Only Dharma. Since 1992
/ Mahamudra / Gampopa

Gampopa's collected works (25)

༼༡ན༽ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། སྙིང་པོའི་ངོ་སྤྲོད་དོན་དམ་གཏེར་མཛོད་བཞུགས་སོ། །

༼༡བ༽༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ངེས་དོན་ཕྱག་རྒྱ་ཆེན་པོ་ཡི། །སྙན་ནས་སྙན་དུ་གདམས་པ་འདི། །མི་བརྗེད་གཟུངས་ནི་མ་ཐོབ་པས། །དྲན་པ་གསོ་ཕྱིར་བྲི་བར་བྱ། །བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་གསུང་ནས། ཕྱི་ནང་ཐམས་ཅད་ལྷན་ཅིག་སྐྱེས། སྣང་སྲིད་འཁོར་འདས་ཙམ། གཉུག་མའི་ངང་དུ་གཅིག་གོ །འདས་པའི་སོང་ཚད། མ་འོངས་པའི་འོང་ཚད། ད་ལྟ་དྲན་པ་སྣ་ཚོགས་ཅིར་སྣང་ཅིར་ཤར་ཡང་། དེ་གསུམ་ཀ་གཉུག་མའི་ངོ་བོར་གཅིག་གོ །འདས་པའི་དུས་ན་ཆོས་ཉིད་གཉུག་མར་གནས། མ་འོངས་པའི་དུས་ན་ཡང་ཆོས་ཉིད་གཉུག་མར་གནས། ད་ལྟ་དྲན་པ་སྣ་ཚོགས་ཅི་ཤར་ཡང་། ཆོས་ཉིད་གཉུག་མའི་ངང་ལས་མི་འདའ། འདས་མ་འོངས་ད་ལྟ་གསུམ་དུས་ལ་ཁྱད་པར་མེད་པར་རྟོགས་པ་ནི། ཕྱག་རྒྱ་ཆེན་པོའོ། །དེ་ལ་ཕྱག་ནི། སྣང་སྲིད་འཁོར་འདས་ཙམ་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས་མི་འདའ་བར་རྟོགས་པ་ནི་ཕྱག་གོ །ཅིར་སྣང་ཅིར་༼༢ན༽སྲིད་ཐམས་ཅད་གཉུག་མའི་དོན་ལས་མི་འདའ་བས་རྒྱའོ། །ཆོས་ཉིད་རང་གྲོལ་དུ་རྟོགས་པས་ན་ཆེན་པོའོ། །དེ་ལྟར་རྟོགས་པའི་གང་ཟག་དེ། །ཕྱི་ནང་ཐམས་ཅད་ལྷན་ཅིག་སྐྱེས། །དཔེ་གསེར་གཙོ་མ་དང་འདྲའོ། །ཕྱི་ནང་ལྷན་སྐྱེས་དོན་དེ་ལ། །འདུ་འབྲལ་མེད་པ་རྟག་ཏུ་གནས། །རང་ཅི་ཙུག་གནས་བྱས་པ་ལ། གཉུག་མའི་ངོ་བོ་གང་ཤར་ལྟོས། །གཉུག་མའི་ངང་ལ་ཞེ་སྡང་ཤར། །གཉུག་མའི་ངོ་བོ་སྟོང་པ་ཡིན། །དེས་ན་ཞེ་སྡང་རང་སར་དག །གཉུག་མའི་ངང་ལ་འདོད་ཆགས་ཤར། །གཉུག་མའི་ངོ་བོ་སྟོང་པ་ཡིན། །དེས་ན་འདོད་ཆགས་རང་སར་དག །གཉུག་མའི་ངང་ལས་གཏི་མུག་ཤར། །གཉུག་མའི་ངོ་བོ་སྟོང་པ་ཡིན། །དེས་ན་གཏི་མུག་རང་སར་དག །གཉུག་མའི་ངང་ལས་ཕྲག་དོག་ཤར། །གཉུག་མའི་ངོ་བོ་སྟོང་པ་ཡིན། །དེས་ན་ཕྲག་དོག་རང་སར་དག །གཉུག་མའི་ངང་ལས་ང་རྒྱལ་བྱུང་། །གཉུག་མའི་ངོ་བོ་སྟོང་པ་ཡིན། །དེས་ན་ང་རྒྱལ་རང་སར་༼༢བ༽དག །དཔེར་ན་རྒྱ་མཚོ་ཆེན་པོ་ལ། །ཆུ་སྣ་མང་དུ་བྱུང་གྱུར་ཀྱང་། །ངོ་བོ་ཆུ་ཡི་ངོ་བོར་གཅིག །གཅིག་པ་དེ་ལྟར་རྟག་ཏུ་གནས། །ཆུ་བོ་ཀླུང་འབྱམས་བསམ་གཏན་བྱ། །རྟག་ཏུ་གནས་པའི་དོན་དེ་ལ། །འདུ་འབྲལ་མེད་པར་རྟག་ཏུ་གནས། །སྐྱེ་བྲི་མེད་པར་རྟག་ཏུ་གནས། །སྤང་ཐོབ་མེད་པར་རྟག་ཏུ་གནས། །འཕེལ་འགྲིབ་མེད་པར་རྟག་ཏུ་གནས། །འབྱུང་འཇུག་མེད་པར་རྟག་ཏུ་གནས། །རྟག་ཏུ་ཆོས་ཉིད་གཉུག་མར་གནས། །ཅིར་སྣང་ཕྱག་རྒྱ་ཆེན་པོར་གནས། །ལུས་ཀྱིས་མཛད་སྤྱོད་ཅི་བྱེད་ཀྱང་། །ངག་གིས་གླེང་བརྗོད་ཅི་སྨྲ་ཡང་། །ཕྱག་རྒྱ་ཆེན་པོའི་ངོ་བོར་གནས། །དེ་ལྟར་རྟོགས་པའི་གང་ཟག་དེ། །ཆུ་བོ་རླུང་འབྱམས་བསམ་གཏན་ཟིན། །གཉུག་མ་རྒྱུན་མི་འཆད་པར་གནས། །རང་ལས་གཞན་དུ་བཙལ་དུ་མེད། །རྒྱུན་དུ་གནས་པའི་དོན་དེ་ལ། །ཐོག་མ་མེད་པར་རང་ལ་གནས། །མཐའ་དབུས་མེད་པར་རང་ལ་གནས། །གསལ་འགྲིབ་མེད་པར་རང་ལ་གནས། །འཕོ་འགྱུར་མེད་པར་རང་ལ་གནས། །དགོས་འདོད་འབྱུང་བ་རང་ལ་གནས། །རང་ལ་གནས་པའི་དོན་དེ་ལ། །གཞན་ནས་བཙལ་བས་རྙེད་མི་སྲིད། །མི་མཐུན་སྤང་དུ་མེད་པ་ཡིན། །ཆོས་ཉིད་གཉུག་མའི་དོན་དེ་ལ། །གང་ཤར་ཆོས་ཉིད་རང་གྲོལ་ནས། །དཔེ་ནི་ནམ་མཁའ་དྭངས་པ་ལ། །སྤྲིན་དང་ན་བུན་ལ་སོགས་པ། །ནམ་མཁའི་ངང་ལ་རང་སར་གྲོལ། །རྐྱེན་དང་གཉེན་པོ་དེ་ལ་མེད། །སེམས་ཉིད་ཕྱག་རྒྱ་ཆེན་པོ་ལ། །ཉམས་མྱོང་སྤང་དུ་མེད་པའི་དཔེ། །དཔེར་ན་རིན་ཆེན་གསེར་གླིང་ན། །ཐམས་ཅད་གསེར་ལ་བྱས་པ་བཞིན། །དེས་ན་མི་མཐུན་སྤང་དུ་མེད། །གཉེན་པོས་བཅོས་སུ་མེད་པ་ཡིན། །མི་མཐུན་སྤང་དུ་མེད་པའི་དོན་དེ་ལ། །གཉེན་པོས་བཅོས་སུ་མེད་༼༣ན༽པས་གྲུབ་པ་མེད། །ཡེ་ནས་ཡིན་པས་གཉེན་པོ་མེད། །ཆོས་ཉིད་རང་སར་གྲོལ་ནས་གནས་པ་ལ། །དེ་ལ་གཉེན་པོས་བཅོས་མི་དགོས། །འབྲས་བུ་སྒྲུབ་ཏུ་མེད་པ་ཡིན། །གཉེན་པོ་མེད་པའི་ཆོས་ཉིད་དེ། །རང་ལ་གནས་པར་རྟོགས་ཙ་ན། །འབྲས་བུ་ལོགས་ནས་སྒྲུབ་མི་དགོས། །གཉུག་མ་རང་ལ་སྨིན་ཙ་ན། །འབྲས་བུ་གཞན་ལ་རེ་བ་མེད། །རེ་དྭོགས་མེད་པའི་འབྲས་བུ་དེ། །འབྲས་བུ་རེ་དྭོགས་མེད་པར་གོ །དཔེར་ན་ནམ་མཁའ་དྭངས་པ་འདྲ། །ལྟ་བ་ངོས་བཟུང་མེད་པ་ཡིན། །འབྲས་བུ་སྒྲུབ་ཏུ་མེད་ཙ་ན། །ལྟ་བ་ངོས་བཟུང་མེད་པར་ངེས། །ཆོས་ཉིད་གཉུག་མའི་དོན་དེ་ལ། །རྟོག་པའི་རྒྱུད་ལས་མ་བྱུང་བས། །ལྟ་བ་ངོས་བཟུང་མེད་པར་ངེས། །དབྱིབས་དང་ཁ་དོག་དང་བྲལ་བས། །ལྟ་བ་ངོས་བཟུང་མེད་པར་ངེས། །སྤྲོས་པའི་མཐའ་དང་བྲལ་བ་ཡིས། །ལྟ་བ་ངོས་བཟུང་མེད་པར་ངེས། །དཔེར་ན་ཆུ་ཡི་ཟླ་བ་འདྲ། །དེ་ཉིད་སྒོམ་དུ་མེད་པ་ཡིན། །ལྟ་བ་ངོས་བཟུང་མེད་པ་དེ། །རང་ལ་གནས་པར་རྟོགས་ཙ་ན། །དེ་ཉིད་གཞན་ནས་སྒོམ་དུ་མེད། །ལུས་ཀྱི་སྒོ་ནས་དེ་མི་འཚོལ། །ངག་གི་སྒོ་ནས་དེ་མི་བརྗོད། །ཡིད་ཀྱི་སྒོ་ནས་དེ་མི་སེམས། །སྒོམ་དང་མི་བསྒོམ་རྩིས་གདབ་མེད། །བརྗོད་པ་མེད་པས་ཕྱག་རྒྱ་ཆེ། །བྱ་རྩོལ་བྲལ་བས་གནས་ཙ་ན། །གཉུག་མ་རྒྱུན་མི་འཆད་པར་གནས། །དཔེར་ན་ཆུ་བོའི་རྒྱུན་དང་འདྲ། །ཚིག་ཕྱིར་མི་འབྲེང་སེམས་ལ་རྔུབ། །སྐལ་ལྡན་རྣམས་ཀྱིས་གསོལ་འདེབས་པས། །གདམས་ངག་ཡི་གེར་བྲིས་པ་ཡིན། །བླ་མ་ཡི་དམ་མཁའ་འགྲོས་བཟོད། །མཛད་ནས་དངོས་གྲུབ་སྩལ་དུ་གསོལ།། ༈ །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ལྷན་སྐྱེས་ཡེ་ཤེས་ཀྱི་གདམས་པ་བཞུགས་སོ། །ན་མོ་གུ་རུ། རང་རིག་གསལ་བ་འགྲོ་བ་ཀུན་ལ་ཁྱབ། །དབྱེར་མེད་ཚུལ་གྱིས་མ་སྐྱེས་རང་བཞིན་ཡིན། །༼༣བ༽ས་ལམ་བགྲོད་མེད་འབྲས་བུ་བློ་ལས་འདས། །སྙིང་པོའི་དོན་ནི་རྟོག་གེའི་ཡུལ་ལས་འདས། །རྒྱལ་བའི་དགོངས་པ་ཉག་གཅིག་བསམ་དུ་མེད། །དག་དང་མ་དག་འཁོར་འདས་གཟུགས་བརྙན་རྣམས། །སྣང་ཡང་སྐྱེ་བ་མེད་པའི་ངང་དུ་གཅིག །སྐྱེ་མེད་འདི་ལ་གཉིས་སུ་མེད་པ་ཡིན། །བདེ་ཆེན་མི་རྟོག་རྒྱུན་དུ་ངང་ལ་གནས། །འཛིན་རྟོག་གཉིས་འདས་མ་བཅོས་ཆོས་ཀྱི་སྐུ། །སྨྲ་མེད་ཉམས་སུ་མྱོང་བ་རྒྱུན་མི་འཆད། །དོན་དམ་དམིགས་སུ་མེད་པའི་དབྱིངས་སུ་རོ་གཅིག་ཉིད། །འཆར་ནུབ་མེད་ན་རྣམ་རྟོག་མུན་པ་ནུབ། །མཐའ་དབུས་མེད་པའི་ཆོས་ཉིད་ནི། །ནམ་མཁའ་ལྟ་བུར་ཐམས་ཅད་ལ། །མ་ཁྱབ་པ་ནི་མེད་པས་ན། །ངོ་མཚར་ཆེ་སྟེ་ཉམས་མྱོང་སྨྲར་མི་བཏུབ། །དབྱེར་མེད་རྟོགས་ན་ལྟ་ངན་མྱུར་དུ་འཇོམས། །འཁོར་འདས་གཉིས་ཀྱི་རེ་དྭོགས་བྲལ། །དངོས་པོ་ཐམས་ཅད་མཉམ་ཉིད་ཕྱག་རྒྱ་ཆེན་པོ་ལ། །རྟོག་པ་སྤངས་ཤིང་མི་རྟོག་མི་སྒོམ་དེ། །ཁོ་ན་ཉིད་ལ་གཉེན་པོ་མེད་དེ་རང་སར་གནས། །གཞན་ན་ཡོད་ན་ཀུན་གྱིས་མཐོང་བར་རིགས། །རང་ལ་ཡོད་པས་ལྐོག་གྱུར་བླ་མའི་ཞལ། །རང་གི་སེམས་ཉིད་སངས་རྒྱས་ཁོ་ན་ཡིན། །ཕྱག་རྒྱ་ཆེན་པོའི་ཡོན་ཏན་ནམ་མཁའ་འདྲ། །ཕྱག་རྒྱ་ཆེན་པོ་རང་ལས་གཞན་མེད་ཕྱིར། །མཆོད་རྫས་མཆོད་གནས་མཆོད་པ་རང་ཉིད་ཡིན། །ངོ་བོ་བློ་ཡི་ཡུལ་ལས་ཤིན་ཏུ་འདས། །རང་ཉིད་ཕྱག་རྒྱ་ཆེན་པོ་ཉིད་ཡིན་པས། །འཁྲུལ་དང་མ་འཁྲུལ་བློ་ཡི་ཡུལ་ལས་འདས། །འོད་གསལ་ཆེན་པོ་གཉུག་མའི་ངོ་བོ་ཉིད། །གསལ་རྒྱུ་མེད་པས་བྱང་ཆུབ་སེམས་སུ་གཅིག །གཉིས་སུ་མེད་པས་འཁོར་བའི་རང་བཞིན་མེད། །དེ་ཉིད་ཤེས་ན་སྣང་བའི་ལོངས་སྤྱོད་ཡིན། །མྱོང་སྣང་ཐམས་ཅད་སྨྲར་མི་བཏུབ་པས་ན། །གཞོན་ནུ་མ་ཡི་བདེ་བ་ཇི་བཞིན་དུ། །བདག་དང་གཞན་དོན་གཉིས་མེད་གསལ་༼༤ན༽བའི་ངང་། །དངོས་དང་དངོས་མེད་ཡོངས་སུ་བཏང་ནས་འཁོར་བ་མེད། །སེམས་ཀྱི་རང་བཞིན་སངས་རྒྱས་གཉིས་མེད་ངང་། །དྲན་རིག་ཐམས་ཅད་མ་བསྒྲིམས་གློད་ལ་བཞག །ཐམས་ཅད་མཁྱེན་པའི་ངོ་བོར་འདི་འདྲ་མེད། །ཁོ་ན་ཉིད་ཀྱིས་རྟོགས་པར་ཐེ་ཚོམ་མེད། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །རང་གིས་ཉམས་སུ་མྱོང་བ་དེ་ཁོ་ནའོ། །རང་རིག་རང་ལ་འབར་ན་འཛིན་རྟོག་ཟད། །ཤེས་རབ་རང་བཞིན་ཏིང་འཛིན་དགོས་མི་འགྱུར། །རྟོགས་པའི་རང་བཞིན་བསམ་གྱིས་མི་ཁྱབ་ཀྱང་། །གདོད་ནས་དག་པས་རྟོག་མེད་ངང་ལ་ཐིམ། །ཡེ་ཤེས་རང་བཞིན་སྐྱེ་འགག་མེད་པར་རྟོགས། །བློ་ལས་འདས་པས་མནོ་བསམ་ཡུལ་མ་ཡིན། །སེམས་ཅན་སངས་རྒྱས་བསམ་གྱིས་མི་ཁྱབ་པ། །སྐྱེ་མེད་རྟོགས་པའི་ཡུལ་ནི་བློར་མི་སྣང་། །གཟུང་འཛིན་བྲལ་བའི་ཕྱག་རྒྱ་ཆེན་པོ་ནི། །མཚན་ཉིད་བརྟེན་པའི་ཉན་ཐོས་ལ་སོགས་སྲེག །རྩེ་གཅིག་བལྟས་ན་ཡོན་ཏན་མཐར་ཐུག་ལྡན། །ཐོག་མཐའ་བྲལ་ཕྱིར་སྔ་ཕྱིའི་དུས་མི་དམིགས། །དེ་ཕྱིར་དངོས་མེད་ཡེ་ཤེས་རྟོགས་པའི་ལམ། །གང་དུ་བལྟས་ཀྱང་ཡེ་ཤེས་རང་ལ་རྙེད། །གཏེར་རྙེད་བདག་གཞན་གཉིས་ཀའི་དོན་མ་རྨོངས། །ཐུགས་རྗེའི་སྤྲུལ་པས་ནམ་མཁའི་ཁམས་ཀུན་འགེངས། །དོན་དམ་རབ་ཏུ་མི་གནས་རྒྱལ་བའི་ཐུགས། །ཐུགས་ཀྱི་དགོངས་པ་དབྱིངས་ལས་མ་བསྐྱོད་ཀྱང་། །ཚིམ་ཞིང་མགུ་ནས་རབ་ཏུ་མི་གནས་སྟོན་པར་བྱེད། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་གསལ་བར་སྟོན། །ཐོག་མཐའ་མེད་ནས་སྲིད་པའི་རྒྱ་མཚོར་གཡེངས། །སྡུག་བསྔལ་སྲིད་དང་མྱ་ངན་འདས་པའི་ཆོས། །རང་གི་སེམས་ཡིན་ཐག་ཆོད་བསམ་དུ་མེད། །བློ་ལས་འདས་པ་སྒོམ་དུ་མེད། །གདོད་ནས་གནས་པ་ལྷན་ཅིག་སྐྱེས། །སྐྱེ་བ་མེད་པའི་ཆོ་༼༤བ༽འཕྲུལ་ལས། །གཟུགས་ཀྱི་སྐུ་རུ་བྱུང་བ་ཡིན། །ཆོས་སྐུ་ཡེ་ཤེས་ཆེན་པོ་རང་། །ལོངས་སྐུ་སྤྲུལ་སྐུར་ཤར་བ་ཡིན། །རྟོགས་པའི་སྒོ་ནས་ཐ་དད་ཙམ། །ངོ་བོ་གཅིག་ལས་མེད་པ་ཡིན། །ཉམས་སུ་བླང་བའི་གདམས་ངག་ཀྱང་། །རྨོངས་པ་རྣམས་ནི་འདི་ལྟ་སྟེ། །མཉམ་བཞག་རྗེས་ཐོབ་དག་ཏུ་འདོད། །ཐུན་དུ་བཅད་ནས་སྒོམ་པར་འདོད། །དམིགས་མེད་གར་ཡང་མ་འཕྲོས་ལ། །ཕྱག་རྒྱ་ཆེན་པོ་སྒོམ་པར་འདོད། །དེ་ལྟར་བྱོལ་སོང་རྣམས་འདོད་དོ། །ས་ར་ཧ་ནི་འདི་ལྟར་འདོད། །དབང་པོ་དྲུག་གི་སྤྱོད་ཡུལ་དུ། །སྣང་བའི་དབང་པོ་ཐམས་ཅད་ནི། །འབད་རྩོལ་མེད་པའི་ཚུལ་གྱིས་སུ། །སྐྱེ་བ་མེད་པར་རྟོགས་པར་བྱ། །བསམ་དང་བྲལ་བའི་ཚུལ་གྱིས་སུ། །སྣང་བ་དངོས་མེད་རྟོགས་པར་བྱ། །སྤྱོད་པ་མེད་པའི་རང་བཞིན་ལས། །སྣང་སྲིད་ཆོས་སྐུར་རྟོགས་པར་བྱ། །རྒྱུན་མི་ཆད་པའི་རྣལ་འབྱོར་གྱིས། །ཐམས་ཅད་ལྷན་སྐྱེས་རྟོགས་པར་བྱ། །བླང་དོར་མེད་པའི་མཆོག་ཡིན་ནོ། །ཁམས་གསུམ་ཡེ་ནས་སངས་རྒྱས་ཡིན། །འཁོར་བ་ཡེ་ནས་མྱང་འདས་ཡིན། །སེམས་ཉིད་ཡེ་ནས་གྲོལ་བ་ཡིན། །དུག་ལྔ་སྨན་གྱི་རང་བཞིན་ཡིན། །ཉོན་མོངས་ཡེ་ནས་བྱང་ཆུབ་ཡིན། །འོན་ཀྱང་མ་རྟོགས་འཁོར་བར་འཁྱམས་པ་ཡིན། །འཁོར་བ་ཟློག་ལ་བླ་མའི་གདམས་ངག་དགོས། །དབུལ་པོའི་གཏེར་ནི་ཇི་བཞིན་དུ། །རང་ལ་ཡོད་ཀྱང་མ་རྟོགས་སོ། །དེས་ན་བླ་མའི་གདམས་ངག་གིས། །སྐད་ཅིག་ཙམ་ཡང་མ་ཡེངས་པར། །ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་། །བྱ་བ་བཏང་ལ་ཉམས་སུ་བླང་། །ཕྱག་རྒྱ་ཆེན་པོ་དང་འབྲེལ་བའི། །སྤྱོད་པ་རྣམ་གསུམ་བསྟན་པར་བྱ། །གསང་སྤྱོད་རིག་སྤྱོད་ཚོགས་སྤྱོད་གསུམ། །ཕྱག་རྒྱ་ཆེན་པོའི་དུས་སུ་བྱ། །དེ་ཉིད་རྟོགས་ཤིང་ནུས་མེད་པ། །དེ་ཡི་༼༥ན༽དུས་སུ་གསང་སྤྱོད་བྱ། །ནུས་པ་དག་ནི་སྐྱེས་གྱུར་ན། །དེ་ནས་རིག་པའི་བརྟུལ་ཞུགས་སྤྱོད། །ཚོགས་སྤྱོད་ཟླ་གཅིག་སྤྱོད་པའོ། །འདོད་པ་གཡེང་བ་ཞི་བ་དང་། །ཏིང་འཛིན་བརྟན་པའི་དགོས་པ་ཡོད། །སྤྱོད་པ་མཐར་ཕྱིན་གལ་ཆེའོ། །ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ཐོག་བབས་ཀྱི་རྩ་བ་ལགས་སོ། །ན་མོ་གུ་རུ། ཕྱག་རྒྱ་ཆེན་པོའི་གདམས་ངག་ཐོག་བབས། ཡས་ཐོག་ཏུ་གདམས་པ་འདི་ལ་དོན་གཉིས་ཏེ། ཕྱོགས་སྔ་མ་ལོག་པར་རྟོག་པ་ལྔ་བསལ་བ་དང་། གདམས་ངག་དངོས་སོ། །དང་པོ་ལ་ལྔ་ལས། ངོ་བོ་ལ་ལོག་པར་རྟོག་པ་བསལ་བ་ནི། ད་ལྟའི་སེམས་ངན་པ་སྤངས་ནས་ཕྱིས་ཡེ་ཤེས་བཟང་བ་ཅིག་འདོད་པ་ཡིན་ལ། གདམས་ངག་འདིའི་ལུགས་ཀྱིས། ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པས་སྤང་དུ་མེད་དོ། །གཉིས་པ་ཡུལ་ལ་ལོག་རྟོག་བསལ་བ་ནི། དུག་ལྔ་སྤང་བར་འདོད་པ་དེ། ཆོས་འདིའི་ལུགས་ཀྱིས། དུག་ལྔ་ལམ་དུ་འཁྱེར་བའོ། །གསུམ་པ་དུས་ལ་ལོག་རྟོག་བསལ་བ་ནི། བསྐལ་པ་གྲངས་མེད་གསུམ་ན་རྟོགས་པར་འདོད་པ་དེ། ཆོས་འདིའི་ལུགས་ཀྱིས། ད་ལྟ་རང་རྟོགས་པར་འདོད་པའོ། །བཞི་པ་ཤེས་རབ་ལ་ལོག་རྟོག་བསལ་བ་ནི། རིག་པས་རྟོགས་པར་འདོད་པ་དེ། འདིར་གདམས་ངག་གིས་རྟོགས་པར་འདོད་པའོ། །ལྔ་པ་སངས་རྒྱས་དང་། སེམས་ཅན་ལ་བཟང་ངན་དུ་བྱེད་པའི་ལོག་རྟོག་བསལ་བ་ནི། འདིར་རྟོགས་མ་རྟོགས་ལས་ཁྱད་མེད་པའོ། །གཉིས་པ་གདམས་ངག་དངོས་ལ་གསུམ། དང་པོ་སྒོམ་པའི་མགོ་རྩོམ་པ་ལ་མཁས་པ། བར་དུ་ཉམས་བརྟན་པ་ལ་མཁས་པ། ཐ་མར་འཕྲོ་གཅོད་པ་ལ་མཁས་པའོ། །དང་པོ་ལ་གཉིས་ལས། ལུས་ཀྱི་བཞག་ཐབས་ནི། རྣམ་སྣང་གི་ཆོས་བདུན་ནོ། །སེམས་ཀྱི་བཞག་ཐབས་༼༥བ༽ལ་གཉིས་ལས། སེམས་མ་འཁྲུལ་བར་ངོས་བཟུང་བ་ནི། སེམས་ཀྱི་ངོ་བོ་བདེ་གསལ་མི་རྟོག་པ་དེ། མ་བཅོས་པར་རང་ལུགས་སུ་རྩོལ་སྒྲུབ་དང་བྲལ་བར། ཐོག་བབས་སུ་བཞག་པའོ། །སེམས་འཁྲུལ་པ་ངོས་བཟུང་བ་ལ་བཞི། བལྟ་བའི་ཡུལ་དང་། ལྟ་ཐབས་དང་། མཐོང་ཚད་དང་། མཐོང་ལུགས་སོ། །དང་པོ་བལྟ་བའི་ཡུལ་ནི། དགེ་བ། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་རྣམ་པར་རྟོག་པའོ། །གཉིས་པ་ལྟ་ཐབས་ནི། རྣམ་རྟོག་གང་བྱུང་ལ། ཤེས་རབ་ཀྱི་མིག་གིས་ཐོག་བབས་སུ་བལྟ་བའོ། །གསུམ་པ་མཐོང་ཚད་ནི། རྣམ་རྟོག་བུད་པའི་ཤུལ་ནས་སེམས་མེད་པ་མ་ཡིན་ཏེ། སེམས་ངོ་བོས་སྟོང་པ། གསལ་སིང་ངེ་བ་གཅིག་འདུག་པ་དེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །བཞི་པ་མཐོང་ལུགས་ལ་བཞི། ཅི་མཐོང་བ། དུས་ནམ་མཐོང་བ། ཆོས་ཅི་དང་ལྡན་པར་མཐོང་བ། ཅི་ལྟར་མཐོང་བའོ། །ཅི་མཐོང་ཞེ་ན། སེམས་མཐོང་སྟེ། རྟོགས་ན་སངས་རྒྱས་སོ། །དུས་ནམ་མཐོང་ཞེ་ན། ཐོག་མ་མེད་པ་ནས་ཡོད་པར་རོ། །ཆོས་ཅི་དང་ལྡན་པར་མཐོང་ཞེ་ན། ཆོས་ཐམས་ཅད་ལ་ཁྱབ་པར་མཐོང་ངོ་། །ཅི་ལྟར་མཐོང་ཞེ་ན། དབང་པོ་དྲུག་གི་སྤྱོད་ཡུལ་ལས་འདས་པར་མཐོང་སྟེ། ཁ་དོག་དང་དབྱིབས་སུ་མ་གྲུབ་པའོ། །བར་དུ་ཉམས་བརྟན་པ་ལ་མཁས་པ་ནི། རྒོད་ན་དེ་རང་གི་ཐོག་ཏུ་གཏད། བྱིང་ན་རྒོད་དུ་བཅུག་སྟེ་དེ་ལ་བལྟ་བའོ། །ཐ་མ་འཕྲོ་གཅོད་པ་ལ་མཁས་པ་ནི། གསལ་ལ་ཡུན་ཐུང་ངུ་བྱས་ཏེ་བསྒོམ་པ་སྟེ། སྒོམ་དང་མ་འཁོན་པར་བཟང་གྱེས་བྱ་བའོ། །ཕྱག་རྒྱ་ཆེན་པོ་རྩིས་ཀྱི་རྒྱ་མདུད་དང་བཅས་པའོ།། ༈ །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ཉམས་ལེན་དགུ་ཕྲུགས་ཀྱི་གདམས་པ་ལགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྤྱིར་ཕྱག་༼༦ན༽རྒྱ་ཆེན་པོ་ལ་དབྱེ་བ་མེད་ཀྱང་། རྣལ་འབྱོར་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ན་གཉིས་ཏེ། སེམས་ཉིད་ལྷན་ཅིག་སྐྱེས་པ་དང་། སྣང་བ་ལྷན་ཅིག་སྐྱེས་པའོ། །དང་པོ་ནི་ཆོས་སྐུ་ཡིན་ལ། གཉིས་པ་ནི་ཆོས་སྐུའི་འོད་ཡིན་ནོ། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་རང་བཞིན་མ་བཅོས་པ་ཡིན། ངོ་བོ་ངོས་བཟུང་དང་བྲལ་བ་ཡིན་ཏེ། དཔེར་ན་ནམ་མཁའ་ལྟ་བུའོ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་ནི། དགེ་མི་དགེ་ལུང་མ་བསྟན་པ་རྣམ་པར་རྟོག་པ་དུ་མ་དང་བཅས་པ་ཡིན་ནོ། །དེ་ཉིད་གཅིག་གམ་ཐ་དད་ཅེ་ན། མ་རྟོགས་པ་རྣམས་ལ་ཐ་དད་པ་ལྟར་སྣང་ལ། རྟོགས་པ་རྣམས་ལ་གཅིག་སྟེ། དཔེར་ན། ཙན་དན་དང་ཙན་དན་གྱི་དྲི་བཞིན་ནམ། ཉི་མ་དང་ཉི་མའི་ཟེར་བཞིན་ནམ། ཆུ་དང་ཆུའི་རླབས་བཞིན་ནོ། །དེ་ལྟར་རྟོགས་པར་བྱེད་པའི་ཆོས་གསུམ་སྟེ། གཞི་ སེམས་ཉིད་ལྷན་ཅིག་སྐྱེས་པ་དེ་ ཅི་ཡང་མ་ཡིན་པ་ལ། སྣ་ཚོགས་སུ་ སྣང་བ་ལྷན་ཅིག་སྐྱེས་པ་དེ་ ཤེས་པར་བྱ། སྣ་ཚོགས་སུ་སྣང་བ་ གཞི་སེམས་ཉིད་ལས་བྱུང་བ་ དེ་ཡང་དོན་ལ་ཅི་ཡང་མ་ཡིན་པར་ཤེས་པར་བྱ། རྟོགས་པའི་ གཞོན་ནུ་མའི་བདེ་བ་བཞིན་དུ་ དུས་སྨྲ་མི་བཏུབ་པར་ཤེས་པར་བྱ། རྟོགས་པར་བྱེད་པ་ལ་ཉམས་སུ་ལེན་དགོས་པས། དེ་ལ་ཆོས་གསུམ་སྟེ། དང་པོ་འབད་རྩོལ་དང་བྲལ་བའི་སྒོ་ནས་ལུས་སེམས་ཁོང་གློད་པ་དང་། བར་དུ་ཐེ་ཚོམ་དང་བྲལ་བའི་སྒོ་ནས་ དུས་གསུམ་གྱི་རྟོག་པ་དང་བྲལ་བ་ མ་བཅོས་པའི་ངང་ལ་བཞག་པ་དང་། ཐ་མ་བྱུང་ཚོར་གྱི་རྟོག་པ་ཐམས་ཅད་སྐྱེ་མེད་དུ་ སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་ ཤེས་པར་བྱ་བའོ། །དེ་ལ་བླ་མའི་མན་ངག་གིས་རྒྱས་འདེབས་དགོས་པས། མཐའ་རྟེན་གྱི་གདམས་ངག་གསུམ་སྟེ། འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་རང་ལ་ཡོད་པས། ༼༦བ༽གཞན་ནས་བཙལ་མི་དགོས། སྡུག་བསྔལ་ཐམས་ཅད་སྤངས་པའི་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་དེ། རང་གི་རིག་པ་འདི་ཁོ་ན་ཡིན་པས་བླ་མའི་གདམས་ངག་གིས་རང་ལ་ཡོད་པ་དེ་ཤེས་པར་བྱ་དགོས། ལོགས་ན་མེད། སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཡིན་པས། རང་སེམས་ལ་རང་འཇིགས་མི་དགོས་སོ། །ཕྱག་རྒྱ་ཆེན་པོ་ངོ་སྤྲོད་ཀྱི་གདམས་ངག །ཨྠི་།། ༈ །།ཆོས་སྐུ་མཛུབ་ཚུགས་མ་ཞེས་བྱ་བ་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རིན་པོ་ཆེའི་ཞལ་ནས། ངས་ཁྱོད་ལ་ངོ་སྤྲོད་ཅིག་བྱ་གསུང་། ད་ཁྱོད་རང་གི་ཤེས་པ་གསལ་སིང་ངེ་བ་དེ་རང་ཆོས་སྐུ་ཡིན། ལོགས་ན་མེད། ད་ལྟ་རང་འདི་ནས་ལོངས། ཕ་གིར་བསྡད་ཙ་ན་ཡང་། ཤེས་པ་ལ་བལྟས་པས། གསལ་སིང་ངེ་འདུག་པ་དེ་ཁོ་ན་ཆོས་ཀྱི་སྐུ་ཡིན། དེ་ནས་ཡང་། ཁྱིམ་དུ་ཕྱིན་ནས་མལ་དུ་བསྡད་དེ། སེམས་ལ་བལྟས་པས། གསལ་སིང་ངེ་བྱ་བ་ངོས་བཟུང་དང་བྲལ་བར་འདུག་ན། དེ་ཁོ་ན་ཆོས་སྐུ་ཡིན། དེ་ལ་གནས་པ་ཡུན་ཐུང་སྟེ་སྐད་ཅིག་ཙམ་ཡང་མི་གནས་པ་དེ་ཡང་ཆོས་སྐུ་ཡིན། ཤེས་པ་འཕྲོ་བ་ལ་སྐྱོན་དུ་མི་ལྟ། མི་འཕྲོ་བ་ལ་ཡོན་ཏན་དུ་མི་ལྟ་བར། ཅི་ལྟར་འདུག་ཀྱང་། ཤེས་པ་གསལ་སིང་ངེ་བ་ལ་ངེས་སུ་གཞུག་སྟེ། འོང་ན་ཡེ་ཤེས་འཆར་རོ། །དེ་ཙ་ན་རང་མཁས་པ་འོང་བ་ཡིན་གསུང་ངོ་། །འོལ་ཀའི་ཡོན་བདག་མོ་ལ་གདམས་པ་ལགས་སོ།། ༈ ན་མོ་གུ་རུ། བླ་མ་དྭགས་པོ་སྙི་སྒོམ་གྱིས། འོལ་ཀའི་ཡོན་བདག་མོ་གཅིག་སྒོམ་འདོད་ནས། ཐུགས་ནས་ཕྱུང་བ་ཡིན་སྐད། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་དེ། བྱང་ཆུབ་ཀྱི་སེམས་ཡིན། སེམས་རང་སོར་འཇོག་པ་དེ། གདམས་ངག་ཡིན། འཇོག་ལུགས་ནི། ནམ་མཁའ་ལྟར་ངོས་བཟུང་མེད་པར་འཇོག །རི་བོ་ལྟར་གཡོ་འགུལ་མེད་པར་འཇོག །མར་མེ་ལྟར་གསལ་ལ་མ་ཡེངས་པར་འཇོག །དེ་ལྟར་བཞག་པས། དཔེ་གསུམ་པོ་ལྟར་སེམས་གནས་ཙ་ན། སེམས་རང་གིས་རང་ངོ་ཤེས་པ་དེ་རྟོགས་པ་ཡིན། སེམས་དེ་རྟོགས་ལུགས་ནི། སྐྱེ་༼༧ན༽བ་མེད་པར་རྟོགས། འགག་པ་མེད་པར་རྟོགས། གནས་པ་མེད་པར་རྟོགས། དེ་ལྟར་རྟོགས་པས་མཐའ་དང་བྲལ་བ། ནམ་མཁའ་ལྟར་ཡངས་པ་དེ་ལྟ་བ་ཡིན། ཉམས་མྱོང་བཟུང་དུ་མེད་པ། ཉི་ཟླ་ལྟར་གསལ་བ་དེ་སྒོམ་པ་ཡིན། དྲན་སྣང་ཆོས་ཉིད་དུ་ཤར་བ་དེ་སྤྱོད་པ་ཡིན། དེ་ལྟ་བུ་ཉམས་སུ་མྱོང་བ་དེ་འབྲས་བུ་སངས་རྒྱས་ཡིན་ནོ། །ཞེས་གསུང་ངོ་། །རྗེ་རིན་པོ་ཆེའི་ལྟ་སྒོམ་སྤྱོད་འབྲས་ཀྱི་གདམས་པ། འོལ་ཀའི་ཡོན་བདག་མོ་ལ་གསུངས་པའོ།། ༈ །།དུས་གསུམ་དབྱེར་མེད་ཀྱི་གདམས་པ་ལགས་སོ།། ན་མོ་གུ་རུ། རིན་པོ་ཆེ་སྒམ་པོ་པའི་ཞལ་ནས། ཕྱག་རྒྱ་ཆེན་པོའི་དབང་དུ་བྱས་ན། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་ཡིན། སེམས་མ་བཅོས་པ་དེ་ཉིད་ཆོས་སྐུ། སྣང་གྲགས་སྣ་ཚོགས་སུ་ཤར་བ་དེ་ཆོས་སྐུའི་འོད། དེ་གཉིས་མར་མེ་དང་མར་མེའི་འོད་ལྟ་བུ་ཡིན། དེ་ཉམས་སུ་ལེན་པའི་དུས་སུ་འདི་ཙུག་ཡིན། འདས་པའི་རྣམ་པར་རྟོག་པ་རྗེས་མི་བཅད། མ་འོངས་པའི་རྣམ་པར་རྟོག་པ་སྔོན་མི་བསུ། ད་ལྟར་བའི་སྣང་བ་ཡིད་ལ་མི་བྱ་བར། ཤེས་པ་གསལ་ལ་རྟོག་པ་མེད་པ། ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུའི་ངང་དུ། སེམས་མ་བཅོས་པར་རང་གར་ཙེན་གྱི་བཞག །དེའི་དུས་སུ་ཤེས་པ་སྐད་ཅིག་མ་གཅིག་ཙམ་མམ། སྐད་ཅིག་གཉིས་པ་ཙམ་གནས་པ་འོང་། དེ་ཡུན་རིང་བ་ལ་ཡོན་ཏན་དུ་མི་ལྟ། ཐུང་བ་ལ་སྐྱོན་དུ་མི་ལྟ་བ་ཡིན། དེ་ལྟར་བསྒོམས་པས་དུས་ཅི་ཞིག་ཙ་ན། ཤེས་པ་དེ་མར་མེའི་རྩེ་མོའམ། ཆུ་བོའི་རྒྱུན་བཞིན་དུ་ཕྲིལ་གྱིས་འགྲོ་བ་འོང་བ་ཡིན། དེ་དུས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་བྱ་བ་ཡིན། ཆུ་བོའི་རྒྱུན་ནི་རབ་འབབ་དང་། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །ཉིན་མཚན་རྟག་༼༧བ༽ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །བྱ་བ་ཡིན་པས། དེ་ལས་མེད། སེམས་ཀྱི་ངོ་བོ། རང་བཞིན། མཚན་ཉིད་དོ། །ངོ་བོ་ནི་ཕྱོགས་རིས་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཡིན། རང་བཞིན་ནི། གསལ་ལ་གོ་མ་འགགས་པ་ངོས་བཟུང་མེད་པ་དེ་ཡིན། མཚན་ཉིད་ནི། རྟོག་པ་སྣ་ཚོགས་སུ་འགྱུར་བ་དེ་ཡིན། ལར་བྱ་བ་བཏང་ནས་བསྒྲུབ་དགོས་པ་གཅིག་ཡིན། འཇིག་རྟེན་བློས་ཐོང་ལ་རེམས་ལ་སྒོམས་ཤིག་གསུང་། ཡུན་རིང་ལ་དོས་དྲག་ཏུ་བསྒོམ་ན། སྒོམ་ཉམས་སུ་མྱོང་བ་ཡིན། སྙོམས་ལས་བྱས་པ་ལ་མི་སྐྱེ་གསུང་།། ༈ །།དྭགས་པོ་སྒོམ་ཆུང་གིས་གསུངས་པའི་ངོ་སྤྲོད་ལགས་སོ།། བླ་མ་རྣམས་ལ་ཕྱག་འཚལ་ལོ། །རིན་པོ་ཆེ་སྒོམ་ཆུང་གི་ཞལ་ནས། འོ་ན་ཕྱག་རྒྱ་ཆེན་པོ་ངོ་སྤྲོད་སྒོམ་པ་འདི་ཙུག་ཡིན་པས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། སེམས་རིག་པའི་ངོ་བོ་འདི་རྟོགས་ན་སངས་རྒྱས། མ་རྟོགས་ན་འཁོར་བ་ཡིན། སྤྱིར་ཆོས་ཐམས་ཅད་ཀྱི་ཟབ་པར་གྱུར་བ་བྱ་བ་ཡིན། དེ་སྒོམ་ན་ཅི་ཙུག་སྒོམ་བྱས་པས། འདས་པའི་རྗེས་མི་བཅད། མ་འོངས་པའི་སྔུན་མི་བསུ། ད་ལྟར་གྱི་ཤེས་པ་རང་ག་རྣལ་མར་ཙེན་གྱིས་བཞག །དེ་ལ་འདས་པའི་རྗེས་མི་བཅད་ཟེར་ཙ་ན། འོ་སྐོལ་གྱི་བློ་རྣམ་རྟོག་སྔ་མའི་ཕྱིར་མི་འབྲང་བ་ཡིན། མ་འོངས་པའི་སྔུན་མི་བསུ་ཟེར་ཙ་ན། འོ་སྐོལ་གྱི་བློས་རྣམ་རྟོག་ཕྱི་མའི་མདུན་མི་བསུ་བ་ཡིན། ད་ལྟར་གྱི་ཤེས་པ་རང་གར་རྣལ་མར་ཙེན་གྱིས་བཞག་ཟེར་ཙ་ན། ད་ལྟར་གང་དུ་ཡང་མི་དམིགས་པ་ལ་ཟེར་བ་ཡིན། སེམས་མ་བཅོས་ན་གསལ། ཆུ་མ་རྙོགས་ན་དྭངས་བྱ་བ་ཡིན་པས། མ་བཅོས་པའི་ངང་ལ་རང་གར་ཙེན་གྱིས་ཞོག །དེ་ལྟར་བཞག་པས། གསལ་ལ་རྟོག་པ་མེད་པ། སིང་༼༨ན༽ངེ་ཡེ་རེ་བ་སེ་གོལ་གཏོགས་པ་ཙམ་མམ། བ་འཇོ་བ་ཙམ་ལ་སོགས་པ་འོང་། དེ་ཡུན་རིང་བ་ལ་ཡོན་ཏན་དུ་མི་ལྟ། ཐུང་བ་ལ་སྐྱོན་དུ་མི་ལྟ་བ་སྒོམ། དེའི་རྗེས་ལ་རྣམ་རྟོག་གཅིག་འོང་། དེ་ལ་གློད་ནས་འཇོག །འཇུར་བུས་བཅིངས་པའི་སེམས་ཉིད་དེ། །གློད་ན་གྲོལ་བར་ཐེ་ཚོམ་མེད། །བྱ་བ་ཡིན་པས་གློད་པ་ཡིན། དེ་ལྟར་གློད་ཅིང་བསྒོམས་པས། གསལ་ལ་རྟོག་པ་མེད་པ་དེ་ཡུན་ཇེ་རིང་ཇེ་རིང་ལ། ཅི་ཞིག་ཙ་ན། རང་གི་ངོ་བོའི་ནང་དུ་ཕྲིལ་གྱིས་འགྲོ་བ་འོང་། དེ་ལྟར། ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་བྱ་བ་དེ་ལ་ཟེར་བ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་རྟོགས་ནས། ཚིག་གནས་དཔྱད་ཡང་དོན་འདི་ལ་འབབ་པ་ཡིན་པས། དེ་ལས་མེད། གློད་ལ་སྒོམས་ཤིག། ༈ །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། རྒྱུ་ལམ་འབྲས་བུའི་མན་ངག་ལགས་སོ།། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དབང་པོ་རབ་ཕྱག་རྒྱ་ཆེན་པོ་རྟོགས་པར་བྱེད་པ་ལ་དོན་རྣམ་པ་གསུམ་སྟེ། རང་བཞིན་རྒྱུའི་ཕྱག་རྒྱ་ཆེན་པོས་གཞི་ཤེས་པར་བྱ་བ་དང་། སྒོམ་པ་ལམ་གྱིས་ཕྱག་རྒྱ་ཆེན་པོས། ལམ་ཉམས་སུ་བླང་བའི་ཐབས་བསྟན་པ་དང་། ལྷུན་གྱིས་གྲུབ་པའི་འབྲས་བུ་བསྟན་པའོ། །སྒོམ་པ་ལམ་གྱི་ཕྱག་རྒྱ་ཆེན་པོས། ལམ་ཉམས་སུ་བླང་བའི་ཐབས་བསྟན་པ་ནི། དང་པོ་བརྡའི་གདམས་ངག་གིས་ཕྱག་རྒྱ་ཆེན་པོའི་རོ་འཚོལ་བ་དང་། བར་དུ་གཉིས་མེད་འོད་གསལ་གྱི་སྒོམ་པས་སེམས་ཉིད་རྣལ་དུ་གཞུག་པ་དང་། ཐ་མ་ཡིད་ལ་མི་བྱེད་པའི་རྣལ་འབྱོར་གྱིས་རྣམ་པར་རྟོག་པ་ལ་བཟླ་བའོ། །དེ་ཡང་རྒྱུད་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པས། བརྡའི་མན་ངག་གིས་མ་སྐྱེས་པ་ངོ་བསྟན་༼༨བ༽པ་ནི། བརྒྱུད་པའི་བླ་མ་དང་། དངོས་ཀྱི་བླ་མའོ། །དེ་ཡང་། བརྒྱུད་པའི་བླ་མ་རང་ལ་ཐ་དད་མེད་པ་དེས་མ་སྐྱེས་པའི་ངོ་བོ་བསྟན་པའོ། །དང་པོ་དྲིལ་བུའི་སྒྲ་ལྟ་བུ་ལ་ཤེས་པ་གཏད་དུ་བཅུག་སྟེ། མ་སྐྱེས་པའི་ངོ་བོ་བསྟན། གཉིས་པ་ལ། རྟོག་པ་གློ་བུར་བསྟན་པ་ནི། རྡོ་རྗེ་གདན་བྱས་པས། སློབ་མ་ཡང་རྡོ་རྗེ་གདན་དུ་འཛིན་པའི་ཤེས་པ་བྱུང་སྟེ། རྟོག་པ་གློ་བུར་བར་ཡིད་ཆེས་པར་བྱེད། གསུམ་པ་རྟོག་པ་ཆོས་ཉིད་དུ་ངོ་སྤྲད་པ་ནི། འཕགས་པ་ཤིང་ཀུན་བྱས་པས། སློབ་མ་ཡང་ཤིང་ཀུན་འཛིན་པའི་རྟོག་པ་སྐྱེས་བས། རྡོ་རྗེ་གདན་དུ་འཛིན་པའི་རྟོག་པ་དེ་ཡང་ཆོས་ཉིད་དུ་ཡིད་ཆེས་སོ། །བཞི་པ་ལ་རྟོག་པ་ཅི་སྐྱེས་ཐམས་ཅད་ཆོས་ཉིད་ཡིན་གྱི། གཞན་ལོགས་ན་གྲུབ་པའི་རྟོག་པ་མེད་པར་བསྟན་ནོ། །དངོས་ཀྱི་བླ་མ་ནི། དང་པོ་སེམས་མ་ཟིན་པ་ཟིན་པར་བྱེད་པ་དང་། ཟིན་པ་བརྟན་པར་བྱེད་པ་དང་། བརྟན་པ་བོགས་འདོན་པའོ། །དང་པོ་ནི། བདག་གི་གཞོགས་གང་རུང་ཅིག་ཏུ་མར་མེ་རླུང་གིས་མི་བསྐྱོད་པ་ཅིག་བཞག་ལ། དེའི་གཟུགས་བརྙན་མེ་ལོང་གཡའ་དག་པ་ཅིག་ལ་འཆར་དུ་བཅུག་སྟེ། གཟུགས་གསལ་ལ་མི་གཡོ་བ་ཅིག་ལ་ཤེས་པ་གཏད། དེ་ལ་སེམས་ཟིན་པ་དང་། ཕ་གི་ཅི་འདྲ་བ་ཅིག་རང་གི་སྙིང་གི་ནང་དུ་བསམ་མོ། །གཉིས་པ་ཟིན་པ་བསྟན་པར་བྱ་བ་ནི། བྱིང་བ་ལ་གཉིད་དུ་སོང་བ། རྒོད་པ་ལ་སྣ་ཚོགས་སུ་འཕྲོ་བ། གཏད་པ་ལ་ཤེས་པ་བཞུད་དྲགས་པ། བྱིང་ན་གསེང་། གོས་དང་ཤེས་པ་གསེང་། གདོང་བཀྲུ། རྒོད་ན་ཤེས་པ་གློད། འཕྲོ་རྒྱུ་རང་ཅི་ཡོད་སྙམ་ནས། ཤེས་པ་ལྟེམ་གྱིས་བཞག །ཡང་བྱིང་རྒོད་བྱུང་ན་ཐུན་བསྐྱུང་། ཐུན་མཚམས་སུ། སྤྱོད་ལམ་གྱི་དུས་སུ་སེམས་དགའ་བ་དང་། སྤྲོ་བ་བསྐྱེད་ལ་གནས་པར་བྱའོ། །དེ་ཡང་ཅི་ཤེས་ན། ཆུ་བོའི་རྒྱུན་ནི་རབ་འབབ་དང་། །མར་༼༩ན༽མེའི་རྩེ་མོ་རབ་བཅིངས་ལྟར། །ཞེས་པས་གསལ་ལོ། །གསུམ་པ་བརྟན་པ་བོགས་འདོན་པ་ནི། དེ་བཞིན་དུ་ཤེས་པར་བྱས་ལ། དེ་ཉིད་སྒྲོ་སྐུར་རྟོག་པ་ཐམས་ཅད་དང་བྲལ་བ་ནི། ཆོས་ཉིད་འོད་གསལ་ཡིན་ལ། རྟོག་མེད་ཀྱི་རིག་པ་གསལ་ལ་མ་འགགས་པ་ནི། སེམས་ཉིད་འོད་གསལ་བའོ། །རིག་པ་སྤྲོས་པ་དང་བྲལ་བ་ཐ་དད་མེད་པ་གཉིས་མེད་འོད་གསལ་ཞེས་བྱའོ། །དེའི་ངང་ལ་འབད་རྩོལ་མེད་པར་གནས་པར་བྱའོ། །དེ་ནི་གཉིས་མེད་འོད་གསལ་གྱི་སེམས་རང་མལ་དུ་གཞུག་པ་ཞེས་བྱའོ། །དེ་ལྟར་ཤེས་པ་བདེ་བ་གསལ་བ་རྟོག་པ་མེད་པའི་རྗེས་ལ། ལུས་སྐྱིལ་མོ་ཀྲུང་མ་ཞིག་པར། བདེ་གསལ་རྟོག་མེད་དེའི་འཕྲོ་ལ། མིག་སྣ་རྩེར་ཕབ་པ་ལ་གོ་ལེ་ཕྱེ་ལ། རང་གི་སྣང་སྲིད་ལ་བལྟས་པས། མིག་གི་ཡུལ་དུ་གཟུགས། རྣ་བའི་སྒྲ། སྣའི་དྲི། ལྕེའི་རོ། ལུས་ཀྱི་རེག་བྱ། སེམས་ཀྱི་ཡུལ་དུ་དྲན་རྟོག་སྣ་ཚོགས་ཤར་བ། དེ་ཐམས་ཅད་ལ་བལྟ། དེ་ནས་ཡང་། གདངས་པ་བཙུམས་ལ། ནང་ཡེ་ཤེས་བདེ་གསལ་རྟོག་མེད་དང་སྦྱར་རོ། །བདེ་བ་ཆུ་ལ་ཆུ་ཐིམ་པ་ལྟ་བུའམ། ཕོ་མོ་ཕྲད་པ་ལྟ་བུའམ། ལྟོ་འགྲངས་ཉི་མ་དྲོ་བའི་བདེ་བ་ལྟ་བུ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཟག་པ་མེད་པའི་བདེ་བ་ཆེན་པོའོ། །གསལ་བ་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུ་ཉི་མ་ལ་སྒྲིབ་པ་དང་ངོས་བཟུང་མེད་དོ། །རང་གི་ཤེས་པ་དེ་ཡང་། བདེ་གསལ་རྟོག་མེད་དུ་འདུག་པ་ལ་ངོས་བཟུང་མེད་དོ། །རྟོག་པ་མེད་པ་ནམ་མཁའ་ལ་རླུང་ངམ་ན་བུན་དེངས་པ་ལྟ་བུ་ཅིག་སྐྱེའོ། །བྱུང་ཡང་ནམ་མཁའ་ལས་བྱུང་། དེངས་ཀྱང་ནམ་མཁའ་ལ་དེངས་སོ། །དེ་བཞིན་དུ་རྟོག་པ་བྱུང་ཡང་སེམས་ཉིད་ལས་བྱུང་། དེངས་ཀྱང་སེམས་ཉིད་དུ་དེངས་སོ། །བདེ་གསལ་དེ་རང་ལ་ཡང་། ཁྱོད་བདེ་བར་མ་སྒོམ། ༼༩བ༽སྡུག་པར་ཡང་མ་སྒོམ། ཤེས་པ་གཉེར་མེད་དུ་ཁྲེས་ཀྱིས་བོར་ལ་ཐོང་། དེ་ཙ་ན་བདེ་བ་མཐིལ་དུ་སྐྱེ། མི་རྟོག་པ་ཟུར་ལ་སྐྱེ། རྣམ་པར་རྟོག་པ་རང་ཡལ་དུ་འགྲོ །དཔེར་ན་ཉི་མ་ཤར་ནས། མུན་པ་སྙིང་ལ་འདོད་ཀྱང་མི་འོང་། རིན་པོ་ཆེ་གསེར་གླིང་དུ་མ་ཕྱིན་ན་མ་ཕྱིན། ཕྱིན་ནས་ས་རྡོ་སྙིང་ལ་འདོད་ཀྱང་མི་འོང་། སེམས་བདེ་གསལ་དུ་གནས་པ་ལ། རྣམ་པར་རྟོག་པ་སྙིང་ལ་འདོད་ཀྱང་མི་འོང་། དེ་ལྟར་བསྒོམས་པ་ལ་ཉམས་གསུམ་འཆར་བ་ནི། བརྟན་པ་རི་རབ་ལྟ་བུའི་ཉམས། སྣང་བ་ལ་ཕར་རྒྱས་མ་ཐེབས། ཚུར་གནོད་མི་སྐྱེལ་བ་ཞི་གནས་སོ། །གསེར་འགྱུར་གྱི་རྩི་ལྟ་བུའི་ཉམས། སྣང་ཉམས་ཕྱིར་སྦྱར་བས་མཚན་མ་རང་སར་གྲོལ། སེམས་ཉིད་བླ་མར་ཤར་བའོ། །དཔེ་ཚོན་གྱིས་སྣམ་བུ་སྒྱུར་བ་ལྟ་བུའོ། །བྱ་རོག་གཟིངས་ལ་ཆགས་པ་ལྟ་བུའི་ཉམས། ནང་དུ་སྦྱར་བའི་སྣང་བ་བླ་མར་ཤར་བའོ། །དཔེ་མེ་ལ་ཕར་རེག་པས་ཚ་བ་ཚུར་ཉམས་སུ་མྱོང་བ་ལྟར། སྣང་བ་ལ་ཕར་བལྟས་པས། གཉིས་མེད་ཀྱི་ཡེ་ཤེས་ཀྱི་ཉམས་ཚུར་ལ་འཆར་བའོ། །དེ་ཡང་རང་དགའ་མ་ཡིན་ཏེ། ཀྱཻ་རྡོ་རྗེ་ལས། གང་ཕྱིར་ཡིད་ཀྱིས་མི་སྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ན། །སྒོམ་མེད་ཉིད་ནི་སྒོམ་པའི་མཆོག །ཅེས་དང་། སཾ་བུ་ཊི་ལས་ཀྱང་། སྐད་ཅིག་གཅིག་གི་ཡེ་ཤེས་ལ། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅིང་། །ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོ་སྒོམ་པའི་མན་ངག་གོ། ༈ །།དགའ་གདུང་རོ་སྙོམས་ཀྱི་མན་ངག་བཞུགས་སོ།། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གང་ཞིག་ཉམས་སུ་ལེན་པར་འདོད་པས། ཕྱི་རོལ་གྱི་རྣམ་པར་རྟོག་པ་ཐམས་ཅད་སེམས་ཉིད་ལས་བྱུང་། དགའ་བ་སྐྱེས་པའི་དུས་སུ་དགའ་བའི་སེམས་མ་རྙེད་པས། དགའ་བ་རང་ཞིར་༼༡༠ན༽སོང་། མི་དགའ་བ་སྐྱེས་པའི་དུས་སུ། མི་དགའ་བ་མ་རྙེད་པས། མི་དགའ་བ་རང་ཞིར་སོང་། དེ་བཞིན་དུ། སྙན་མི་སྙན་གཉིས་ཐོས་པའི་དུས་སུ། སྙན་མི་སྙན་གཉིས་ཀྱི་སེམས་མ་རྙེད་པས། སྙན་མི་སྙན་གཉིས་རང་ཞིར་སོང་། གཟུགས་སྡུག་མི་སྡུག་གཉིས་མཐོང་བའི་དུས་སུ། སྡུག་མི་སྡུག་གཉིས་ཀྱི་སེམས་མ་རྙེད་པས། སྡུག་མི་སྡུག་གཉིས་རང་ཞིར་སོང་། རྣམ་པར་རྟོག་པ་ཐམས་ཅད་བྱུང་ཡང་སེམས་ཉིད་ལས་བྱུང་། ཞི་ཡང་སེམས་ཉིད་ངང་དུ་ཞི། རང་བྱུང་རང་ཞི་ཆུ་དང་ཆུ་བུར་ལྟ་བུར་འདུག་པ་ཡིན་ན། དེ་བས་སེམས་ཀྱི་མཚན་ཉིད་སྟོང་པར་འདུག་པ་ཡིན། རྣམ་རྟོག་ཐམས་ཅད་སེམས་ཉིད་ཀྱི་སྟོང་པར་ཤེས་ཙ་ན། སེམས་ལ་རྣམ་པར་རྟོག་པའི་འཕན་མ་ལངས་པས། སེམས་ཉིད་སྐྱེ་མེད་དུ་གནས་པ་ཡིན། སྐྱེ་མེད་ལ་འགག་མེད་ཀྱི་རྩལ་ཅིག་ཡོད་པ་ཡིན། སྐྱེ་མེད་ལ་འགག་མེད་ཀྱི་རྩལ་ཡོད་པས། རྟོགས་ཏེ་སངས་རྒྱས་འོང་། མ་རྟོགས་ཏེ་འཁོར་བ་འོང་། དཔེར་ན་ཡུངས་ཀར་ལ་སྣུམ་གྱི་རྩལ་ཡོད་པས། བཏབ་ན་ཞ་ལུ་འོང་། བཙིར་ན་མར་ཁུ་འོང་བ་བཞིན་དུ། སྐྱེ་མེད་ལ་འགག་མེད་ཀྱི་རྩལ་ཡོད་པས། རྩལ་དེ་རིག་པར་ཤར་བས་ཆོས་སྐུ་འོང་། མ་རིག་པར་ཤར་བས་སེམས་ཅན་འོང་བ་ཡིན་ནོ། །རྩལ་དེ། སེམས་ཅན་གྱི་དུས་སུ་མ་རིག་པ་དང་། འཁྲུལ་པར་འབྱུང་། རྣལ་འབྱོར་པ་ལམ་པའི་དུས་སུ། རྟོགས་པ་དང་ཉམས་སུ་འབྱུང་། འབྲས་བུ་སངས་རྒྱས་པའི་དུས་སུ་སྐུ་དང་ཡེ་ཤེས་སུ་འབྱུང་བ་ཡིན། སྐྱེ་བ་མེད་པའི་ངང་ལ་བཞག །སྐྱེ་མེད་ད་རུང་ཆ་མ་ཕྱེད་པས། རིག་པ་དང་མ་རིག་པ་འདྲེས་ཏེ་ཡོད་པ་ཡིན། ཁ་ཅིག་སྐྱེ་མེད་རྟོག་པ་ལ་ལྟ་བ་བྱེད། སྐྱེ་མེད་ཀྱི་ངང་ལ་སྒོམ་པ་བྱེད། སྐྱེ་མེད་བརྟན་པ་ལ་འབྲས་བུ་བྱེད་དེ། དེ་ལ་སྐྱོན་འདི་ཡོད། སྐྱེ་མེད་ཆོས་༼༡༠བ༽སྐུ་བྱས་ན། འཁོར་བ་ག་ནས་བྱུང་། འཁོར་བའི་ཆོས་མ་རིག་པ་ཡང་རྒྱུ་རྐྱེན་མེད་པས། སྐྱེ་མེད་དེ་རང་ཡིན། མྱ་ངན་ལས་འདས་པའི་ཆོས་རིག་པ་ཡང་རྒྱུ་རྐྱེན་མེད་པས། སྐྱེ་མེད་དེ་རང་ཡིན། འཁོར་འདས་གཉིས་ཀའི་ཆོས་སྐྱེ་མེད་དུ་མཉམ་སྟེ། སྐྱེ་མེད་ལ་འགག་མེད་ཀྱི་རྩལ་ཡོད་པས། རྩལ་དེ་རིག་པར་བྱུང་བས་ཆོས་སྐུ་བྱུང་ལ། མ་རིག་པར་བྱུང་བས་འཁོར་བ་བྱུང་བ་ཡིན། དེའི་ཕྱིར་ན། སྐྱེ་མེད་ལ་ཆོས་སྐུ་མི་བཏུབ་པ་ཡིན། སྐྱེ་མེད་དེ་རྣམ་རྟོག་མེད་པས་ཆོས་སྐུ་འདྲ་ཡང་། ཡེ་ཤེས་མེད་པས་སངས་རྒྱས་མི་བཏུབ་པ་ཡིན། སངས་རྒྱས་དེ་རྣམ་རྟོག་མེད་པས་མི་ཆོག་སྟེ། ཅི་ཡང་སལ་ལེ་མཁྱེན་དགོས་པ་ཡིན་ནོ། །སྐྱེ་མེད་དེ་ཆོས་སྐུ་ཡིན་ཡང་། ཡེ་ཤེས་ཀྱི་སྐུ་མིན། སྐྱེ་མེད་དེ། རྣམ་རྟོག་མེད་པར་འདུག་ཀྱང་། རྣམ་རྟོག་མེད་པ་ཙམ་གྱིས་སངས་རྒྱས་མི་བཏུབ་པ་ཡིན། དཔེར་ན། རྣམ་རྟོག་མེད་པ་ཙམ་དེ་བེམ་པོ་ལ་ཡང་ཡོད་དེ། ཡེ་ཤེས་མེད་པས། སངས་རྒྱས་མི་བཏུབ་པ་ཡིན། དེའི་ཕྱིར་ན། སྐྱེ་མེད་ལ་སངས་རྒྱས་རེ་བ་ལ་སྐྱོན་ཡོད་པ་ཡིན་ནོ། །ཁ་ཅིག་སྐྱེ་མེད་ལ་རྟོག་དཔྱོད་བྱེད་ཅིང་། འགག་མེད་ཀྱི་གདམས་ངག་མ་ཤེས་པས། སྐྱེ་མེད་འགག་མེད་དུ་བསླངས་པས་རིག་པ་འཁོར་ལོ་ཁ་ཁེངས་པས། མ་རིག་པ་ནང་དུ་ཚུད་དོ། །དཔེར་ན་སྐྱེ་མེད་དེ་མེ་འདག་དང་འདྲ། འགག་མེད་བསླངས་པས་མེ་ལྕེ་འབར་བ་དང་འདྲ། མེ་འདག་ཀྱང་ཚ་བའི་རང་བཞིན་མེ་ལྕེ་ཡང་ཚ་བའི་རང་བཞིན་དུ་འདུག་པས། མེ་ཚ་བ་ཙམ་དུ་མཉམ་ཡང་། མེ་ལྕེ་འབར་བས་མུན་པ་སེལ་ནུས་ལ། འདག་མས་སེལ་མི་ནུས་སོ། །དཔེ་དེ་བཞིན་དུ། སྐྱེ་མེད་ཀྱི་དུས་ན་རྟོག་མེད་དུ་འདུག་ལ། སྐྱེ་མེད་བསླང་བའི་དུས་ན་ཡང་རྟོག་མེད་དུ་འདུག་པས། རྟོག་༼༡༡ན༽མེད་དུ་མཉམ་ཀྱང་། ཁྱད་པར་གྱི་ཆོས་ལ་སྐྱེ་མེད་རིག་པར་ལངས་པས། མ་རིག་པ་སེལ་ནུས་པ་ཡིན། སྐྱེ་མེད་བཏང་སྙོམས་དེས་མ་རིག་པ་སེལ་མི་ནུས་པ་ཡིན། སྐྱེ་མེད་འགག་མེད་དུ་ལངས་པས། རྣལ་འབྱོར་པ་ལམ་པ་ལ། བདེ་བ། གསལ་བ། མི་རྟོག་པ་གསུམ་འབྱུང་བ་ཡིན། སངས་རྒྱས་པའི་དུས་ན་ཡང་། རང་དོན་དུ་མངོན་པར་ཤེས་པ་དྲུག་འབྱུང་བ་ཡིན། གཞན་དོན་དུ་གཟུགས་སྐུ་གཉིས་གདུལ་བྱའི་སྣང་བར་འཆར་བ་ཡིན། སྐྱེ་མེད་བསླངས་པས་བརྩོན་འགྲུས་སུ་འགྲོ་བས། ཉམས་ལེན་དུ་ཡང་འདྲིལ། བདེ་གསལ་དུ་ཡང་འདྲིལ། དུས་ཐམས་ཅད་དུ་སོང་བས་བདེ་གསལ་གྱི་སྒོམ་པ་དང་མ་བྲལ་བར་ཡོད་པ་ཡིན། སྐྱེ་མེད་འགག་མེད་དུ་སློང་བ་ལྟ་བ། སྐྱེ་མེད་འགག་མེད་དུ་འཁྱེར་ཤེས་པ་སྒོམ་པ། སྐྱེ་མེད་འགག་མེད་དུ་བརྟན་པ་འབྲས་བུ་ཡིན་ནོ། །སྐྱེ་མེད་དེ་འགག་མེད་དུ་སློང་མ་ཤེས་ན། རྣམ་པར་རྟོག་པ་ཐམས་ཅད་སྐྱེ་མེད་དུ་སློང་མ་ཤེས་པས། རྣམ་རྟོག་སྐྱེ་མེད་དུ་འདུག་སྟེ། རྣམ་རྟོག་སྐྱེ་མེད་ཀྱང་ད་རུང་དེ་ལ་ཡེ་ཤེས་ཀྱི་རྩལ་མེད་པས། སྐྱོན་དུ་འདུག་པ་ཡིན། སྐྱེ་མེད་དེ་འགག་མེད་དུ་འཁྱེར་ཤེས་པས། འགག་མེད་དེ་རྣལ་འབྱོར་པས་ལམ་དུ་སློངས་པས། རྣལ་འབྱོར་པ་ཉམས་མྱོང་ཡོད་པ་ཡིན། སངས་རྒྱས་ཀྱི་མཁྱེན་པའི་ཡོན་ཏན་ཐམས་ཅད་ཀྱང་དེ་ལས་བྱུང་བ་ཡིན་ནོ། །དངོས་གྲུབ་མི་ཡལ་བ་གསང་ཐུབ་པའི་རྟགས། མི་འགྱུར་བའི་ཕྱིར་སྒོམ་སྲན་བསྐྱེད་པའོ། །བྱང་ཆུབ་མྱུར་བའི་ཕྱིར་རེ་དྭོགས་ཀྱི་འཕྲང་བཅད་པའོ། །བདུད་ཀྱིས་བར་དུ་མི་ཆོད་པའི་ཕྱིར་རྟགས་དང་མཚན་མ་ཅི་བྱུང་ཡང་། དགའ་མི་དགའི་འདུ་ཤེས་མི་བྱའོ། །སངས་རྒྱས་ལ་རེ་བ་མེད་ཀྱང་། ཆོས་གང་ལ་ཡང་སྐུར་པ་མི་གདབ་བོ། །འཁོར་བ་ལ་དོགས་༼༡༡བ༽པ་མེད་ཀྱང་། སྡིག་པ་ཕྲ་མོ་ནས་སྤང་བར་བྱའོ། །རང་སེམས་སངས་རྒྱས་སུ་རྟོགས་ཀྱང་། བླ་མ་སྤྱི་བོར་ཁུར་རོ། །རང་དང་གཞན་ཐ་མི་དད་པས། སྙིང་རྗེའི་རྒྱུན་མི་བཅད་དོ། །ཉམས་སུ་ལོང་ཤིག །དམ་ཚིག་གི་རྩ་བ་སྐྱེ་མེད། རང་སེམས་རྟོགས་པ་ཡེ་ཤེས་རླུང་། སྐྱེ་མེད་དེ་མ་སློངས་པས་དེ་རང་མ་ཤེས་པ་ལ་རླུང་ཞེས་གསུངས་པའོ།། །།ཡང་བླ་མའི་ཞལ་ནས། སྣང་ཞིང་གྲགས་པའི་ཆོས་ཐམས་ཅད་རྣམ་རྟོག་ཡིན་ཏེ། རྣམ་རྟོག་མེད་ན་སྣང་བ་ཡོད་མི་སྲིད། རྣམ་རྟོག་སེམས་ཡིན། སེམས་སྐྱེ་མེད་ཡིན། སྐྱེ་མེད་སྟོང་ཉིད་ཡིན། སྟོང་ཉིད་ཆོས་ཉིད་ཡིན། ཆོས་ཉིད་ཅི་ཡང་མ་ཡིན་པ་དེ་སྣ་ཚོགས་སུ་ཤར་བ་ཡིན། ཤར་བའི་དུས་ན་དོན་ཅི་ཡང་མ་ཡིན་པ་ལས་མ་འདས། དེ་ལྟར་བདེན་པ་གཉིས་དབྱེར་མེད་དུ་གནས་པའི་དོན་དེ་རྟོགས་ན་ལྟ་བ། དེ་ལས་མ་ཡེངས་པ་སྒོམ་པ། རེ་དྭོགས་སྙེམས་ཐག་ཆོད་པ་འབྲས་བུ་ཡིན་གསུང་ངོ་།། ༈ །།ངོ་སྤྲོད་རྣམ་ལྔའི་མན་ངག་ལགས་སོ། །ན་མོ་གུ་རུ། བླ་མའི་ཞལ་ནས། ཕྱག་རྒྱ་ཆེན་པོའི་མན་ངག་ལ་ངོ་སྤྲོད་རྣམ་པ་ལྔ་སྟེ། སྣང་བ་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲད། སྟོང་པ་འོད་གསལ་དུ་ངོ་སྤྲད། འོད་གསལ་ཟུང་འཇུག་ཏུ་ངོ་སྤྲད། ཟུང་འཇུག་བདེ་བ་ཆེན་པོར་ངོ་སྤྲད་པའོ། །དེ་ལ་ཕན་པའི་སྣང་བ་དང་། གནོད་པའི་སྣང་བ་དང་། ཕན་གནོད་མེད་པའི་སྣང་བ་སེམས་ཡིན་པའོ། །དེ་ལ་རྟགས་ལྔ་འབྱུང་སྟེ། སྣང་བ་སེམས་སུ་ངོ་སྤྲད་པའི་དུས་ན། ཕྱིའི་ཡུལ་ལ་ཞེན་པ་མེད་པ་འབྱུང་ངོ་། །སེམས་སྟོང་པར་ངོ་སྤྲད་པའི་དུས་ན། སེམས་ཀྱི་གཞི་རྩ་མ་གྲུབ་པ་འབྱུང་ངོ་། །སྟོང་པ་འོད་གསལ་དུ་ངོ་སྤྲད་པའི་དུས་ན། སེམས་ཉིད་འོད་གསལ་ལ་མ་ཡེངས་པ་འབྱུང་ངོ་། །འོད་གསལ་ཟུང་འཇུག་ཏུ་ངོ་སྤྲད་པའི་དུས་ན། སྣང་བ་གྲོགས་སུ་འགྲོ་བ་འབྱུང་༼༡༢ན༽ངོ་། །ཟུང་འཇུག་བདེ་བ་ཆེན་པོར་ངོ་སྤྲད་པའི་དུས་ན། ཕྱོགས་མེད་པའི་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུ་འབྱུང་ངོ་། །དེ་ལ་ཉམས་གསུམ་འབྱུང་སྟེ། དང་པོ་འོད་ཀྱི་གོང་བུ་ལྟ་བུའི་ཉམས། གཉིས་པ་ནོར་བུ་ཆུ་དྭངས་པ་ལྟ་བུའི་ཉམས། གསུམ་པ་མཐའ་དབུས་མེད་པ་ནམ་མཁའ་ལྟ་བུའི་ཉམས་འབྱུང་ངོ་། །དེ་ལ་དྲོད་ཚད་གསུམ་འབྱུང་སྟེ། ཕྱིའི་དྲོད་ཚད་ལུས་ཡོད་དུ་མི་ཚོར་བ་འབྱུང་། ནང་གི་དྲོད་ཚད་དབུགས་རྒྱུ་བ་མི་ཚོར་བ་འབྱུང་། གསང་བའི་དྲོ་ཚད་རྣམ་རྟོག་རྒྱུན་ཆད་པ་འབྱུང་ངོ་། །སེམས་བརྟན་པའི་རྟགས། བྱ་བྱེད་རྒྱུན་ཆད་པ་དང་། སྣང་བས་མི་གནོད་པ་འབྱུང་ངོ་།། །།ཡང་བླ་མ་རིན་པོ་ཆེའི་ཞལ་ནས། ཡི་དམ་ལྷ་སྒོམ་པ་དང་སྟོང་ཉིད་མི་འགལ་བ་ཅིས་ཤེས་ན། ཚེ་འདི་ལྷར་གསལ་བར་བསྒོམ་ན། འཆི་བའི་དུས་སུ་གསལ་བཏབ་པས། སེམས་ཉིད་ལྷར་འཆར་ཏེ། ཞེན་པས་ནི་འཆིང་བ་ཡིན་པས་སྟོང་ཉིད་དུ་རྒྱས་གདབ། སྟོང་པ་ལ་གསལ་བ། མཚན་བཅས་ལ་མ་ཞེན་ན། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སུ་ཡི་རྒྱུད་ལ་དེ་ཡོད་པ། །ཟག་མེད་བདེ་བ་ཆོས་སྐུ་ཡིན། །ཞེས་གསུངས་སོ། །འཆི་ཀའི་ཉམས་ལེན་ཡིན་གསུང་ངོ་། །ཞེས་པ་འདི་ནི། རྗེ་ཉིད་ཀྱི་དབོན་པོ་སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤཱནྟིར་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་སླད་དུ་པར་དུ་བགྱིས་པའོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact