| / Mahamudra / Gampopa |
Gampopa's collected works (2)
༼༡ན༽རྗེ་མར་པ་དང་རྗེ་བཙུན་མི་ལའི་རྣམ་ཐར་བཞུགས་སོ། །
༼༡བ༽དེའི་སྲས་སུ་གྱུར་པ་མར་པ་ལོ་ཙྪ་བ་འདི་ཉིད་ཡིན་ཏེ། དེ་གཞོན་པའི་དུས་མི་ཐམས་ཅད་དང་འཐབ་པ་ལ་དགའ་བ་ཅིག་ཡིན་པས། ཕའི་བསམ་པ་ལ་ངའི་འདིས་མི་གསོད་དམ། ཡང་ན་འདི་མིས་གསོད་ངེས་པས། འདི་སློབ་གཉེར་ལ་བཏང་ན་ཤེས་པ་བྱེ་བ་སྲིད་སྙམ་ནས། ཀ་ཅ་མང་པོ་བསྐུར་ནས་འབྲོག་མི་ལོ་ཙྪ་བ་ཅན་དུ་བཏང་སྟེ། དེར་འབྲོག་མི་ལ་རྟ་ཅིག་ཕུལ་ནས་ཆོས་ཉན་པ་ལ། འབྲོག་མི་ལོ་ཙྪ་བ་ཆོས་ལ་དམ་པར་བྱུང་ནས། བལ་ཡུལ་དུ་བྱོན་ནས་བལ་པོ་སྤྱི་ཐེར་བ་ལ་ཆོས་ཉན་ཙ་ན། བལ་པོ་ཀུན་ཡང་རྒྱ་གར་དུ་ཆོས་ཉན་དུ་འགྲོ་ཡིན་འདུག་ནས། དེར་ཅིས་ཏེ་མི་འགྲོ་སྙམ་ནས་རྒྱ་གར་དུ་བྱོན། དེ་དང་པོ་བླ་མ་པེནྟ་པ་དང་། ཀརྨ་ཙ་ཞེས་བྱ་བ་དང་མཇལ་ནས་ལོ་གསུམ་བསྟེན། དེ་ནས་བོད་ཀྱི་བྱང་གསེར་ཁ་ཚུན་ཆད་དུ་བྱོན་ནས། པེནྟ་པ་ལ་གསེར་སྲང་གསུམ་ཕུལ་བས་ཤིན་ཏུ་མཉེས་ནས། ང་ལ་བླ་མ་ནཱ་རོ་པ་བྱ་བ་ཡོད་པས་ཁྱོད་དེར་བསྐྱལ་གྱིས་གསུངས་ནས། བི་ཀྲ་མ་ལ་ཤཱི་ལར་སྤྲད་པ་ཡིན་གསུང་། དེ་ནས་ནཱ་རོ་པ་དང་མཻ་ཏྲི་པ་༼༢ན༽ལ་སོགས་པ་ལ་ཆོས་གསན་གསུང་། ཡོན་ཏན་གྱི་དབང་དུ་བྱས་ན། ནཱ་རོ་པའི་སྤྱན་སྔར་ལོ་དྲུག་བཞུགས་པ་ལ་སུན་པ་ཅིག་ཀྱང་མ་བྱུང་བ་ཡིན། བསོད་ནམས་བསགས་པའི་རྟགས་ནཱ་རོ་པ་དང་མཇལ་བ་གཅིག་པུས་ཆོག་པ་ཡིན་གསུང་། དེ་ནས་བཤད་རྒྱུད་དང་སྒྲུབ་བརྒྱུད་ཀྱི་མན་ངག་རྣམས་བསྒོམས་ནས་བོད་དུ་བྱོན་པའི་ལམ་ཁར་ཆོས་བག་རེ་བཤད། དབུས་སུ་མར་པ་མགོ་ཡགས་ཀྱིས་གསེར་སྲང་བཅུ་ཕུལ་ནས་ཆོས་ཞུས། དེ་ནས་བསྣུབས་ལ་མཚོ་ལ་བརྒལ་ནས་མན་ངག་ཡིག་ཆུང་རྣམས་ཆུ་ལ་ཤོར། གཉོས་ལོ་ཙྪ་བས་ཕྲག་དོག་བྱས་ནས་ཆུ་བོ་གངྒཱ་ལ་བསྐུར་ཟེར་བ་ཡང་ཡོད། ཡང་ལོག་ནས་བླ་མ་ཚོལ་དུ་ཕྱིན་པ་ལ། བླ་མ་ནགས་སུ་སྤྱོད་པ་ལ་གཤེགས་ནས་མ་རྙེད། ཐ་མ་རྙེད་ཙ་ན་གསུང་ངག་བཅད་ནས་མ་གནང་། བླ་མ་ཆོས་མི་འཆད་པར་རྫས་ཅི་ཡོད་སྤོང་དག་བྱས་ནས་ཐོད་པ་ཅིག་ལས་མ་བཟུང་བར་འདུག །ཚོགས་དཔོན་དང་བྱིན་རླབས་ཙམ་གནང་། བླ་མ་མར་པ་སློབ་མ་རྙིང་པ་ཡིན་པས། ཐོད་པ་དེ་ཡང་གནང་། དེར་ལོ་གཉིས་བཞུགས་ནས་ཡང་དང་ཡང་དུ་ཞུ་བ་ཕུལ་བས། དེ་ནས་གདོད་སྔར་བས་བག་རྩིང་བ་གནང་༼༢བ༽བ་ཡིན་གསུང་། དེ་ནས་ལྷོ་བྲག་ཏུ་བྱོན་ནས་བཞུགས་ཙ་ན། གཙང་རོང་གི་མེས་སྟོན་ཚོན་པོས་ཞིང་བྲེ་དྲུག་གིས་ནོར་གྱིས་བཀང་ནས་ཕུལ། ཆོས་ཞུས། དགེ་བཤེས་གཞུང་པས་དགེ་བཤེས་དགྱེར་ཆུང་བ་ལ་གསང་སྔགས་རྙིང་མ་གསན་ཅིང་བཞུགས་ཙ་ན། དགེ་བཤེས་དགྱེར་ཆུང་བས་བླ་མ་ལྷོ་པའི་ལོ་རྒྱུས་ཐོས་པས། རྔོག་ལ་རང་ཅག་གཉིས་ཁོང་ལ་ཆོས་ཉན་དུ་འདེང་གསུང་ནས། དེར་ལྷོ་བྲག་ཏུ་དཔོན་གཡོག་ལྔས་ཕྱིན་པས། བླ་མ་མར་པ་ལ་རྟ་ཅིག་ཕུལ། བླ་མས་ཀུ་རེ་གསུང་། ཁྱོད་ཀྱི་རྟ་འདི་ཕྱག་རྟེན་ཡིན་ན་ཆེ་འབུལ་བ་ཡིན་ན་ཆུང་གསུང་། དེར་ཆོས་གསན་པས་གདམས་པ་ཤིན་ཏུ་ཆེ་བར་དགོངས་ནས་མེས་ཚོན་པོས་ཀྱང་བཙུན་པ་བཏང་ནས་གཙང་དུ་བྱོན་པའི་ཞུ་བ་ཕུལ་བས། མར་པ་ལྷོ་བྲག་པ་ཡར་བཞུད་པའི་ཐུགས་དགོངས་བྱས། གཞུད་པའི་བསམ་པ་ལ། ང་ནི་གཙང་དུ་མི་ཐོན་ཕ་མ་གཉིས་ཀྱང་ཡོད། ཆོས་ཀྱང་འཕྲོས་འདུག་པས་བསྡད་སྙམ་ནས་གཞུད་དུ་གཤེགས་པར་ཞུས་པས་རུང་གསུང་ནས། དེར་བྱོན་འབྲི་གནག་བདུན་ཅུ་ཐམ་པ། སྦྲ་ཅིག་ཁྱི་ཅིག །དཀར་ཡོལ་ཅིག་དང་བཅས་པ་ཕུལ། དེ་ནས་ཕྱིས་མི་ལས་གཡོག་བྱས་ལུག་བརྒྱ་དུམ་ཅིག་ཀྱང་ཕུལ། གསུང་རབ་ཕལ་ཆེན་ཅིག་གིས་སྣ་དྲངས་པ་པོ་ཏི་བརྒྱད་ཅུ་ཕུལ། དེ་རྣམས་ཕུལ་བས་བླ་མས་ཀྱང་ཆོས་གདན་བཞི། མ་ཧཱ་མཱ་ཡཱ། གུར། དགྱེས་རྡོར་ལ་སོགས་པ་གནང་གསུང་། དེ་མིན་ཡང་མི་ཆེ་རྒུ་ཐམས་ཅད་ཀྱིས་ཞབས་ཏོག་བྱས་ནས་ཆོས་ཞུས་པས་གདམས་པ་གནང་བ་ལགས་གསུང་། དེ་ནས་དུས་ཅིག་ན་སློབ་མ་རྣམས་བསགས་ནས་ཁྱིམ་ཞིག་ཏུ་བུག་པ་དང་། སྐར་ཁུང་བཀག་ནས། ཕུག་རོན་རོ་ལ་རྣམ་ཤེས་བཅུག་ནས་འཕུར་ལ་ཁད་མཛད་པ་ཡིན། ཡང་དུས་ཅིག་ན་གཡག་ཅིག་ལྷོག་པས་ཤི་ནས་འདུག་པས། བླ་མའི་ཞལ་ནས་གཡག་ཤི་ནས་གདའ་འམ་གསུང་། འཁོར་ཞིག་གིས་ཤི་ནས་གདའ་བྱས་པས། བླ་མ་གཡང་ཤུན་ཧྲུལ་པོ་ཞིག་བསྣམས་ནས་བཞུགས་ཙ་ན། ཡངས་པ་ཞིག་ན་བསྐྱལ་ནས་འདུག་༼༣ན༽གསུང་། ཕྱག་རྗེས་མཁར་དགུ་ཐོག་པ་ཅིག་བརྩིགས། མདོ་མངས་གཅིག་བཞེངས། ཁོང་ལོ་ཙྪ་བ་ཆེན་པོ་དུས་རྟག་ཏུ་མི་བསྒོམ་པ་ལྟར་བཞུགས་ཀྱང་། རྟག་ཏུ་ཏིང་ངེ་འཛིན་ལས་མ་ཡེངས་པར་བཞུགས་པ་ཡིན། ཆོས་ཉིད་ཀྱི་བདེན་པ་གཟིགས་པ་ཡིན་ཏེ། སྤྲུལ་པ་ལྟ་བུར་བཞུགས་པ་ཡིན། བུ་སློབ་མ་བས་ཀྱང་ཡང་སློབ་བཟང་། བྱ་བ་ལ་སོགས་པའི་ལུང་སྟོན་པ་ཡིན་གསུང་། དེའི་སྲས་སུ་གྱུར་པ་བླ་མ་རྔོག་གཞུང་པ་ཡིན་ཏེ། གཞོན་ནུ་ནས་ཐོས་པ་མང་པོ་བྱས། དེ་ནས་བླ་མ་མར་པ་དང་མཇལ། སྤོང་དག་ལན་གསུམ་བྱས་ནས་ཞབས་ཏོག་ཆེ་བས་བླ་མས་གདམས་ངག་མ་ལུས་པར་གནང་བ་ཡིན། རྨི་ལམ་སྒྱུ་ལུས་ཀྱི་སྒོ་ནས་བདག་མེད་མ་ལྷ་མོ་བཅོ་ལྔའི་ཞལ་གཟིགས་པ་ཡིན་གསུང་ངོ་།། །།དེ་གཉིས་ཀྱི་སྲས་བླ་མ་མི་ལ་རས་པ་ཡིན་ཏེ། གུང་ཐང་གི་གདུང་རུས་མི་ལ། མཚན་ཐོས་པ་དགའ་བྱ་བ་ཡིན་ཏེ། ཡབ་སྲས་གཉིས་ལས་མེད་པས་ཤིན་ཏུ་ཁས་ཉེས་ཏེ། དབུས་སུ་མཐུ་ཚོལ་དུ་ཕྱིན་པས། མཐུ་མང་པོ་བསླབས་ནས་ཡར་ལོག །དེ་ནས་གཙང་རོང་དུ་སྟོན་པ་ལྷ་དགའ་བྱ་བ་ལ་ཆོས་གསན་པས། སྟོན་པ་ན་རེ་ཁྱོད་ད་རེ་སྐྱིད། དམ་ཆོས་རྫོགས་པ་ཆེན་པོ་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། ནང་རྟོགས་ན་ནང་སངས་རྒྱ། ནུབ་རྟོགས་ན་ནུབ་སངས་རྒྱ་བ་ཡོད་ཟེར། ཕྱིས་བླ་མ་མར་པ་བྱོན་པ་ཐོས་པ་དང་། སྟོན་པ་ན་རེ་འོ་ཅག་གི་ཆོས་འདི་ཡང་རྟག་ཏུ་བསྒོམས་ཀྱང་སྐྱེད་མི་ཡོང་བར་འདུག་པས། ཁྱོད་མར་པ་ལོ་ཙྪ་བ་ཟེར་བ་གདམས་པ་ཅན་ཞིག་བྱོན་ཟེར་བས་དེར་སོང་། ང་ན་སོ་རྒས་པས་འགྲོ་མི་ནུས། ནུས་ན་འགྲོ་བ་ཡིན་ཏེ་གསུངས་པ་དང་། བླ་མ་མར་པའི་སྙན་པ་ཐོས་པས་སྔོན་གྱི་བག་ཆགས་སད་ནས། བླ་མ་མར་པའི་དྲུང་དུ་༼༣བ༽བྱོན་ནས། ང་ལ་རྒྱགས་ཀྱང་མེད་ཆོས་དང་ཟང་ཟིང་གཉིས་ཀ་ཞུ་བྱས་པས། གཉིས་ཀ་མི་འོང་གང་འདོད་གསུངས་པས། ཆོས་འདོད་བྱས་པས་འོ་ན་ཆུ་ལེན་པ་ལ་སོགས་པ་གྱིས་གསུང་། དེ་ནས་མིང་མཐུ་ཆེན་བྱ་བར་བཏགས་སོ། །དེའི་ནང་པར་ནས་ཉེ་གནས་སུ་ཆུད། དེའི་ལོ་རྒྱུས་མང་དུ་ཡང་ཡོད་གསུང་། དེར་བླ་མ་མར་པ་ལོ་ལྔ་བསྟེན། སྒྲུབ་བརྒྱུད་ཀྱི་གདམས་ངག་རྣམས་ཞུས། དེ་ནས་རྔོག་ལོ་གཅིག་བསྟེན་ནས་རྔོག་གི་དགྲ་ལ་སེར་བ་ཕབ་ནས་ཞབས་ཏོག་བྱས། ཞུ་གཏུགས་བྱས་པས་ལྷག་ཆད་མེད་པར་བྱུང་བས། བླ་མ་མར་པ་ལ་ཕྱིས་དད་པ་ཅིག་བྱུང་གསུང་། དེ་རིམ་ལ་ཕུག་ཏུ་མར་མེ་ཅིག་མགོ་ཐོག་ཏུ་བཞག་ནས་བསྒོམས་པས། ནམ་ཕྱེད་ཙམ་ནས་སྤྱན་ཕྱེ་བས་དཀར་ཡལ་ལེ་འདུག་ནས། ང་ལ་དེ་མ་ཐག་ཏུ་ཡོན་ཏན་ཞིག་སྐྱེས་སྙམ་ཙ་ན་མར་མེ་བརྗེད་པ་ཡིན་པར་འདུག་གསུང་། ཡར་ཡུལ་དུ་བཞུད་འདོད་པ་ལ་བླ་མས་བཞུད་མ་སྟེར། དེར་ཡང་ཡང་ཞུ་བ་བྱས་པས་བླ་མས་གནང་ནས། དེ་ནས་གུང་ཐང་དུ་བྱོན་ཙ་ན་ཡུམ་འདས་ནས་ལོ་མང་པོ་སོང་འདུག །སྔོན་གྱི་ཁང་ཐོག་ལ་རྩྭ་སྐྱེས་སྒོ་ཀུན་ཡང་ཧར་ཧར་པོར་སོང་། དེར་གཟིམས་པས་ཐུགས་ཤིན་ཏུ་མུག་པར་བྱུང་ནས། སང་གི་ཉི་མ་ལ་ཁང་པ་དང་། ཞིང་ཁ་ཡོད་པ་སྔོན་གྱི་སློབ་དཔོན་སྔགས་པ་ཞིག་ལ་ཕུལ་ནས། གྲོང་ལྟག་གི་དགོན་པ་གཅིག་ཏུ་བྱོན་ནས་འོག་སྟན་དང་མ་བྲལ་བར་བསྒོམས་གསུང་། བརྒྱགས་ནི་མེད་ཟྭ་ལ་ལྟོ་བྱས་པས་བླ་མ་མདོག་སྔོན་པོར་སོང་། ཁོག་མ་དང་ཕོར་པ་གཟའ་རུ་ཡང་སྔོན་པོར་སོང་། སྲིང་མོ་དང་ནེ་ནེ་གཉིས་ཀྱིས་ནས་ཕུལ་བཅོ་ལྔའི་ཆང་ཁྱེར་ནས་བྱུང་། ཁོང་རང་གཉིས་དང་གསུམ་ཀས་འཐུངས་པས་ཆེར་མ་ཐུབ། ཉིན་ཅིག་ཁོང་རང་གཉིས་ངེད་ཀྱི་མིང་པོ་འདི་ཅི་ཉེས་པ་ཡིན་འདི་ཙུག་སོང་བ་ཟེར་ནས་ངུས་པས། དེར་བླ་མས་༼༤ན༽ལུས་ལ་བལྟས་ཙ་ན། ཤ་ཡེ་མེད་པར་རུས་མགོ་ལྤགས་ཀྱིས་གཡོགས་པ་ཙམ་དུ་སོང་ནས་འདུག །རྐང་སྐྱ་བཏང་ངེ་ཙམ་ལས་མི་འདུག །སྔར་དེ་ཙུག་མ་རྟོགས་གསུང་། དེ་ནས་རི་ལ་གཤེགས་ནས་སྟོན་བཙས་མའི་ཚེ། ཡུལ་མཐོང་བའི་ལ་ཁར་བྱོན་པས་བཙས་མ་རྔ་ནས་འདུག །གནག་ལུག་ཐམས་ཅད་ཀྱིས་ཀླུངས་བཀང་ནས་འདུག་པས་འགྲོ་སྙིང་འདོད་པ་བྱུང་ནས་བྱོན་པས་ཞོ་མར་མང་པོ་སྟེར་བ་བྱུང་གསུང་། དེར་ཞག་གཉིས་གསུམ་བཞུགས་པས་སྐྱོ་བ་སྐྱེས་ནས་ཡར་རི་ལ་གཤེགས་ནས་ཡུན་རིང་དུ་བསྒོམས་པས། ལོ་གསུམ་ན་རས་ཐུབ་ནས་སྲིང་མོ་ལ་གོས་བྱ་བ་མི་དགོས་བྱས་པས་ངའི་མིང་པོ་གྲུབ་པ་ཐོབ་ཟེར་ནས་དགའ། ཡང་དུས་ཅིག་ན་རྒྱགས་ཟད་ནས་ཡུལ་ན་མར་ལ་སློང་དུ་ཕྱིན་ཙ་ན། ཆོ་ག་བྱེད་པ་ཅིག་གི་སྒོ་ཙ་ན་སྤྲང་པོ་ཚན་པ་ཅིག་འདུག་པའི་གསེབ་ཏུ་བཞུགས་ཙ་ན། གྲལ་ནས་སྔགས་པ་ཚན་ཅིག་ཆོས་གཏམ་བྱེད་འཕྲོ་ལ། གཅིག་ན་རེ་མི་ལ་རྣལ་འབྱོར་པ་ཅིག་བསྒོམ་དུ་སོང་ནས་ལོ་མང་པོ་ལོན། དེ་ད་ལྟ་གྲུབ་པ་ཐོབ་ནས་ཡོད་ཟེར་བ་ལ། གཅིག་ན་རེ་དེ་ངོ་མཚར་ཆེ་ཞལ་བལྟ་དགོས་ཚོལ་དུ་ཕྱིན་ན་རྙེད་དམ་ཟེར་བ་ལ། གཅིག་ན་རེ་འདི་རང་ན་དེ་རིང་འདུག་ཟེར། དེ་ཅང་ཡིན་ཁོ་རི་ལ་བསྒོམ་པ་ལ་བྱས་པས། གཅིག་ན་རེ་དེ་ཁོ་ཡིན་པར་ངོ་ཤེས་པ་ལ་ཟེར། འོ་ན་དེ་གང་ཡིན་ཟེར་བ་ལ། བླ་མ་ལ་བཟུང་ནས་འདི་ཡིན་ཟེར། དེར་ངའི་མཆོད་གནས་བྱེད་ཟེར་ཞིང་མ་མཐུན་པས་ང་རེ་མི་དགར་བྱུང་གསུང་། དེར་ཁོང་ཚོ་ལབ་ལ་ཡེངས་ཀྱི་བར་དུ་བྲོས་ནས་ཅིག་ཅར་རི་དགོན་ལ་གཤེགས་ནས། ཉི་མ་རྒྱང་ཙ་ན་ཕར་རང་བྱོན་ནས། ཡུལ་དུ་ཡེ་མ་ཕྱིན་པར། མང་ཡུལ་གུང་ཐང་གི་རི་བྲག་དཀར་རྟ་སོ་བྱ་བ་ལ་ཡུན་རིང་དུ་བཞུགས་ནས་དུས་ཅིག་གི་ཚེ། བླ་མ་བསོད་ནམས་ཆེ་བས་གུང་ཐང་གི་གནས་ཆུང་གཅིག་༼༤བ༽གིས་ཕྲག་དོག་བྱས་ནས་དམའ་ཕབ་པའི་ཆེད་དུ་ཁོང་གི་སྤྱན་དྲངས་དེར་བྱོན་པས། བཙུན་པ་རྣམས་ཀྱིས་ཁྱོད་གྲུབ་པ་ཐོབ་པ་ཡིན་པས་ངེད་ཀྱི་མཆོད་གནས་བྱེད་ཟེར་ནས། ལྷ་ཁང་ནང་དུ་བཅུག་ནས་སྒོ་ལྕགས་ཕྱིར་དྲངས་ཏེ། ཕྱི་རུ་ཕྱིན་ཙ་ན་བླ་མ་ཡང་བྱོན་འདུག །དེར་ཡིད་མ་ཆེས་ནང་དུ་བལྟས་ཙ་ན་ནང་དུ་བཞུགས་འདུག་པས། དེར་གྲུབ་པ་ཐོབ་པར་ཤེས་པས་བཙུན་པ་ཀུན་གྱིས་བཟོད་གསོལ་བྱས་སོ། །དེ་ནས་སྙེ་ནམ་དང་མང་ཡུལ་གཉིས་ཀྱི་རི་ལ་གཤེགས་པ་ཡིན། ཡང་དུས་ཅིག་ན་རབས་ཆད་རྒན་རྒོན་གཉིས་ཀྱི་མཆོད་གནས་བྱས་ཏེ། ཕྱེ་བྲེ་དྲུག །མར་ཚུད་བུ་གཅིག་ཤ་གཟུགས་གཅིག་བསྣམས་ནས་ལ་ཕྱི་གངས་ལ་གཤེགས་པས། དགུན་རིལ་གྱི་ཁ་བ་བྱུང་ནས། དེར་ཡུལ་མི་ཐམས་ཅད་ཀྱིས་རྒན་རྒོན་གཉིས་ལ་གྱོད་བརྡལ་བྱས། རྒན་རྒོན་གཉིས་བླ་མའི་ཕྱོགས་སུ་ཁ་ལྟ་ཡིན་ངུ་བ་མིན་པ་གཞན་མེད། སང་དཔྱིད་ཀ་ཁ་བ་ཨེན་ཅིག་ཞུ་ནས། གལ་ཏེ་རྒྱ་ལ་བླ་མ་མ་འདས་པར་ཡོད་པ་དག་སྲིད་དམ་བྱས་ནས་མི་གསུམ་ལ་རྒྱགས་ཕྱེ་དང་། ཁ་ལྷམ་བསྐུར་ནས་ཚོལ་དུ་བཏང་བས། མི་གསུམ་པོས་ཁ་བ་ཞུ་བའི་ལ་ཁར་ཕྱིན་ནས་བོས་པས། བླ་མའི་ཐུགས་དགོངས་ལ་མི་ཡེ་མི་ཡོང་། རི་དྭགས་ཡིན་དགོངས་པ་ལ། འོན་ཀྱང་མི་སྐད་ཇི་འདྲ་ཇི་འདྲར་བྱུང་ནས། དུ་བ་བཏང་དེར་དུ་བ་མཐོང་ནས་དུ་བའི་དྲུང་དུ་ཕྱིན་ཙ་ན་བླ་མ་བཞུགས་ནས་འདུག་པས། ཕྱེའི་སུམ་ཆ་ཙམ་ཅིག་འདུག །མར་ཕྱེད་ཙམ་ཞིག་འདུག །མི་གསུམ་པོ་ལ་བྱིན། ཞག་གསུམ་ཙམ་ངལ་གསོས་ནས་ཡུལ་དུ་བྱོན་ཙ་ན། ལམ་དུ་མི་གསུམ་པོ་ཁ་བས་འཁྱགས་ནས་བླ་མའི་དྲུང་དུ་ཉལ་བས་དྲོ་བར་བྱུང་ཟེར། དེར་ཡུལ་དུ་བྱོན་པས་ཡུལ་མིས་ཕྱག་བྱས་ནས་སྙུང་གསོལ་བས། བླ་མས་དེའི་ཚེ་ན་ལ་ཕྱི་གངས་ཀྱི་མགུར་བཞེངས་པ་ཡིན་གསུང་། ༼༥ན༽ཡང་དུས་ཅིག་ན་བླ་མ་བལ་པོར་ཐུགས་གཏད་ནས་དཔོན་སློབ་ཚན་ཅིག་གཤེགས་པ་ལ། ལམ་དུ་ཚོང་པ་མང་པོ་དང་ཕྲད་པས། ཚོང་དཔོན་གྱིས་བླ་མའི་སྦ་མཁར་ལ་འཇུས་ནས་ཁྱོད་སུ་ཡིན་ཟེར་བས། བླ་མའི་ཞལ་ནས། ང་ལྟ་སུ་ཡིན་ཆ་ཡོད་དམ། །ང་ལྟ་སུ་ཡིན་མ་ཤེས་ན། །ང་ནི་མི་ལ་རྣལ་འབྱོར་ཡིན། །བྱ་བ་ལ་སོགས་པའི་སྦ་མཁར་གྱི་མགུར་དེ་བཞེངས་པ་ཡིན་གསུང་། དེ་ནས་ཡུལ་མཐོང་བའི་ལ་ཁ་ཅིག་ཏུ་བྱོན། ང་ཡུལ་དུ་མི་འགྲོ་རི་རྩེ་འགྲིམ་དུ་འགྲོ་གསུང་། འཁོར་གྱིས་ངེས་པར་རི་རྩེ་ཅིག་འགྲིམ་ན་ལོ་བཅུ་ན་ཡང་མི་རྟོལ་ན། ཡུལ་དུ་གཤེགས་པར་ཞུ་བྱས་པས་མ་གནང་། མི་ལ་རྣལ་འབྱོར་རི་ཡ་ཀི་ལ་གཤེགས་བྱས་པས་ལ་སྟོད་དུ་མི་གཅེས་པ་ཅིག་ཤི་ནས་ཆོས་སྟོན་བྱེད་པ་ལ། མི་མང་པོ་ཁྲིད་ནས་བཙལ་བས་རྙེད་ནས་ང་ཡུལ་དུ་སྤྱན་དྲངས། དེར་ཚོགས་པ་ཐམས་ཅད་ཀྱིས་ཀྱང་འབུལ་བ་མང་པོ་བྱས། ཡོན་བདག་དེས་ཡུལ་ལ་སྟོད་ན་དགའ་བའི་རྟ་ཅིག་ཕུལ། བླ་མའི་ཞལ་ནས་ཁྱེད་རང་གི་འབུལ་བ་ཐམས་ཅད་ཁྱེད་རང་གིས་ཁྱེར། ང་ཚགས་མི་བྱེད་པ་ཡིན་གསུངས་པས་དེར་སོ་སོར་ཁྱེར། ཡོན་བདག་དེའི་རྟ་ཡང་མ་བཞེས་པས། ཡོན་བདག་དེས་ངའི་ཕ་ད་གཟོད་ཤི་བྱས་ནས་ངུས་པས་བླ་མའི་ཞལ་ནས། འོ་ན་རྟ་ལ་གཏད་པའི་གཡང་ཤུན་དེ་ང་ལ་སློངས་གསུང་། དེ་ནས་བཀྲ་ཤིས་ཚེ་རིང་ལ་གཤེགས་ནས་བཞུགས་པའི་དུས་སུ། དགེ་བཤེས་རྔ་སུག་པ། འབྲིང་སྟོན་འཕགས་པ། ཇོ་སྲས་མཆོད་པ་བྱས་ཡུལ་ལ་སྟོད་ན་མི་ཆེ་བ་གསུམ་གྱིས་བླ་མ་བཙལ་བས་རྙེད་ནས་ཡུལ་དུ་སྤྱན་དྲངས། བསྙེན་བཀུར་ཇི་ལྟར་བགྱིས་པའི་ལོ་རྒྱུས་གསུངས། དེ་ནས་བླ་མ་གཤེགས་པར་བཞེད་པ་ལ། འཁོར་གྱིས་གཤེགས་སུ་མ་སྟེར་ནས། ཕྱིས་འབྱོན་པའི་༼༥བ༽དབུ་བསྙུང་བཞེས་པ་དང་། དེ་ནས་གཤེགས་ཙ་ན། མས་ཡར་རླུང་ལོག་སྟེ་སྤྱི་གཙུག་ཏུ་སོང་སྟེ། ཁ་སྣའི་དབུགས་རྒྱུ་བ་ཆད་ནས། དེར་བསྒོམས་པས་བདེ་བ་སྙམ་བྱེད་ནས། ནམ་ཕྱེད་ཙ་ན་བུད་མེད་མང་པོ་བླ་མའི་མདུན་ན་ཐལ་མོ་སྦྱར་ནས། བླ་མ་ལ་ད་རུང་ཐུགས་མ་ཡེངས་པར་གྱིས་ཟེར། བླ་མས་ཐུགས་མར་ཕབ་ནས་དེ་ལྟར་བསྒོམས་པས། ཨེན་ཅིག་ལོན་ནས་རླུང་གནས་སུ་ཚུད། དེ་ནས་ཕྱིན་ཙ་ན་ཉི་མ་ཟེར་ལ་ཁད་ཙ་ན་ཡང་སྔར་བཞིན་བྱུང་ནས། ཡང་བསྒོམས་པས་སོར་ཆུད། མི་གནོད་སྙམ་ནས་མནའ་དོར་བ་ཡིན་པ་ལ་གནོད་པར་བྱུང་གསུང་། དེ་ནས་བྲིན་སྙེ་ནམ་གཉིས་ཀྱི་བར་དུ། བྲག་དམར་པོ་མཐོ་བྱ་བ་ལ་བཞུགས་པའི་ཚེ། འོག་ན་ཐང་དཀར་རྒོད་པོ་ལྡིང་བ་ལ་སོགས་པའི་མགུར་བཞེངས་པ་ཡིན་གསུང་། ཡང་དུས་ཅིག་ན་བླ་མ་ནགས་ཀྱི་མཐོངས་ཅིག་ན་བཞུགས་པའི་ཚེ། ཡོན་བདག་ཅིག་རྩར་བྱུང་ནས་ལོག་ནས་སོང་། བླ་མས་བོས་པས་བྱུང་། བར་དེར་ཁྱོད་ཀྱིས་གར་བསྡད་བྱས་པ་ལ། བླ་མ་ནི་མ་མཐོང་མཆོད་རྟེན་ཅིག་གི་རྩར་བསྡད་ཟེར། ཡང་དུས་ཅིག་གི་ཚེ་ན་ཡོན་བདག་ཅིག་ཕྱག་མི་བྱེད་པར་ཅེར་བ་ཅིག་བལྟས་ནས་སོང་། བླ་མས་བོས་པས་རྩར་བྱུང་། ཁྱོད་ད་ཅི་ཕྱག་མི་བྱེད་པ་ཅི་ཙུག་ཡིན་བྱས་པས། བླ་མ་གཟིམས་མལ་ན་མི་གདའ་ཟེར་སྐད། རིན་པོ་ཆེས་བླ་མ་ལ་དུས་དེར་ཅི་མཛད་ཞུས་པས། ངས་ཅང་བྱས་པ་མེད། དཱི་པཾ་ཀ་རས་བསམ་ཡས་དབུ་རྩེའི་རྩེ་མོ་ལ་བསྐོར་བ་བྱེད་པ་མིས་མཐོང་ཟེར་ཏེ། ཁོང་གི་བྱས་པ་ཅང་ཡོད་དམ་གསུང་། བྱས་པ་མེད་ཀྱང་རྟེན་འབྲེལ་གྱིས་གཞན་སྣང་ལ་དེ་ལྟར་འོང་བར་འདུག་པ་དེ་བས་ན་གཟུགས་སྐུ་རྣམ་གཉིས་ཀྱང་གཞན་སྣང་ལ་ཇི་ལྟར་འཚམས་པར་སྣང་གིས། མཛད་པ་མེད་པ་ཡིན་གསུངས། ཡང་དུས་ཞིག་ན་བྲིན་གྱི་བཀྲ་ཤིས་ཚེ་རིང་༼༦ན༽བྱ་བ་ལ་བྱོན་ནས། འཁོར་ཚན་ཞིག་དང་འགྲོགས་ནས་བྱོན་པས་བླ་མ་གཡང་ཆེན་པོ་ཅིག་ལ་ལྷུང་བས། རྦབ་ཏུ་ཤོར་བས་འཁོར་རྣམས་ཀྱིས་ངུ་ཡིན་མཐའ་རྩར་ཕྱིན་ཙ་ན་བླ་མ་གྱེན་ལ་བྱོན། དེར་འཁོར་རྣམས་ཀྱིས་གཡང་དེ་ཙམ་པ་ལ་བླ་མ་ལྷུང་བ་ལ། མ་འདས་པར་བྱོན་པ་ཅི་ཙུག་ཡིན་ཞུས་པས། བླ་མའི་ཞལ་ནས་གཞན་ཅིག་ཡིན་ན་ཤ་དུམ་བུ་ཆད་དེ་འགྲོ་སྟེ། ང་ཡང་དགའ་རབ་བྱུང་གསུང་། ཡང་དུས་ཅིག་ན་ཤེལ་གྱི་མཆོད་རྟེན་དུ་བྱས་ནས། ནམ་མཁའ་ལ་གཤེགས་པ་ཡིན་སྐད། ཡང་དུས་གཅིག་ན་བླ་མ་ལ་བལ་པོའི་རོང་ཁ་བཞི་མི་ཞིག་གིས་མི་ལ་བལྟར་འོངས་ཙ་ན། ཁོང་བླ་མ་ལ་མ་དད་ནས་མི་ལ་རྣལ་འབྱོར་པ་ཁྱོད་སྒྲ་ཆེ་ལ་དོན་ཆུང་བ་ཞིག་འདུག །དགེ་བཤེས་བྱ་བ་བ་རི་ལོ་ཙྪ་བ་ལ་ཟེར་བ་ཡིན། གདུགས་སམ་ཟངས་དུང་ངམ་སུ་ཕྲད་ལ་གསེར་སྟེར་ལུགས་སམ་ཟེར་ནས་སོང་། ཞེས་ཞག་འགའ་ན་རོང་ཁ་བཞིའི་མི་རྣམས་བླ་མ་ནུབ་རེ་ལ་ལན་གསུམ་གསུམ་ནམ་མཁའ་ལ་སེང་གེ་ཞོན་ནས་འབྱོན་ཡང་ཟེར། བྱོན་པ་ཡང་མཐོང་བས་དེར་ཤིན་ཏུ་དད་ནས། བསྙེན་བཀུར་བྱེད་པ་མང་པོ་བྱུང་བས། བླ་མའི་འཁོར་གྱིས་ཁྱེད་དེ་བྲག་གི་མི་ནི་མི་སྨྲ། ད་བསྙེན་བཀུར་བྱེད་པ་ཅི་ཙུག་ཡིན་བྱས་པ་ལ། ངེད་ཀྱི་ནམ་མཁའ་ན་ཕར་ལ་བླ་མ་ནུབ་རེ་ལན་གསུམ་གསུམ་བྱོན་པས་དེར་དད་པ་ཡིན་ཟེར་ལོ། །རིན་པོ་ཆེའི་ཞལ་ནས། དེ་ངས་ཕྱིན་པའི་སྔ་དེའི་ལོ་ཡིན་གསུང་། མངོན་པར་ཤེས་པའི་ཤ་རོ་བསྟན། མ་ཆུང་གང་སྡོམས་པས་སྔར་མ་འཐུངས། བུད་མེད་གཞོན་ནུ་མ་ལ་བུ་སྐྱེ་གསུངས། མགུར་མོའི་མཁར་སྟོན་གྱིས་སྲང་དུ་ཕྱིན་པ་ལ། ཁོ་ན་རེ་ངའི་རིག་པ་འདི་ཡིན་ཟེར། བུད་མེད་ཅིག་ན་རེ་ཁྱོད་ཀྱི་བླ་མ་ལ་ཡོན་ཏན་ཅི་ཡོད་ཟེར་བ་ལ། ཁོས་ཏིང་ངེ་འཛིན་བཟང་པོ་ཡོད་པའམ། མངོན་པར་ཤེས་པ་ཡོད་པའམ་རྟོགས་པ་དང་བྲལ་བའི་ཡོན་ཏན་༼༦བ༽བརྗོད་པས་མོ་ན་རེ། ཁྱེད་ཀྱི་བླ་མ་ཡོན་ཏན་དེ་ཤེས་པ་ཅིག་འདུག་གིས་ཟེར་ནས་ཁོ་ལ་མགུ་བ་ལ་ཁྱོད་ཀྱིས་ཤེས་སམ་མཐོང་ངམ་བྱ་བ་ལ། མོས་མཆན་ཁུང་ནས་རའི་ཟེའུ་ཞིག་ཕྱུང་ནས་ངས་གསོལ་བ་བཏབ་པའི་དུས་སུ། འདིར་བླ་མ་ནུབ་རེ་ལ་ལན་གསུམ་གསུམ་འབྱོན་པ་ཡིན་པས། ངས་བླ་མ་ལ་མཆོད་པ་བྱེད་པ་ཡིན་ཟེར། བུད་མེད་དེ་མཁའ་འགྲོ་མ་ཡིན་གསུང་། དུས་ཅིག་གི་ཚེ་ན་འཁོར་རྣམས་དང་འགྲོགས་བྲིན་གྱི་ལྕགས་དྲང་ལུང་པ་བྱ་བ་ནས་བྱོན་ཙ་ན། ཁ་བ་ཆེན་པོ་བྱུང་བ་ལ་བླ་མ་འཕུར་ནས་བཞུད། འཁོར་རྣམས་ཀྱིས་ཡེ་མ་སླེབ་ཟེར། རིན་པོ་ཆེ་ལ་དྲིས་པ་ལ། འཕུར་བ་ནི་མིན་ཏེ་ངས་རྐང་པ་ཨེན་ཅིག་བཏེག་གི་བྱས། རླུང་ཨེན་ཅིག་མནན་ནས་ཕྱིན་པས། བྱ་རྗེས་ཙམ་ལས་མ་བྱུང་བ་ཡིན་ནོ་གསུང་། རིན་པོ་ཆེ་ཟླ་བ་བཅུ་གསུམ་བཞུགས་ནས་མར་བྱོན་པའི་དུས་སུ། ཡོན་བདག་མོ་ལེགས་སེའི་ཁྱིམ་དུ་བཞུགས་པ་ལ། བླ་མ་ལ་འོ་ཅག་གིས་རྒྱགས་བསྐྱལ་མི་དགོས་ཟེར། ཅི་ཙམ་བསྐྱལ་བྱས་པ་ལས། བྲེ་དྲུག་བསྐྱལ་ཟེར། དེས་ཅི་ཙམ་ཕྱིད་བྱས་པས། ཟླ་བ་རེ་ལ་ནས་འབྲས་ཕུལ་གང་རེས་ཆོག་ཟེར། སྔར་མ་རྟོགས་པ་བདེན་ནམ་རྫུན་ནམ་དྲི་སྙམ་ནས། ཉིན་ལམ་གཅིག་གི་ས་ནས་ལོག་ནས་ཕྱིན་པས། བླ་མའི་ཞལ་ནས་ཁྱོད་ལོག་གམ་གསུངས་ནས། ཇ་ཅིག་བཀོལ་ནས་གནང་། དེར་ཞུས་པས་མོ་མེད་ཙ་ན་མཁའ་འགྲོ་མས་ཟས་སྣ་ཆང་སྣ་ལ་སོགས་པ་ཡང་དག་པ་སྟོབས་པས། སྲིན་ལག་གིས་ཁ་ལ་རེག་ཙམ་མིན་པ་མེད་ཀྱང་། ཞག་ལྔ་ལྔ་དྲུག་དྲུག་ལྟོ་ཟ་བ་བརྗེད་ནས་མི་དྲན། རེས་ཞག་རེ་ཙམ་ཏིང་ངེ་འཛིན་ལ་སོང་ནས་མ་ཟོས་གསུང་། ཡང་བླ་མའི་ཞལ་ནས་བྲག་མཐོན་པོའམ། མཁར་མཐོན་པོའི་རྩེ་མོ་ལ་ཞག་མང་པོ་བསྒོམས་ཀྱང་ཡོང་བར་འདུག་གསུང་། ཡང་དར་མ་བསྟན་བྱ་བ་ཅིག་བྱེས་སུ་སོང་བ་ཤི་ཟེར་ནས་ཉེ་༼༧ན༽འབྲེལ་རྣམས་ངུས་པ་ལས། བླ་མའི་ཞལ་ནས་ཅི་ཉེས་གསུང་། དར་མ་བརྟན་ཤི་ཟེར་ནས་ངུ་བྱས་པ་ལ། མ་ཤི་ཁོ་ད་ལྟ་འོང་གསུང་། འོ་ན་ཁོང་ལ་དེ་སྐད་བགྱིའམ་ཞུས་པ་ལ། གྱིས་གསུང་། དེ་སྐད་བྱས་པས་ཁོ་ཡིད་ཆེས་ནས་ངུ་འཕྲོ་བཅད། དེར་ཁོ་བྱུང་གསུང་། དེ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་མངའ། ཏིང་ངེ་འཛིན་ལས་མི་གཡོ། མཉམ་བཞག་དང་རྗེས་ཐོབ་ལ་ཁྱད་པར་མི་མངའ། ཆོས་ཉིད་བདེན་པ་གཟིགས་པ་སྤྲུལ་པའི་གང་ཟག་ཡིན་གསུང་། ཕྱིས་འདས་ཙ་ན་ཏི་སེ་དང་། བྲིན་གཉིས་ཀར་སྤུར་སྦྱངས་པ་ཡིན་གསུང་ངོ་། །བླ་མ་མི་ལས་ཇི་ལྟ་བ་རྟོགས་པའི་ཡོན་ཏན་དང་། མཛད་སྤྱོད་ཟུར་ཙམ་རྣམ་པར་བཤད་པའོ།། །།བདེ་བར་གཤེགས་པའི་གོ་འཕང་མྱུར་ཐོབ་ཤོག །བཀྲ་ཤིས། །
