Only Dharma. Since 1992
/ Mahamudra / Gampopa

Gampopa's collected works (1)

༼༡ན༽རྗེ་སྒམ་པོ་པས་མཛད་པའི་ཏཻ་ལོ་ནཱ་རོའི་རྣམ་ཐར་བཞུགས། །

༼༡བ༽༄༅༅། །བླ་མ་དང་ནི་རྡོ་རྗེ་འཛིན། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །སྒྲུབ་བརྒྱུད་བླ་མ་རིན་པོ་ཆེའི། །ཡོན་ཏན་མདོར་བསྡུས་བརྗོད་པར་བྱ། །སྤྱིར་སྒྲུབ་པ་པོའི་གདམས་ངག་ལ་གཉིས་ཏེ། རྒྱུ་ལམ་དུ་འཁྱེར་བ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཇོ་བོ་རྗེ་ལྷ་ཅིག་ནས་བརྒྱུད་པ་ལ་སོགས་པ་དང་། འབྲས་བུ་ལམ་དུ་འཁྱེར་བ་གསང་སྔགས་རྡོ་རྗེ་ཐེག་པ་དཔལ་ནཱ་རོ་པ་ནས་བརྒྱུད་པ་ལ་སོགས་པའོ། །དེ་ཡང་རྒྱ་བོད་ན་སྒྲུབ་པ་མཛད་པ་རྣམས་ཁྱད་པར་དུ་བརྒྱུད་པ་དེ་གཉིས་ཚོལ་བའོ། །དེ་ལ་སྤྱིར་མདོ་རྒྱུད་ལ་སོགས་པ་འཆད་པ་པོ་ནི། གསུང་བ་པོ་སངས་རྒྱས་དང་། འགྲེལ་བ་མཁན་པོའི་ཡོན་ཏན་རྣམས་བརྗོད་པར་བྱ་བ་ཡིན་ལ། སྒྲུབ་པ་པོས་ནི་སྒྲུབ་བརྒྱུད་ཀྱི་བླ་མའི་ཡོན་ཏན་དཔྱད་ནས་ཡིད་ཆེས་པར་བྱ་སྟེ། གུས་པས་གསོལ་བ་འདེབས་དགོས་པ་ཡིན་པས་དེའི་ཕྱིར་མཉེས་པར་བྱ་དགོས་སོ། །༼༢ན༽དེ་ལ་རྒྱུད་གསུང་པ་པོ་ནི། དཔལ་རྡོ་རྗེ་འཆང་ཆེན་པོ་སྟེ། སེམས་ཅན་གདུལ་བྱ་དབང་པོ་རབ་དང་ཡང་རབ་སྣང་བ་དག་པ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་འཆང་ལ་སོགས་པའི་སྐུར་སྤྲུལ་ནས་དེའི་སྣང་བས་དོན་བྱེད། དབང་པོ་འབྲིང་དང་། ཐ་མ་ལ་སོགས་པ་རྣམས་ལ། ཤཱཀྱ་ཐུབ་པ་ལ་སོགས་པར་སྐུ་སྤྲུལ་ནས། གང་ལ་གང་འཚམས་པ་དེའི་སྣང་བས་སེམས་ཅན་གྱི་དོན་བྱེད་དེ་མཚན་ཉིད་ཀྱི་ཐེག་པ་གསུངས། དབང་པོ་རབ་དང་ཡང་རབ་ཏུ་གྱུར་པ་རྣམས་ལ་རྡོ་རྗེ་འཆང་ལ་སོགས་པར་སྤྲུལ་ནས། གསང་སྔགས་རྡོ་རྗེ་ཐེག་པ་གསུངས་པ་ཡིན་ནོ། །དེའི་ཐུགས་ཀྱི་སྤྲུལ་པ་ནི་སྡུད་པ་པོ་ཕྱག་ན་རྡོ་རྗེ་སྟེ། དེ་ཡང་རྒྱུད་སམྦུ་ཊ་ལས། ཆོས་ཆེན་འཆད་པ་ང་ཉིད་དེ། །ཚོགས་ཀྱི་ནང་ན་སྟོན་པ་ང་། །སྡུད་པ་པོ་ཡང་ང་ཉིད་དོ། །ཞེས་གསུངས་སོ། །དེ་ཡང་དངོས་སུ་གསན་པ་ཏཻ་ལོ་པ་སྟེ། སྐུ་འཁྲུངས་པའི་ཡུལ་ནི་ཤར་ཕྱོགས་ཟ་ཧོར་ཏེ། དེ་ལ་ཡོན་ཏན་དཔག་ཏུ་མེད་པ་བརྗོད་ཀྱིས་མི་ལང་བ་མངའ་སྟེ། སྤྲུལ་པའི་གང་ཟག་ཡིན། འོན་ཀྱང་༼༢བ༽རེས་འགའ་ནི་ཏཻ་ལོ་པ་རང་ལུགས་སུ་འབྱོན། རེས་འགའ་དགེ་སློང་དུ་འབྱོན། རེས་འགའ་ཏཻ་ལོ་པ་གཅིག་པུར་འབྱོན། རེས་འགའ་ནི་ཏཻ་ལོ་པ་བརྒྱ་སྟོང་མང་པོར་སྤྲུལ་ནས་འབྱོན། རེས་འགའ་རྣལ་འབྱོར་པ་གཅེར་བུ་པར་འབྱོན། དེ་ཡང་ཕྱག་ན་རྡོ་རྗེ་དང་ཐ་དད་མེད་པའི་སྤྲུལ་སྐུ་ཡིན་ཏེ། ཞལ་ནས་ཀྱང་། མི་བརྗེད་གཟུངས་ཐོབ་ནཱ་རོ་པས། །བཅུ་གཉིས་བར་དུ་ང་བསྟེན་བྱས། །ཕྱི་རབས་སེམས་ཅན་དོན་གཉེར་རྣམས། །ང་ཡི་རྣམ་ཐར་ཁོ་ལ་ཡོད། །རྟོགས་པར་འདོད་ན་ཁོ་ལ་འཐུང་། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །ཤཱཀྱ་ཐུབ་པ་ཀླུ་སྒྲུབ་དང་། །ཨཱརྱ་དེ་ཝ་ལ་སོགས་པ། །གཞན་རྣམས་དང་ཡང་ངས་གཏམ་བྱས། །ཆོས་ཉིད་བདེན་པ་ངས་ཀྱང་མཐོང་། །གསུངས། ཏཻ་ལོ་པ་དེའི་སྲས་ནཱ་རོ་པ་སྟེ། དེ་ནུབ་ཕྱོགས་ཀྱི་ཤྲཱི་ནཱ་ག་རར་སྐུ་འཁྲུངས་པ་ཡིན། དེ་དང་པོ་ནས་རིག་པའི་གནས་རྣམ་པ་ལྔ་ལ་མཁས་པ་ཡིན་ཏེ། དུར་ཁྲོད་གཅིག་ན་གསང་སྔགས་ཡི་༼༣ན༽གེ་བདུན་པ་སྒྲུབ་ཀྱིན་བཞུགས་ཙ་ན། ཐོ་རངས་ཁར་ཌཱ་ཀི་མ་གཅིག་གིས་རྨི་ལམ་དུ་ལུང་བསྟན་ཏེ། རིགས་ཀྱི་བུ་ཁྱོད་ཤར་ཕྱོགས་ན་སོང་ལ། རྣལ་འབྱོར་པ་ཏཻ་ལོ་ཤེས་རབ་བཟང་པོ་བྱ་བ་ཡོད་པས། ཕྱག་རྒྱ་ཆེན་པོའི་གདམས་ངག་ཞུས་ཤིག་གསུངས་ནས། དེ་ནས་ཡུལ་ག་ན་ཡོད་མ་དྲིས་པར། ཤར་ཕྱོགས་སུ་སོང་ནས་རྣལ་འབྱོར་པ་ཏཻ་ལོ་པ་བྱ་བ་མཐོང་ངམ། ཞེས་བཙུན་པ་ཀུན་ལ་དྲིས་པ་ལས། བཙུན་པ་ཀུན་ན་རེ། རྣལ་འབྱོར་པ་ཏཻ་ལོ་བྱ་བ་མ་མཐོང་། མུ་ལྟོ་བ་ཏཻ་ལོ་པ་བྱ་བ་ཞིག་འདི་ཀུན་ན་འདུག་ཟེར་ནས། དེར་གཙུག་ལག་ཁང་དེའི་སྒོ་རྩར་བྱོན་ཙ་ན། རྣལ་འབྱོར་པ་རས་ཧྲུལ་ཧྲུལ་གྱོན་པ། མདོག་དམར་ལྕོག་ལྕོག་པ་ཅིག་ལག་པ་གཡོན་པ་ན་ཉ་གསོན་པོ་བཞི་ལྔ་ཙམ་ཐོགས་ནས་ལག་པ་གཡས་པས་ཤིང་མེ་ཐོགས་ནས། དགེ་འདུན་ཆོས་སྟོན་གསོལ་བའི་གྲལ་དུ་ཉ་དེ་རྣམས་ཐབ་ཏུ་སྲེག་ཅིང་འདུག་པ་ལ་རབ་ཏུ་བྱུང་བ་རྣམས་མ་དད་ནས། ངེད་ཀྱི་གྲལ་དུ་འདི་ཙུག་བྱེད་པ་ཟེར་ནས་དབྱུག་པ་ཐོགས་ནས་བརྒྱབ་ཏུ་བྱུང་བ་ལ། ཏཻ་ལོ་པའི་ཞལ་ནས། ཁྱེད་མི་དགའ་ན་གསུངས་ནས་སེ་གོལ་ཅིག་བརྡབས་ནས་སོང་བྱས་པས། ཉ་དེ་རྣམས་ནམ་མཁའ་ལ་གསོན་པོར་འཕུར་ནས་སོང་ངོ་། །དེ་ནས་ནཱ་རོ་པའི་ཐུགས་དགོངས་ལ། ངོ་མཚར་ཆེ། འདི་ངེས་པར་ཏཻ་ལོ་པ་ཡིན་ངེས་སྙམ་པ་དང་། དེར་བཙུན་པ་ཀུན་གྱིས་གྲུབ་ཐོབ་ཏུ་ཤེས་ནས་ཕྱག་གསུམ་གསུམ་སྐོར་བ་གསུམ་གསུམ་བྱས། བཟོད་གསོལ་བྱས་པས། བླ་མས་དེ་ཀུན་གྱི་བཟོད་གསོལ་བླངས་སོ། །དེ་ནས་ནཱ་རོ་པའི་ཐུགས་དགོངས་ལ། ངེས་པར་འདི་ཏཻ་ལོ་པ་ཡིན་ཏེ། ཐེ་ཚོམ་མེད་དགོངས་ནས། དེར་ནཱ་རོ་པས་བླ་མ་ལ་ཕྱག་གསུམ་སྐོར་བ་གསུམ་བྱས། ཞབས་སྤྱི་བོར་བླངས་ནས་བདག་ལུང་བསྟན་པ་ཡིན་པས། འཁོར་བ་ལས་འདོན་དུ་གསོལ། ཞེས་བྱས་པས། ཅང་མི་གསུང་བར་བཞུད་༼༣བ༽པའི་ཕྱི་བཞིན་དུ་འབྲངས་ནས་བྱོན། དེ་ནས་སྨྱུག་མའི་ཚལ་ཞིག་ན་མར་བྱོན་ཙ་ན། བྱེ་མའི་ཁུང་བུ་ཅིག་ཏུ་འགྱེལ་ནས་སྨྱུག་མའི་ཚལ་བུ་ཅིག་ལུས་ཀྱི་གནད་དུ་བརྒྱབས་ནས། ནཱ་རོ་པའི་གདོང་དུ་གཅེར་པ་ཅིག་བལྟས་ནས་གཤེགས། དེར་བཞུགས་པར་ཞུ་བྱས་པས་ཅང་མི་གསུང་བར་བཞུད་དོ། །དེ་ནས་ཞག་གསུམ་ན་བྱོན་ནས་ཁྱོད་ནའམ་གསུང་། ན་རོ་བཞིན་ཐལ་བྱས་པས་ལུས་ལ་ཕྱག་ཡུག་བྱས་པས་སངས་ཀྱིས་སོས། མིང་ཡང་ནཱ་རོ་པར་ཐོགས་སོ། །ཡང་ཕྱི་བཞིན་འབྲངས་ནས་བྱོན་ཙ་ན། དུས་གཅིག་གི་ཚེ་ཁྱིམ་བདག་ཅིག་ཆོས་སྟོན་བྱེད་པ་ལ། རབ་ཏུ་བྱུང་བ་རྣམས་གྲལ་ལ་བཀོད་ནས། ཟས་མ་དྲངས་པའི་སྐབས་སུ། ནཱ་རོ་པ་ང་ལྟོགས་ནས་ཚུགས་པ་མེད། ཁྱོད་སོང་ལ་སྔོན་ལ་སློངས་ཤིག་གསུངས་ནས་ནཱ་རོ་པས་ཕྱིན་པ་ལ། དགེ་འདུན་ལ་མ་དྲངས་པར་ཁྱོད་ལ་གང་འོང་ཟེར་ནས་མ་སྟེར་པ་ལ། ནཱ་རོ་པས་ཚད་ཚད་པས་ཐོད་པ་གང་བཅུས་ནས་བྲོས་པ་དང་། དབྱུག་པ་ཐོགས་ནས་ཕྱི་ན་མར་ལ་དེད་པ་ལ། བླ་མ་ཏཻ་ལོ་པས་མཐོང་ནས། དེད་མི་རྣམས་རེངས་ནས་འགྲོ་མ་ཤེས། དེར་རེངས་པ་ཤིགས་གསུང་། དེར་བླ་མ་ལ་དྲངས་ནས་ཕྱིར་འབྲེང་ཙ་ན། དུས་གཅིག་གི་ཚེ་གཙུག་ལག་ཁང་གི་རྒྱ་ཕིབས་ཀྱི་སྟེང་དུ་བྱོན་ནས། སྐྱེས་བུ་བླ་མའི་བཀའ་མི་གཅོག་པ་ཡོད་ན། གཡང་འདི་ལ་མཆོང་པ་ཡིན་ཏེ་གསུང་པས། ནཱ་རོ་པའི་ཐུགས་དགོངས་ལ། སློབ་མ་གཞན་ནི་འདི་ན་མེད། ང་ལ་གསུང་བ་ཡིན་སྙམ་ནས་མཆོངས་པས་རྐང་པ་གཉིས་ཀྱང་ཆག །བླ་མ་དྲུང་དུ་བྱོན་ནས་གཟིགས་ནས་བཞུད། དེ་ནས་ཞག་གཉིས་གསུམ་ན་ལོག་ནས་བྱོན་ཏེ་ཁྱོད་ནའམ་གསུང་། ན་རོ་བཞིན་ཐལ་བྱས་པ་ལ། ཕྱག་ཡུག་པ་ཞིག་མཛད་པས་སངས་ཀྱིས་སོས་སོ། །ཡང་དུས་གཅིག་གི་ཚེ་དཔོན་སློབ་རང་༼༤ན༽གཉིས་འགྲོགས་ནས་བྱོན་ཙ་ན། མེ་ཏོག་གི་ཕྲེང་བ་མང་རབ་ཅིག་བསྡུས་ནས། ནཱ་རོ་པ་ལ་གཏད་ནས་ལམ་མདོ་ན་མར་ལ། གཉེ་བོ་གཉིས་ཀྱིས་བག་མ་ཞིག་ཁྲིད་ནས་འོང་གིས། བག་མ་དེ་ལ་མེ་ཏོག་གི་རྒྱན་འདི་ཐོགས་ཤིག །དེར་གཉེ་བོ་མགུ་ནས་སྐྱོས་མ་སྟེར་དུ་འོང་སྟེ། དེ་ཙ་ན་མ་ལེན་པར་བག་མའི་ནུ་མ་མཉེད་ཅིག་གསུང་། དེ་ནཱ་རོ་པས་དེ་ལྟར་བྱས་ནས། དེར་གཉེ་བོ་ཁྲོས་ནས་ནཱ་རོ་པ་བཏགས་སོ། །དེར་ཏཻ་ལོ་པ་བྱོན་ནས་ཁྱོད་ཅི་ཉེས་གསུང་། བླ་མའི་གསུང་བཞིན་བྱས་པས་ཁོང་གིས་བཏགས་ཏེ། འགུམ་པ་ལ་ཐུག་བྱས་པས། དེར་ཏཻ་ལོས་ཕྱག་ཡུག་པ་མཛད་པས་སངས་ཀྱིས་སོས། ཡང་དུས་གཅིག་གི་ཚེ་ན། ཨིནྡྲ་བོ་དྷིའི་ཆུང་མས་ཚོགས་འཁོར་གྱི་དཔོན་ལ་སྤྱན་དྲངས་འདོད་ནས། ཏཻ་ལོ་པ་ཤེས་རབ་བཟང་པོ་ཁྱོད་ལ་མངོན་པར་ཤེས་པ་ཡོད་ཟེར་བ། ངའི་ཚོགས་འཁོར་ལ་འབྱོན་པར་ཞུ་བྱས་ནས་མོས་གསོལ་བ་བཏབ་པས། ཉིན་ལམ་མང་པོ་ཞིག་ཞག་གཅིག་ལ་བཅད་ནས་བྱོན། དེའི་དུས་སུ་ནཱ་རོ་པས་ཀྱང་རྫུ་འཕྲུལ་ཐོབ། དེར་ཁྱིམ་ཞིག་གི་ཕུགས་སུ་བསྡད་ཙ་ན། མི་ཞིག་ན་རེ་ཁང་པའི་ཕུགས་ན་སྤྲང་པོ་གཉིས་འདུག་ཟེར་ནས་བཟླས་པས། ཨིནྡྲ་བོ་དྷིའི་ཆུང་མ་ན་རེ། ངས་ཏཻ་ལོ་པ་ལ་ཚོགས་འཁོར་ལ་འབྱོན་པའི་གསོལ་བ་བཏབ་པས་དེ་ཡིན་སྲིད་བྱས་ནས་དྲིས་པ་ལ་ཡིན་གསུང་སྐད། དེར་ཚོགས་འཁོར་དང་བསྙེན་བཀུར་བྱས་སོ། །ཡང་ཕྱི་བཞིན་འབྲངས་ནས་བྱོན་ཙ་ན་ཆུ་ཆེན་པོ་ཅིག་གི་འགྲམ་དུ་ཉལ། ནཱ་རོ་པ་ང་ལྟོགས་ཟས་སློངས་ལ་ཤོག་གསུང་། དེར་ཆུ་བོ་བརྒལ་ནས་འབྲས་ཟན་བསླངས་ནས་བྱོན་ཙ་ན། བླ་མའི་མལ་ན་དགེ་སློང་ཞིག་འདུག །བླ་མའི་སྤྲུལ་པ་ཡིན་སྙམ་ནས་དྲངས་པས། ངན་པ་འདི་དགེ་སློང་ལ་ནུབ་མོ་འདྲེན་ནམ་གསུངས་ནས་དཔྲལ་བ་རུ་བརྒྱབས་ནས་༼༤བ༽བཞུད། ནཱ་རོ་པའི་ཐུགས་དགོངས་ལ། དགེ་སློང་དུ་སྤྲུལ་ནུས་པ་འདི་ངེས་པར་གྲུབ་པ་ཐོབ་པ་ཡིན་སྙམ་ནས་ཕྱིར་འབྲངས་ནས་བྱོན་ཙ་ན། བླ་མ་ནགས་གསེབ་གཅིག་ན་གཤེགས་འཕྲོ་ལ་ཡར་ལོག །ཡང་མར་གཤེགས་ཡར་ལོག་མར་གཤེགས་མི་ཐར་བ་ལྟར་མཛད་པས། བལྟས་ཙ་ན་ཆུ་འདོམ་གང་ཙམ་ལ་མི་ཐར་བར་མི་མཆོངས་པ་ཅིག་འདུག །དེའི་ནང་ན་སྲིན་བུ་པད་པ་མང་པོ་འདུག་པས། བླ་མ་ལ་ངས་ཟམ་པ་བྱས་པའི་སྟེང་ན་ཕར་ལ་བླ་མ་གཤེགས་སམ་ཞུས་པས་རུང་གསུངས་ནས། དེ་བཞིན་དུ་བྱས་ཅིང་ཏཻ་ལོ་པས་དལ་བུས་བྱོན་པས་རིང་པར་ཐོགས་སོ། །དེ་ནས་ཏཻ་ལོ་པ་བཞུད་ནས། ནཱ་རོ་པ་ཡར་ལ་ལང་ཙ་ན། སྲིན་བུས་ནཱ་རོ་པའི་ལུས་གང་ནས་ཁྲག་ཐམས་ཅད་འཐུངས་ནས། ནཱ་རོ་པ་བརྒྱལ་ནས་ལུས། བླ་མ་གཤེགས་ནས་ཞག་གསུམ་ཙ་ན། བླ་མ་བྱོན་ནས་ཁྱོད་ནའམ་གསུང་། ན་རོ་བཞིན་ཐལ་བྱས་པས། ཕྱག་ཡུག་མཛད་པས་སངས་ཀྱི་སོས། ཡང་དུས་ཅིག་གི་ཚེ་བླ་མ་དང་གཉིས་དུར་ཁྲོད་ཅིག་ན་ཕར་གཤེགས་ཙ་ན། ནཱ་རོ་པས་བསོད་སྙོམས་བྱས་ནས་འོངས་པས། དེར་ཟས་ཀྱི་རོ་སྔོན་ཟ་མ་མྱོང་བ་ཅིག་བྱུང་བས། རང་གིས་བཟའ་བར་ཕངས་ནས་བླ་མ་ལ་དྲངས་དགོས་སྙམ་ནས་དྲངས་སོ། །བླ་མས་ཀྱང་ནཱ་རོ་པའི་ཚོགས་རྫོགས་པར་བྱ་བའི་ཕྱིར་རྐན་སྒྲ་དང་བཅས་ཤིང་གསོལ་ནས། ནཱ་རོ་པའི་ཚོད་མ་ཞིམ་མོ་གསུངས་པས། ནཱ་རོ་པ་མགུ་སྟེ། ངའི་བླ་མ་འདི་ལ་ཅི་དྲངས་ཀྱང་མགུ་བ་མེད་པ་ལ། དེ་ལ་ཤིན་ཏུ་མཉེས་པས། ད་རུང་གཅིག་བཙལ་ལམ་བྱས་པས་རུང་གསུང་། དེར་གཞན་ན་བཙལ་བས་ད་ཅིའི་དེ་མ་རྙེད། ད་ཅིའི་དེར་འགྲོ་བ་རྒྱ་གར་ལུགས་ཀྱི་ཉི་མ་རེ་ལ་ལན་གཉིས་སློང་བའི་ལུགས་མེད་པས། རྟོག་པ་བྱེད་ཀྱང་ཕྱིན་ནས་ད་ཅིའི་ཟས་བླུག་པའི་སྣོད་གཅིག་འདུག་པ་ཁྱེར་༼༥ན༽ཏེ་བྲོས་ནས་བྱོན་པ་ལ་ཕྱི་བཞིན་མིས་བདས་པས་ཟིན་ནས། དེར་ནཱ་རོ་པ་བཏགས་ཏེ་འགུལ་མི་ནུས་པར་བྱས་སོ། །ཡང་བླ་མ་བྱོན་ནས་ཅི་ཉེས་གསུང་བ་ལ། སྔར་གྱི་ལོ་རྒྱུས་བསྙད་པས་ཡང་ཕྱག་ཡུག་མཛད་པས་སངས་ཀྱིས་སོས། ཡང་དུས་ཅིག་གི་ཚེ་ན་ཏཻ་ལོ་པའི་ཞལ་ནས། ནཱ་རོ་པ་ཁྱོད་ཐང་ཆེན་པོ་འདི་ལ་ངལ་མ་གསོ། ཟས་སྐོམ་མ་འཐུང་བར་ཕྱམ་ཕྱམ་སོང་ཞིག་གསུངས་པས། ནཱ་རོ་པས་དེ་བཞིན་བྱས་པས་འགྱེལ་ནས་ཤི་ལ་ཁད་འདུག་ཙ་ན། ཏཻ་ལོ་པ་བྱོན་ནས་ཅི་ཉེས་གསུང་བ་ལ། སྔར་བླ་མས་དེ་སྐད་གསུང་བ་བཞིན་བྱས་པས། འདི་ཙུག་ཐལ་ལོ་བྱས་པས་ཡང་ཕྱག་ཡུག་བྱས་པས་སངས་ཀྱིས་སོས་སོ། །ཡང་དུས་ཞིག་གི་ཚེ་ན། ཏཻ་ལོ་པས་མེ་བོང་ཆེ་བ་གསུམ་བུས་ནས། འདིའི་བར་དུ་སྡོད་ནུས་པ་ཡོད་དམ་གསུང་། དེར་མི་གཞན་ནི་མེད། ང་ལ་གསུང་བ་ཡིན་སྙམ་ནས། ནཱ་རོ་པ་བསྡད་པས་ཤ་ཐམས་ཅད་དང་རུས་པ་ཐམས་ཅད་དཀར་ཟངས་ཀྱིས་སོང་ནས། ཀུན་གཞི་བག་ལ་ཞ་བྲོས་ལ་ཁད་ཙ་ན། ཏཻ་ལོ་པ་བྱོན་ནས་ཕྱག་ཡུག་མཛད་པས་སངས་ཀྱིས་སོས་སོ། །ཡང་དུས་ཞིག་གི་ཚེ་ན་ཏཻ་ལོ་པས། ནཱ་རོ་པ་ལ། ཁྱོད་ཀྱིས་རྒྱལ་པོའི་བཙུན་མོ་ཁུག་ཅིག་བྱས་ནཱ་རོ་པས་འགུགས་སུ་ཕྱིན་ཏེ། རང་དབང་མེད་པར་རྒྱལ་པོའི་བཙུན་མོ་ལ་འཇུས་ཏེ་བཀུག་པས། ཁོའི་འཁོར་རྣམས་ཀྱིས་བཏགས་པ་ལ་བླ་མའི་དོན་ཡིན་སྙམ་པ་ཙམ་གྱིས་སོས་སོ། །ཡང་དུས་ཅིག་གི་ཚེ་ན་རྒྱལ་པོའི་བཙུན་མོ་ཁྱོགས་ལ་བཏེག་ནས་བྱུང་བ་ལ། ཏཻ་ལོ་པ་ན་རེ། འདི་ལ་འཇུ་ནུས་པ་ཡོད་དམ་གསུང་། ནཱ་རོ་པས་ང་ལ་ཟེར་བ་ཡིན་སྙམ་ནས་འཇུས་པས་རྒྱལ་པོའི་འཁོར་པས་བརྡུངས་སོ། །དེ་ལ་ཏཻ་ལོ་པ་བྱོན་ནས་ཕྱག་ཡུག་པ་མཛད་པས་སངས་ཀྱིས་སོས་སོ། །ཡང་དུས་ཅིག་གི་ཚེ་ན། བློན་པོའི་ཆུང་མ་ཁྱོགས་ལ་བཏེག་ནས་༼༥བ༽བྱུང་བ་ལ། ཏཻ་ལོ་པའི་ཞལ་ནས། འདི་ལ་འཇུ་ནུས་པ་ཡོད་དམ་གསུང་པ་ལ། ནཱ་རོ་པའི་ཐུགས་དགོངས་ལ་ང་ལ་ཟེར་བ་ཡིན་སྙམ་ནས་འཇུས་པས། བློན་པོའི་འཁོར་པས་ཡན་ལག་བཞི་ཀ་བཅད་དོ། །ད་མི་སོས་སྙམ་ཙ་ན། ཏཻ་ལོ་པ་བྱོན་ནས་ཁྱོད་ཅི་ཉེས་གསུང་། བློན་པོའི་ཆུང་མ་ལ་འཇུས་པས་ཁོང་གིས་བཅད་ཞུས་པས། དེར་ཏཻ་ལོ་པས་ཡན་ལག་བཞི་ཀ་མཐུད་ནས་ཕྱག་ཡུག་མཛད་པས་སོས་སོ། །དེ་ཐམས་ཅད་དུ་བླ་མ་ལ་མི་དད་པའི་སེམས་སྐད་ཅིག་ཀྱང་མ་སྐྱེས་པ་ཡིན་གསུངས་སོ། །དེ་ལྟར་ནཱ་རོ་པས་ལོ་བཅུ་གཉིས་སུ་བསྡད། དཀའ་བ་བཅུ་གཉིས་སྤྱད། ཞབས་ཏོག་བྱས་ནས་དབང་གདམས་ངག་ཞུ་དགོས་སྙམ་ནས། རང་གི་ཁྲག་གིས་མཎྜལ་ཕུལ་ནས་ཞུས་པས། རང་གི་རིག་པ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ། ཏཻ་ལོ་པ་ལ་བསྟན་དུ་ཅི་ཡང་མེད་དོ་གསུང་། དེ་ལས་མ་གནང་གསུང་། ཡང་དུས་ཅིག་ན་ཕྱག་འཚལ་སྐོར་བ་བྱས་ནས་བདག་རྗེས་སུ་བཟུང་བར་ཞུ་འཚལ་བྱས་པས། སྤྱན་ཕར་ཅེར་ཚུར་ཅེར་མཛད་ནས། མཆིལ་ལྷམ་ཕུད་ནས་འདུག་པ་བླངས་ནས་སྨིན་མཚམས་སུ་བརྒྱབས་པས། ནཱ་རོ་པ་བརྒྱལ། བརྒྱལ་བ་སངས་ཙ་ན། གསང་སྔགས་རྒྱུད་སྡེ་བཞི་ཚིག་དང་དོན་དུ་བཅས་པ་རྣམས་བློ་ལ་སྤུང་ངེ་འདུག །ཁྱད་པར་དུ་ཡི་གེ་ཨ་ཐུང་གི་གདམས་ངག་དངོས་སུ་གནང་བ་ཡིན་གསུང་ངོ་། །དེར་ངས་ཀྱང་ཞབས་ཏོག་རེ་ཙམ་བགྱིས་ཏེ། བླ་མས་ཀྱང་ཐུགས་ལ་བཏགས། བྱིན་གྱིས་བརླབས། དོན་གྲུབ་སྙམ་ནས་གཞན་དུ་བྱོན་ཙ་ན། ག་རེ་ང་ལ་བཤད་པ་དང་སྒྲུབ་པ་གཉིས་ཀའི་གདམས་ངག་ཡོད་པ་ལ། བཤད་དམ་སྒྲུབ་པ་མ་དྲི་སྙམ་ནས་སླར་ལོག་ནས་ཞུས་ཙ་ན། ཐོད་པ་དག་གི་ནང་དུ་རྣམ་སྣང་རླངས་པ་རོང་པ་ཞིག་བླུགས་ནས། མིའི་རྩིབ་མའི་ཐུར་མ་ཞིག་བཙུགས་ནས་བྱིན་ཏེ། ནཱ་རོ་པ་ཁྱོད་འདི་ཟོ་ལ་དོན་༼༦ན༽གོ་བར་གྱིས་ཤིག་གསུངས་ནས་བྱོན་པས། ཟོས་པས་རོ་སྔོན་མ་མྱོང་བ་རོ་བརྒྱ་དང་ལྡན་པ་ཤིན་ཏུ་ཞིམ་པ་ཞིག་བྱུང་བས། དེར་ནཱ་རོའི་ཐུགས་དགོངས་ལ། ཐོད་པའི་དྲི་ཆེན་དང་། མིའི་རྩིབ་མའི་ཁེམ་བུ་ནི་མི་གཙང་བའི་རྫས་ཡིན་པ་ལ། བྱིན་རླབས་ཀྱིས་ཤིན་ཏུ་ཞིམ་པར་འདུག །དེ་བཞིན་དུ་ཆོས་མ་བྱས་ན་མི་གཙང་བའི་རྫས་དང་འདྲ། བསྒོམ་ན་མི་གཙང་བ་དེ་བྱིན་གྱིས་བརླབས་པ་དང་འདྲ་བར། དེ་སྒོམས་ཤིག་བྱ་བའི་བརྡ་ཡིན་སྙམ་ཙ་ན། བླ་མའི་ཞལ་ནས། ཁྱོད་རང་གིས་གོ་བ་ཁོ་ན་ལྟར་ཡིན་གསུང་། དེ་ནས་ཕྱི་ཕྱག་བཙལ་ནས་བཞུད་པའི་ལམ་ཁར། གྲོང་ཁྱེར་ཆེན་པོ་ཞིག་ཏུ་བྱོན་ཙ་ན། འདི་རྣལ་འབྱོར་པ་བཟང་པོ་ཅིག་འདུག་ཟེར་ནས་འབུལ་བ་བྱེད་པ་མང་པོ་བྱུང་། དེར་མུ་ཏིག་མཁར་གཞོང་གང་བ་ཞིག་རྙེད་དེ། དགའ་ནས་བླ་མའི་སྤྱན་སྔར་བྱོན་ནས། བླ་མ་ཡང་བཀའ་དྲིན་ཆེ་སྟེ། ང་ཡང་ཞབས་ཏོག་མི་ཆུང་སྙམ་ནས་འབུལ་དུ་བྱོན་ཙ་ན། བླ་མའི་ཐུགས་དགོངས་ལ་ནཱ་རོ་པ་འདི་ད་རུང་། རྣལ་འབྱོར་པ་བཟང་པོར་མི་འདུག་སྙམ་ནས་ནཱ་རོ་པའི་ཐུགས་རྒྱལ་བཅག་པའི་ཆེད་དུ། བླ་མ་མུ་ཏིག་གི་ཁྲི་ཆེན་པོ་ཞིག་གི་སྟེང་ན་བཞུགས་ནས་འདུག་པས། བླ་མ་ཏཻ་ལོ་པ་ཐུགས་ཀྱི་དཀོར་མཛོད་ལ་མངའ་མཛད་པ་ལ། ངའི་དེ་འདྲ་བ་ལ་ངོ་མཚར་ཆེ་རྒྱུ་མེད་སྙམ་ནས་དཀྱིལ་འཁོར་ལ་གཏོར་ནས་ལོག་ནས་བྱོན་ཏེ། བླ་མ་ཏཻ་ལོ་པའི་དྲུང་ནས་ཡུལ་དུ་བཞུད་པའི་ལམ་ཁར་ཡང་གྲོང་ཁྱེར་ཞིག་ཏུ་ཕྱིན་ཙ་ན། དེ་མགར་བའི་གྲོང་ཁྱེར་དུ་འདུག །དེར་གཟིམས་ནས་ནངས་པར་སྔ་མོར་ལངས་ནས་དགེ་སྦྱོར་བྱས་པས། མགར་ཆུང་གི་ཡིད་ལ་ནམ་ལངས་སོ་སྙམ་ནས་ཐུག་བྱས་པས། མགར་བ་ཐམས་ཅད་བཏུག་ཏིར་གྱིས་སོང་ནས། བསྒོམ་དུ་མ་བདེ་བ་ལ་ཞེ་སྡང་སྐྱེས། འདི་སུས་ལན་མང་དུ་བསམས་པས་རང་གིས་ལན་འདུག་༼༦བ༽སྙམ་ནས། དུས་དེར་ཞེ་སྡང་གི་རྩ་བ་ཆོད། མ་རིག་པ་ངོ་ཤེས། དེ་སྐྱེ་མེད་དུ་ཤེས། དེ་བླ་མའི་དྲིན་དུ་ཤེས་ཏེ། དུས་དེར་ཆོས་ཀྱི་རྩ་བ་ཆོད་པ་ཡིན་གསུང་། དེ་ནས་དཔལ་ནཱ་ལནྡར་བྱོན། དེའི་གཙུག་ལག་ཁང་དེ་ལ་སྒོ་བཞི་སྲུང་བའི་པཎྜི་ཏ་བཞི་དགོས་པ་དེ་ཙ་ན། ཤར་ན་ངག་གི་དབང་ཕྱུག་གྲགས་པ། ལྷོ་ན་ཤེས་རབ་འབྱུང་གནས་སྦས་པ། ནུབ་ན་རཏྣཱཀ་ར་ཤཱནྟི་པས་སྲུང་ལ། བྱང་སྒོ་སྲུང་བའི་པཎྜི་ཏ་མེད་པས། རྒྱལ་པོས་ནཱ་རོ་པ་ལ་ཞུས་པས། ནཱ་རོ་པའི་ཐུགས་དགོངས་ལ་ག་རེ། བླ་མའི་ཞལ་ནས། ང་ལ་སྒོ་བཞི་བསྲུང་བའི་སློབ་དཔོན་པཎྜི་ཏ་དེ་མ་བྱེད་ཅིག་གསུང་པ་ཡིན་ཏེ། དོན་ཆེ་བས་བྱས་ཀྱང་མི་ལྟོ་སྙམ་ནས་ཁས་བླངས་ཏེ། དེར་རྒྱལ་པོས་སྤྱི་བོས་བཏེག །དབང་བསྐུར། ཆོས་བཤད་གཉིས་ཀ་མཛད། དེ་ནས་དུས་ཅིག་ན། བྱང་སྒོར་མུ་སྟེགས་ཅིག་བགྲོ་གླེང་ལ་བྱུང་བས། ནཱ་རོ་པས་ཉི་མ་དང་པོ་ལ་མ་ཐུབ་ཁོ་རྒྱལ། དེར་བཙུན་པ་རྣམས་གནས་ཤོར་གྱིས་དོགས་ཙ་ན། ནཱ་རོ་པས་དེའི་ནུབ་མོ་བླ་མ་ཏཻ་ལོ་པ་ལ་གསོལ་བ་བཏབ་པས་ཏཻ་ལོ་པ་མདུན་དུ་བྱོན། དེར་བླ་མ་ནཱ་རོ་པས་ཐུགས་རྗེ་རེ་ཆུང་། ཁ་སང་བགྲོ་གླེང་བྱེད་ཙ་ན་རོགས་མི་མཛད་པར་བྱས་ཙ་ན། ཏཻ་ལོ་པའི་ཞལ་ནས། ཁྱོད་ཀྱི་དྲུང་ན་ཡོད་དེ། ཁྱོད་ཀྱིས་ངའི་བཀའ་བཅགས་པས་ལན་པ་ཡིན། ད་ཁྱོད་བགྲོ་གླེང་བྱེད་ཙ་ན་ལག་པ་སྡིགས་མཛུབ་གྱིས་ལ་ཁོ་ལ་གཏོད་ལ་དེ་ནས་བགྲོ་གླེང་གྱིས་གསུང་། དེ་ནས་སང་ཡང་བགྲོ་གླེང་ལ་ཚོགས་ཙ་ན་སྡིགས་མཛུབ་ཁོ་ལ་གཏད་པ་ཙམ་གྱིས་མུ་སྟེགས་ཐམས་ཅད་འདར་ཡེངས་ཡེངས་བྱེད་ནས། མུ་སྟེགས་མང་པོ་ཅིག་ཕམ་ནས་ནང་པ་སངས་རྒྱས་པ་ལ་ལོག་པ་ཡིན་གསུངས། གཞན་ཡང་བྱང་ཕྱོགས་ཀྱི་སྒོར་གླང་པོ་ཤིན་ཏུ་ཆེ་བ་ཅིག་ཤི་བས། རོ་དེ་ལུས་ན་བྱང་༼༧ན༽ཕྱོགས་ཐམས་ཅད་དུ་ནད་འོང་ཟེར་ནས་མི་དེ་རྣམས་མྱ་ངན་གྱིས་ཟིན་པ་ལ། དེར་ནཱ་རོ་པས། གྲོང་པས་ཐག་གར་བདེ་བ་ཅིག་ཏུ་འདིའི་རོ་ཤོང་བའི་ཁུང་ཞིག་བྲུས་ཤིག་བྱས་ནས། དེ་ལ་རླུང་སེམས་གྲོང་འཇུག་བྱས་ཏེ། གླང་པོ་ལ་ཞུགས་ནས་གླང་པོ་ཆེ་དེའི་རོ་ཁུང་དེར་བསྐྱལ་ནས། སློབ་དཔོན་ཉིད་ལ་ཞུགས་གསུང་། གཞན་ཡང་ནཱ་རོ་པས། ཁྲུས་བྱེད་པའི་དུས་ན། ཨཥྚནའི་སྲུང་བ་འཁོར་ལོ་ཅིག་ཡོད་པ་དེ་ཕ་ཚད་དུ་བཞག་པས། བྱ་རོག་ཅིག་གིས་ཁྱེར་ནས་སོང་བ་ལ། ནཱ་རོ་པས་བྱ་རོག་ལ་སྡིགས་མཛུབ་ཅིག་གཏད་དེ། ལྟ་སྟངས་ཅིག་བྱས་པས་བྱ་རོག་རེངས་པ་ཡིན་ཏེ། ཕྲིན་ལས་གྲུབ་པའི་རྟགས་སོ། །དེ་ནས་ནགས་ཀྱི་པུཥྤ་ཧ་རིའི་དགོན་པར་གཤེགས་ནས། ལོ་བཅུ་གཉིས་བསྒོམས་པས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ནུས་པ་ཅིག་བྱུང་། དུས་ཅིག་གི་ཚེ་སློབ་དཔོན་ཤཱནྟི་པ་དཔོན་གཡོག་རྣམས་ཚོགས་འཁོར་མཛད་ནས། འཁོར་ཅིག་གཏོར་མ་སྐྱེལ་དུ་བཏང་ཙ་ན། གཏོར་སྟེགས་ཁ་ན་རྣལ་འབྱོར་པ་གཅེར་བུ་པ་ཅིག་འདུག་པས་བྲེད་ནས་ཁྱིམ་དུ་ལོག་ནས་འདི་ལྟ་བུ་ཅིག་སྣང་བྱས་པས། སློབ་དཔོན་ན་རེ། ང་ཡིས་བལྟ་ཡིས་གསུངས་ནས་གཤེགས་པས། ནཱ་རོ་པ་ཆེན་པོ་ཡིན་པར་འདུག་གསུང་། འཁོར་གྱིས་ཁོང་འདིར་ཅི་ལ་ཕྱིན་དྲིས་པས། ཁྱོད་ལྟ་བུས་ཚོགས་འཁོར་བྱས་པ་ན། ཚོགས་ཀྱི་དཔོན་ང་ལྟ་བུས་བྱེད་དགོས་བྱ་བའི་བརྡ་ཡིན་གསུང་། ཡང་དུས་ཅིག་གི་ཚེ། པཎྜི་ཏ་རིག་པའི་གནས་ལྔ་ལ་མཁས་པ་ཅིག་འཁོར་དང་བཅས་པ་བཞུགས་ཙ་ན། ནཱ་རོ་པ་དཔོན་གཡོག་ཚན་ཅིག་ཀྱང་དེར་ཕྱིན་ནས་བཞུགས་པ་ལ། པཎྜི་ཏ་དེས་ནཱ་རོ་པ་ལ་གདམས་ངག་ཞུ་བྱས་པས། ཁྱོད་མཁས་པ་ཆེན་པོ་ཡིན་ཡང་། ང་སྒྲུབ་པ་པོ་ཡིན་པས་སྒྲུབ་པ་པོས་མཁས་པ་ལ་གདམས་ངག་བཤད་པར་གསུངས་པ་ཡིན་པས་ངས་བཤད་༼༧བ༽ཀྱིས་གསུངས་པས། པཎྜི་ཏ་དགའ་ནས་ཡོད་ཙ་ན། སྲོད་ལ་གླིང་བུའི་སྒྲ་དི་རི་རི་འདུག་པས། པཎྜི་ཏའི་རྨི་ལམ་ན་གཏོར་མ་མཛད་པ་ཡིན་སེམས་ཙ་ན། ནང་པར་ནཱ་རོ་པ་གཤེགས་ནས་མི་འདུག །དེར་གར་བཞུད་དྲིས་པས་ཕྱོགས་འདི་ཞེས་བྱ་བར་ངའི་བླ་མ་བྱོན་པས་དེར་འགྲོ་དགོས་པར་འདུག་ཟེར་ནས་བཞུད་ཟེར། ཡང་དུས་གཅིག་ན་ཐོད་པ་ཐོགས་ནས་སློང་བའི་སྤྱོད་པ་མཛད་པ་ལས། སུ་ཕྲད་ཕྲད་ལ་སློངས་གསུངས་པས། ཇག་པ་ཚན་ཅིག་གིས་ཆུ་གྲི་ཐོད་པར་བཅུག་སྐྱོམ་སྐྱོམ་མཛད་པས། དེ་ལྟེམས་ཀྱིས་ཞུ་ནས་གསོལ་གསུང་། དེ་ལ་སོགས་པ་སེང་གེ་ལ་ཆིབས་ནས་ནམ་མཁའ་ལ་གཤེགས་པའམ། རྫུ་འཕྲུལ་ཡ་མ་ཟུང་མང་པོ་བསྟན་པའམ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པས་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་ཡིན་གསུང་།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact