| / Mahamudra / Gampopa |
Gampopa's collected works (24)
༼༡ན༽ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ཕྱག་རྒྱ་ཆེན་པོའི་རྩ་བ་ལ་ངོ་སྤྲད་པ་ཞེས་ཀྱང་བྱ། སྣང་བ་ལམ་འཁྱེར་གྱི་རྟོགས་པ་ཅིག་ཆོག་ཅེས་ཀྱང་བྱ། ཕྱག་རྒྱ་ཆེན་པོ་གཉུག་མ་མི་འགྱུར་ཞེས་ཀྱང་བྱ་བ་བཞུགས་སོ། །
༼༡བ༽༄༅། །ན་མོ་རཏྣ་གུ་རུ། རྗེ་བཙུན་དྭགས་པོ་སྙི་སྒོམ་གྱི་ཕྱག་རྒྱ་ཆེན་པོའི་གདམས་ངག །འཁོར་བ་དང་སྐྱེ་ཤི་འཇིགས་པའི་དོན་དུ། བླ་མའི་གསུང་དང་རང་གི་ཉམས་མྱོང་ཡི་གེར་བྲིས་པ། སྤྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལྟ་སྤྱོད་གཉིས་སུ་འདུས། སྤྱོད་པ་ལ་འཆི་བ་དང་ལས་འབྲས་ལ་ཡིད་ཆེས་ནས་དད་པ་དང་སྙིང་རྗེ་ཆེ་བ། སྡིག་པ་ལ་འཛེམ་པ་དགེ་བ་ལ་བརྩོན་པ་ཞིག་དགོས། འཁོར་བ་འདི་ད་རེས་མ་ལྡོག་ན་འཁོར་བར་གཏན་འཁྱམས་ལ་འགྲོ་བས། འཁོར་བ་ལ་ཡིད་ཕྱུང་ནས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ཅི་ལྡན་དུ་བྱའོ། །ལྟ་བ་ལ་སྤྱིར་ཐེག་ཆེན་དང་ཐེག་དམན་གཉིས། ཐེག་ཆེན་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་གཉིས་ལས། ཕ་རོལ་ཏུ་ཕྱིན་པ་ནི་རྟེན་འབྲེལ་ལ་སོགས་པའི་ལུང་རིགས་སྒོ་ནས་སྣང་བ་རང་བཞིན་མེད་པར་གཏན་ལ་ཕབ་ནས། མོས་པའི་སྟོང་ཉིད་དུ་སྒོམ་པ་ཡིན་ཏེ། དེ་ནི་དབུ་མའི་སྒོམ་ལུགས་སོ། །དེ་རང་ཡང་བསྒོམ་བྱ་སྒོམ་བྱེད་དང་༼༢ན༽བཅས་པའི་གཉིས་འཛིན་གྱི་བློར་འདུག །དེས་ལྟ་བ་མ་རྟོགས། དངོས་པོ་ལ་གནོད་པ་ཅུང་ཟད་བསྐྱལ་བས་སྒྲིབ་པ་དཔག་ཏུ་མེད་པ་འཛད་དེ། སངས་རྒྱ་མི་ནུས་གསུང་། བཀའ་གདམས་པ་དང་མཚན་ཉིད་པ་ཐམས་ཅད་དེ་སྒོམ་པ་ཡིན་གསུང་། བླ་མ་མི་ལ་རས་པའི་ལུགས་ཀྱི་གསང་སྔགས་ལ་ཕྱག་རྒྱ་ཆེན་པོའི་བཞེད་ཀྱིས་འདི་སྐད་གསུང་། མི་དགེ་བ་བཅུ་གོམས་པས་ངན་སོང་གསུམ་དུ་འཁྱམས་པ་ནི་སྐྱོན་དུ་དགེ་བ་བཅུ་གོམས་པས་ལྷ་མིར་འཁྱམ། ཏིང་ངེ་འཛིན་གྱི་རོ་ལ་ཆགས་ནས་བསྒོམས་པས་ལྷ་ཚེ་རིང་པོར་སྐྱེ། དྲན་པས་ཟིན་པའི་རྣམ་རྟོག་ནི་ཡོན་ཏན། མ་ཟིན་པ་ནི། བལྟ་ན་དེ་ཡང་གཉིས་འཛིན་གྱི་སྐྱོན། རྟོག་མེད་ལ་སོགས་པའི་ཡོན་ཏན་ཐམས་ཅད་བསྒྲུབ་པར་འདོད། རྣམ་རྟོག་ལ་སོགས་པའི་སྐྱོན་ཐམས་ཅད་སྤོང་བར་འདོད་ན། དེ་ཡང་གཉིས་འཛིན་གྱི་བློ། སྟོང་པ་བསྒོམས་ཀྱང་བློ། ཡོད་མེད་དུ་བསྒོམས་ཀྱང་བློ། མདོར་ན་བསྒོམས་ཚད་བློ་དང་གཉིས་འཛིན་ལས་གྲོལ་བ་མེད་༼༢བ༽གསུང་། དེ་ལ་ཕྱག་རྒྱ་ཆེན་པོ་ནི། མི་རྟོག་པའམ་སྟོང་ཉིད་བསྒོམ་པ་ལ་སོགས་པའི་ཡོན་ཏན་གང་ཡང་མི་སྒོམ། རྣམ་རྟོག་ལ་སོགས་པའི་སྐྱོན་གང་ཡང་མི་སྤོང་བ་ནི་ཡིད་ལ་ཅི་ཡང་མི་བྱེད་པ། གཉིས་འཛིན་གྱི་བློ་ལས་རང་གྲོལ་བ་དེ་ནི་ཕྱག་རྒྱ་ཆེན་པོ་ཡིན་ནོ། །སེམས་ཁོ་རང་རྟོག་མེད་ལ་སོགས་པའི་ཡོན་ཏན་ལྡན་པར་འཆར་རུང་། སྐྱོན་ཐམས་ཅད་སྤངས་པར་འཆར་རུང་། སེམས་མི་གྱུ་དགུ་གྱུ། མི་དྲན་དགུ་དྲན། རྣ་བར་མ་ཐོས་དགུ་ཐོས། མིག་གིས་མ་མཐོང་དགུ་མཐོང་ཡང་དེ་ལ་དགག་སྒྲུབ་མ་བྱས་ན། རེ་དྭོགས་གཉིས་འཛིན་དང་བྲལ་ནས་གཉིས་མེད་ཡེ་ཤེས་རང་བཞིན་དུ་འཆར་རོ། །རྗེ་སྙི་སྒོམ་པས། ཡོད་པར་ཡང་མི་སྒོམ་མེད་པར་ཡང་མི་སྒོམ་པར་དེ་ཙུག་ཏུ་འཇོག་པ་མ་ལགས་སམ་ཞུས་པས། ཡོད་མེད་ཀྱི་བཅས་བཅོས་མང་པོ་མི་བྱ། སེམས་མ་བཅོས་པ་ཇི་ལྟར་འདུག་པ་དེ་ལྟར་བཞག་གསུང་། རྣམ་རྟོག་བྱུང་ན་ཇི་ལྟར་བགྱི་ཞུས་པས། དེ་ཀ་ཙུག་ཏུ་བཞག་པས་ཆོག །ཁོ་རང་ཡལ་ལ་འགྲོ །སྤང་མི་དགོས་གསུང་། གྲྭ་པ་བཅུ་ཙམ་ཚོགས་དུས་སུ་ཕ་རོལ་ཏུ་ཕྱིན་པ་ནི་སྤོང་བའི་ལམ་ཡིན་པས། མི་སྡུག་པ་ལ་སོགས་པ་གཉེན་པོས་ཉོན་མོངས་པ་མགོ་ཐོག་ཏུ་སྤོང་བ་ཡིན་གསུང་། གསང་སྔགས་ནི་གཞི་སྒྱུར་བའི་ལམ་ཡིན་པས། དུག་ལྔ་དང་རྣམ་རྟོག་ཐམས་ཅད་ལམ་དུ་ཁྱེར་བ་ཡིན། དུག་ལྔ་དང་རྣམ་རྟོག་ལ་དགག་སྒྲུབ་གང་ཡང་མ་བྱས་པར་དེ་ཀ་ཙུག་སྐྱེར་བཅུག་པས་རང་ཞི་རང་གྲོལ་ནས་འགྲོ་ཡིས་གསུང་ངོ་། །སྒམ་པོ་ནས་དྭགས་པོ་སྟོད་དུ་དགོང་མོ་གཅིག་བྱོན་དུས་གྲྭ་པ་ཐམས་ཅད་ཚོགས་ཙ་ན། སྒོམ་ཆེན་པ་ནི་རྣམ་རྟོག་མེད་པ་གཅིག་འདོད། རྣམ་རྟོག་ནི་འགག་ཏུ་མི་བཏུབ་པར་འདོད། ༼༣ན༽སྒོམ་ཆེན་པ་འོ་བརྒྱལ་ཏེ་འགྲོ་གསུང་སྐད། འོ་ནའང་ཤིང་ཇི་ལྟར་མང་བ་ལྟར་མེ་ཆེ་བ་ཡིན། རྣམ་རྟོག་ཇི་ལྟར་མང་བ་ལྟར་གཉིས་མེད་ཀྱི་ཡེ་ཤེས་རྒྱས་པ་ཡིན་པས། དུག་ལྔ་དང་རྣམ་རྟོག་དེ་ཀ་ལྟར་སྐྱེར་བཅུག་པས་ཆོག་གསུང་། དགག་སྒྲུབ་མེད་པར་མ་བཅོས་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་འདི་རང་ཡིན་ནོ། །རང་ཅག་གིས་སངས་རྒྱས་ངོ་ཤེས་པ་དང་མ་ཤེས་པ་འདི་ཀ་རང་ཡིན་ནོ། །སངས་རྒྱས་ལ་ཡང་འདི་ཀ་ལས་མེད་གསུང་། ཚེས་གཅིག་གི་ཟླ་བ་དང་ཉའི་ཟླ་བ་ལ་ཟླ་བ་ཙམ་དུ་ཁྱད་པར་མེད། དེ་བཞིན་དུ་མ་བཅོས་པར་བཞག་པས་གཉིས་མེད་ཀྱི་ཡེ་ཤེས་དེ་རིང་རྟོགས་པ་དང་། སངས་རྒྱས་ཀྱི་ཐུགས་ཡེ་ཤེས་གཉིས་ལ་གཉིས་མེད་ཙམ་དུ་ཁྱད་པར་མེད། གཉིས་འཛིན་གྱི་རྣམ་པར་རྟོག་པ་རྦད་ཀྱིས་བཅད་ཙ་ན་སངས་རྒྱས་ཡིན་ཏེ། དེ་ཐོབ་པར་བྱེད་པ་ལ། འཇིག་རྟེན་གྱི་བྱ་བ་བོར། གཅིག་པུར་རི་ཁྲོད་བརྟེན་ནས། གཉིས་མེད་ཀྱི་ཡེ་ཤེས་རང་ཤུགས་སུ་བསྒོམ་ན། རིང་པོར་མི་ཐོགས་པར་སངས་རྒྱས་ཐོབ་གསུང་། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པས་སངས་རྒྱས་པར་འདོད་པ་ནི། ཕ་རོལ་ཏུ་ཕྱིན་པ་ལམ་རིང་བ་ལ་དགོངས་པ་ཡིན། གསང་སྔགས་ཐབས་ཆེ་བ་ཡིན་པས། འདི་དང་བར་དོ་དང་ཕྱི་མ་གང་ཡང་རུང་བ་གཅིག་ལ་སངས་རྒྱ་གསུང་། གསུམ་པ་གཞན་གྱི་དྲུང་ན་མ་བཅོས་པ་ལ་ལོ་གཅིག་སྒོམ་པ་རང་གིས་མངོན་པར་ཤེས་པ་འོང་སྟེ་གསུང་སྐད། གཞན་དག་མི་རྟོག་པ་དུས་གཅིག་ལ་མཉམ་བཞག་བྱས་ནས་རྗེ་རྨི་ལམ་སྒྱུ་མ་ལྟ་བུར་སྒོམ་པ་ཡིན་གསུང་། རྗེ་བཙུན་གྱི་ལུགས་ཀྱིས་དུག་ལྔ་དང་རྣམ་རྟོག་གཉིས་མེད་ཀྱི་ཡེ་ཤེས་སུ་ཁྱེར་ནས། ཤིན་ཏུ་གོམས་ཙ་ན། ཐུན་མཚམས་མེད་པར་སྤྱོད་ལམ་རྣམ་བཞི་༼༣བ༽ཐམས་ཅད་དུ་མཉམ་བཞག་འབའ་ཞིག་ཏུ་འཁྱེར་བ་ཡིན་གསུང་ངོ་། །ལྷོ་ཕྱོགས་དཔལ་གྱི་རི་རྩེ་ལ་ཏཻ་ལོ་པས། དཔལ་ཕྱག་ན་རྡོ་རྗེ་ལ་ཞུས་པས། མ་བཅོས་པར་ཞོག་གསུང་། དེར་མར་བྱོན་པས་མ་བཅོས་པའི་དོན་མ་གོ་ནས། ཡར་ལ་ལོག་ནས་ཞུ་སྙམ་ཙ་ན། མཁའ་འགྲོ་མ་ཤྲཱི་དྷ་ར་དང་ཕྲད་ནས། རང་གི་སེམས་ལ་མ་ལྟ་མ་སྒོམ་ཐ་མལ་པར་ཞོག་མ་བཅོས་པ་འདི་རང་ཡིན་གསུང་སྐད། བུད་མེད་ངན་པའི་ལྟོ་བ་ན་འཁོར་ལོས་སྒྱུར་རྒྱལ་ཡོད་པ་དང་། དབུལ་པོའི་ཁྱིམ་ན་གཏེར་ཡོད་ཀྱང་། བུད་མེད་ཀྱི་སྐྱོན་དང་། གཏེར་ས་རྡུལ་གྱིས་གཡོགས་པའི་སྐྱོན་གྱིས་དགོས་པ་སྒྲུབ་མ་ནུས་པ་དང་འདྲ་བར། འཁོར་བ་ཐོག་མེད་ནས་ད་ལྟ་ཡན་ཆད་དུ། གཉུག་མ་མ་བཅོས་པའི་དོན་གཉིས་མེད། ཉིན་ཞག་ཕྲུགས་རེའི་ནང་དུ་ཡང་ནས་ཡང་དུ་སྐྱེ་ཡང་ངོ་མ་ཤེས་པས་ལུང་མ་བསྟན་དུ་སོང་ནས། རང་གཞན་གྱི་དགོས་པ་མ་གྲུབ་གསུང་། དངོས་གཞི་དགག་སྒྲུབ་མེད་པའི་མ་བཅོས་པ་འདི་རང་ཡེ་ཤེས་ཡིན་གསུང་། རྗེ་བཙུན་ཁྱི་ཐུལ་ཅན་གྱི་ཞལ་ནས། ཆོས་ཉིད་མ་བཅོས་པ་ལ་སོགས་པ་གཅིག་ཏུ་དྲན་པས་ཆོག །རྟག་ཏུ་ཏུར་རེ་བྱ་མི་དགོས། དྲན་པ་དེ་བོར་ཡང་བོར་དུ་མི་བཏུབ་པར་འོང་གིས་གསུང་། དེ་ནས་གཉིད་མ་ལོག །ཆང་གིས་བག་མེད་དུ་མ་བཟི། ངག་གི་སྨྲ་བ་མང་པོ་མི་བྱ། ལུས་ཀྱི་བྲེལ་བ་མང་པོ་མི་བྱེད་ཀྱི་བར་དུ། རྟོག་མེད་དུ་འདུག་ཀྱང་རུང་། རྣམ་རྟོག་འབའ་ཞིག་ཏུ་འདུག་ཀྱང་རུང་། འཇིག་རྟེན་པའི་རྣམ་རྟོག་མིན། སྟོང་ཉིད་འབའ་ཞིག་ཡིན་གསུང་ངོ་། །ཁོང་བཀའ་དྲིན་ཆེ། ཁོང་དང་མ་ཕྲད་ཙ་ན། མ་བཅོས་པ་རང་སྒོམ་པ་ཡིན། དེ་རང་དུ་ཤེས་པ་འཐུམས་ནས་རྟོག་མེད་ར་རི་ལས་མ་བྱུང་། དེ་བས་འཇིག་རྟེན་པའི་རང་བཞིན་རང་ཀ་མ་སོང་། ཁོང་གི་དེས། དགག་སྒྲུབ་༼༤ན༽མེད་པའི་མ་བཅོས་པ་དེ་གཉིས་མེད་རང་གྲོལ་གྱི་དེར་གོ་དེ་ནས། རྗེ་བཙུན་སྙི་སྒོམ་ལ། སེམས་རང་བཞིན་མེད་པར་སྒོམ་པ་དེ་རང་བློ་མི་འགྲོའམ་ཞུས་པས། སེམས་རང་བཞིན་མེད་དོ། །ཆུ་ལ་ཆུ་ཐིམ་མོ། །རྟག་ཏུ་སྒོམ་མི་དགོས་གསུང་། དོན་གྱི་བླ་མ་ཁྱི་ཐུལ་ཅན་གྱི་གསུང་ན་འདུག་གོ །འོ་ན་འཇིག་རྟེན་པ་རྣམས་ཀྱང་རྣམ་རྟོག་རང་གར་འདུག །རྣལ་འབྱོར་པ་ཡང་རང་ག་ཐ་མལ་གྱི་ཤེས་པར་འདུག་པ་ལ་དེ་གཉིས་ལ་ཁྱད་པར་ཅི་ཡོད། ཁྱད་པར་མེད་ན་འཇིག་རྟེན་པ་ལ་ཡང་རང་གྲོལ་དུ་མི་འགྲོའམ་སྙམ་ན། འཇིག་རྟེན་པ་ལ་རྣལ་འབྱོར་པའི་གདམས་ངག་མེད་པས་གཉིས་མེད་ངོ་མ་ཤེས་ཏེ། དགག་སྒྲུབ་གཉིས་འཛིན་འབའ་ཞིག་བྱུང་ངོ་། །གདམས་ངག་ཐོབ་ཀྱང་། གཉིས་མེད་ཀྱི་ཡེ་ཤེས་ངེས་མེད་སྣ་ཚོགས་སུ་འཆར་བ་ལ་ཡིད་མི་ཆེས་པས། གཉིས་འཛིན་གྱི་རྣམ་རྟོག་ལས་གྲོལ་ས་མེད་པར་སྐྱེས་སོ། །ཆོས་པ་རྣམས་ཀྱང་། ཐོས་བསམ་སྒོམ་གསུམ་གྱི་གཉིས་འཛིན་གྱི་སྡུག་བསྔལ་གྱིས་སྦྱངས་སོ། །རྣལ་འབྱོར་པ་ནི། དགག་སྒྲུབ་ཀྱི་རྒྱུ་དང་བྲལ་ནས། གཉིས་མེད་ཀྱི་ཡེ་ཤེས་ངེས་མེད་ཀྱི་རྣམ་རྟོག་བདེ་བ་ཆེན་པོ་སྣ་ཚོགས་སུ་འཆར་རོ། །དེ་གཉིས་ཀྱི་ཁྱད་པར་ནི་གནད་ཀ་དེ་ལས་བྱུང་ངོ་། །རྣལ་འབྱོར་པ་འགའ་ཞིག་ལ་དེ་གཉིས་ཀྱི་ཁྱད་པར་དྲིས་ཙ་ན། རྣལ་འབྱོར་པས་ངོ་ཤེས་པ་ཡིན། འཇིག་རྟེན་པས་ངོ་མ་ཤེས་པ་ཡིན་ཟེར། བསྒོམས་ནས་ངོ་ཤེས་སམ། མ་བསྒོམས་ནས་ངོ་ཤེས། བསྒོམས་ནས་ངོ་ཤེས་ན་རྣམ་རྟོག་ཏུ་འགྲོ །མ་བསྒོམས་པར་ཤེས་ན་རང་གྲོལ་དུ་མི་འགྲོའམ་བྱས་ན་རྡུགས་ནས་འགྲོ་བར་འདུག་གོ །འགའ་ཞིག་ན་རེ། དྲན་པས་ཟིན་ན་མི་སྟོང་བསད་ཀྱང་ངན་སོང་དུ་མི་འགྲོ་ཟེར་རོ། །འོ་ན་བསྒོམས་པས་དྲན་པས་ཟིན་ནམ། ༼༤བ༽མ་བསྒོམས་པས་དྲན་པས་ཟིན་བྱས་པས། བསྒོམ་ན་བློར་འགྲོ་མ་བསྒོམས་ན་རང་གྲོལ་ལམ་བྱས་ན་ཡང་རྡུགས་ནས་འགྲོ་བར་འདུག །འོ་ན་ཇི་ལྟར་ཡིན་ན། དགག་སྒྲུབ་གང་ཡང་མི་སྒོམ་པའི་དྲན་པས་ཟིན་ན་རྣམ་རྟོག་ཐམས་ཅད་གཉིས་མེད་ཀྱི་ཡེ་ཤེས་སུ་འཆར་རོ། །དགག་སྒྲུབ་ཀྱི་རྒྱུ་མེད་པ་ལ་མི་གསོད་པ་ལ་སོགས་པ་སྡིག་པའི་ལས་བྱ་བའི་དོན་མེད་དོ། །བཅོམ་ལྡན་འདས་ཀྱི་ལུང་དང་འགལ་བས་དེ་སྐད་དུ་སྨྲ་བ་ཐམས་ཅད་ཆོས་ལོག་ཏུ་ཤེས་པར་བྱའོ། །དྲན་པས་ཟིན་པ་དང་མ་ཟིན་པ་དང་། རྣམ་རྟོག་འཕྲོས་པ་ལ་ཉམ་ང་རྩིས་གདབ་བྱས་ན། གཉིས་མེད་ཀྱི་ཡེ་ཤེས་ལ་ཕར་ཐེན་ཚུར་ཐེན་བྱས་པས། སེམས་ཁ་བྲག་ཏུ་སོང་ནས་ཁམས་མི་བདེ། སྙིང་རླུང་འཇུག །སྨྱོན་པར་འགྲོ་ཉེན་ཡོད་པས། རེ་དྭོགས་ཀྱི་རྩིས་གདབ་ཡེ་མི་བྱ། རྗེ་བཙུན་སྙི་སྒོམ་གྱི་ཞལ་ནས་ཀྱང་། ཡོད་པ་དང་མེད་པའི་བཅས་བཅོས་མི་བྱ་གསུང་བའི་དགོངས་པ་ཡང་དེ་ཡིན་ནོ། །དེ་ཡང་མ་བཅོས་པར་བཞག་པས་སྣང་བ་དང་སྟོང་པ་གཉིས་མེད། ནང་ན་སྣང་བ་དང་སྟོང་པ་གཉིས་ཀྱི་སེམས་ཁ་བྲག་ཏུ་སོང་བ་མ་ཚོར་བར། གཉིས་འཛིན་དུ་སོང་ནས་ཁམས་མི་བདེ། སྙིང་རླུང་འཇུག །ཐ་མལ་གྱི་ཤེས་པ་གཉིས་འཛིན་དུ་འཆོར། ཡང་ཞལ་ནས། སྒོམ་སེམས་ཐོག་ཏུ་གོ་དགོས་གསུང་། བོད་ཀྱི་ཆོས་པ་ལྟ་བ་མཐོ་བ་ཆོས་མཁས་པ་རྣམས་ཀྱང་། ཞེ་སྡང་ཕྲག་དོག་འབད་རྩོལ་ལ་སོགས་པ་གཉིས་འཛིན་འབའ་ཞིག་ཏུ་ཤར་རོ། །རང་སེམས་ལ་གང་ཤར་གྱི་ངོ་བོ་ལ་བལྟ། ཉ་ར་མི་བྱ་བར་གང་དགར་བཞག་པར་བྱའོ། །གང་དགར་འཇོག་པའི་དྲན་པ་ལ་གཉིས་མེད་ཀྱི་རྣམ་རྟོག་ཙབ་ཙུབ་མང་པོ་སེམས་ལ་ཟུག་ན་ཁམས་མི་བདེ་ན། རྣམ་རྟོག་ཐམས་ཅད་སེམས་སུ་འདུས་པ་ལས་འོང་བ་ཡིན་པས། ཚུར་མི་བསྡུ་བར་གར་ཡེངས་ཡེངས་སུ་ལྷོད་དེ་༼༥ན༽བཞག་པས། མི་རྟོག་པ་དུ་མ་ཅིག་སྐྱེ། དེས་ཁམས་བདེ་སྟེ་འོང་། ལ་ལ་གོམས་ནས་རང་ཤུགས་སུ་མི་རྟོག་པ་ཡུན་རིང་དུ་སྐྱེའོ། གློད་ནས་འཇོག་པ་དེ་བོགས་ཅིག་དྲན་པས་ཆོག །དེ་ནས་རང་ཤུགས་སུ་ཚུར་མི་བསྡུ་བར་ལྷོད་དེ་བཞག །རང་ཤུགས་ཀྱི་རྟོག་མེད་དེ་སེམས་གནས་པ་གཤའ་མ་ཡིན། རྩ་རླུང་ལ་སོགས་པའི་རྟགས་མེད་སྣང་དུམ་རེ་བ་དེ་སེམས་བཙན་བཟུང་གི་སེམས་འཛིན་བྱ་བ་ཡིན་གྱི། སེམས་གཤའ་མ་མིན་ནོ། །སེམས་ཁོ་རང་རྟོག་མེད་དུ་བདེའམ། མིག་བཙུམ་པ་བདེའམ། ཕྱེ་བ་བདེའམ། ཉལ་བ་ལ་སོགས་པའི་སྤྱོད་ལམ་གར་བདེར་བཞག་གོ །དགག་སྒྲུབ་ཀྱི་རྩོལ་བ་མི་བྱ་བར་མི་རྟོག་པར་འདུག་ཀྱང་རུང་། རྣམ་རྟོག་སྣ་ཚོགས་སུ་འཆར་གྱིན་འདུག་ཀྱང་། མ་བཅོས་པར་བཞག་པས་རང་གིས་གཉིས་འཛིན་དང་བྲལ། གཉིས་མེད་ཀྱི་ཡེ་ཤེས་རང་ཤར་དུ་འདུག་ཨང་སྙམ་པའི་གོ་བ་བྱུང་ཙ་ན། སེམས་ཁོ་རང་གི་ངོ་བོའམ། གཤིས་སམ། འདུག་ཚུལ་ངོ་ཤེས་པ་ཡིན་ནོ། །དེ་ལྟར་གོ་ན་བསྒོམ་བྱ་མི་དགོས། བོར་བའམ། བཞག་ཏུ་མི་བཏུབ་པར་སྒོམ་དབང་མེད་དུ་སྐྱེ་བ་ཡིན་ནོ། །རྣམ་རྟོག་སྣ་ཚོགས་དགག་ཏུ་མི་བཏུབ་པར་འཆར་བར་འདུག་ཙ་ན། གཉིས་མེད་ཀྱི་ཡེ་ཤེས་ཀྱང་དགག་ཏུ་མི་བཏུབ་པར་འཆར་རོ། །ཡང་རིན་པོ་ཆེ་ལ། རང་གི་སེམས་ཀྱི་ངོ་བོ་ཤེས་པ་ཇི་ལྟ་བུ་ལགས་ཞུས་པས། མ་བཅོས་པ་ལ་མ་བཅོས་པར་ཤེས་པ་དེ་ཡིན་གསུང་ངོ་། །སེམས་ཉིད་ཁོ་རང་སྤང་བྱ་དང་གཉེན་པོ་ཐམས་ཅད་དང་བྲལ་བར་འདུག་པ་དེ་ཡིན། ངེད་ཀྱིས་ཀྱང་མ་བཅོས་པར་བཞག །མ་བཅོས་པ་བཞག་པས། དགག་སྒྲུབ་ཀྱི་བྱ་རྒྱུ་དང་བྲལ་ནས་གཉིས་མེད་ཡེ་ཤེས་རང་འཆར་ཏེ། དེ་ནི་མི་རྟོག་པ་ཡིན། ལྐུགས་པས་བུ་རམ་མུར་པའམ། གཞོན་ནུ་མས་༼༥བ༽འདོད་ཆགས་ཀྱི་བདེ་བ་མྱོང་བ་ལྟ་བུའི་རྒྱུ་མེད་པར། གཉིས་མེད་ཀྱི་ཡེ་ཤེས་གསལ་བ་དེ་ནི་གསལ་བ་ཡིན། མི་རྟོག་པ་དང་གསལ་བར་བྱུང་ཙ་ན། གཉིས་འཛིན་གྱིས་བྱ་རྒྱུ་ཐམས་ཅད་རང་ཤུགས་ཀྱིས་འགགས་ནས་འགྲོ །དེ་ཙ་ན་སེམས་བདེ། སེམས་བདེ་བས་ལུས་བདེ་བ་ལྟར། བདེ་གསལ་མི་རྟོག་པ་གསུམ་གྱི་ཕན་ཡོན་མཐོང་ཆོས་ཀྱི་ལས་ཚེ་འདི་ལ་འབྱུང་ངོ་། །གཉིས་མེད་མི་གསལ་བདེ་ལ་ཤིན་ཏུ་གསལ་བ་སྟེ། སྣ་ཚོགས་སུ་འཆར་བ་འདི་བྱིང་བ་དང་བྲལ་ན་གཉིས་མེད་དུ་འཆར་རོ། །གཉིས་འཛིན་ལས་འཕྲོས་པ་ལ་རྒོད་པ་ཟེར་བ་ཡིན་ཏེ། མ་བཅོས་པར་རང་དགར་བཞག་པས་གཉིས་འཛིན་ལས་བྲལ་ཞིང་། བྱིང་རྒོད་གྱི་བདུད་དང་བྲལ་ནས་འགྲོའོ། །རྗེ་བཙུན་གྱི་ཞལ་ནས། འཇིག་རྟེན་གྱི་བྱ་བ་བོར་ནས། གཉིས་མེད་ཀྱི་ཡེ་ཤེས་བསྒོམས་ན། གཉིས་འཛིན་རྦད་ཀྱིས་ཆོད་ནས། དབང་པོ་རབ་ཚེ་འདི་ཉིད་ལ་སངས་རྒྱ། དྲན་པ་གཅིག་པོ་ལས་མེད་ཅིང་། དྲན་པ་གཅིག་པོ་གཉིས་མེད་ཀྱི་ངང་ལ་གནས་ཙ་ན། སྲིད་པ་བར་མ་དོ། ཤི་ནས་ཞག་ཕྱེད་དང་བཞིའི་ནང་དུ་རྣལ་འབྱོར་པ་དོན་མ་གྲུབ་ན། ལས་དགེ་སྡིག་གར་གོམས་སུ་གསལ། དེས་རྐྱེན་བྱས་ནས། འབྲས་བུ་བདེ་སྡུག་གི་ལུས་འཛིན་པས་ཕྱག་རྒྱ་ཆེན་པོ་བསྒོམས་པ་ཡིན་ན། དེ་གསལ་ནས་ལུས་མི་ལེན་པར་སངས་རྒྱའོ། །སྐྱེ་བ་འདི་དང་བར་དོ་ལ་སངས་མ་རྒྱས་ན། ཕྱི་མ་ལ་མི་ལུས་བླངས་ནས་སངས་རྒྱའོ། །ཞེས་བླ་མ་མི་ལ་གསུང་སྐད། བྱང་ཆུབ་སེམས་དཔའི་ཞལ་ནས། དེ་ལ་སངས་མ་རྒྱས་ན་ཡང་ཕྱི་མ་ལ་སངས་རྒྱ། དེ་ལ་སངས་མ་རྒྱ་ན། དམ་ཚིག་གི་སྐྱོན་བྱུང་བ་ཡིན་པས། དམྱལ་བར་ཐེངས་གཅིག་འགྲོ་དགོས་གསུང་སྐད། རྒྱུད་སྡེ་ཁ་ཅིག་ནས། སྐྱེ་བ་བདུན་དུ་མི་ལུས་བླངས་ནས་ཕྱག་རྒྱ་ཆེན་པོ་བསྒོམས་ན་སངས་རྒྱ་༼༦ན༽བར་གསུངས་ནས་ཀྱང་ཡོད། འོ་ན་ཚེ་འདི་ལ་ཡང་གཉིས་འཛིན་གྱི་རྣམ་པར་རྟོག་པ་ཅན་ལ་ཕྱི་རོལ་གྱི་བདུད་འོང་བ་ལ། རེ་དྭོགས་མེད་པར་གཉིས་མེད་ཀྱི་ཡེ་ཤེས་སྒོམ་ཞིང་། བླ་མ་རྣམས་ལ་དད་གུས་བྱས་ན། ཕྱི་རོལ་གྱི་བདུད་ཀྱི་ཚུགས་པའི་གནས་མེད་དོ། །རང་གི་ཉམས་མྱོང་བྲིས་པའི་ལྡེ་མིག་ཅེས་བྱ་བའོ།། །།ན་མོ་ཌཱ་ཀི་ནཱི་ཡེ། རང་གི་སེམས་ལ་མ་བལྟ། ཞེས་པ་ནི། སྟོང་ཉིད་དང་མི་རྟོག་པ་དང་། ཡེངས་པ་དང་། ཕར་འཕྲོས་པ་དང་། ཚུར་འདུས་པ་དང་། དྲན་པས་ཟིན་པ་དང་མ་ཟིན་པ་དང་། སྒོམ་སྙམ་པའི་རྩིས་གདབ་ཅན་གྱི་སེམས་ཀྱིས་སེམས་ལ་མི་ལྟའོ། །དེས་ན། རང་སེམས་གར་འཆར་དུ་བཞག །མ་སྒོམ་ཞེས་པ་ནི། སྒོམ་པ་ཐམས་ཅད་བློ་ཡིན་གསུང་པས། གཉིས་མེད་ཀྱི་ཡེ་ཤེས་སྒོམ་མི་དགོས་པར་རང་ལ་རང་ཆས་སུ་ཡོད་པ་ངོ་ཤེས་པས་ཆོག །སྟོང་ཉིད་ལ་སོགས་པ་ཅི་ཡང་མི་སྒོམ་མོ། །འཇིག་རྟེན་གྱི་བྱ་བ་བོར་ནས་དབེན་པ་གཅིག་པུར་བསྡད་ན། སྒོམ་མི་དགོས་པར་གཉིས་མེད་ཀྱི་ཡེ་ཤེས་ཀྱི་དྲན་པ་བོར་དུ་མི་བཏུབ་པར་རང་ཤུགས་སུ་འཆར་རོ། །རྣམ་པར་རྟོག་པ་ལ་སྐྱོན་དུ་བལྟ་ཞིང་ཉམས་བྱས་ན། དེ་རང་ཡང་གཉིས་འཛིན་ཡིན། གསེར་ཞོ་གཅིག་གི་དངོས་པོ་ལ་བརྟེན་ནས། གཉིས་འཛིན་གྱི་རྣམ་རྟོག་རྒྱས་ནས་འགྲོའོ། །དེ་ནི་རྣམ་རྟོག་ཡོད་མེད་ལ་སྐྱོན་ཡོན་དུ་བསྒོམས་པ་ལས་བྱུང་བ་ཡིན་ནོ། །དེས་ན། བློས་བྱས་པའི་ཆོས་མི་སྒོམ་པར་ཐ་མལ་པར་བཞག །ཅེས་པ་ནི། མི་རྟོག་པ་འཆར་དུ་རེ་བ་ལ་སོགས་པ་རྣམ་རྟོག་སྣ་ཚོགས་སུ་འཆར་བའི་ཐ་མལ་གྱི་ཤེས་པ་འདི་ཉིད་དང་། གཉིས་མེད་ཀྱི་ཡེ་ཤེས་དོན་དམ་པ་སྟོང་ཉིད་སངས་རྒྱས་ཀྱི་ཐུགས་ཀྱི་དགོངས་པ་ཡིན་གྱི། ལོགས་ན་༼༦བ༽མི་རྟོག་པ་ལ་སོགས་པའི་ཡོན་ཏན་ཅི་ཡང་སྒོམ་དུ་མེད་གསུང་། དེས་ན། ཐ་མལ་པར་ཞོག །མ་བཅོས་པ་དེ་ཡིན། ཞེས་པ་ནི། གོང་གི་རང་སེམས་ལ་མ་བལྟ་ཞེས་པ་ལ་སོགས་པ་གསུམ་པོ་དེ་ཀ་རང་མ་བཅོས་པ་ཡིན། མདོར་ན། ཡོད་པ་དང་མེད་པ། སྟོང་པ་དང་མི་སྟོང་པ། རྟོག་པ་དང་མི་རྟོག་པ། བཟང་བ་དང་ངན་པ། ལེགས་པ་དང་མི་ལེགས་པ་ལ་སོགས་པའི་དགག་སྒྲུབ་དང་། བཅས་བཅོས་གང་ཡང་མི་བྱ་བར་ཅི་ལྟར་འཆར་འཆར་དུ་འཇོག་པའི་ཐ་མལ་པའི་ཤེས་པ་འདི་ཉིད་ཁོ་ན་མ་བཅོས་པ་ཡིན་གསུང་ངོ་། །ཕྱག་རྒྱ་ཆེན་པོ་སྐྱེ་མེད་ཀྱི་རྩ་བ། རྗེ་བཙུན་དྭགས་པོ་རིན་པོ་ཆེ་སྙི་སྒོམ་གྱི་ཞལ་གདམས་སོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གཏུམ་མོ་ཉམས་སུ་ལེན་པ་ལ་གསུམ་སྟེ། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་སོ། །དེ་ལ། དངོས་པོའི་གནས་ལུགས་དང་། ལམ་གཉིས་ལས། ལུས་དངོས་པོའི་གནས་ལུགས་ནི་རྒྱས་པར་བཤད་ན། ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །ཞེས་པ་སྟེ། དེ་ཡང་མའི་མངལ་སྟོང་པ་ནི། གནས་སྟོང་པ་ལ་བྱང་ཆུབ་པ། ཕ་མ་གཉིས་ཀྱི་ཐིག་ལེ་དཀར་དམར་ནི། གདན་ཉི་ཟླ་ལ་བྱང་ཆུབ་པ། ཨ་ཧཾ་དང་། ལུས་དངོས་པོའི་གནས་ལུགས་མ་ཤེས་ན། རྩའི་གནས་ལུགས་མི་ཤེས། དེ་མ་ཤེས་ན་སེམས་ཀྱི་གནས་ལུགས་མི་ཤེས། དེ་མ་ཤེས་ན་སྒོམ་པའི་གནད་མི་ཤེས་གསུང་། ཨཱ་ལིའི་རྣམ་པ་ཅན་གྱི་རླུང་ཞུགས་པ་ནི། གསུང་ཡིག་འབྲུ་ལ་བྱང་ཆུབ་པ། མངལ་གྱི་གནས་སྐབས་རྣམ་པ་བཞིའི་དུས་སུ་རང་ཕོ་ཡིན་ན་རྡོ་རྗེའི་མཚན་མ་དོད། མོ་ཡིན་ན་པདྨའི་རྣམ་པ་དོད་པ་ནི་ཐུགས་ཕྱག་མཚན་ལ་བྱང་ཆུབ་པ། དེ་ནས་ཟླ་བ་བཅུ་སྟེ་རིལ་པོ་དགུ་དང་ཞག་བཅུ་ན། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་ནས་སྐྱེ་བ་དེ་སྐུ་ཡོངས་སུ་༼༧ན༽རྫོགས་པ་ལ་བྱང་ཆུབ་པའོ། །ལུས་དེ་ལ་བརྟེན་པའི་རྩ་ནི། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་ཀྱང་། རྩ་གསུམ་འཁོར་ལོ་བཞིར་འདུས་ཏེ། དེ་ལ་རྩ་གསུམ་ནི་རོ་མ་དང་། རྐྱང་མ་དང་། ཀུན་འདར་མའོ། །འཁོར་ལོ་བཞི་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་མ་གསུམ་ཅུ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་མ་བཅུ་དྲུག །སྙིང་ཀ་ཆོས་ཀྱི་འཁོར་ལོ་རྩ་འདབ་མ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་མ་དྲུག་ཅུ་རྩ་བཞི། དེ་ཡང་གདུགས་དང་གདུགས་ཀྱི་ཡུ་བའི་ཚུལ་ལོ། །ཨ་ཝ་དྷཱུ་ཏི་ལུས་ཀྱི་དཀྱིལ་ན་ཐིག་བཏབ་པ་བཞིན་དུ་གནས་ཏེ། ཡར་སྣ་ཚངས་བུག །མར་སྣ་གཉེར་པོ་ཆེར་ཟུག་པའོ། །རོ་རྐྱང་གཉིས་ཡར་སྣ་བུག་གཉིས་ལ་ཟུག །མར་སྣ་ལྟེ་འོག་སོར་བཞི་ན་དབུ་མའི་སྣ་ཉ་མོ་ཁ་གདངས་པ་ལྟ་བུའི་ནང་དུ་རྩ་སྣ་གཉིས་པོ་ཚུད་པའོ། །རྩ་དེ་ལ་བརྟེན་པའི་རླུང་ནི། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གནས་ཀྱང་། རྩ་བའི་རླུང་ལྔ་དང་། ཡན་ལག་གི་རླུང་ལྔར་འདུས་པའོ། །དེ་ཡང་། རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །ཞེས་པ་སྟེ། དེ་རྣམས་ལ་བརྟེན་ནས་ལུས་གྲུབ་པ་ནི། དཔེར་ན་གྲུ་གཟིངས་སམ་ཁང་པ་དང་འདྲའོ། །སེམས་དངོས་པོའི་གནས་ཐབས་ནི། རིག་པ་དང་སྟོང་པ་དབྱེར་མེད་དུ་གནས་པ་སྟེ། དེ་ཡང་རྒྱུད་ལས། ལུས་ལ་ཡེ་ཤེས་ཆེན་པོས་གནས། །རྟོག་པ་ཐམས་ཅད་ཡང་དག་པ། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་སོ། །ཏཻ་ལོ་པའི་ཞལ་ནས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏཻ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །ཅེས་གསུངས་སོ།། །།ལམ་གྱི་རིམ་༼༧བ༽པ་ལ་གཉིས་ཏེ། སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ལམ་མོ། །གྲོལ་བྱེད་ཀྱི་ལམ་ལ་གཉིས། སྟེང་སྒོ་རྣམ་པར་གྲོལ་བའི་ལམ་དང་། འོག་སྒོ་བདེ་བ་ཆེན་པོའི་ལམ་སྟེ། འདི་སྟེང་འོག་གོ །དེ་ཡང་ཉམས་སུ་ལེན་པའི་དུས་སུ། ཇོ་བོ་ནཱ་རོ་པའི་བཞེད་པས། གནད་རྣམ་པ་གསུམ་ལ་བརྟེན་ནས་བསྒོམ་ན། ཉོན་མོངས་པ་ངང་གིས་འདག །ཡེ་ཤེས་ཤུགས་ཀྱིས་འཆར། ལྟ་བ་རང་ཤུགས་ཀྱིས་རྟོགས་གསུང་། དེས་ན་འདི་ལ་གནད་རྣམ་པ་གསུམ་སྟེ། ལུས་ཀྱི་གནད་དང་། ཡུལ་གྱི་གནད་དང་། དུས་ཀྱི་གནད་དོ། །ལུས་གནད་ལ་ལུས་གནད་དངོས་དང་། དེ་ལ་བརྟེན་པ་རླུང་གི་སྦྱོར་བའོ། །ལུས་གནད་དངོས་ལ་དྲུག་སྟེ། རིན་ཆེན་རྩར་ལ་བརྒྱུས་པ་ལྟར། །ཤིན་ཏུ་དྲང་ལ་སྒུག་པར་བྱ། །རྒྱ་མདུད་ལྟ་བུའི་ཚུལ་དུ་གནས། །འཕེལ་ཀ་ཤིན་ཏུ་བསྐྱེད་པར་བྱ། །མཉམ་བཞག་རྒྱ་ཡིས་བཙིར་བར་བྱ། །རེའུ་མིག་ལྟར་བསྣོལ་བར་བྱ། །ཞེས་གསུངས་སོ། །དེ་ཡང་རྡོ་རྗེ་གུར་ལས། ལུས་སེམས་སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་གི་གདམས་ངག་གནས། །ཐབས་དང་བཅས་ན་འབར་བར་འགྱུར། །ཞེས་གསུངས་སོ། །དེ་ལ་བརྟེན་པ་རླུང་གི་སྦྱོང་བ་ནི། ལུས་གནད་དྲུག་པོ་ལེགས་བཅས་ལ། །རྔུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕང་དང་རྣམ་བཞིའོ། །ཞེས་པ་སྟེ། རྔུབ་པ་ནི། འཇམ་ལ་རིང་བར་རྔུབས་ལ་མནན་ནོ། །དགང་བ་ནི། ཡར་སྣ་གཉིས་སྣ་བུག་གཉིས་ལ་ཟུག་པའི་ནང་དུ་སོང་ནས། རྩ་གཉིས་པོར་ལྟར་ར་སོང་བའོ། །མར་སྣ་གཉིས་དྷཱུ་ཏིའི་ནང་དུ་ཚུད་པས་བདེ་ཕྲི་ལི་ལི་སོང་བའོ། །གཞིལ་བ་ནི། ལུས་ཐམས་ཅད་ལ་ཁྱབ་པར་བཀྲམ་པས། རྩ་ཐམས་ཅད་ཁེངས་པའོ། །མདའ་ལྟར་འཕང་བ་ནི། མི་ཐུབ་ནས་གཏོང་བའི་དུས་སུ་སུམ་ཆ་ཙམ་བཏང་ཞིང་། ༼༨ན༽དམིགས་པས་དབུ་མའི་ནང་ན་ཡར་རྒྱངས་ཀྱིས་སོང་བར་བསྒོམ། ཡུལ་གྱི་གནད་ལ་རྣམ་གཉིས་ཏེ། །ཕྱི་ནང་གཉིས་སུ་ཤེས་པར་བྱ། །ཕྱི་ནི་དཀར་དམར་རྣམ་པ་ཅན། །ནང་དུ་འཁོར་ལོ་རྣམ་པ་བཞི། །དེ་ལས་ཐབས་ལམ་བགྲང་མི་ལང་། །ཞེས་གསུངས་པ་སྟེ། དམིགས་པ་ནི། ལྟེ་བའི་ཨ་ལས་མེ་བྱུང་བས་འཁོར་ལོ་བཞི་རིམ་གྱིས་བསྲེགས་ཏེ། སྤྱི་བོའི་ཧཾ་ལ་མེ་རེག་པས། ཧཾ་ལས་བྱང་སེམས་བབས་པས་ལྟེ་བའི་མེ་གསོས་པར་བསྒོམ། ཡང་ན་ལྟེ་འོག་སོར་བཞི་ན་ཡེ་ཤེས་ཀྱི་མེ་མོ་ཁབ་ཙམ་གཅིག་ལ་གཏད། ཡང་ན་ཕྱག་རྒྱ་ཆེན་པོ་ལ་གཏད། དེ་ཡང་སེམས་མ་ཡེངས་པར་བྱེད་པས་ན་ཡུལ་གྱི་གནད་དེ། ཤེས་པ་ཡུལ་ལ་མ་འཕྲོས་པའོ། །དུས་ཀྱི་གནད་ནི། དེ་ནས་དུས་ཀྱི་གནད་བསྟན་པ། །གཡས་གཡོན་འཕོ་དུས་ཟེར་བ་ཡོད། །གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་མལ་དུས་དང་རྣམ་པ་བཞི། །དེ་ལ་དུས་བཞིའི་ལག་ལེན་ནི། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་གསུངས་པ་སྟེ། གཉིད་ཀྱི་དུས་སུ་སྙིང་ག་ཆོས་ཀྱི་འཁོར་ལོར་སེམས་ཀྱི་ངོ་བོ་གནས་པས་སྙིང་ཀ་ན་གནད་ཡིན། དེ་བཞིན་དུ། རྨི་ལམ་གྱི་དུས་སུ་མགྲིན་པ། སྙོམས་འཇུག་གི་དུས་སུ་སྤྱི་བོ། །ཐ་མལ་རྣམ་རྟོག་མི་དྲན་དགུ་དྲན་གྱི་དུས་དང་། གཏུམ་མོ་སྒོམ་པའི་དུས་སུ་ལྟེ་བ་གནད་ཡིན་གསུང་། དེ་ལྟར་གནད་བཞི་ལ་བརྟེན་ནས། བརྩོན་འགྲུས་ཀྱིས་ཡུན་རིང་བར་བསྒོམས་པས། དང་པོ་སྡུག་བསྔལ་གྱི་དུས། དེ་ནས་བདེ་བའི་དུས། དེ་ནས་ཡོན་ཏན་གྱི་དུས་སུ་འབྲས་བུ་སྐྱེ་བའི་རིམ་པ་སྟེ། དང་པོ་དྲོད་འབྱུང་། དེ་ནས་བདེ་བ། དེ་ནས་གསལ་བ། དེ་ནས་མི་རྟོག་པ་འབྱུང་སྟེ། དེ་དུས་ནང་དུ་རྟགས་རྣམ་པ་ལྔ་འབྱུང་ལ། ཕྱི་རུ་ཕན་ཡོན་བརྒྱད་འབྱུང་སྟེ། དེ་ཡང་༼༨བ༽རླུང་དྷཱུ་ཏིར་ཚུད་པས་ས་རླུང་ཟིན་པའི་དུས་སུ་དུ་བ་ལྟ་བུ་འབྱུང་། ཆུ་རླུང་ཟིན་པའི་དུས་སུ་སྨིག་རྒྱུ་ལྟ་བུ་འབྱུང་། མེ་རླུང་ཟིན་པའི་དུས་སུ་སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང་སྟེ། ཡེ་ཤེས་ཅུང་ཟད་ལ་དབང་བ་ཡིན། རླུང་སེམས་སུ་ཚུད་པས་རླུང་གི་རླུང་ཟིན་པའི་དུས་སུ་མར་མེ་ལྟ་བུ་འབྱུང་སྟེ། ཡེ་ཤེས་ལ་དབང་བ་ཡིན། རླུང་འོད་གསལ་ལ་ཚུད་པས། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་འབྱུང་སྟེ། ཡང་དག་པའི་སེམས་ལ་དབང་བ་ཡིན་གསུང་། ཕྱིའི་ཕན་ཡོན་ནི། ས་དབང་དུ་འདུས་ན། སའི་ཡོན་ཏན་ལུས་སྲ་བ་དང་། མཁྲེགས་པ་དང་། ཟུངས་ཐུད་པ་འབྱུང་། ཆུའི་ཡོན་ཏན་བསྣུམ་པ་དང་། མེའི་ཡོན་ཏན་དྲོད་ཆེ་བ་དང་། མདངས་དང་། ཤ་བཀྲག་བཟང་བ་དང་། ཅི་ཟོས་ཀྱང་འཇུ་བ་འབྱུང་། རླུང་གི་ཡོན་ཏན་ལུས་ཡང་བ་དང་། མགྱོགས་པ་དང་། རྦབ་ལ་སོང་ཡང་མི་གནོད་པ་འབྱུང་། ནམ་མཁའི་ཡོན་ཏན་ནི། ཐམས་ཅད་ནམ་མཁའ་ལྟ་བུ་ཉིན་མཚན་མེད་པ་དང་། ཆོས་ཉིད་མཐོང་བ་དང་། ཉི་མའི་ཡོན་ཏན་རང་ལུས་གཞན་གྱིས་མི་མཐོང་བ་འབྱུང་། ཟླ་བའི་ཡོན་ཏན་དཀར་བ་དང་། ལུས་ལ་དྲི་མ་མི་འབྱུང་བ་དང་། ཐམས་ཅད་ཀུན་ཏུ་སོང་བའི་ཕན་ཡོན་ནི། ལུས་ས་ཆུ་ཅི་ལ་ཡང་ཐོགས་པ་མེད་པ་དང་། སེམས་བདེ་བ་ཆེན་པོ་སྤྲོས་བྲལ་དུ་འཆར་བ་ཡིན་ཏེ། ཐུན་མོང་གི་རིམ་པའོ། །མཆོག་ནི། རང་དོན་ཆོས་སྐུ་སྤྲོས་བྲལ། གཞན་དོན་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་གཉིས་གཞན་སྣང་ལ་འབྱུང་བའོ། །འབྲས་བུ་སྐྱེ་བ་མེད་པའི་རིམ་པ་ནི། ཡང་ན་བདེ་བ་ལས་སྤྲུལ་སྐུ། གསལ་བ་ལས་ལོངས་སྐུ། མི་རྟོག་པ་ལས་ཆོས་སྐུ། གཉུག་མ་ལས་ངོ་བོ་ཉིད་སྐུ་འབྱུང་ངོ་། །གཏུམ་མོ་སྒོམ་པའི་དམ་ཚིག་ནི། ཀློག་མི་འདོན། ཀུ་ས་མི་འདེབས། གན་རྐྱལ་དུ་མི་ཉལ། ༼༩ན༽གད་རྒོད་དྲག་པོ་མི་བྱ། ཉམས་མྱོང་མི་ལ་མི་བཤད། དུང་མི་འབུད་པ་དང་དྲུག་གོ། །།ན་མོ་གུ་རུ། བླ་མ་རིན་པོ་ཆེས། འབྱུང་བ་བཞི་སྡུད་ཀྱི་གདམས་ངག་ལ། གཟུགས་སྒྲ་ལ་ཐིམ། མིག་གིས་གཟུགས་མི་མཐོང་། སྒྲ་དྲི་ལ་ཐིམ། རྣ་བས་སྒྲ་མི་ཐོས། དྲི་རོ་ལ་ཐིམ། སྣས་དྲི་མི་ཚོར། རོ་རེག་བྱ་ལ་ཐིམ། ལྕེས་རོ་མི་མྱོང་། ལུས་ཀྱིས་རེག་བྱ་མི་ཚོར། ས་ཆུ་ལ་ཐིམ་པའི་དུས་སུ། ལུས་ཀྱི་ཟུང་མི་ཐུབ། བརྒྱལ་ཏེ་འགྲོ །ཆུ་མེ་ལ་ཐིམ་པའི་དུས་སུ། ཁ་སྣ་སྐམ་ཧར་གྱིས་འགྲོ །མེ་རླུང་ལ་ཐིམ་པའི་དུས་སུ། ཡན་ལག་གི་རྩ་མཐའ་ནས་སྡུད། རྐང་མཐིལ་ནས་དྲོད་འཆོར། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ། ཕྱི་དབུགས་ཆད། དེ་དུས་སུ་ནང་རྟགས་དུ་བ་ལྟ་བུ་འབྱུང་། ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ་འབྱུང་། སྣང་བ་མཆེད་པའི་དུས་སུ། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང་། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ་འབྱུང་། སྣང་བ་ཐོབ་པའི་དུས་སུ། ནང་རྟགས་མར་མེ་ལྟ་བུ་འབྱུང་། ཕྱི་རྟགས་མུན་པ་ལྟ་བུ་འབྱུང་། ཐོབ་པ་འོད་གསལ་གྱི་དུས་ན། ནང་རྟགས་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་འབྱུང་། ཕྱི་རྟགས་ཐོ་རངས་ཀྱི་སྐྱ་རེངས་ཤར་བ་ལྟ་བུ་འབྱུང་བའོ། །དེ་དུས་ས་དང་པོའི་བདེན་པ་མཐོང་བ་དང་ངོ་བོ་མཉམ། དེ་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ཞེས་བྱའོ། །དེ་ལ་གནས་མ་ནུས་ན། གཉིས་པ་སྒྱུ་ལུས་ངོས་བཟུང་བ་ནི། མ་དག་པའི་སྒྱུ་ལུས་དང་། ཟུང་འཇུག་གི་སྐུའོ། །དེ་ལ་ལོངས་སྤྱོད་རྫོགས་པའི་སྐུར་འཆར། ཟུང་འཇུག་ལྷའི་སྐུ་དེ་ངོས་བཟུང་ནས། འོད་གསལ་འབའ་ཞིག་ཏུ་བསྒོམས་པས། འོད་གསལ་གྱི་མེས་བག་ཆགས་ཀྱི་ས་བོན་ཐམས་ཅད་སྦྱངས་ནས་སངས་རྒྱས་ཀྱང་སྲིད་དེ། དེ་མ་ནུས་ན། གསུམ་པ་མངལ་སྒོ་༼༩བ༽དགག་པ་ནི། དྲན་འདུན་གྱིས་ཕ་མ་ཡབ་ཡུམ་གྱི་སྦྱོར་བ། སྒྱུ་མ་འོད་གསལ་གྱི་འདུན་པས་བདུན་ཕྲག་དང་པོའི་སྐྱེ་བ་ཁེགས་ཏེ། གཉིས་པ་ན་ཕར་ཚེགས་མེད་དེ་སློབ་པའི་ཟུང་འཇུག་ལ་བརྟེན་ནས་འོད་གསལ་བསྒོམས་པས། གོམས་པ་མཐར་ཕྱིན་ཙ་ན་མི་སློབ་པའི་ཟུང་འཇུག་ཅེས་བྱ་སྟེ། དེ་ནི་ཆོས་སྐུ་ཐོབ་པའོ། །རྗེ་དྭགས་པོ་རིན་པོ་ཆེའི་བར་དོའི་གདམས་ངག་མ་བསླད་པ། སློབ་དཔོན་དྭགས་པོ་སྒོམ་ཆུང་གིས་སློབ་དཔོན་སྟོད་ལུང་པ་ལ་གདམས་པའོ།། །།
