང་གནས་ལུགས་གོ་དགོས། དེ་ལྟར་ལྟ་བའི་གནས་ལུགས་ཤེས་ཤིང་གོ་བའི་དུས་སུ། བདེ་སྡུག་འཁོར་བའི་ཆོས་ཐམས་ཅད་ལ་ཉམ་ང་བ་དང་། བག་ཚ་བ་མེད་པ་ལྟ་བའི་གདེང་དང་ལྡན་པ་སེང་གེ་ལྟ་བུ་ཡིན་ཏེ། དཔེར་ན་སེང་གེ་ལ་ཆོས་རྣམ་པ་བཞི་ཡོད་དེ། ཁོ་སྟོབས་དང་ལྡན་པ་ཡིན་པ་དང་། ཁོ་ལས་སྟོབས་ཆེ་བ་གཞན་མེད་པ་དང་། ཁོའི་སྟོབས་ལ་འཕེལ་འགྲིབ་མེད་པ་དང་། ཡེ་ནས་སྟོབས་དང་ལྡན་པ་ཡིན་པས་ན། སྟག་དང་དོམ་དང་དྲེད་ལ་སོགས་པ་ཐམས་ཅད་ཀྱིས་ཁོ་མཐོང་བའི་དུས་སུ་འཇིགས་ཤིང་སྐྲག་ལ། ཁོ་གང་ལ་ཡང་༼༤༦བ༽འཇིགས་པ་དང་ཉམ་ང་བ་མེད་པར་རྒྱུ་བ་བཞིན་དུ། རྟོགས་པ་དང་ལྡན་པའི་རྟེན་གྱི་གང་ཟག་ཅིག་གིས་དང་པོ་ལྟ་བའི་ཡིན་ལུགས་ཤེས་ཤིང་། གནས་ལུགས་གོ་བའི་དུས་སུ་ཆོས་བཞི་ཡིན་ཏེ། སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྐྱེ་བ་མེད་པ་ཡིན་པ་དང་། དེ་ཡང་མཐའ་དབུས་མེད་ཅིང་སྤྲོས་པ་དང་བྲལ་བ་ཞིག་ཡིན་པ་དང་། དུས་ཐམས་ཅད་དུ་འཕེལ་འགྲིབ་བམ་འགྱུར་བ་མེད་པ་དང་། གདོད་མ་ནས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པ་ཞིག་ཏུ་རྟོགས་པས། འཁྲུལ་སྣང་བག་ཆགས་དང་བཅས་པ་ཐམས་ཅད་སྤངས་ཤིང་། འཁོར་བའི་སྡུག་བསྔལ་ལ་ཉམ་མི་ང་ཞིང་། མྱ་ངན་ལས་འདས་པའི་བདེ་བ་ལ་རེ་དྭོགས་མེད་པ་སེང་གེ་ལྟ་བུའི་གདམས་ངག་འདི་སྟོན། ཉམ་ང་བ་མེད་པ་ལྟ་བའི་གདེང་དང་ལྡན་པ་སེང་གེ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི་སྟེ། ཐམས་ཅད་ཆོས་ཉིད་དུ་ཤེས་པ་ཞེས་པ་ནི། སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྐྱེ་མེད་དུ་རྟོགས་པས་མཚོན་བྱའི་མིང་མེད་དེ་རང་དག་པའོ། །འདི་ལྟར་སྣང་བ་འདི་ཐམས་ཅད་ཀྱང་དག་པ་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པའམ། ཆོས་ཉིད་ཀྱི་རང་བརྡར་གོ་བའོ། །རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུ་ཡིན་ཏེ། ཞེས་པ་ནི། རིན་པོ་ཆེའི་གསེར་གླིང་དུ་ཕྱིན་ན་ཅིར་སྣང་ཐམས་ཅད་གསེར་གྱི་རང་བཞིན་དུ་སྣང་བ་ལས། ས་དང་རྡོ་བྱ་བའི་མིང་ཡང་མེད་དོ། །དཔེ་དེ་བཞིན་དུ་སྣང་བ་ཆོས་ཉིད་དུ་རྟོགས་པའི་གང་ཟག་ལ། ཆོས་ཉིད་ཀྱི་དོན་འབའ་ཞིག་ལས་ཆོས་ཅན་བྱ་བའི་མིང་ཡང་མེད་དོ། །མཐའ་དབུས་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བ་ཞིག་ཡིན། དཔེར་ན་ནམ་མཁའ་ལྟ་བུ་ཡིན་ཏེ་ནམ་མཁའ་ལ་མཐའ་བཙལ་བས་༼༤༧ན༽མཐའ་མ་རྙེད། དེ་ལ་ལྟོས་པའི་དབུས་ཀྱང་རྙེད་མི་སྲིད་དེ་མཐའ་དབུས་ཐམས་ཅད་དང་བྲལ་ལོ། །དེ་བཞིན་དུ་ཆོས་ཉིད་ཀྱི་དོན་ལ་མཐའ་དབུས་བཙལ་བས་མཐའ་དབུས་མ་རྙེད། དེ་མ་རྙེད་ན་དེ་ལ་ལྟོས་པའི་མཐའ་དབུས་ཀྱང་རྙེད་མི་སྲིད་དེ། མཐའ་དབུས་དང་བྲལ་ལོ། །ཡང་ནམ་མཁའ་དེ་ལ་ཡོད་མེད་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་བཞིན་དུ། ཆོས་ཉིད་ཀྱི་དོན་དེ་ལ་ཡང་ཡོད་པ་དང་མེད་པ་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་ཏེ། བློས་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པ་ཡིན་ནོ། །འཕེལ་འགྲིབ་བམ་འགྱུར་བ་མེད་པ་ཞེས་པ་ནི། ཆོས་ཉིད་ཀྱི་དོན་དེ་ཡང་རྟོགས་པ་དང་ལྡན་པའི་རྣལ་འབྱོར་པའི་རྒྱུད་ལ་ཡོད་པས་བཟང་དུ་མ་སོང་སྟེ་མ་འཕེལ་ལ། མ་རྟོགས་པ་སེམས་ཅན་གྱི་རྒྱུད་ལ་ཡོད་པས་ངན་དུ་མ་སོང་སྟེ་མ་འགྲིབས་སོ། །དོན་ལ་འགྱུར་བ་མེད་པ་སའི་སྙིང་པོ་གསེར་ལྟ་བུ། ཞེས་པ་ནི། དཔེར་ན་གསེར་དེ་འཇིམ་འབག་ཀྱི་གསེབ་ཏུ་བཅུག་ཀྱང་ངན་དུ་མ་སོང་ལ། འདམ་ནས་བཏོན་པ་སྦྱངས་ཤིང་བྱི་དོར་བྱས་ཀྱང་གསེར་གྱི་ངོ་བོ་བཟང་དུ་མ་སོང་བ་བཞིན་དུ། ཆོས་ཉིད་ཀྱང་སེམས་ཅན་ཀྱི་རྒྱུད་ལ་ཡོད་པས་ངན་དུ་མ་སོང་ལ་སངས་རྒྱས་ཀྱི་རྒྱུད་ལ་ཡོད་པས་བཟང་དུ་མ་སོང་སྟེ་འགྱུར་བ་མེད་པ་ཡིན་ནོ། །གདོད་མ་ནས་གནས་ཤིང་སྤྲོས་པ་དང་བྲལ་བ། སྤང་བྱའི་མིང་མེད་པ་ཉི་མ་ལྟ་བུའོ། །ཡེ་ནས་དག་པས་གདོད་མ་ནས་དག་པའོ། །དེ་ལྟར་ཡང་དོ་ཧ་ལས་ཀྱང་། སེམས་ནི་ནམ་མཁའ་འདྲ་བར་བཟུང་བྱས་ཏེ། །ཞེས་པ་དང་། གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། །བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར། །ཞེས་གསུངས་པས་སོ། །༼༤༧བ༽དཔེར་ན་ཉི་མ་དེ་རང་བཞིན་གྱིས་གསལ་ཞིང་མུན་པ་བྱ་བའི་མིང་མེད་པ་བཞིན་དུ། ཆོས་ཉིད་ཀྱང་རང་བཞིན་གྱིས་རྣམ་པར་དག་པས་ན་སྤང་བྱ་མི་དགེ་བའི་དོན་ལ་སྤང་བྱ་སྤང་དུ་ཡང་མེད་ལ། ཐོབ་བྱའི་ཡོན་ཏན་སྔར་མ་ཐོབ་པ་ཞིག་ཐོབ་པར་བྱ་བ་ཡང་མེད་དོ། །དེ་ལྟར་ཡང་རྒྱུད་བླ་མ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པས་སོ།། ༡༨ །།བླ་མ་རིན་པོ་ཆེའི་ཞལ་ནས། མདོ་ལས། གྲོགས་དག་ཚེ་འདི་མི་རྟག་སྟེ། །རི་གཟར་ཆུ་དྲག་མགྱོགས་འདྲ་བར། །བྱིས་པའི་སྐྱེ་བོས་མ་རྟོགས་པས། །མི་མཁས་འདོད་པའི་དྲེགས་པས་མྱོས། །ཞེས་གསུངས་པས། རང་གི་ཚེ་འདི་སྐད་ཅིག་ཀྱང་མི་རྟག་སྟེ། འཆི་བའི་ཕྱིར་ནི་འགྲོ་ངེས། འཆི་བའི་འཇིགས་པ་འབྱུང་ངེས། དེ་བྱུང་བའི་དུས་སུ་སྐྱབས་མགོན་ཆོས་མིན་པ་གང་གིས་ཀྱང་མི་བསྟོང་གསུང་། དེའི་དུས་སུ་ཆོས་མིན་པ་གང་གིས་ཀྱང་མི་བསྟོང་ན། ཆོས་ལ་ཐོས་པ་བྱས་པས་བསྟོང་ངམ། བསམས་པས་བསྟོང་ངམ། བསྒོམས་པས་བསྟོང་སྙམ་ན། ཐོས་པས་ཀྱང་མི་བསྟོང་། བསམ་པས་ཀྱང་མི་བསྟོང་། སྒོམ་པ་ཁོ་ནས་བསྟོང་པ་ལས་གང་གིས་ཀྱང་མི་བསྟོང་། དེ་ཅི་སྟེ་སྙམ་ན་འཆི་བའི་དུས་སུ་ལུས་འདོར་བ་ཡིན། ངག་འགག་པ་ཡིན། བག་ཆགས་ཐམས་ཅད་སེམས་ལ་བཞག་ནས་འགྲོ་དགོས་པ་ཡིན་པས་སྒོམ་པ་ཁོ་ན་གལ་ཆེ་བ་ཡིན་གསུང་། སྒོམ་པ་ལ་སྒོམ་ལུགས་གསུམ་ཡིན། ཐབས་དང་ཤེས་རབ་ཟུང་འབྲེལ་དུ་བསྒོམ་པ་དང་། སྔོན་དུ་ཤེས་རབ་བསྒོམས་ནས་ཐབས་ཕྱི་ལ་བསྒོམ་པ་དང་། ཐབས་སྔོན་དུ་བསྒོམས་ནས་ཤེས་རབ་ཕྱི་༼༤༨ན༽ལ་བསྒོམ་པའོ། །དེ་ལྟར་བསྒོམ་ལུགས་གསུམ་ཡོད་པ་ལས། དང་པོ་མི་སྟོན་ཐ་མ་དེ་འཆད། དང་པོ་གཉིས་མི་སྟོན་པའི་རྒྱུ་མཚན་ཡང་དབང་པོ་ཡང་རབ་ལས་ཀུན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཐ་མ་ཐབས་བསྒོམ་པ་ལ་གོམས་པ་མཐར་ཕྱིན་པ་དང་། ཤེས་རབ་བསྒོམས་པས་ཉམས་མྱོང་ངམ། རྟོགས་པ་ཕྱིན་ཅི་མ་ལོག་པ་ཞིག་རྒྱུད་ལ་སྐྱེ་ངེས་ཏེ། དཔེར་ན་གསེར་མགར་བ་མཁས་པས་རྒྱན་བརྡུངས་པས། རྒྱན་གྲུབ་པའི་དུས་སུ་རྒྱན་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བཞིན་དུ། སྒོམ་པ་ཐབས་ཀྱིས་ཟིན་པས་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་རྒྱུད་ལ་སྐྱེ་ངེས་པས། དཔེར་ན་གསེར་ལས་རྒྱན་བརྡུངས་ལ་ལྟ་བུའི་གདམས་ངག་འདི་སྟོན། སྒོམ་པ་ཐབས་ཀྱིས་ཟིན་པས་གསེར་ལ་རྒྱན་དུ་བརྡུངས་པ་ལྟ་བུའི་གདམས་ངག་འདི་ལ་དོན་བཞི། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་བདག་གི་ཕ་མ་མ་བྱས་པ་མེད་པ་ཡིན། དེ་བས་ན་སེམས་ཅན་ཅིག་གིས་ཕ་མ་བྱས་པའི་གྲངས་ཀྱང་བགྲང་གིས་མི་ལང་བ་ཡིན་སྙམ་དུ་བསམ། དེ་ལྟར་ཡིན་ན། ཕ་མ་ཐམས་ཅད་དྲིན་ཅན་ཡིན་ཏེ། འཇིག་རྟེན་ན་ཕ་མ་བས་དྲིན་ཆེ་བ་མེད་པ་ཡིན་སྙམ་དུ་བསམ། ཕ་མ་དྲིན་ཅན་འདི་རྣམས་འཁོར་བ་ན་སྡུག་བསྔལ་བ་འདི་སྙིང་རྗེ་སྙམ་དུ་བསམ། འདི་རྣམས་འཁོར་བའི་སྡུག་བསྔལ་འདི་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་རྒྱུད་ལ་སྐྱེས་ཚད་ཅིག་བསྒོམ། བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་བྱམས་པ་བསྒོམ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་༼༤༨བ༽རྒྱས་ཐོབ་པར་བྱ་བའི་ཆེད་དུ་བྱང་ཆུབ་ཀྱི་སེམས་ཅུང་ཞིག་བསྒོམ། སེམས་ཅན་གྱི་སྡུག་བསྔལ་བསལ་ལ་བདེ་བ་བསྒྲུབ་པར་བྱ་བའི་ཆེད་དུ་བདག་གི་ལུས་ཀྱང་སེམས་ཅན་ལ་སྦྱིན་པར་བཏང་སྙམ་དུ་བསམ་མོ། །རང་ལུས་སྦྱིན་པར་བཏང་ནས་སེམས་ཀྱི་དེ་ཉིད་བསྒོམ་པ་དང་། ཞེས་པ་ནི། རང་གི་ལུས་ནི་སེམས་ཅན་ལ་སྦྱིན་པར་བཏང་བས་མེད་ན། ད་སེམས་དེ་གང་ན་འདུག་ཇི་འདྲ་འདུག་ལྟོས་དང་། བལྟས་པས་སེམས་ལ་ངོས་གཟུང་མེད་དེ་ནམ་མཁའ་ལྟ་བུར་རྟོགས་པ་དེ་ཀའི་ངང་ལ་རང་གི་ལུས་འདི་འདོད་ཡོན་ལོངས་སྤྱོད་ཀྱི་ཕུང་པོ་ཆེན་པོ་ཞིག་ཏུ་བསམས་ལ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱིན་པས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་ནས་བདེ་བ་དང་ལྡན་པར་བསམ་མོ། །དེ་ལྟར་རང་གི་ལུས་སྦྱིན་པར་གཏོང་བ་ཡང་། བྱམས་པས་བྱང་ཆུབ་སེམས་དཔའི་ལུས་དང་ལོངས་སྤྱོད་གཞན་ལ་མི་སྦྱིན་པ་ནི་ཡོངས་མེད་དེ་ཞེས་པའོ། །བླ་མའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་རང་ལུས་མཆོད་པར་འབུལ་ཞིང་སེམས་ཀྱི་དེ་ཉིད་བསྒོམ་པ་དང་། ཞེས་པ་ནི། སྤྱིར་འཁོར་བའི་སྡུག་བསྔལ་ཐམས་ཅད་ནི་སྡིག་པ་མི་དགེ་བ་སྤྱད་པ་ལས་བྱུང་བ་ཡིན། བདེ་བ་ཐམས་ཅད་ནི་དགེ་བའི་ལས་སྤྱད་པ་ལས་བྱུང་བ་ཡིན། ད་ལྟ་དལ་འབྱོར་མི་ལུས་ཐོབ་པའི་དུས་འདི་ལ་སྡིག་པ་མི་དགེ་བ་སྤང་དུ་ཡོད། དགེ་བ་ཉམས་སུ་བླང་དུ་ཡོད་པ་འདི་བླ་མའི་བྱིན་རླབས་ཞུགས་པ་ཡིན། ཡི་དམ་ལྷའི་དངོས་གྲུབ་བྱུང་བ་ཡིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེའི་ལྕགས་ཀྱུས་བཟུང་བ་ཡིན་སྙམ་དུ་བསམ། དེ་ནས་བླ་མ་དང་ཡི་དམ་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་༼༤༩ན༽སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམས་ལ། དེ་ནས་རང་གི་ལུས་འདི་མཆོད་པའི་རྫས་དཔག་ཏུ་མེད་པར་བསམ་ལ་བླ་མ་དང་དཀོན་མཆོག་ལ་འབུལ་ལོ། །དེ་ལྟར་སྤྱོད་འཇུག་ལས། བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །ཅེས་པས་སོ། །ཕུལ་བས་བླ་མ་དཀོན་མཆོག་མཉེས་པར་བསམ། དེ་ནས་རང་གིས་ལུས་ཕུལ་ནས་མེད་ན། དེ་རང་གི་སེམས་ག་ན་འདུག །ཅི་འདྲ་བ་ཞིག་འདུག་བལྟའོ། །དེ་ལྟར་ཡང་། མཁས་པས་རྣམ་པར་སེམས་ཀྱི་སེམས་ཉིད་འཚོལ། །ཞེས། བལྟས་པས་སེམས་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་པ་དེ་ཀ་སེམས་ཀྱི་ཆོས་ཉིད་རྟོགས་པ་ཡིན་ནོ། །དེ་ལྟར་ཡང་། སེམས་ཀྱི་སེམས་ཉིད་ནམ་ཡང་འགྱུར་བ་མེད། །ཅེས་པས་སོ། །དེ་ལྟར་ངོས་ཟིན་པ་དང་། དེ་ཀའི་ངང་ལ་ཤེས་པ་མ་བཅོས་པར་བཞག་གོ །གསོལ་བ་བཏབ་སྟེ་བླ་མའི་བྱིན་རླབས་ཞུགས་པས་རང་ལུས་སྦྱིན་སྲེག་ཏུ་བཏང་ནས་སེམས་ཀྱི་དེ་ཉིད་བསྒོམ་པའོ། །ཞེས་པ་ནི། རང་གི་མདུན་གྱི་ནམ་མཁའ་འདི་ལ་པདྨའི་སྡོང་པོ་ཆེན་པོ་གཅིག་བསམ། དེའི་སྟེང་དུ་ཉི་མ་དང་ཟླ་བའི་གདན་གཅིག་བསམ། དེའི་སྟེང་དུ་རང་གི་རྩ་བའི་བླ་མ་བཞུགས་པར་བསམ་ལ། བླ་མ་འདི་སངས་རྒྱས་དངོས་ཡིན་སྙམ་དུ་མོས་གུས་སིང་ངེ་བ་ཞིག་བསྒོམ། དེ་ནས་བླ་མ་ལ་ཡིད་ཀྱིས་ཕྱག་འཚལ་ཞིང་ཏིང་ངེ་འཛིན་གྱི་མཆོད་པ་འབུལ། དེ་ནས་ངག་ཏུ་གསོལ་བ་བཏབ་པ་ནི། བླ་མ་དམ་པ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། བདག་གི་ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་སྒྲིབ་པ་བྱང་ཞིང་དག་པར་མཛད་དུ་༼༤༩བ༽གསོལ། སྡིག་པ་དང་སྒྲིབ་པ་ཐམས་ཅད་མ་ལུས་པར་བྱང་ཞིང་དག་ནས་ཀྱང་རང་སེམས་སྐྱེ་བ་མེད་པའི་དོན་རྟོགས་ཏེ། གཟུང་འཛིན་བློའི་དྲི་མ་ཐམས་ཅད་དང་བྲལ་བའི་དོན་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། རྟོགས་པའི་དོན་དེ་དང་མི་འབྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ལན་གསུམ་གདབ། དེ་ལྟར་གསོལ་བ་བཏབ་པས་བླ་མའི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བྱིན་གྱི་བརླབ་ཀྱིས། འོད་ཟེར་མེའི་རང་བཞིན་དུ་བྱུང་བས། རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་བསྲེགས་ནས། མེ་དང་ལུས་གཉིས་ཀ་ནམ་མཁའ་ལྟར་དག་པར་བསམ། དེ་ནས་སེམས་ལ་བལྟས་པས་སེམས་ཀྱང་ནམ་མཁའ་ལྟར་རྟོགས་པ་དང་ལུས་སྟོང་པ་དེ་དང་གཅིག །སེམས་ཉིད་སྟོང་པ་དེ་དང་གཉིས། འདུས་མ་བྱས་པའི་ནམ་མཁའ་སྟོང་པ་དེ་དང་གསུམ་པོ་དེ་དབྱེར་མེད་དུ་སོང་བ་དང་། གཉིས་མེད་ཙམ་དུ་འཛིན་པའི་བློ་དེ་ཡང་བྲལ་ལ། བློ་བྲལ་གྱི་ངང་ལ་རང་སར་ཁྲེས་ཀྱིས་བཞག་ལ་བསྒོམ། སེམས་ཉིད་སྐྱེ་བ་མེད་པའི་དོན་བསྒོམ་པ་དེ་ཡང་དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་ཉམས་སུ་བླང་ངོ་། །ཞེས་པ་ནི། ཕྱི་རོལ་ཚོགས་དྲུག་ཡུལ་གྱི་སྣང་བ་འདི་ཐམས་ཅད་ཀྱང་། ཕྱི་རོལ་ན་བདེན་པའི་ཆོས་སུ་གྲུབ་པ་མེད། རང་གི་སེམས་ཀྱི་འཁྲུལ་པའི་སྣང་བ་ཡིན་སྙམ་དུ་བསམ། སེམས་ཀྱང་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དེ། འོད་གསལ་ཆོས་ཀྱི་སྐུའི་རང་བཞིན་ཡིན་སྙམ་དུ་བསམ། དེ་ལྟར་བསམ་པས་སྣང་བ་སེམས་སུ་སྒྲོ་འདོགས་ཆོད་པ་དང་། དེ་ཀའི་ངང་ལ་སྒྲོ་འདོགས་གཅོད་བྱེད་ཀྱི་ཤེས་པ་དེ་ཀ་ཡང་དབྱིངས་ཀྱི་ངང་༼༥༠ན༽དུ་བསྒྱུར་ལ། དབྱིངས་དང་ཡེ་ཤེས་དབྱེར་མེད་ཉམས་སུ་བླང་ངོ་། །རྗེ་རིན་པོ་ཆེ་དྭགས་པོ་ལྷ་རྗེས་ཇི་ལྟར་གསུངས་པ་བཞིན་ཞལ་ཏ་ཞུས་ཏེ་འཕྲི་བསྣན་དང་ལྷག་ཆད་མེད་པར་ཉེ་གནས་སྒོམ་པ་ལེགས་མཛེས་ཀྱིས་ཕྱོགས་གཅིག་ཏུ་བསྡེབས་པའོ།། ༡༩ །།དྭགས་ལྷ་དཔལ་གྱི་སྒམ་པོར་བྲིས་པ་དགེའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact