| / Mahamudra / Gampopa |
Gampopa's collected works (8)
༼༡ན༽རྗེ་དྭགས་པོ་རིན་པོ་ཆེའི་ཚོགས་ཆོས་ཆེན་པོ་བཞུགས། །
༼༡བ༽༄༅། །ན་མོ་རཏྣ་གུ་རུ། ཆོས་འདིའི་བརྒྱུད་པ་ནི། རྗེ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། བཀའ་བཞིའི་བརྒྱུད་པ་རྣམས་དང་། རྗེ་བཙུན་ཏཻ་ལོ་པ། ནཱ་རོ་མཻ་ཏྲི་ཐར་ལམ་དང་། རྗེ་མར་པ་དང་། རྗེ་བཙུན་མི་ལ་རས་པས་བྱིན་གྱིས་བརླབས་པ། དྭགས་པོ་ཟླ་འོད་གཞོན་ནུ་ཞེས་བྱ་བ་མཆོག་གི་དངོས་གྲུབ་ཐོབ་པ་དེས། ས་སྟེང་ཀུན་ཏུ་གྲུབ་ཐོབ་ཀྱི་ས་བོན་ཐེབས་པ་ཡང་ཆོས་འདི་འབའ་ཞིག་གིས་མཛད་པ་ཡིན། དེ་ལ་རྗེ་དུས་གསུམ་མཁྱེན་པས་ཞུས། དེ་ལ་འགྲོ་མགོན་རས་པ་ཆེན་པོ་དང་། སློབ་དཔོན་རིན་པོ་ཆེ་སྤོམ་བྲག་པ་དང་། རིན་པོ་ཆེ་ཀརྨ་པ་ཡན་ཆད་དབང་གི་ཆུ་བོ་མ་ནུབ་ཅིང་། སྨིན་གྲོལ་གྱི་རྒྱལ་མཚན་མ་འགྱེལ་བ། བྱིན་རླབས་ཀྱི་ཟར་ཁ་མ་ལོག་ཅིང་། བྱང་ཆུབ་ཀྱི་མྱུ་གུ་མ་སྐམ་པས། འགྲོ་དོན་ཕྱོགས་མེད་དུ་མཛད་ཅིང་བཀའ་བརྒྱུད་ཀྱི་རྒྱལ་ས་ཟིན་པ་ཡིན་གསུང་། བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་ལ་བཅོམ་ལྡན་འདས་ཀྱིས་འགྲོ་བའི་དོན་དུ་དབང་བསྐུར་ཞིང་། ལུང་བསྟན་པ་ནི་ཁ་བ་ཅན་དུ་༼༢ན༽སྐུ་འཁྲུངས་ཤིང་། བླ་མ་ཆེན་པོ་ནཱ་རོ་པ་དང་། དཔལ་ཨ་ཏི་ཤ་གཉིས་ཀྱི་གདམས་པ་ཕྱིན་ཅི་མ་ལོག་པ་ངེས་པར་ཐུགས་སུ་ཆུད་པའི་དགེ་བའི་བཤེས་གཉེན་ཆེན་པོ་རཏྣ་གུ་རུ་པུཎྱ་རཏྣ་ཞེས་བྱ་བས་ཆོས་དུ་མ་ཁྲིགས་སུ་གསུངས་པ་རྣམས། དཔལ་ཤེས་རབ་གཞོན་ནུས་ཡི་གེར་བཀོད་པ་ལགས། བླ་མ་རྗེ་སྒམ་པོ་པའི་ཞལ་ནས། སྤྱིར་ཆོས་བྱེད་པ་ལ་གཞི་དད་པ། ལམ་བརྩོན་འགྲུས། གྲོགས་ཤེས་རབ་ཡིན་པས། དད་པ་དང་ཤེས་རབ་བརྩོན་འགྲུས་དང་ལྡན་དགོས་པས། དེ་ཡང་རིན་ཆེན་འཕྲེང་བ་ལས། དད་ཅན་ཡིན་ཕྱིར་ཆོས་ལ་བརྩོན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །དེ་གཉིས་གཙོ་བོ་ཤེས་རབ་ཏེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་གསུངས་པ་དང་། ཡང་ཆོས་བཅུ་པའི་མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །དེ་ཡང་དངོས་གཞི་དད་པ་ལ་ཆོས་བདུན། དད་པ་སྐྱེ་བའི་རྒྱུ། དད་པ་སྐྱེས་པའི་ཚད། དད་༼༢བ༽པའི་དབྱེ་བ། དད་པའི་ངོ་བོ། དད་པ་དང་མཐུན་པའི་དཔེ། དད་པའི་བྱེད་ལས། དད་པ་བརྟན་པའི་ཚད་དང་བདུན། དེ་ལ་དང་པོ་དད་པ་སྐྱེ་བའི་རྒྱུ་བཞི། མདོ་སྡེ་ལ་བལྟས་ན་དད་པ་སྐྱེ། དེ་ཡང་དང་པོ་མཆོད་པ་བྱ། གསོལ་བ་གདབ། དེ་ནས་ལྟ་གསུང་། གྲོགས་དད་པ་ཅན་དང་འགྲོགས་ན་དད་པ་སྐྱེ་བས། དེ་ཡང་རམས་དང་འགྲོགས་ན་སྔོ། བཙག་དང་འགྲོགས་ན་དམར་བས། གྲོགས་དད་པ་ཅན་གལ་ཆེ། ཡང་དག་པའི་དགེ་བའི་བཤེས་གཉེན་བསྟེན་ན་དད་པ་སྐྱེ། དེ་ཡང་ཡང་དག་པའི་དགེ་བའི་བཤེས་གཉེན་ནི། ཆོས་གང་དང་ཡང་མ་འགལ་བར་ཉམས་སུ་ལེན་ཤེས་པ་སྟེ། དེ་ལྟ་བུ་ཞིག་དང་འགྲོགས་ན་དད་པ་སྐྱེ། འཆི་བ་མི་རྟག་པ་བསྒོམ་ན་དད་པ་སྐྱེ། དེ་ཡང་ནམ་འཆི་ཆ་མེད། ཚེ་ལ་ལོང་མེད། མྱུར་དུ་འཆི། མྱུར་དུ་མི་རྟག་པར་གོ །ངེས་པར་ཡིད་ཆེས་པས་དད་པ་སྐྱེ་གསུང་། གཉིས་པ་དད་པ་སྐྱེས་པའི་ཚད་ནི། འཆི་བ་མི་རྟག་པ་གོ་བས་འཇིག་རྟེན་འདིའི་མངོན་ཞེན་ལ་བློ་ལྡོག །ལས་རྒྱུ་འབྲས་ལ་ངེས་པར་ཡིད་ཆེས་པས། དགེ་སྡིག་ལ་འཛེམ་པ་དང་། བསགས་སྦྱང་ལ་བརྩོན། བྱ་རྒྱུ་ཆོས་ལས་མེད། བསམ་རྒྱུ་ཆོས་ལས་མེད་པ་ཞིག་འོང་གསུང་། གསུམ་པ་དད་པའི་དབྱེ་བ་ལ་གསུམ། དང་བའི་དད་པ་དང་། ཡིད་ཆེས་པའི་དད་པ་དང་། འདོད་པའི་དད་པའོ། །དང་པོ་དང་བའི་དད་པ་ནི། བླ་མ་ཡང་དག་པ་དགེ་བའི་བཤེས་གཉེན་གྱི་ཞལ་མཐོང་བ་དང་། གསུང་ཐོས་པ་དང་། རྟེན་ཁྱད་པར་ཅན་གྱི་དྲུང་དུ་ཕྱིན་པའི་དུས་སུ་བ་སྤུ་ལྡང་བ་དང་། མཆི་མ་འཁྲུག་པ་ཙམ་དུ་དད་པ་འོང་། གཉིས་པ་ཡིད་ཆེས་པའི་དད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་རྒྱས་བསྡུས་གང་ལ་ཡང་ཐེ་ཚོམ་མི་ཟ་བར་ཉམས་སུ་ལེན་པའོ། །གསུམ་པ་འདོད་པའི་དད་པ་ནི་ཉམས་སུ་བླངས་པའི་༼༣ན༽ཆོས་ཆེ་ཆུང་གང་ལ་ཡང་། དེའི་འབྲས་བུ་དེས་སྒྲིབ་པ་མྱུར་དུ་བྱང་བར་འདོད་པ་དང་། མཐོ་རིས་དང་ཐར་པའི་བདེ་བ་དང་། ཡོན་ཏན་ངེས་པར་ཐོབ་པར་འདོད་པའོ། །བཞི་པ་དད་པའི་ངོ་བོ་ནི་དད་པ་དང་། མ་དད་པ་མ་འདྲེས་པ། དད་པ་ཁ་ཞུ་འོག་འཁྱགས་སུ་མ་སོང་བ་དང་། དད་པ་ཕྱེ་ཁ་ཐལ་ཞབས་སུ་མ་སོང་བ་ཞིག་དགོས་ཏེ། དཀར་པོའི་ཆོས་འབའ་ཞིག་བྱེད་པའོ། །ལྔ་པ་དད་པ་མཐུན་པའི་དཔེ་ནི། ནོར་བུ་ཆུ་དྭངས་དང་འདྲ་སྟེ། ནོར་བུ་ཆུ་དྭངས། ཆུ་རྙོག་མ་ཅན་གྱི་ནང་དུ་བཅུག་པས་དྭངས་པར་བྱེད་པ་ལྟར། དད་པས་རྒྱུད་དྭངས་སྙིགས་འབྱེད་པ་ཡིན། དྲུག་པ་དད་པའི་བྱེད་ལས་ནི། ལས་མི་དགེ་བ་རྣམས་ཟླ་བ་མར་གྱི་ངོ་བཞིན་དུ་འགྲིབ་པར་བྱེད། དགེ་བ་རྣམས་ཟླ་བ་ཡར་གྱི་ངོ་བཞིན་འཕེལ་བར་བྱེད་པའོ། །བདུན་པ་དད་པ་བརྟན་པའི་ཚད་ནི། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པས་ཡང་དག་ཆོས་མི་འདའ། །དེ་ལ་དད་པ་ཅན་ཞེས་བྱ། །ཞེས་གསུངས་པས་སོ། །འདུན་པས་ཆོས་ལས་མི་འདའ། ཞེ་སྡང་གིས་ཆོས་ལས་མི་འདའ། འཇིགས་པས་ཆོས་ལས་མི་འདའ། རྨོངས་པས་ཆོས་ལས་མི་འདའ་བ་ཞིག་ནི་དགོས་ཏེ། ཆོས་དེ་རྣམས་དང་ལྡན་ན་དད་པ་ཡིན་གསུང་། བླ་མ་རིན་པོ་ཆེའི་ཞལ་ནས། རྒྱ་གར་ན་དགེ་ཚུལ་ཅིག་གིས། སློབ་དཔོན་ཌོཾ་བྷི་བ་ལ་མཎྜལ་ཕུལ་ཞིང་གསོལ་བ་བཏབ་པས། སློབ་དཔོན་གྱིས་ཁྱོད་ཅི་འདོད་གསུངས་སྐད། ང་གདམས་ངག་ཞུ་བ་ཡིན་བྱས་པས། སློབ་དཔོན་གྱིས་ཁྱོད་ང་དང་འབྲེལ་བ་མེད་པས་སོང་ལ་ངའི་སློབ་མ་ཨ་ཏི་ཤ་ལ་གདམས་པ་ཞུས་ཤིག་དང་། ཁྱོད་དང་དེ་ལས་འབྲེལ་ཡོད་པར་འདུག་གསུང་། དགེ་ཚུལ་དེས་ཇོ་བོ་རྗེ་ལ་གསོལ་བ་བཏབ་པས། ཇོ་བོས་ཁྱོད་ཅི་འདོད་གསུང་། སློབ་དཔོན་ཌོཾ་བྷི་༼༣བ༽བས་ང་ལུང་བསྟན་པ་ཡིན། གདམས་པ་ཞུ་བྱས་པས་ཇོ་བོས་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ཅིག་བསྟན་ནས་ཁོས་ཉམས་སུ་བླངས་པས་མཐོང་བའི་མཚན་མ་དང་། རེག་པའི་མཚན་མ་དང་། སྒྲའི་མཚན་མ་བྱུང་ནས། སྤྱན་རས་གཟིགས་ལ་ཆོས་ཅི་ཞུ་ཞུར་ཡོད་པ་ལ། ཇོ་བོས་འདྲིར་བཅུག་པ་ལ། ཆོས་ཐམས་ཅད་ཀྱི་རྩ་བ་གང་ཡིན། གེགས་གང་གིས་བྱེད། ནན་ཏན་གང་ལ་བྱ། ལྟ་བ་རྣམས་ཀྱི་ནང་ནས་གང་གལ་ཆེ། རྣམ་པར་ཤེས་པ་ཚོགས་དུ་ཡོད། ཚོགས་གང་གིས་རྫོགས་ཞེས་འདྲིར་བཅུག་པ་ལ། སྤྱན་རས་གཟིགས་ཀྱི་ཞལ་ནས། ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ཡིན། གེགས་རྣམ་པར་སྨིན་པ་ཕྲ་བའི་ཕྲ་བས་ཀྱང་བྱེད། ནན་ཏན་ལས་རྒྱུ་འབྲས་ལ་བྱ། ལྟ་བ་རྣམས་ཀྱི་ནང་ནས་ཡང་དག་པའི་ལྟ་བ་གལ་ཆེ། རྣམ་པར་ཤེས་པ་ལ་ཚོགས་དྲུག་ཏུ་ཡང་གསུངས་བརྒྱད་དུ་ཡང་གསུངས་ཏེ། བསྡུ་ན་རྣམ་པར་ཤེས་པའི་ཚོགས་གཅིག་ལ་བྱ། དཔེར་ན་སྤྲེའུ་མཁར་སྣང་དུ་བཅུག་པ་ལྟ་བུ་ཡིན། ཚོགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྫོགས་སོ་གསུང་ངོ་། །བླ་མ་རིན་པོ་ཆེའི་ཞལ་ནས། དཀར་པོའི་ཆོས་སྤྱོད་ཐོས་བསམ་ཉན་བཤད་སྲུང་སྡོམ་བསགས་སྦྱང་སྒོམ་སྒྲུབ་ལ་སོགས་ཅི་བྱེད་ཀྱང་ཆོས་ལས་སུ་མ་སོང་བར། ཆོས་ཆོས་སུ་འགྲོ་བ་ཞིག་དགོས་གསུང་། འོ་ན་ལས་གང་ཡིན་ཞེ་ན། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་གསུངས་པས། དངོས་སུ་བསྐྱེད་ན་ལྷ་མིའི་བདེ་བ་ལ་སོགས་པ་ཡིན་ཏེ། དཀར་པོའི་དགེ་བ་ཡང་ཚེ་འདིའི་འདོད་པ་དང་། ཉམས་པ་དང་། ཆོས་བརྒྱད་ཀྱིས་ཀུན་ནས་བསླངས་པའི་ཆོས་སྤྱོད་ཅི་བྱས་ཀྱང་ལས་སུ་སོང་བ་ཡིན་པས། དེ་ལྟར་མ་སོང་བར་བྱེད་པ་ལ། རིན་པོ་ཆེའི་ཞལ་ནས་ཆོས་བཞི་ཡིན་༼༤ན༽གསུང་། དེ་ལ་ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བའོ། །དེ་ཡང་ཆོས་ཆོས་སུ་འགྲོ་བ་ལ་གཉིས། འཇིག་རྟེན་པའི་ཆོས་སུ་འགྲོ་བ་དང་། མྱ་ངན་ལས་འདས་པའི་ཆོས་སུ་འགྲོ་བའོ། །དེ་ལ་འཇིག་རྟེན་པའི་ཆོས་སུ་འགྲོ་བ་ནི། དེ་ཡང་འཆི་བ་མི་རྟག་པ་གོ་བ། ལས་འབྲས་གོ་ནས་ཡིད་ཆེས་པས། སྐྱེ་བ་ཕྱི་མ་ངན་སོང་གི་སྡུག་བསྔལ་ལ་འཇིགས་སྐྲག་ནས། དཀར་པོའི་དགེ་བ་ཅི་བྱེད་པ་ཐམས་ཅད་འཇིག་རྟེན་ཕྱི་མ་ངན་སོང་གི་སྒོ་ཁེགས་པར་འདོད། མཐོ་རིས་ལྷ་ལུས་མི་ལུས་རྣམ་པར་དག་པ་དང་། ལྷ་ཡི་བདེ་བ་དང་། མིའི་བདེ་བ་དང་། ལྷའི་ལོངས་སྤྱོད་ངེས་པར་ཐོབ་པར་འདོད་པའི་ཆེད་དུ་བྱེད་པ་ཐམས་ཅད་རང་ཉིད་གཅིག་པོ་ཞི་བདེ་འཇིག་རྟེན་པའི་ཆོས་སུ་འགྲོ་བ་ཡིན། མྱ་ངན་ལས་འདས་པའི་ཆོས་སུ་འགྲོ་བ་བྱ་བ་ནི། འཁོར་བ་མཐའ་དག་གིས་ཉེས་དམིགས་གོ་ནས། ལྷ་ལུས་མི་ལུས་ལྷ་དང་མིའི་ལོངས་སྤྱོད་གང་ལ་ཡང་མ་ཞེན་མ་ཆགས་ནས་སྐྱུག་ལོག །ཡི་མུག་འབྱུང་། འཁོར་བ་མེ་དོང་ལྟ་བུར་གོ །བརྩོན་ར་བརྩོན་དོང་། མུན་པ་མུན་རུམ། མི་གཙང་བའི་འདམ་རྫབ་ལྟ་བུར་གོ །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་གོ །ངེས་པར་ཡིད་ཆེས་པས་འཁོར་བའི་བདེ་བ་དང་། ཡོན་ཏན་གང་ལ་ཡང་མ་ཆགས་མ་ཞེན་པས་བདག་འཁོར་བ་ལས་མྱུར་དུ་ཐར་བར་འདོད། གྲོལ་བར་འདོད་ནས་ཆོས་ཀྱི་བྱེད་པ་ཐམས་ཅད་རང་ཉིད་གཅིག་པུ་ཞི་བདེ་མྱ་ངན་ལས་འདས་པའི་ཉན་ཐོས་ཀྱི་བྱང་ཆུབ་དང་ཐེག་པ་དམན་པའི་ཉེས་དམིགས་གོ་བས། དཀར་པོའི་བསགས་སྦྱང་བྱེད་པ་མྱ་ངན་ལས་འདས་པའི་ཆོས་སུ་འགྲོ་བ་ཡིན། དེ་ལྟར་ཆོས་ཆོས་སུ་འགྲོ་བ་ཡིན་གསུང་། ཆོས་ལམ་དུ་འགྲོ་བ་ལ་༼༤བ༽གཉིས། ལམ་གྱི་གཞིར་འགྲོ་བ་དང་། ལམ་དངོས་སུ་འགྲོ་བའོ། །ལམ་གྱི་གཞིར་འགྲོ་བ་ནི་ཐེག་པ་དམན་པའི་ཉེས་དམིགས་གོ་བས། དཀར་པོའི་བསགས་སྦྱང་གི་རིམ་པ་ཆེ་འབྲིང་ཅི་བྱེད་པ་ཐམས་ཅད་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ནས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་བྱ་བའི་ཕྱིར། བདག་སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཐམས་ཅད་མཁྱེན་པའི་སངས་རྒྱས་ངེས་པར་ཐོབ་པར་འདོད་པའི་ཆེད་དུ་བྱེད་པ་ནི་ལམ་གྱི་གཞི་ཡིན། ལམ་དངོས་སུ་འགྲོ་བ་ནི། ཀུན་རྫོབ་ཏུ་རྨི་ལམ་སྒྱུ་མ་ལྟ་བུ་རྗེས་སུ་དྲན། ཆོས་སྤྱོད་ཆེ་འབྲིང་ཅི་བྱེད་པ་ཐམས་ཅད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྨི་ལམ་སྒྱུ་མ་ལྟ་བུ། ཐབས་ཤེས་རབ་ཡ་མ་བྲལ་བར་ཉམས་སུ་ལེན་པ་ཡིན་ཏེ། དེ་ལྟར་གཉིས་ཀྱིས་ཆོས་ལམ་དུ་འགྲོའོ། །ལམ་འཁྲུལ་པ་སེལ་བ་ལ་གཉིས། ཡོད་མེད་དང་རྟག་ཆད་དུ་འཛིན་པ་དེ་འཁྲུལ་པ་ཡིན། དེ་རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་བླངས་པས་སེལ། ཐེག་པ་དམན་པས་རང་དོན་དུ་བྱས་པ་དེ་འཁྲུལ་པ་ཡིན། དེ་ལ་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་སེལ་ཏེ། དེ་ལམ་གྱི་འཁྲུལ་པ་སེལ་བ་ཡིན་ནོ། །འཁྲུལ་པ་ཡེ་ཤེས་སུ་འཆར་བ་ལ་གཉིས། མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ལུགས་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་སོ། །ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ནི། འཁྲུལ་པ་སེལ་མཁན་གྱི་ཤེས་པ་དེ་ཀུན་རྫོབ་སྒྱུ་མ་རྨི་ལམ་ལྟ་བུའི་ཚུལ་གྱིས་གཟུང་འཛིན་ཐམས་ཅད་གདོད་མ་ནས་ཐ་མི་དད་ཅིང་། གཉིས་སུ་མེད་པ་རང་བཞིན་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ། མི་སྣང་བ། སྣང་བ་མེད་པ། གཟུང་འཛིན་ཉེ་བར་ཞི་བ་༼༥ན༽སྤྲོས་པའི་མཐའ་དང་བྲལ་བར་རྟོགས་ཙ་ན། འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཡིན་ནོ། །གསང་སྔགས་ཀྱི་ལུགས་ཀྱིས་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ནི། འཁྲུལ་པ་དང་མ་འཁྲུལ་པ་ཐམས་ཅད་རང་གི་སེམས་གཉིས་སུ་མེད་ཅིང་། ཐ་མི་དད་པས་སེམས་ཀྱི་རང་བཞིན། སེམས་ཀྱི་ངོ་བོ། སེམས་ཀྱི་ཆོ་འཕྲུལ་ཡིན། འཁྲུལ་མཁན་རང་ལ་གསལ་ལ་རྟོག་པ་མེད་པ། གསལ་སྟོང་ངོས་བཟུང་མེད་པ། གསལ་སྟོང་རྒྱུན་ཆད་མེད་པ། གསལ་སྟོང་མཐའ་དབུས་མེད་པ། རིག་པ་རྟེན་མེད་པ་གཅེར་བུ། སིངས་ཀྱིས་དོན་གཞི་ཐོག་ཏུ་རྟོགས་དགོས། དེ་ལྟ་བུའི་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་ངོ་བོ་དང་། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད། ཕྱི་གཟུང་བར་བྱ་བའི་ཡུལ། སྣང་སྲིད་འཁོར་འདས་ཐམས་ཅད་སེམས་ཉིད་དང་ཐ་མི་དད་པ། གཉིས་སུ་མེད་པ། མཉམ་པ་ཉིད། སྤྲོས་བྲལ་བདེ་བ་ཆེན་པོར་འཆར་དགོས་ཏེ། འུབ་ཧྲིལ་གྱིས་བསྡུས་ན་འཁྲུལ་པ་མ་རིག་པ་ཡིན། རིག་པ་ཡེ་ཤེས་སུ་ཤར་ནས་འཁྲུལ་པ་ཡེ་ཤེས་སུ་ཤར་བ་ཡིན་གསུང་།། །།བླ་མ་རིན་པོ་ཆེའི་ཞལ་ནས། བླ་མའི་གདམས་ངག་ལྷན་ཅིག་སྐྱེས་སྦྱོར་ནི། གོ་ཆ་གཉིས་ཀྱིས་ལམ་དུ་འཁྱེར་བར་བྱ་སྟེ། ཕྱི་ལྟ་བའི་གོ་ཆ་དང་། ནང་ཤེས་རབ་ཀྱི་གོ་ཆའོ། །དེ་ཡང་སྡིག་པ་མི་དགེ་བ་སྲོག་གི་ཕྱིར་ཡང་མི་བྱེད་ཅིང་། དཀར་པོ་དགེ་བ་རྒྱུན་མི་གཅོད་པ་ཕྱི་ལྟ་བའི་གོ་ཆའོ། །ནང་ཤེས་རབ་ཀྱི་གོ་ཆ་ལ་གཉིས། ཕྱི་ལུས་ཀྱི་ན་ཚ་མི་སྤོང་བ་དང་། ནང་སེམས་ཀྱི་རྣམ་རྟོག་མི་སྤོང་བའོ། །ཕྱི་ཡུལ་གྱི་ན་ཚ་མི་སྤོང་བ་ལ། ནད་སྨ་དབབ་པ་དང་། ནད་རྩད་བཅད་པ་དང་། ནད་ལམ་དུ་འཁྱེར་བའོ། །ནད་སྨ་དབབ་པ་ནི། ནད་ཆུང་བར་མི་བསམ་པར་སྔར་བས་ཀྱང་ཆེ་བར་བསམས་ཏེ། དེས་༼༥བ༽བདེ་བའོ། །རྩད་བཅད་པ་ནི་ནད་དང་པོ་གང་ནས་འོངས། བར་དུ་གར་གནས། ཐ་མ་གར་འགྲོ་བ་བསམས་པས་དང་པོ་འོངས་ས་མེད་པར་ཐར་གནས་ས་འགྲོ་ས་མེད་པར་རྟོགས་པས་རྟོག་པ་ཞི་ནས་འོང་། ནད་ལམ་ཁྱེར་ནི་བདེ་སྡུག་ཐམས་ཅད་གཉིས་མེད་དུ་ཤེས་དགོས་ཏེ། ན་བ་ཡང་སེམས་ནད་དུ་འཛིན་པ་ཡང་སེམས་ཡིན་ཏེ། ནད་འདི་ལ་བརྟེན་ནས་དོན་ཅི་འགྲུབ་བྱ་སྙམ་པའོ། །ནང་སེམས་ཀྱི་རྣམ་རྟོག་མི་སྤོང་བ་ལ། རྣམ་རྟོག་སྐུ་དྲིན་ཅན་དུ་ལྟ། མེད་དུ་མི་རུང་བར་ལྟ། དགོས་པར་ལྟ། སྙིང་དུ་སྡུག་པར་ལྟ། དེ་ལྟར་རྣམ་རྟོག་ངོ་བོ་ཉིད་ཀྱི་རྣམ་རྟོག་ཡིན། རྣམ་རྟོག་གྲོགས་ཡིན། རྣམ་རྟོག་ལམ་ཡིན། རྣམ་རྟོག་ཤེས་རབ་ཀྱི་བུད་ཤིང་ཡིན་པས། དེ་ཡང་དང་པོ་དམིགས་པ་དང་རྩོལ་བས་མི་སྒྲུབ། བར་དུ་མི་གནས། ཐ་མར་མི་འཛིན། དང་པོ་དམིགས་པ་དང་རྩོལ་བས་མི་སྒྲུབ་པ་ནི། བློ་ངོར་ཅི་བྱུང་བ་ཐམས་ཅད་རྣམ་རྟོག་ཏུ་གཅོད། རྣམ་རྟོག་སེམས་སུ་གཅོད། སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་གཅོད་པའོ། །དེ་ཡང་ལས་དང་པོ་པ་རྣམས་ཀྱིས་ནི་བཟང་རྟོག་གིས་ངན་རྟོག་སེལ་དགོས་ཏེ། དཔེར་ན་ཉི་མ་སྒྲིབ་པར་བྱེད་པ་ལ། སྤྲིན་དཀར་པོས་བསྒྲིབས་པ་དང་ནག་པོས་བསྒྲིབ་པ་འདྲ་སྟེ། སྐྱེས་བུ་འཆིང་བར་བྱེད་ན་ལྕགས་སྒྲོག་གིས་བཅིངས་པ་དང་གསེར་སྒྲོག་གིས་བཅིངས་པ་འདྲ་བས་དཔེ་དེ་བཞིན་དུ་བཟང་རྟོག་གིས་བཅིངས་པ་དང་། ངན་རྟོག་གིས་བཅིངས་པ་འདྲ་སྟེ། བཟང་རྟོག་ངན་རྟོག་ཐམས་ཅད་སེམས་སུ་གཅོད། སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་གཅོད་པའོ། །དེ་ནི་གཅོད་པའི་སྟོང་ཉིད་ཡིན། བར་དུ་མི་གནས་པ་ནི། དེ་ལྟར་བཟང་རྟོག་ཐམས་ཅད་བཅད་པས། ཤེས་པ་ཐང་ཆད་ནས་ཞི་ན་ཡང་དེ་ལ་གནས་སུ་མི་འཇུག །མི་རྟོག་ན་ཡང་དེ་ལ་༼༦ན༽གནས་སུ་མི་འཇུག །སྟོང་པ་ཉིད་དུ་འཛིན་ཡང་དེ་ལ་གནས་སུ་མི་འཇུག །དེ་ཐམས་ཅད་རྣམ་རྟོག་ཏུ་གཅོད། རྣམ་རྟོག་ཡེ་ཤེས་སུ་གཅོད། སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་གཅོད་པའོ། །ཐ་མར་མི་འཛིན་པ་ནི། དེ་ལྟར་བཅད་པ་དེ་བཞིན་དུ་ཡང་མི་འཛིན། ལམ་དུ་ཡང་མི་འཛིན། འབྲས་བུར་ཡང་མི་འཛིན། ལྟ་བ་སྒོམ་པ་སྤྱོད་པ་གང་དུ་ཡང་མི་འཛིན་པའོ། །ཕྲད་པ་ཡི་བློ་སྟོང་ཉིད་ནི། ཕྲད་འཇོམས་ཕྱི་སྙེགས་མེ་སྤྲུལ་ལོ། །ཕྲད་འཇོམས་ཀྱི་དཔེ་ནི། མི་སྔར་འདྲིས་པ་ལྟ་བུ་སྟེ། རྣམ་རྟོག་བྱུང་མ་ཐག་ཏུ་ཆོས་སྐུར་ངོ་ཤེས་པའོ། །ཕྱིས་སྙེགས་པའི་དཔེ་ནི། སྔར་མ་འདྲིས་པ་ལྟ་བུ་སྟེ། མཚོ་ལ་ཁ་བ་བབ་པ་ལྟ་བུའོ། །ཁ་བ་བབ་མ་ཐག་ཏུ་མི་ཞུ་བར་རྗེས་ལ་ཞུ་བ་ལྟར། རྣམ་རྟོག་ངོ་མ་ཤེས་ཀྱང་སྔར་བཙལ་རྗེས་ལ་བསམས་པས་ཤེས་པའོ། །མེ་སྦྲུལ་པའི་དཔེ་ནི་ནགས་ལ་མེ་མཆེད་པ་ལྟ་བུ་སྟེ། མེ་ཆུང་བའི་དུས་སུ་རླུང་ལ་སོགས་པས་གསོད་པའི་རྐྱེན་བྱེད། མེ་ཆེར་སོང་ནས་རླུང་ཇི་ལྟར་ཆེ་བས་གྲོགས་སུ་འགྲོ་བ་ལྟར། རང་ལ་སྐུར་པ་དྲག་པོ་ཕོག་པའམ། མཛེ་བྱུང་བའམ། མི་མཐུན་པའི་རྐྱེན་ཤིན་ཏུ་དྲག་པོ་འབྱུང་བ་ན་བསྒོམ་མོ། །དེ་རྣམ་རྟོག་ཏུ་བཅད། རྣམ་རྟོག་སེམས་སུ་བཅད། སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་བཅད་ཅིང་བསྒོམ། དེ་ལྟར་བསྒོམས་པས་གསོས་འདེབས་ནུས་པ་དང་། འགལ་བ་སྒྱུར་ནུས་པ་དང་། མ་འཁྲུལ་པ་དང་། ཤེས་རབ་ཀྱིས་ཆོས་སྒོ་ཕྱེད་པ་ཡིན་ཏེ། གསོས་འདེབས་ནུས་པ་ནི། འདི་ལྟར་རྣམ་རྟོག་གཅིག་ཆོས་སྐུར་ཤེས་ན། ཀུན་ཤེས་པས་དཔེར་ན་ཕྱོགས་གཅིག་གི་ཆུ་འཐུངས་ན་རྒྱ་མཚོ་མ་ལུས་པ་ཤེས་པར་འགྱུར། འདམ་བུ་གཅིག་ཁོག་སྟོང་ན་ཀུན་ཁོང་སྟོང་། ཚར་བུ་གཅིག་རྐང་རུབ་ན་ཀུན་༼༦བ༽རུབ་པ་ལྟ་བུའོ། །འགལ་བ་སྒྱུར་ནུས་པ་ནི། གོང་ལྟར་མེ་སྦྲུལ་ལ་བློ་སྦྱངས་པས། དངོས་སུ་རྐྱེན་ངན་ཅི་བྱུང་ཡང་ཐམས་ཅད་གྲོགས་སུ་འཆར་བ་ཡིན། མ་འཁྲུལ་བ་ནི། སྔར་རྣམ་རྟོག་ངོ་མ་ཤེས་པས་འཁྲུལ་པ་ཡིན་ཏེ། རྣམ་རྟོག་གི་རྩ་བ་ཆོད་རྣམ་རྟོག་ཆོས་སྐུར་ངོ་ཤེས་པས་འཁྲུལ་རྒྱུ་མེད་པའོ། །ཤེས་རབ་ཀྱིས་སྒོ་ཕྱེད་པ་ནི། དཔེར་ན་མདུང་ནམ་མཁའ་ལ་སྐོར་བ་དང་འདྲ་སྟེ། ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ཞིག་འོང་བ་ཡིན་གསུང་ངོ་། །བླ་མ་རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་དང་པོ་ཕྱི་གཟུང་བའི་ཡུལ་རྩད་གཅོད་དེ། དཔེར་ན་གཙུབས་ཤིང་དང་གཙུབས་སྟན་དང་སྐྱེས་བུའི་ལག་པའི་རྩོལ་བ་ལས་མེ་བྱུང་སྟེ། དེས་ནགས་ཐམས་ཅད་ཚིག་ནས་ཐལ་བ་ཡང་མེད་པ་ལྟར། གཅིག་དང་དུ་བྲལ་ལ་སོགས་པའི་རིག་པས་གཞལ་གཞིག་བཏང་། གཏན་ལ་ཕབ་ནས། ཕྱི་གཟུང་བའི་ཡུལ་རྩད་ཆོད་ན། ནང་འཛིན་པའི་སེམས་སྒྲོག་རང་བརྡལ་ལ་འགྲོ་གསུང་ངོ་། །ཕྱག་རྒྱ་ཆེན་པོ་པའི་ལུགས་ཀྱིས་ནང་འཛིན་པའི་སེམས་རྩད་ཆོད་ན། ཕྱི་གཟུང་བའི་ཡུལ་སྒྲོག་རང་བརྡལ་དུ་འགྲོ་གསུང་། འཛིན་པའི་སེམས་རྩད་གཅོད་པ་ལ། རིན་པོ་ཆེའི་ཞལ་ནས། མཚན་ཉིད་ངོ་བོ་རང་བཞིན་གསུམ་ཡིན་གསུང་། སེམས་ཀྱི་མཚན་ཉིད་ལ་གཉིས། ཕྱི་ཡུལ་སྣང་བ་དཀར་དམར་སྣ་ཚོགས་སུ་སྣང་བ་དང་། ནང་རྣམ་རྟོག་དགེ་མི་དགེ་སྣ་ཚོགས་སུ་འཕྲོ་བའོ། །དེ་ཡང་ངོ་བོ་དང་མཚན་ཉིད་གཉིས། སེམས་དང་སེམས་ལས་བྱུང་བ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སྤྲིན་མཐུག་པ་དང་། སྲབ་པ་དང་དཀར་དམར་སྣ་ཚོགས་འབྱུང་སྟེ། བྱུང་ཡང་ནམ་མཁའ་ལས་བྱུང་། ཐིམ་ཡང་ནམ་མཁའ་ལ་ཐིམ་པ་ལྟར། རྣམ་པར་རྟོག་པ་སྣ་ཚོགས་༼༧ན༽སུ་འཕྲོ་བ་དང་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་དབང་པོའི་ཡུལ་སྣ་ཚོགས་སུ་སྣང་ཡང་སེམས་ལས་བྱུང་བ་ཡིན། དེ་ལྟར་དུ་སྣང་བ་སེམས་ཀྱི་མཚན་ཉིད་ཡིན། སེམས་ཀྱི་ངོ་བོ་ཞེས་བྱ་བ་ནི་རང་གི་རིག་པ་ངའོ་སྙམ་བདག་གོ་སྙམ་པ་སེམས་ཀྱི་ངོ་བོ་གསལ་སྟོང་ངོས་བཟུང་མེད་པ་རྒྱུན་ཆད་མེད་པ་རིག་པ་རྟེན་མེད་པ་གཅེར་བུ་རྗེན་པར་ལམ་གྱིས་རྟོགས་པའོ། །འོ་ན་སེམས་ཀྱི་ངོ་བོ་ཅི་ལྟ་བུ་ཡིན་ཞེ་ན། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན། རྟག་པ་ཡང་མ་ཡིན་ཆད་པ་ཡང་མ་ཡིན། མཐའ་གཉིས་དང་བྲལ་བའི་དབུ་མ་ཡང་མ་ཡིན་ཏེ། བཅད་པས་མི་ཆོད་པ། བཤིག་པས་མི་ཤིགས་པ། བསྒྱུར་བས་མི་འགྱུར་བ། བཀག་པས་མི་ཁེགས་པ་ཞིག་ཡིན། དུས་ཐམས་ཅད་དུ་འགྲོ་འོང་མེད་པ། དུས་གསུམ་རྒྱུན་ཆད་མེད་པ་ཡིན་པས་བཅད་པས་མི་ཆོད། འདུས་བྱས་མ་ཡིན་ཏེ། གདོད་མ་ནས་རང་བཞིན་ལྷུན་གྱིས་གྲུབ་པ་ཡིན་པས། བཤིག་པས་མི་ཤིགས། གཟུགས་དང་ཁ་དོག་ཏུ་མ་གྲུབ། དངོས་པོ་དང་མཚན་མར་མ་གྲུབ་པ་ཡིན་པས་ཀྱང་བཀག་པས་མི་ཁེགས་སོ། །དེ་ལྟ་བུའི་དོན་རྟོགས་ན་སེམས་ཀྱི་ངོ་བོ་ཞེས་བྱ། བདེ་བ་ཆེན་པོ་ཞེས་བྱ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ། གཉིས་སུ་མེད་པ་ཞེས་བྱ་སྟེ། དེ་ལྟ་བུའི་ངོ་བོ་དང་རྣམ་རྟོག་སྣ་ཚོགས་སུ་འཕྲོ་བ་གཉིས་མེད་དུ་ཆོད་དགོས། དེ་ལྟར་ངོ་བོ་དང་མཚན་ཉིད་རང་བཞིན་གྱིས་ཐ་དད་མེད་པར་ཤེས་པ་ལ། རང་བཞིན་ཞེས་བྱ་སྟེ། དེ་ལྟ་བུའི་དོན་རྟོགས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡིན། དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་ཏེ། མདོ་ལས་ཀྱང་། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་༼༧བ༽མེད། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ནས། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་རྒྱུ། །ཞེས་གསུངས། དེ་ལྟ་བུའི་དོན་རྟོགས་པར་བྱ་བ་ལ། མོས་གུས་དང་བརྩོན་འགྲུས་ཀྱིས་མ་ཡེངས་པར་ཉམས་སུ་བླང་བའོ། །དེ་ཡང་མཚན་བཅས་བསྒོམ་དུས་མཚན་མེད་མི་བསྒོམ། མཚན་མེད་བསྒོམ་དུས་མཚན་བཅས་ཡིད་ལ་མི་བྱའོ། །སེམས་ཀྱི་གླང་པོ་དམིགས་པའི་ཀ་བ་ལ་དྲན་འདུན་གྱི་ཞགས་པས་བཏགས་ནས། བག་ཡོད་པར་སྤྱོད་ཅིག་ཅེས་གསུངས་པས། གང་ཉམས་སུ་ལེན་པ་དེ་ལ་མ་ཡེངས་པར་བྱ་བའོ། །གང་ཉམས་སུ་བླངས་པའི་དུས་སུ་བླ་མས་གདམས་ངག་ཐད་སོ་དང་སྦྱར་ནས་བཏབ་པ་དེ་མ་ལགས་པ། བློ་ཡར་མར་སོང་ན་རྣམ་པ་ཐམས་ཅད་དུ་སྒོམ་མི་ཡོང་སྟེ། བདུད་དུ་ཤེས་པར་བྱ་གསུང་།། །།བླ་མ་རིན་པོ་ཆེའི་ཞལ་ནས། སྐྱེས་བུ་ཚེ་གཅིག་གིས་སངས་རྒྱས་ཐོབ་པར་བྱེད་པ་ལ། ཕྱག་རྒྱ་ཆེན་པོ་བསྒོམ་པ་གལ་ཆེ། ཕྱག་རྒྱ་ཆེན་པོ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལ་ཟེར་བ་ཡིན། དེ་གར་ཚོལ་ཞེ་ན་རང་གི་སེམས་ལ་ཚོལ་བ་ཡིན། དེ་ཡང་ཕྱག་ཅེས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་པ། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །མར་ལ་མར་ནི་བཞག་པ་བཞིན། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་གསུངས་པ་དེ་ཡིན། རྒྱ་ལ་རྣམ་པ་གསུམ་སྟེ། རང་བཞིན་གྱི་རྒྱ། ཉམས་མྱོང་གི་རྒྱ། རྟོགས་པའི་རྒྱ་དང་གསུམ་མོ། །རང་བཞིན་གྱི་རྒྱ་ནི། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་པ་སྟེ། སེམས་ཀྱི་གནས་ལུགས་ཏེ། མནར་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད། འཇག་མིག་གི་སྲིན་འབུ་ཚུན་ཚད་ལ་༼༨ན༽མ་ཁྱབ་པ་མེད་པས། ཧེ་བཛྲ་ལས། བཤང་ལམ་སྲིན་འབུ་ལ་སོགས་པ། །ངོ་བོ་ཉིད་ཀྱི་བདག་ཉིད་ཅན། །ཞེས་གསུངས། འོ་ན་རང་བཞིན་དེ་ཡོད་པས་ཆོག་གམ་ཟེར་ན་མི་ཆོག་སྟེ། བསྒོམས་བྱུང་གི་ཤེས་རབ་ཀྱིས་ཉམས་སུ་མྱོང་དགོས་ཏེ། ཉམས་སུ་ཅི་ལྟར་མྱོང་ན། སེམས་ཀྱི་རང་བཞིན་འོད་གསལ་སྐྱེ་འགག་མེད་པའི་དོན་མངོན་སུམ་ཚད་མས་ཉམས་སུ་མྱོང་དགོས། དེས་ན་སེམས་ཀྱི་མཚན་ཉིད་ནི་རྣམ་རྟོག་སྣ་ཚོགས་སུ་འཕྲོ་བ་དང་། ཡུལ་དཀར་དམར་སྣ་ཚོགས་སུ་སྣང་བ་དང་ཐ་དད་མེད་པ། སེམས་ཀྱི་ངོ་བོ་སེམས་ཀྱི་ཆོ་འཕྲུལ་ཡིན་ཏེ། ཧྲིལ་གྱིས་དྲིལ་ན་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་དང་། སྣང་སྲིད་འཁོར་འདས་མ་ལུས་པ་ཐམས་ཅད་རང་བཞིན་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ། རྣམ་པར་བྱང་བ། སྐྱེ་འགག་གནས་གསུམ་གྱིས་དབེན་པ། སྨྲ་བསམ་བརྗོད་ལས་འདས་པ་ཤར་བ་ནི་ཉམས་མྱོང་གི་རྒྱ་ཡིན་ནོ། །རྟོགས་པའི་རྒྱ་ནི། དེ་ལྟ་བུའི་དོན་ཡང་། རྒྱུ་དང་རྐྱེན་གྱིས་མི་བསྐྱེད། དངོས་པོ་དང་མཚན་མར་མ་གྲུབ། གཟུགས་དང་ཁ་དོག་ཏུ་མ་གྲུབ། ཡོད་མེད་ལ་སོགས་པའི་སྒྲོ་སྐུར་མཐའ་དག་དང་བྲལ་བ། འདུས་མ་བྱས་པ་རང་བཞིན་ལྷུན་གྱིས་གྲུབ་པ། ཡང་རང་བཞིན་ངོ་བོ་ཉིད་ཀྱི་སྐུར་གྲུབ་པར་རྟོགས་པས་རྟོགས་པའི་རྒྱའོ། །དེ་བས་ན་བླ་ན་མེད་པ་དང་གོང་ན་མེད་པའི་ཕྱིར་ན་ཆེན་པོའོ། །དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་རྟོགས་པའི་གདམས་ངག་དེ་ལ། རྗེས་ཀྱི་ཡེ་ཤེས་བཞི་འཆར་དགོས་ཏེ། སེམས་ཅན་ལ་སྙིང་རྗེ་ཆེ་དགོས། བླ་མ་དཀོན་མཆོག་ལ་དད་གུས་ཆེར་འགྲོ་དགོས། ལས་རྒྱུ་འབྲས་ལ་ཤིན་ཏུ་འཛེམ་དུ་འགྲོ་དགོས། ཚེ་འདིའི་མངོན་པར་ཞེན་༼༨བ༽པ་ཐམས་ཅད་འཇིག་དགོས་གསུང་།། །།བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་སྒྲུབ་པ་ཉམས་སུ་ལེན་པ་ལ། འཆི་བ་མི་རྟག་པ་རྗེས་སུ་དྲན། ལས་རྒྱུ་འབྲས་རྗེས་སུ་དྲན། འཁོར་བའི་ཉེས་དམིགས་རྗེས་སུ་དྲན། ཐེག་པ་དམན་པའི་ཉེས་དམིགས་དང་། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་ནས། ཐུན་མོང་མ་ཡིན་པའི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོར་འཇུག་པ་ལ་ཐབས་བསྐྱེད་རྫོགས་གཉིས་ཡིན། དེ་བས་ན། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །རིམ་གཉིས་མཉམ་པར་བཞག་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་སོ། །དེའི་དོན་བསྐྱེད་པའི་རིམ་པ་བསྒོམ་པ་ལ་ཆོས་དྲུག་ཡིན། བསྐྱེད་རིམ་གྱི་དབྱེ་བ། ངོ་བོ། །ངེས་ཚིག །དགོས་པ། བརྟན་པའི་ཚད། འབྲས་བུ་དང་དྲུག་ཡིན། དང་པོ་དབྱེ་བ་ནི། སྒྲུབ་ཐབས་རིམ་གྱིས་བསྐྱེད་པ་དང་། ཆོ་ག་གསུམ་གྱིས་བསྐྱེད་པ་དང་། སྐད་ཅིག་དྲན་རྫོགས་ཀྱིས་བསྐྱེད་པ་དང་གསུམ་ཡིན་ནོ། །གཉིས་པ་ངོ་བོ་ཐ་མལ་གྱི་རྣམ་རྟོག་བཟློག་ནས། ངོ་བོ་ལྷར་གསལ་བའོ། །གསུམ་པ་ངེས་ཚིག་སེམས་ལུས་ལྷར་བསྐྱེད་པ་དང་། ལུས་སེམས་ལྷར་གསལ་བ་དང་། སེམས་ཚིག་ཏུ་བརྗོད་པ་ལྷར་བསྐྱེད་པ་གསུམ་ཡིན། དེ་ལ་ལུས་སེམས་ལྷར་བསྐྱེད་པ་ནི། ཐ་མལ་གྱི་ཤ་ཁྲག་གདོས་པ་ཅན་འདི་མི་དམིགས་པ་ལས། ལྷའི་སྐུར་གསལ་བ་ཡིན། སེམས་ལུས་ལྷར་བསྐྱེད་པ་ནི། ལྷའི་སྐུ་དེ་ཡང་སེམས་ཀྱི་སྣང་བ་སྒྱུ་མའམ། འཇའ་ཚོན་ལྟ་བུར་ཤེས་པ་ཡིན། སེམས་ཚིག་ཏུ་བརྗོད་པ་ལྷར་བསྐྱེད་པ་ནི། ལྷའི་སྐུ་སྒྱུ་མ་ལྟ་བུ་དེ་ཡང་། མིང་ཙམ། བརྡའ་ཙམ། བཏགས་པ་ཙམ། ཐ་༼༩ན༽སྙད་ཙམ་དུ་རང་བཞིན་གཞི་བྲལ་དུ་ཤེས་པ་ཡིན། བཞི་པ་དགོས་པ་ལ་སྤྱིར་དགོས་པ་དང་། བྱེ་བྲག་ཏུ་དགོས་པ་གཉིས། དེ་ལ་སྤྱིར་དགོས་པ་ནི། རབ་ཟུང་འཇུག་གི་རྟོགས་པ་བསྒྲུབ། འབྲིང་དང་ཐ་མས་ཐ་མལ་གྱི་ཞེན་པ་བཟློག །བྱེ་བྲག་ཏུ་དགོས་པ་ལ། དམ་ཚིག་སེམས་དཔའ་བསྐྱེད་པ་ལ་དགོས་པ་གསུམ་ཡོད་དེ། ཐ་མལ་གྱི་འཁྲུལ་པ་ཞིག་པའི་དགོས་པ་ཡོད། རང་དང་ལྷག་པའི་ལྷ་ཐ་མི་དད་དུ་ཤེས་པའི་དགོས་པ་ཡོད། རང་གི་རིག་འཛིན་གྱི་དམ་ཚིག་བསྲུང་བར་འགྱུར་བའི་དགོས་པ་ཡོད་དོ། །ཡེ་ཤེས་སེམས་དཔའ་ལ་དགོས་པ་གསུམ་ཡོད་དེ། རང་དང་ལྷག་པའི་ལྷ་ཐ་མི་དད་དུ་ཤེས་པའི་དགོས་པ་ཡོད། ཐ་མི་དད་དུ་ཤེས་པ་ལ་ལྷས་བྱིན་གྱིས་རློབ་པའི་དགོས་པ་ཡོད། མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་འགྲུབ་པའི་དགོས་པ་ཡོད། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ལ་དགོས་པ་གསུམ། ཐ་མལ་གྱི་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྣམ་པར་དག་པར་འགྱུར་བའི་དགོས་པ་ཡོད། མི་དང་མི་མ་ཡིན་པའི་གནོད་པ་སྲུང་བའི་འཁོར་ལོ་མཆོག་ཏུ་འགྱུར་བའི་དགོས་པ་ཡོད། ལྷའི་སྐུ་ཡོངས་སུ་རྫོགས་པར་འགྱུར་བའི་དགོས་པ་ཡོད། དབང་བསྐུར་ལ་དགོས་པ་གསུམ། རྒྱུའི་ཆོས་ཕ་རོལ་ཏུ་ཕྱིན་པ་ལས་ཁྱད་པར་དུ་འཕགས་པའི་དགོས་པ་ཡོད། ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་བའི་དགོས་པ་ཡོད། ལྷའི་སྐུ་ཡོངས་སུ་རྫོགས་པར་འགྱུར་བའི་དགོས་པ་ཡོད། དེ་ལྟར་བཅུ་གཉིས་བྱེ་བྲག་ཏུ་དགོས་པའོ། །བརྟན་པའི་ཚད་ལ་རང་གི་ཆ་ནས་བཞག་པ་གསུམ། གཞན་གྱི་ཆ་ནས་བཞག་པ་གསུམ། རང་གི་ཆ་ནས་བཞག་པ་ནི། འགྲོ་ཉལ་འདུག་གསུམ་དུ་རང་ལྷར་གསལ་ན་བརྟན་པ་ཐ་མ། ༼༩བ༽ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷར་གསལ་ན་བརྟན་པ་འབྲིང་། དེ་ལྟར་གསལ་བའི་ཐོག་ཏུ། ལྷ་ཐམས་ཅད་རྨི་ལམ་སྒྱུ་མ་ཆུ་ཟླ་ལྟ་བུའི་ལྷར་གསལ་བ་ན་བརྟན་པ་རབ། གཞན་གྱི་ཆ་ནས་གཞག་པ་རྣམ་པ་གསུམ་ནི། རང་གྲོལ་གཞན་གྱིས་ལྷར་མཐོང་ན་བརྟན་པ་རབ། རང་ལ་དུས་ཐམས་ཅད་དུ་ལྷར་གསལ་ན་བརྟན་པ་འབྲིང་། ཡི་དྭགས་ལ་ལྷར་གསལ་ན་བརྟན་པ་ཐ་མའོ། །འབྲས་བུ་ལ་གནས་སྐབས་དང་མཐར་ཐུག་གཉིས། མཐར་ཐུག་གི་གཟུགས་སྐུ་རྣམ་པ་གཉིས་འབྱུང་། གནས་སྐབས་ལ་རབ་ཚེ་འདི་ལ་བརྟེན་ནས་བདེན་པ་མཐོང་། འབྲིང་སྐྱེ་བ་ཕྱི་མ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། ཐ་མ་ལྷ་མིའི་ལུས་རྣམ་པར་དག་པ་ཐོབ། དེས་འབྲས་བུ་དང་། དེ་ལྟར་དྲུག་གིས་བསྐྱེད་པའི་རིམ་པ་བསྟན་ནས། ཆོས་དེ་རྣམས་དང་ལྡན་པ་ཡིན་གསུང་ངོ་།། །།བླ་མ་རིན་པོ་ཆེའི་ཞལ་ནས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པས། དེ་ཡང་དུས་ཞེས་པ་ནི་དལ་འབྱོར་མི་ལུས་ཐོབ། བསྟན་པ་རིན་པོ་ཆེའི་སྒོར་ཞུགས། ཆོས་རིན་པོ་ཆེ་ཐོས། ཡང་དག་པ་དགེ་བའི་བཤེས་གཉེན་རིན་པོ་ཆེ་དང་མཇལ། གདམས་ངག་ཉམས་སུ་ལེན་པའི་དུས་འདིར་འབད་དགོས་པ་ཡིན་གསུང་། དེ་ཡང་། དད་པའི་རྩ་བ་བརྟན་བྱས་ཏེ། །བྱང་ཆུབ་ཏུ་ཡང་བློ་བརྟན་བྱ། །ཞེས་པས་དང་པོ་ཐུན་མོང་གི་ལམ་རྣམས་རྒྱུད་ལ་སྐྱེ་བས། གཞི་དད་པ་བརྟན་པ་གལ་ཆེ། དེ་ནས་བྱང་ཆུབ་ལ་བློ་བརྟན་པར་བྱེད་པ་ལ། ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་རང་གི་སེམས་ངོ་ཤེས་དགོས། དེ་ཤེས་པར་བྱེད་པ་ལ། ཕྱི་གཟུང་༼༡༠ན༽བའི་ཡུལ་དང་། ནང་འཛིན་པའི་སེམས་གཉིས་ཡིན། ནང་འཛིན་པའི་སེམས་ལ་སེམས་དང་སེམས་གཟུང་བར་བྱ་བའི་ཡུལ་བྱུང་བ་སྟེ། ངོ་བོ་དང་མཚན་ཉིད་གཉིས་ཡིན་གསུང་། ཕྱི་གཟུང་བའི་ཡུལ་ནི་རང་གི་ལུས་ཀྱང་ཕར་བཅད་པ་ཐམས་ཅད་ཡིན། དེ་ལྟར་ནང་འཛིན་པའི་སེམས་དང་པོར་ངོ་ཤེས་དགོས། བར་དུ་འདྲིས་དགོས། ཐ་མར་ཀློང་དུ་གྱུར་དགོས། དང་པོར་ངོ་ཤེས་པ་ལ་གསུམ། སེམས་ཀྱི་ངོ་བོ་ཞེས་བྱ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་སྟོང་ངོས་བཟུང་མེད་པ་ཉམས་སུ་མྱོང་བའི་ཚད་མས་ངོ་ཤེས་དགོས། རྣམ་རྟོག་སྣ་ཚོགས་སུ་འཕྲོ་བ་གཉིས་མེད་དུ་ངོ་ཤེས་དགོས། དེ་ནས་ཕྱི་དཀར་དམར་སྣ་ཚོགས་སུ་སྣང་བའི་ཡུལ་དང་གསུམ་ཁྱད་མེད་དུ་ཤེས་དགོས། བར་དུ་འདྲིས་པར་བྱ་བ་ལ། གནས་དུར་ཁྲོད་དམ་དབེན་པའི་གནས་སུ་བརྩོན་འགྲུས་དང་ལྡན་པས་ཚུལ་བཞིན་དུ་ཉམས་སུ་བླངས་ན། འཆར་ལུགས་རྣམ་པ་གསུམ་གང་རུང་དུ་འོང་སྟེ། མཉམ་རྗེས་ཐ་དད་པ་དང་། མཉམ་རྗེས་དུས་མཚུངས་པ་དང་། མཉམ་རྗེས་གཉིས་མེད་དུ་འཆར་བའོ། །དེ་ཡང་མཉམ་རྗེས་ཐ་དད་པ་ནི། སྒོམ་པའི་དུས་སུ་ཡོད་ལ། རྗེས་ལ་མེད་པའོ། །འདིའི་དུས་སུ་ནང་དུ་རྣམ་རྟོག་གིས་ཚུར་ལ་གནོད་པ་མེད་ལ་ཕར་གནོད་མི་ནུས་པ་ཡིན་པས། རང་ཉིད་གནས་དབེན་པར་བསྡད་ལ། བླ་མ་ལ་གསོལ་བ་རྒྱུན་ཆད་མེད་པར་འདེབས། མོས་གུས་རྒྱུན་ཆད་མེད་པར་བྱས་ནས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་གལ་ཆེ་གསུང་ངོ་། །མཉམ་རྗེས་དུས་མཚུངས་པ་ནི། མཉམ་པར་བཞག་པའི་དུས་སུ་ཡོད་ལ། རྗེས་ལ་ཡང་སྤྱོད་ལམ་རྣམ་བཞིས་མི་གནོད། ནང་རྣམ་རྟོག་སྣ་ཚོགས་སུ་འཕྲོ་བ་ཡང་སེམས་ཉིད་དང་གཉིས་མེད་དུ་ཐག་ཆོད། ༼༡༠བ༽ཕྱིའི་སྣང་བ་དཀར་དམར་ཡང་། རེས་སྒྱུ་མ། རེས་སྟོང་པ། རེས་དངོས་པོའམ། མཐའ་དབུས་སུ་འཆར་ཏེ། འདིའི་དུས་སུ་སྒོམ་ཆེན་ཚན་ཅིག་གིས་ང་འདུག་པ་ལས་འགྲོ་བ་ཉམས་མྱོང་བཟང་ཟེར་ཏེ། གནས་དབེན་པར་རང་ཉིད་གཅིག་པོར་འདུག་པ་གལ་ཆེ་གསུང་ངོ་། །མཉམ་རྗེས་གཉིས་མེད་དུ་འཆར་བ་ནི། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་། གཟུང་བར་བྱ་བའི་ཡུལ་སྣང་སྲིད་འཁོར་འདས་མ་ལུས་པ་ཐམས་ཅད་མཉམ་པ་ཉིད་སྤྲོས་བྲལ་བདེ་བ་ཆེན་པོར་རྟོགས། མཉམ་པར་བཞག་པ་དང་མ་བཞག་པ་ཁྱད་མེད། སྤྱོད་ལམ་རྣམ་བཞི་ཅི་བྱེད་པ་ཐམས་ཅད་མཉམ་བཞག་ལས་མ་གཡོས་པར་དུས་ཐམས་ཅད་དུ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་འགྲོ །དྲན་འདུན་དང་རྟོག་དཔྱོད་བཏང་མི་དགོས་པར་ཕྲིལ་གྱིས་འགྲོ་བ་ཡིན། དེའི་དུས་སུ་འགྲོ་བ་དང་འདུག་པ་ལ་ཁྱད་མེད། སྒོམ་ཆེན་པའི་བྱ་བ་ཡིན་པས་འགྲོ་བ་བས་འདུག་པ་བཙུན། ལར་ཡང་སྒོམ་ཆེན་པ་ལྷམ་བརྡོལ་དང་སྟན་བརྡོལ་གཉིས་ལ། སྒོམ་ཆེན་པ་སྟན་བརྡོལ་དགའ་བ་ཡིན་གསུང་། བླ་མ་མི་ལ་དགུང་ལོ་བཞི་བཅུ་རྩ་གཉིས་རི་ལ་བཞུགས་ཏེ། བརྒྱད་ཅུ་རྩ་བཞི་ལ་མ་འདས་ཀྱི་བར་དུ་རི་ནས་རིར་བཞུད། རི་ནས་རིར་འཕོས་པ་ཡིན་གསུང་། བདེ་བར་གཤེགས་པ་རིན་པོ་ཆེ་དེས་བླ་མ་མི་ལ་ལ་ཞུས་པ། བླ་མ་ཁྱེད་འདི་ལྟར་རྟག་ཏུ་རི་ལ་བཞུགས་པ་ཅི་ལགས་ཞུས་པས། བླ་མའི་ཞལ་ནས། ང་ལ་དབེན་པར་བསྡད་པ་དང་འཚོང་དུས་སུ་བསྡད་པ་ཁྱད་མེད་དེ། ད་རེས་ཀྱི་ལུས་འདི་ལ་བརྟེན་ནས་འགྲོ་བ་སེམས་ཅན་ཐམས་ཅད་སྙིང་ཕུགས་སུ་བཅུག་ནས། འཁོར་བ་ལས་ད་རེས་ཨེ་ཐོན་བལྟ་བ་ཡིན་པས། གྲོང་ཡུལ་དུ་སྡོད་པ་སྒོམ་ཆེན་པའི་སྤྱོད་པ་མིན་༼༡༡ན༽གསུང་སྐད། བདེ་བར་གཤེགས་པ་རིན་པོ་ཆེས་ཀྱང་དེ་ཁོ་ན་ལྟར་མཛད་པ་ཡིན། རང་རེ་ཡང་དེའི་རྗེས་སུ་སྒྲུབ། དེའི་རྗེས་སུ་སློབ་དགོས་པ་ཡིན། ཐམས་ཅད་ཀྱིས་དེ་བཞིན་དུ་དགོངས་པར་ཞུ་འཚལ།། །།བླ་མ་རིན་པོ་ཆེའི་ཞལ་ནས། རྟེན་གྱི་གང་ཟག་ཅིག་ཐུན་མོང་གི་ལམ་རྣམས་རྒྱུད་ལ་སྐྱེས་ནས། ཐུན་མོང་མ་ཡིན་པའི་ལམ་གསང་སྔགས་ཀྱི་སྒོར་འཇུག་པར་འདོད་པས། ཐེག་པ་ཆེན་པོ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལ་བསྟེན་པ་གལ་ཆེ། དེ་ལ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི། བརྒྱུད་པ་དང་བརྒྱུད་པར་འབྲེལ་བ། བརྒྱུད་པ་དང་སྒྲར་འབྲེལ་བ། སྒྲ་དང་སྒྲའི་ལུང་དུ་འབྲེལ་བ། ལུང་དང་བྱིན་རླབས་སུ་འབྲེལ་བ་ཞིག་དགོས། བརྒྱུད་པ་དང་བརྒྱུད་པར་འབྲེལ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ནས། གྲུབ་ཐོབ་ཀྱི་བརྒྱུད་པ་ཟམ་མ་ཆད་པ། དམ་ཉམས་པ་དང་བསླབ་འཆལ་གྱི་བརྒྱུད་པར་མ་སོང་བ་ཞིག་དགོས། བརྒྱུད་པ་དང་སྒྲར་འབྲེལ་བ་ནི། བཀའ་བརྒྱུད་རྣམས་ཞལ་ནས་ཞལ། སྙན་ནས་སྙན། ཐུགས་ནས་ཐུགས་སུ་བརྒྱུད་པ་སྟེ། ཡིག་ནག་དང་དཔེ་རུལ་གྱི་བརྒྱུད་པར་མ་སོང་བ་ཞིག་དགོས། སྒྲ་དང་སྒྲའི་ལུང་དུ་འབྲེལ་བ་ནི། བླ་མ་རྣམས་ཀྱིས་བརྗོད་བྱའི་དོན་དེ་ངེས་པར་རྟོགས་པ། ངེས་པར་ཐུགས་སུ་ཆུད་པ་ཞིག་དགོས། ལུང་དང་བྱིན་རླབས་སུ་འབྲེལ་བ་ནི། དགོས་དབང་གིས་བརྒྱུད་པ་མ་ཆད་པ་སྟེ། རང་གིས་ཀྱང་གཞན་གྱི་རྒྱུད་ལ་ཡོན་ཏན་སྐྱེད་པའི་བྱིན་རླབས་དང་ལྡན་པ་ཞིག་དགོས་པས་ཆོས་དེ་རྣམས་དང་ལྡན་པའི་བླ་མ་ཞིག་བཙལ། ཡང་ན་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་ཟག་ཆོས་ཀྱི་མིག་ཅན་དང་། ཤེས་རབ་ཀྱི་མིག་ཅན་གཉིས་ཡིན། ཡང་ན་༼༡༡བ༽གསུམ་ཡིན་ཏེ། ཤེས་རབ་ཆེན་པོས་གཞན་གྱི་ལམ་སྣ་འཁྲིད་ནུས་པ། སྙིང་རྗེ་ཆེན་པོས་སེམས་ཅན་ཡལ་བར་མི་འདོར་བ། ཚེ་འདིའི་མངོན་པར་ཞེན་པ་སྐྲའི་རྩེ་མོ་བརྒྱར་བཤགས་པའི་ཚད་ཙམ་ཡང་མེད་པ་ཞིག་དགོས། ཡང་ན་བཞི་ཡིན་ཏེ། དཀོན་མཆོག་གསུམ་ལ་དད་པའི་གདེང་ཐོབ་པ། སེམས་ཅན་ལ་སྙིང་རྗེའི་གདེང་ཐོབ་པ། ཟབ་མོའི་དོན་ལ་རྟོགས་པའི་གདེང་ཐོབ་པ། འགྲོ་བ་རྣམས་ལ་ཟང་ཟིང་མེད་པའི་ཆོས་སྟོན་པའི་བདག་ཉིད་ཅན་ཏེ། ཆོས་དེ་རྣམས་དང་ལྡན་པའི་བླ་མ་ཞིག་བསྟེན་དགོས། རང་རེ་ཡང་འཁོར་བ་ནས་མྱ་ངན་ལས་འདས་པར་སྐྱེལ་ན། དེ་ལྟ་བུའི་བླ་མ་ཞིག་མ་གཏོགས་པ། ཝ་ལྟ་བུ་སྤྲེའུ་ལྟ་བུ་ལ་བླ་མ་མི་བྱ་གསུང་། རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ཚེ་འདིའི་ལྟོས་ཐག་བཅད་ནས། སྒྲུབ་པ་ཉམས་སུ་ལེན་པའི་སྒོམ་ཆེན་པ་སྟེ། ལྟ་བ་རྟོགས་པ་དང་འབྲེལ་བ། སྒོམ་པ་ཉམས་མྱོང་དང་འབྲེལ་བ། སྤྱོད་པ་དུས་ཚོད་དང་འབྲེལ་བ། འབྲས་བུ་གཞན་དོན་དང་འབྲེལ་བ་ཞིག་དགོས་གསུང་། དེ་ལ་ལྟ་བ་ཟེར་བ་ནི། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་གཉིས་ཡིན། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་སེམས་ཅན་གྱི་རྒྱུད་ལ་ཡོད་པ་དེ་ཡིན། སྣང་བ་ལྷན་ཅིག་སྐྱེས་པ་ནི། རྣམ་རྟོག་སྣ་ཚོགས་སུ་འཕྲོ་བ་དང་། ཡུལ་དཀར་དམར་དུ་སྣང་བ་དེ་ཡིན། དེ་ལྟ་བུའི་སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད་དང་། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུ་གཉིས། གཉིས་སུ་མེད་པ་རང་བཞིན་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ། རྣམ་པར་བྱང་བ། སྨྲ་བསམ་བརྗོད་ལས་འདས་པ་གདོད་མ་ནས་རང་བཞིན་ལྷུན་གྱིས་གྲུབ་པ། འདུས་མ་བྱས་པ་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་སྟེ། དབྱིངས་དང་ཡེ་༼༡༢ན༽ཤེས་དབྱེར་མེད་པ། གཞི་གནས་ལུགས་དེ་ལྟ་བུ་ཅིག་ཡིན་ཏེ། སངས་རྒྱས་རྒན་པོས་མ་མཛད་སེམས་ཅན་སྒྲིན་པོས་མ་བཅོས་པ་སྟེ། དེའི་འདུག་ཚུལ་དེ་ལ་ལྟ་བ་ཟེར་བ་ཡིན། དེ་ཡང་རྟོགས་དགོས་མ་རྟོགས་ན་ཕན་པ་མེད། བླ་མ་རིན་པོ་ཆེའི་ཞལ་ནས། རྟོགས་པ་མེད་པའི་ལྟ་བ་དེ། །མཐའ་བྲལ་ཟེར་ཡང་བློས་བྱས་ཡིན། །ཞེས་གསུངས་པས་རྟོགས་པ་ནི། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད་ཟེར་ཏེ། གཟུང་བར་བྱ་བའི་ཡུལ་སྣང་སྲིད་འཁོར་འདས་མ་ལུས་པ་ཐམས་ཅད་མཉམ་པ་ཉིད་བདེ་བ་ཆེན་པོར་ཤར་དགོས། དེ་ཡང་ཐོས་བསམ་གྱི་ཤེས་རབ་མ་ཡིན་ཏེ། བསྒོམ་བྱུང་གི་བསོད་ནམས་ཀྱིས་དེ་ལྟར་ནང་ནས་འཆར་དགོས། དེ་ལྟར་རྟོགས་ན་ལྟ་བ་རྟོགས་པ་དང་འབྲེལ་བ་ཡིན་ནོ། །སྒོམ་པ་ཉམས་མྱོང་དང་འབྲེལ་བ་ནི། དེ་ཡང་ཉམས་སུ་གང་མྱོང་ན་རྟོགས་པའི་དོན་དེ་ཉམས་སུ་མྱོང་། རྟོགས་པ་གང་རྟོགས་ན་ཉམས་སུ་མྱོང་བའི་དོན་དེ་རྟོགས་པ་ཡིན། ཉམས་མྱོང་ལ་ཉམས་བྱེ་བྲག་པ་ནི། བསྒོམ་པ་དང་འབྲེལ་བ་མ་ཡིན་ཏེ། བྱེ་བྲག་པ་ནི་རྩ་རླུང་གི་རྟེན་འབྲེལ་ཡིན། མིག་གི་མཐོང་སྣང་དང་། རྣ་བས་ཐོས་སྣང་ལ་སོགས་པ་འོང་བ་དང་། བདེ་གསལ་མི་རྟོག་པ་ཞི་གནས་ཀྱི་ཉམས་སུ་དུས་འདའ་བ་དང་། མི་སྣང་བ་དང་། སྣང་བ་མེད་པ། ནམ་མཁའ་རྣམ་པར་དག་པ་ལྟར་སྟོང་པ་ཉིད་ལ་ཕྱམ་འགྲོ་བ་སྙམ་བྱེད་པའི་ཉམས་བྱུང་ཡང་། དེ་ཉམས་བྱེ་བྲག་པ་ཡིན། དེ་ནི་རེ་ཞིག་ཡོད་ཀྱང་མེད་པར་འགྲོ་བས་ན། ལམ་འབྲས་ནས་བཤད་པས་དེ་ནི་ཉམས་བྱེ་བྲག་པ་བྱ་བ་ཡིན། འོ་ན་བསྒོམ་པ་དང་འབྲེལ་བའི་ཉམས་དེ་གང་ཡིན་ཞེ་ན། ༼༡༢བ༽ངོ་བོའི་རང་ཉམས་ཟེར། ལྷན་ཅིག་སྐྱེས་པའི་རང་ཉམས་ཟེར་གཉུག་མའི་རང་ཉམས་ཟེར། ཕྱག་རྒྱ་ཆེན་པོའི་རང་ཉམས་ཟེར་བ་ཡིན། དེ་གང་ལ་ཟེར་ན་རང་གི་སེམས་ཀྱི་ངོ་བོ་ལ་ཟེར། དེ་ཇི་ལྟ་བུ་ཡིན་ཞེ་ན། ཡོད་པ་ཡང་མ་ཡིན་པ་སྟེ་ངོས་གཟུང་རྒྱུ་སྐྲའི་རྩེ་མོ་བརྒྱར་བཤགས་པ་ཙམ་ཡང་མེད། མེད་པ་ཡང་མ་ཡིན་ཏེ་ཉམས་སུ་མྱོང་རྒྱུ་དང་། རྟོགས་རྒྱུ་ཡོད་པ་ཡིན་ཏེ། དེ་ལྟ་བུའི་སེམས་ཀྱི་ངོ་བོ་དེ། གསལ་སྟོང་ངོས་བཟུང་མེད་པ། གསལ་སྟོང་རྒྱུན་ཆད་མེད་པར་ཤར་དགོས། དེ་ལྟ་བུར་ཤར་ན་བསྒོམ་པ་ཉམས་མྱོང་དང་འབྲེལ་བ་བྱ་བ་ཡིན། ཉམས་མྱོང་དང་རྟོགས་པ་དུས་གཅིག་མཆི་ཟེར་བ་ཡང་དེ་ལ་ཟེར་བ་ཡིན་ནོ། །སྤྱོད་པ་དུས་ཚོད་དང་འབྲེལ་བ་ལ་བཞི་ཡིན། ལས་དང་པོ་བས་རྒྱལ་པོ་གཞོན་ནུའི་སྤྱོད་པ་བྱ། སྒྲུབ་པ་པོས་གསང་སྔགས་ཀྱི་སྤྱོད་པ་བྱ། གྲུབ་པ་པོས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱ། ཡེ་ཤེས་ཅན་གྱིས་མཉམ་གཞག་ཆེན་པོ་ཡི་སྤྱོད་པ་བྱ། རྒྱལ་པོ་གཞོན་ནུའི་སྤྱོད་པ་ནི། ལས་དང་པོ་པས་སོ་སོར་ཐར་པ་དང་། དགེ་བསྙེན་ལ་སོགས་པ་ཇི་ལྟར་ཁས་བླངས་པ་བཞིན་ཆག་ཉམས་མེད་པར་བསྲུང་། བྱང་ཆུབ་སེམས་དཔའི་བསླབ་པ་སྨོན་འཇུག་གཉིས་ཇི་ལྟར་ཁས་བླངས་པ་བཞིན་བསྲུང་། རིག་པ་འཛིན་པའི་དམ་ཚིག་ས་མ་ཡ་འབུམ་སྡེ་ཡོད་པ་ལ། བསྡུ་ན་རྩ་བའི་ལྟུང་བ་བཅུ་བཞི་ཡན་ལག་དང་བཅས་པ་སྟེ་དང་པོ་ཐོས་དགོས། ཤེས་པར་བྱས་ནས་ཆགས་ཉམས་མེད་པར་གསུང་། ཐ་མ་ཆག་ཉམས་བྱུང་ན། ཉམས་པ་ཕྱིར་བཅོས་པ་དང་བཤགས་སྡོམ་ལ་འབད་པར་བྱ་གསུང་། སྒྲུབ་པ་པོ་གསང་སྔགས་ཀྱི་སྤྱོད་པ་ནི། གཞི་བསྒྱུར་བའི་ལམ་ཡིན་ཏེ། དུར་ཁྲོད་ལ་སོགས་པ་ཤིན་ཏུ་དབེན་པའི་སར་བསྡད་ལ་མཚམས་བཅད་ལ་བསྒྲུབ། བསྒྲུབ་ཅེས་པ་ནི་ལུས་ལྷར་བསྒྲུབ། ངག་སྔགས་སུ་བསྒྲུབ། སེམས་ཆོས་ཉིད་དུ་བསྒྲུབ་པ་ལ་ཟེར་བ་ཡིན་ཏེ། དེ་ཡང་མ་ཧཱ་མཱ་༼༡༣ན༽ཡཱ་ལས། སྔགས་དང་དབྱིབས་དང་ཆོས་བདག་དང་། །འདི་གསུམ་རྣལ་འབྱོར་གསུམ་ཡིན་ཏེ། །རྣལ་འབྱོར་རྣམ་པ་འདི་གསུམ་གྱིས། །སྲིད་པའི་སྐྱོན་གྱིས་གོས་མི་འགྱུར། །ཞེས་གསུངས་པས་དེ་ལ་ལུས་ལྷར་བསྒྲུབ་པ་ནི། སྒྱུ་ལུས་ལྷའི་སྐུ་བསྐྱེད་པའི་རིམ་པ་བསྒོམ། ངག་སྔགས་སུ་བསྒྲུབ་པ་ནི། རབ་ཡེ་ཤེས་ཀྱི་རླུང་ཙནྜཱ་ལི་བསྒོམ། འབྲིང་ཐ་མལ་གྱི་རླུང་འབྱུང་འཇུག་གནས་གསུམ་བརྩིའོ། །ཐ་མ་ཡི་དམ་ལྷའི་སྙིང་པོ་བགྲང་བའོ། །སེམས་ཆོས་ཉིད་དུ་བསྒྲུབ་པ་ནི། ཕྱག་རྒྱ་ཆེན་པོ་གཅིག་ཅར་དུ་འཇུག་པ་ལ་སོགས་པ། གསང་སྔགས་ཀྱིས་ཐབས་ཁྱད་པར་ཅན་ལ་སོགས་པ་ཉམས་སུ་བླང་། དེ་ཡང་གསང་ཞེས་པ་ནི་ལྷ་གསང་། བླ་མ་གསང་། ཆོས་གསང་། ལུས་ངག་ཡིད་གསུམ་གསང་ལ་སྒྲུབ། །ཅེས་གསུངས། གྲུབ་པ་པོས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱ་བ་ནི། གྲུབ་པ་པོས་གོང་ལྟར་ཉམས་སུ་བླངས་ལ། ལུས་ལྷར་གྲུབ། ངག་སྔགས་སུ་གྲུབ། སེམས་ཆོས་ཉིད་དུ་གྲུབ་པ་དེས། བསད་པ་གསོ་བར་ནུས་པ་དང་། །དགུག་དང་མི་སྣང་སྦེད་ནུས་དང་། །ཞེས་པས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱ། ཡེ་ཤེས་ཅན་གྱིས་མཉམ་བཞག་ཆེན་པོའི་སྤྱོད་པ་བྱ་བ་ནི། སྤྱོད་ལམ་རྣམ་བཞིར་དུས་ཐམས་ཅད་དུ་མི་སློབ་པའི་ཟུང་འཇུག་མཉམ་བཞག་རྗེས་ཐོབ་མེད་པར་བདེ་སྟོང་རྒྱུན་མི་འཆད་པའི་ངང་ལ་བདེ་ཕྲིལ་གྱིས་སོང་ན། སྤྱོད་པ་འདི་བྱ་འདི་མི་བྱ་མེད་དེ། མདོར་ན་གཟའ་གཏད་བྲལ་བའི་སྤྱོད་པ་ཡིན། དེའང་གང་ཟག་གཞི་མ་ལགས་པ། གོང་མས་འོག་མའི་སྤྱོད་པ་མི་བྱ། འོག་མས་གོང་མའི་སྤྱོད་པ་མི་བྱ། རང་ཚོད་དང་འབྲེལ་བའི་སྤྱོད་པ་ནི། དུས་ཚོད་དང་འབྲེལ་བ་ཡིན་ནོ། །ཞེས་སོ། །འབྲས་༼༡༣བ༽བུ་གཞན་དོན་དང་འབྲེལ་བ་ནི། དེ་ལྟར་གཟུང་འཛིན་གཉིས་སུ་མེད་པའི་རྣལ་འབྱོར་པས། དྲན་འདུན་དང་རྟོགས་དཔྱོད་བཏང་མི་དགོས་པར་མཉམ་བཞག་ཆེན་པོའི་ངང་ལ་འབད་པ་མེད་པར་ཕྲིལ་གྱིས་སོང་བ་ནི། རྣལ་འབྱོར་པ་ལུས་རྒྱ་ཞིག་པའི་དུས་སུ། སྐུ་གསུང་ཐུགས་དབྱེར་མེད་བདེ་བ་ཆེན་པོའི་སྐུ་གཉིས་སུ་མེད་པ། ལྷུན་གྱིས་གྲུབ་པ་མངོན་དུ་གྱུར་པ་ནི་འབྲས་བུ་ཐོབ་པའོ། །གཞན་དོན་དང་འབྲེལ་བ་ནི། དེ་ལྟ་བུའི་ཆོས་སྐུ་དེ་ལས། ངམ་ངམ་ཤུགས་ཀྱིས་འབད་པ་མེད་པར་གཟུགས་ཀྱི་སྐུ་འབྱུང་བ་ནི་སེམས་ཅན་གྱི་དོན་བྱེད་པ་འོང་བ་ཡིན། རང་རེ་རྣམས་ཀྱང་ལྟ་སྤྱོད་དེ་རྣམས་དང་ལྡན་པ་བྱ་དགོས་པ་ཡིན། ཐམས་ཅད་དེ་བཞིན་དུ་དགོངས་པར་ཞུ་འཚལ་གསུང་ངོ་། །རྗེ་བཙུན་རིན་པོ་ཆེའི་ཞལ་ནས། སྒྲུབ་པ་པོ་རྣམས་ཀྱིས་འཆི་བ་མི་རྟག་པ་དང་། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་དང་ཐེག་པ་དམན་པའི་ཉེས་དམིགས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་ནས། ད་རེས་འཁོར་བ་ལས་ཐར་བར་འདོད་ན། ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཐ་མལ་གྱི་ཤེས་པ་ངོ་ཤེས་དགོས། དེ་ཡང་ཐ་མལ་གྱི་ཤེས་པ་ཞེས་བྱ་བ། རང་གི་ཤེས་པ་འདི་ལ་ཆོས་ཀྱི་རྣམ་པ་གང་གིས་ཀྱང་མ་བསླད་པ། འཇིག་རྟེན་གྱི་རྣམ་པར་ཤེས་པ་གང་གིས་ཀྱང་མ་རྙོགས་པ། བྱིང་རྨུགས་དང་རྟོག་པ་གང་གིས་ཀྱང་མ་གཏུམ་པར་རང་སོར་གཞག་པ་ཡིན། དེ་ངོ་ཤེས་ན་རང་གི་རིག་པའི་ཡེ་ཤེས་ཡིན། །མ་རྟོགས་ན་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡིན། རྟོགས་ན་རིག་པ་ཞེས་བྱ། ངོ་བོ་ཞེས་བྱ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤེས་བྱ། ཐ་མལ་གྱི་ཤེས་པ་ཤེས་བྱ། གཉུག་མ་ཞེས་བྱ། སྤྲོས་བྲལ་ཞེས་བྱ། འོད་གསལ་ཞེས་བྱ། དེ་རྟོགས་ན་པཎྜི་ཏ་རིག་༼༡༤ན༽པའི་གནས་ལྔ་ལ་མཁས་པ་བས་ཀྱང་ཡོན་ཏན་ཆེ། པཎྜི་ཏ་ནི་དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད། སྒྲ་མཚན་ཉིད་དུ་བྱེད་པ་ཡིན། ཀུན་ཤེས་གཅིག་རྡུགས་བྱ་བ་ཡིན། འདི་རྟོགས་ན་གཅིག་ཤེས་ཀུན་ལ་མཁས་པ་བྱ་བ་ཡིན། དོན་དངོས་ལམ་དུ་བྱེད་པ་ཡིན་པས་ཡོན་ཏན་ཆེ། ཞི་གནས་ཀྱི་ཏིང་ངེ་འཛིན་ནི་ཉིན་མཚན་ངོ་མི་ཤེས་པ་ཡོད་པ་བས། ཐ་མལ་གྱི་ཤེས་པ་ངོ་ཤེས་པ་དགའ། ཏིང་ངེ་འཛིན་དེ་ནི་ཐུན་མོང་བ་ཡིན་ཏེ། ལྷ་ཚེ་རིང་དང་། ཕྱི་བ་དང་དོམ་ལ་སོགས་པ་ཁུང་དུ་ཉལ་བ་རྣམས་ལའང་ཡོད། ཐ་མལ་གྱི་ཤེས་པའི་ཐུན་མོང་མ་ཡིན་པས་ཡོན་ཏན་ཆེ། དབང་བཞི་རིམ་གྱིས་བསྐུར་ནས་བསྐྱེད་པའི་རིམ་པ་བསྒོམས་པས། རེག་པའི་མཚན་མ་དང་། སྒྲའི་མཚན་མ་ལ་སོགས་པ་ཡི་དམ་ལྷའི་ཞལ་མཐོང་བ་བས། ཐ་མལ་གྱི་ཤེས་པ་ངོ་ཤེས་པ་དགའ། ཡི་དམ་ལྷའི་ཞལ་མཐོང་བ་ནི། ཡང་དག་པའི་ཀུན་རྫོབ། སྒྲིབ་པ་ཟད་པའི་མཚན་མ་ཙམ་ཡིན། ཐ་མལ་གྱི་ཤེས་པ་ནི་དོན་དམ་པའི་བདེན་པ་ཡིན་པས། ཡོན་ཏན་ཆེའོ། །མིག་དང་རྣ་བ་ལ་སོགས་པའི་མངོན་པར་ཤེས་པ་ལྔ་ཡོད་པ་བས་ཀྱང་། ཐ་མལ་གྱི་ཤེས་པ་ངོ་ཤེས་པ་དགའ། མངོན་པར་ཤེས་པ་ནི་ཟག་པ་དང་བཅས་པ་ཡིན་གྱིས། ཡི་དྭགས་དང་། དུད་འགྲོ་ལ་ཡང་ཡོད། ཐ་མལ་གྱི་ཤེས་པ་ངོ་ཤེས་ན། ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཞེས་གསུངས་པས། ཟག་པ་མེད་པའི་མངོན་པར་ཤེས་པ་ཡིན་པས་ངོ་མཚར་ཆེ། མི་སྣང་བ་དང་སྣང་བ་མེད་པ། ནམ་མཁའ་རྣམ་པར་དག་པ་ལྟར་སྟོང་པ་ཉིད་དུ་ཕྱམ་ཕྱམ་འགྲོ་བའི་ཉམས་ཡོད་ཀྱང་། དེ་བས་ཐ་མལ་གྱི་ཤེས་པ་དགའ། དེ་ནི་དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད་པ། རྗེས་དཔག་ལམ་དུ་བྱེད་པ་ཡིན། ༼༡༤བ༽ཐ་མལ་གྱི་ཤེས་པ་ནི། དོན་དངོས་ལམ་དུ་བྱེད་པ་ཡིན། མངོན་སུམ་པ་ཡིན་པས་ཡོན་ཏན་ཆེའོ། །ཐ་མལ་གྱི་ཤེས་པ་ངོ་ཤེས་པ་ནི་ཤེས་རབ་ཀྱི་རྒྱལ་པོ་ཡིན། སོ་སོར་རྟོག་པའི་ཤེས་རབ་ཀྱི་ཡུལ་མ་ཡིན་པས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཞེས་གསུངས་པས་ཡེ་ཤེས་ཐམས་ཅད་ཀྱི་རྒྱལ་པོ་ཡིན། ཡེ་ཤེས་རྣམ་པ་ལྔ་ཡང་འདི་ལ་ཚང་བ་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། གཟུང་འཛིན་གཉིས་མེད་དུ་རྟོགས་པས་སོ་སོར་རྟོག་པའི་ཡེ་ཤེས་ཡིན། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སྐད་ཅིག་སེམས་ཀྱི་དོན་ཀུན་རིག །ཅེས་གསུངས་པས། ལམ་ལྔ་ལ་སོགས་པ་བགྲོད་མི་དགོས་པར། སྐད་ཅིག་གཅིག་གིས་དོན་ཐམས་ཅད་གྲུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱང་འདི་ཡིན། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱང་མེ་ལོང་གི་གཟུགས་བརྙན་ལྟར་རྟོགས་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་འདི་ཡིན། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་རང་གི་རིག་པར་མཉམ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱང་འདི་ཡིན། དེའི་ཕྱིར་ན། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་གསུངས་པས། འདི་ཡེ་ཤེས་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ནོ། །ཡོན་ཏན་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཏེ། མངོན་པར་ཤེས་པ་གོང་མ་རྣམས་ལས་ཆེ་བ་མེད། དེ་བས་ཐ་མལ་གྱི་ཤེས་པ་ཡོན་ཏན་ཆེ། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཏེ། ཏིང་ངེ་འཛིན་གྱི་བྱེ་བྲག་ཇི་ཙམ་ཞིག་ཡོད་ཀྱང་། འདི་རྟོགས་ན་ཐམས་ཅད་ཕྱི་ཤུན་དང་སྦུན་པར་འགྲོ་བ་ཡིན། ༼༡༥ན༽ཆོས་ཐམས་ཅད་ཀྱི་སྙིང་པོ་འཁོར་འདས་ཐམས་ཅད་ཀྱི་རྩ་བ་འདི་ངོ་ཤེས་མ་ཤེས་ཡིན་པས། ཐ་མལ་གྱི་ཤེས་པ་ངོ་ཤེས་པ་གལ་ཆེ་གསུང་ངོ་།། །།རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ཕྱག་རྒྱ་ཆེན་པོ་རྟོགས་པའི་རྣལ་འབྱོར་པ་ནི། ལྟ་བ་འདོད་པ་གཉིས་དང་བྲལ་བ། སྒོམ་པ་གོ་རིམ་གསུམ་དང་བྲལ་བ། སྤྱོད་པ་སྔ་ཕྱི་གཉིས་དང་བྲལ་བ། འབྲས་བུ་རེ་དྭོགས་གཉིས་དང་བྲལ་བ་ཞིག་དགོས་གསུང་། དེ་ལ་ལྟ་བ་འདོད་པ་གཉིས་དང་བྲལ་བ་ནི། གཞི་གནས་ལུགས་ཀྱི་འདུག་ཚུལ། རྟོགས་ནས་རང་གཞན་གྱི་གྲུབ་མཐའ་གཉིས་དང་མཐུན་ན་དགའ་བ་དང་། མ་མཐུན་གྱིས་དོགས་པའི་གྲུབ་མཐའི་འདོད་པ་དང་། ད་ལྟའི་འདོད་པའི་གནས་ལུགས་དེ་ཉམས་སུ་བླངས་པས། འབྲས་བུ་འདི་དང་འདི་འབྱུང་སྙམ་པའི་འདོད་པ་དང་བྲལ་བ་ཞིག་དགོས། སྒོམ་པ་གོ་རིམ་གསུམ་དང་བྲལ་བ་ནི། སྦྱོར་བ་ལ་འདི་ལྟར་བསྒོམ། དངོས་གཞི་ལ་འདི་ལྟར་བསྒོམ། རྗེས་ལ་འདི་ལྟར་བསྒོམ་བྱ་བའི་གོ་རིམ་དང་བྲལ་བས་དུས་རྟག་ཏུ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པར། ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བསྒོམ་དགོས་པ་ཡིན་གསུང་། སྤྱོད་པ་སྔ་ཕྱི་གཉིས་དང་བྲལ་བ་ནི། སྔོན་ལ་འདི་བྱ་རྗེས་ལ་འདི་བྱ་སྙམ་པ་དང་བྲལ་བ་སྟེ། མདོར་ན་གཟའ་གཏད་དང་བྲལ་བ་ཞིག་དགོས་གསུང་། ཡང་ན་སྤྱོད་པ་དགག་སྒྲུབ་གཉིས་དང་བྲལ་བ་ནི། ཉོན་མོངས་པ་སྤང་བར་འདོད་པ་དང་། གཉེན་པོ་ཡེ་ཤེས་སྒྲུབ་པར་འདོད་པ་དང་བྲལ་བ་སྟེ། མདོར་ན་དགག་སྒྲུབ་གཉིས་དང་བྲལ་བ་ཞིག་དགོས་གསུང་ངོ་། །འབྲས་བུ་རེ་དྭོགས་གཉིས་དང་བྲལ་བ་ནི། མྱ་ངན་ལས་འདས་པ་ཐོབ་པར་རེ་བ་དང་། འཁོར་བར་འཁྱམས་ཀྱིས་དོགས་པ་དང་བྲལ་བ་ཞིག་དགོས་ཏེ། མདོར་༼༡༥བ༽ན་འཁོར་འདས་གཉིས་མེད་བདེ་བ་ཆེན་པོར་རྟོགས་པ་ལ། ཡར་སངས་རྒྱས་ལ་རེ་བ་མེད། མར་འཁོར་བ་ལ་དོགས་པ་མེད་པ་ཞིག་དགོས། རྟོགས་ལྡན་གྱི་རྣལ་འབྱོར་པ། དོན་དེ་ལྟ་བུ་ཞིག་དང་ལྡན་པ་དགོས་པ་ཡིན་པས། དེ་ལྟར་དགོངས་འཚལ་གསུང་། རྗེ་བཙུན་རིན་པོ་ཆེའི་ཞལ་ནས། སྤྱིར་ཆོས་ཉན་པ་ལ། བསམ་པ་ཕུན་སུམ་ཚོགས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་གཉིས་ཡིན། བསམ་པ་ཕུན་སུམ་ཚོགས་པ་ལ་བཞི། བདག་གྲགས་པ་འདོད་པའི་ཕྱིར་མ་ཡིན་གྱིས། གཞན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་བྱ་བའི་ཕྱིར་ཉན་བསམ་པ་དང་། བདག་རྙེད་པ་དང་། བཀུར་སྟི་ཐོབ་པར་བྱ་བའི་ཕྱིར་མ་ཡིན་ཏེ། གཞན་དུ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ཉན་སྙམ་པ་དང་། བདག་རྩོད་པ་ལས་རྒྱལ་བའི་ཕྱིར་མ་ཡིན་གྱི། གཞན་དུ་ན་ཉོན་མོངས་པའི་དགྲ་གཡུལ་ལས་རྒྱལ་བའི་ཕྱིར་ཉན་སྙམ་པ་དང་། བདག་ཆོས་ཀྱི་མཁན་པོའི་མཚང་འབྲུ་བའི་ཕྱིར་མ་ཡིན་གྱིས། གཞན་དུ་ན་ཆོས་ཀྱི་མཁན་པོ་དང་། ཆོས་ལ་གུས་པར་བྱ་བའི་ཕྱིར་ཉན་སྙམ་པའོ། །སྦྱོར་བ་ཕུན་སུམ་ཚོགས་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་སྦྱོར་བ་ལ། རྨི་ལམ་སྒྱུ་མ་ལྟ་བུས་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས། དངོས་གཞི་ལ་ཆོས་གང་ཡིན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་ཚང་བའི་སྒོ་ནས་ཉན། རྗེས་ལ་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་གྱི་དོན་དུ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ཡིན། དེ་ཐམས་ཅད་ཀྱི་དོན་བསྡུས་ནས་ཉམས་སུ་ལེན་པ་ནི། རྨི་ལམ་སྒྱུ་མ་ལྟ་བུའི་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ལ་དགོད་པར་བྱ། དེའི་ཆེད་དུ་བདག་རྫོགས་༼༡༦ན༽པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བདག་གདམས་ངག་རིན་པོ་ཆེ་ཉན་པར་བྱ། གོ་བར་བྱ། རྟོགས་པར་བྱ། ཉམས་སུ་བླང་བར་བྱ་སྙམ་པའི་བསམ་པ་ཁྱད་པར་ཅན་བསྐྱེད་དགོས་པ་ཡིན། ལར་ཆོས་ཉན་པ་ལ་བསམ་པ་རྣམ་པར་དག་པ་གལ་ཆེ་གསུང་།། །།རྗེ་བཙུན་རིན་པོ་ཆེའི་ཞལ་ནས། གོལ་ས་ཐམས་ཅད་ཀྱི་ཆེ་བ་གང་། འཇིག་རྟེན་འདིའི་མངོན་ཞེན་ཡིན། དེ་བས་ཚེ་འདི་ལ་བློ་ལྡོག་དགོས། ཚེ་འདི་ལ་བློ་མ་ལོག་པ་ལ་སྒོམ་ཆེན་པ་འོང་བའི་ཐབས་མེད་གསུང་། ཉམས་སུ་ལེན་པ་ལ་ཉམས་མྱོང་གི་གོལ་ས་གསུམ། ལྟ་བའི་ཤོར་ས་བཞི་ཡོད། ཉམས་མྱོང་གི་གོལ་ས་གསུམ་ནི། ལུས་བདེ། སེམས་བདེ། ལུས་བདེ་བས་རྒྱས་པའི་ཉམས་འབྱུང་སྟེ། དེ་ལ་ཆགས་ཤིང་མངོན་པར་ཞེན་ནས་མཆོག་ཏུ་བཟུང་བས། འདོད་ཁམས་ཉེ་བར་ལེན་པའི་རྒྱུ་ཡིན་ཏེ། དེའི་སྐབས་སུ་ཤི་ན་འདོད་པའི་ཁམས་སུ་གོལ་ནས་འགྲོ་སྟེ། འདོད་པ་ཁམས་ཀྱི་བདེ་བའི་ལོངས་སྤྱོད་མྱོང་ནས། མར་ངན་སོང་གསུམ་དུ་མུ་མཐའ་མེད་པ་ལ་འགྲོ་བ་ལ་ཚེགས་མེད། བྱིང་རྨུགས་དང་བྲལ་བ་ལ་གསལ་བའི་ཉམས་བྱུང་བ་ལ་ཆགས་ཤིང་མཆོག་ཏུ་བཟུང་བས་གཟུགས་ཁམས་སུ་གོལ་ནས་འགྲོ་བ་ཡིན་གསུང་། དེའི་བདེ་བ་དང་ལོངས་སྤྱོད་མྱོང་ནས་མར་ལ་ལྟུང་བ་ལ་ཚེགས་མེད། རྣམ་རྟོག་རླུང་གིས་མ་བསྐྱོད་པའི་ཉམས་བྱུང་བ་ལ། ཆགས་ཞེན་མཆོག་ཏུ་བཟུང་བས། གཟུགས་མེད་ཀྱི་ཁམས་ཉེ་བར་ལེན་པའི་རྒྱུ་ཡིན་ཏེ། དེའི་སྐབས་སུ་ཤི་ན་གཟུགས་མེད་ཁམས་སུ་གོལ་ནས་འགྲོ་བའི་རྒྱུ་ཡིན་གསུང་། དེའི་བདེ་བ་དང་ལོངས་སྤྱོད་མྱོང་ནས། ངན་སོང་གསུམ་དུ་མུ་མཐའ་མེད་པར་འགྲོ་བ་ཡིན། དེ་གསུམ་དུ་མ་གོལ་ཡང་། སྟོང་པ་ཉིད་ལ་༼༡༦བ༽ཤོར་ས་བཞི་ཡོད་དེ། སྟོང་པ་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་ནི། གཟུང་འཛིན་གྱི་ཆོས་ཐམས་ཅད་ཡེ་དག་ཡེ་གྲོལ་ཏེ། དང་པོ་ཡེ་ནས་སངས་རྒྱས་ཡེ་ནས་ལྷུན་གྲུབ་ཡིན་པས། བསྒོམས་པས་བཟང་དུམ་སོང་། མ་བསྒོམས་པས་ངན་དུ་མ་སོང་། དགེ་མི་དགེ་མེད། དགེ་བས་ཕན་མི་འདོགས། མི་དགེ་བས་གནོད་མི་སྐྱེལ་བ་ནི། ར་རོག་པོའི་ཁོང་པར་ལག་པ་བཅུག་པ་དང་། ཕད་རྩེ་ནག་པོའི་ནང་དུ་ལག་པ་བཅུག་པ་འདྲ་ཟེར་ནས། སྟོང་པ་ཁ་འབྱམ་དུ་སྨྲ་བ་དེ་ནི་སྟོང་པ་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་ཡིན་གསུང་། སྟོང་པ་ཉིད་གཉེན་པོར་ཤོར་བ་ནི་ལར་གཞུང་ཀཱ་རི་ཀ་ཡན་ཆད། གསང་བ་འདུས་པ་མན་ཆད་ཀྱི་ཐོས་བསམ་བྱེད་པ་དང་། འཆི་བ་མི་རྟག་པ་བསྒོམ་པ་ཡན་ཆད། སྐྱེ་བ་མེད་པའི་དོན་བསྒོམ་པ་མན་ཆད་ཀྱི་སྲུང་སྡོམ། བསགས་སྦྱངས། སྒོམ་སྒྲུབ་ཅི་བྱེད་པ་ཉོན་མོངས་པའི་གཉེན་པོར་འགྲོ་དགོས། དེ་བས་ཉོན་མོངས་པའི་གཞི་རྩ་ཆོད་པ་གལ་ཆེ། གཞི་རྩ་ཆོད་ན་ཐངས་ཤིང་གི་རྩ་བ་ཆོད་པ་དང་འདྲ་བ་ཡིན། དེ་ལྟར་མ་གྱུར་ན་ཉོན་མོངས་པ་དུག་ལྔ། དུག་གསུམ་གང་སྐྱེས་ཀྱང་སྟོང་པ་ཉིད་ཡིན་པས། ཉོན་མོངས་པའི་རང་བཞིན་མ་གྲུབ་པར་བློས་དཔྱད་ནས་བཞག་པས། མ་གྲུབ་པར་བསྒོམས་པ་དེས་ཕན་པ་འདྲ་སྟེ། དེས་ཉོན་མོངས་པ་རྩད་ནས་ཆོད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མགོ་ཡང་མ་ནོན་ཁ་ཡང་མ་བྲི་སྟེ། གཞི་རྩ་མ་ཆོད་པའི་བློས་དཔྱད་ནས་གཞག་པ་སྟོང་པ་ཉིད་ཉོན་མོངས་པའི་གཉེན་པོར་ཤོར་བ་བྱ་བ་ཡིན་གསུང་། སྟོང་པ་ཉིད་རྒྱས་འདེབས་སུ་ཤོར་བ་ནི། དཀར་པོའི་ཆོས་ཅི་དང་ཅི་བྱེད་པ་ཐམས་ཅད་ལ་དངོས་པོ་དང་མཚན་མར་ཞེན་པའི་གཉེན་པོར་གཅིག་དང་དུ་བྲལ་ལ་སོགས་པས་གཞིགས་པའི་རིག་པའི་གཞལ་གཞིག་བྱས་པས་༼༡༧ན༽མ་གྲུབ་པར་གཏན་ལ་ཕབ་ཀྱང་རུང་། ཤཱུནྱ་ཏཱའམ། སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས་ནས་མ་གྲུབ་པར་བྱས་ཀྱང་རུང་། འཁོར་གསུམ་ཡོངས་སུ་དག་པའི་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པར་བྱས་པས་རང་བཞིན་མ་གྲུབ་པར་བྱས་ཀྱང་རུང་སྟེ། དང་པོ་དངོས་པོ་དང་མཚན་མ་ཅན་དམིགས། རྗེས་ལ་རང་བཞིན་མ་གྲུབ་པ་སྟོང་པར་རྒྱས་འདེབས་པ་ནི། སྟོང་པ་ཉིད་རྒྱས་འདེབས་སུ་ཤོར་བ་ཡིན་གསུང་། སྟོང་པ་ཉིད་ལམ་དུ་ཤོར་བ་ནི། ལར་ཕྱག་རྒྱ་ཆེན་པོའི་གནས་ལུགས་རྟོགས་པའི་དུས་སུ། རྒྱུ་དང་ལམ་དང་འབྲས་བུ་གསུམ་རང་བཞིན་གཅིག་གིས་རྫོགས་པ་ཡིན། བློས་བྱས་མ་ཡིན་པར་ནང་ནས་འཆར་བ་ཡིན་པས་ན། མཚན་བརྗོད་ལས། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་གསུངས་པ་ཡང་དེ་ལྟ་བུ་ལ་གསུངས་པ་ཡིན་པ་ལ། དེ་མ་ཤེས་པར་སྟོང་པ་ཉིད་བསྒོམ་པ་ལ་ལམ་བྱས་ནས། འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་མཚན་དང་དཔེ་བྱད་ལྡན་པ་ཞིག་ཐོབ་པར་བྱ་སྙམ་པ་ནི་སྟོང་པ་ཉིད་ལམ་དུ་ཤོར་བ་ཡིན། ལར་དེ་ལྟར་མ་སོང་བ་གལ་ཆེ་གསུང་།། །།རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ལར་ཐེག་པ་ཆེན་པོའི་ལུགས་ཀྱིས། སྲུང་སྡོམ་དང་། བསགས་སྦྱང་དང་། སྦྱིན་གཏོང་གི་རིམ་པ་ཅི་བྱེད་ཀྱང་། དངོས་པོ་གཙོ་མི་ཆེ། བསམ་པ་གཙོ་ཆེ་བ་ཡིན་པས། ཆོས་སྤྱོད་ཅི་བྱེད་ཀྱང་སྔོན་ལ་བསམ་པ་རྣམ་པར་དག་པ་གལ་ཆེ། དེ་ཡང་བསམ་པ་ཁྱད་པར་ཅན་བསྐྱེད་ལ། བྱང་ཆུབ་ཀྱི་སེམས་རྒྱས་འབྲིང་བསྡུས་གསུམ་ཡིན་གསུང་། རྒྱས་པ་ནི་རྨི་ལམ་སྒྱུ་མ་ལྟ་བུ། ནམ་༼༡༧བ༽མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱ་དགོས། ཐེག་པ་ཆུང་ངུའི་ཉན་ཐོས་ཀྱི་བྱང་ཆུབ་དང་། རང་རྒྱལ་གྱི་བྱང་ཆུབ་མ་ཡིན་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ་དགོས། དེའི་ཕྱིར་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཐབས་སུ་ཆོས་སྤྱོད་སྒོམ་སྒྲུབ་ཀྱི་རིམ་པ་འདི་དང་འདི་བྱ་སྙམ་དུ་སེམས་བསྐྱེད་གསུང་། འབྲིང་ནི་རྨི་ལམ་སྒྱུ་མ་ལྟ་བུའི་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་འདི་དང་འདི་བྱ་སྙམ་པའོ། །བསྡུས་པ་ནི་རྨི་ལམ་སྒྱུ་མ་ལྟ་བུས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་སྤྱོད་ཀྱི་རིམ་པ་འདི་བྱ་སྙམ་དུ་བློ་བསྐྱེད། ལར་བསགས་སྦྱང་གི་རིམ་པ་གང་དང་གང་བྱེད་ཀྱང་། སྦྱོར་བ་རྨི་ལམ་སྒྱུ་མ་ལྟ་བུས་བྱང་ཆུབ་ཀྱི་སེམས་རྒྱས་བསྡུས་གང་རུང་ཞིག་གིས་ཀུན་ནས་བསླངས་ནས། དངོས་གཞི་རྨི་ལམ་སྒྱུ་མ་ལྟ་བུར་ཆོས་ཐམས་ཅད་ཉམས་སུ་བླང་། རྗེས་རྨི་ལམ་སྒྱུ་མ་ལྟ་བུར་དགེ་བའི་རྩ་བ་སེམས་ཅན་གྱི་དོན་དུ་བསྔོའོ།། །།དེ་ནས་རྨི་ལམ་སྒྱུ་མ་ལྟ་བུས་བསྔོ་བ་པོ་བདག་དང་། བསྔོ་བའི་ཡུལ་སེམས་ཅན་དང་། བསྔོ་བའི་དངོས་པོ་དེ་ལས་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་རང་གི་སེམས་ཉིད་དང་ཐ་མི་དད་ཅིང་། གཉིས་སུ་མེད་པའི་ངོ་བོ་སེམས་ཉིད་ཀྱི་ཆོ་འཕྲུལ་དུ་ཤེས་པར་བྱ་གསུང་། རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ཁྱེད་འདིར་ཚོགས་པའི་སྒོམ་ཆེན་པ་རྣམས་སྒྲུབ་པ་རྣལ་མར་བྱེད་ན། ཚེ་འདིའི་སྡོས་ཐག་གཅད་ནས་ལུས་སྲོག་འབེན་དུ་བཙུགས། ལྟོ་གོས་ལ་གྱོང་བསྐུར་ནས་ཉམས་སུ་ལེན་དགོས་པ་ཡིན། དེ་ལྟར་བྱེད་པ་ལ་རི་ཁྲོད་བསྟེན་དགོས་པ་ཡིན་གསུང་། རབ་སེང་གེ་བཞིན་དུ་གངས་ལ་སོང་། །འབྲིང་རྒྱ་སྟག་བཞིན་དུ་ནགས་༼༡༨ན༽ལ་སོང་། །ཐ་མ་བྱ་རྒོད་བཞིན་དུ་བྲག་ལ་སོང་། །དུར་ཁྲོད་ཀྱི་ཝ་མོ་ལྟར་གྲོང་དུ་གཞོལ་བར་མ་བྱེད། ལར་ཟས་གོས་གཉིས་ལ་འཁྲི་བ་ཆེ་བ་ལ་རི་པ་མི་འོང་བས། གོས་རས་གོས་རྐྱང་པ་ཐུབ་པ་གལ་ཆེ། ཟས་གྱི་ན་ཙམ་ལ་བརྟེན་ནས། ཆེ་རུང་ཆུང་རུང་དོན་ཅིག་སྒྲུབ་ན། ཚེ་འདི་ལ་སྐྱིད་ཀྱང་བཟོད། སྡུག་ཀྱང་བཟོད། ཅི་བྱུང་འདྲ་སྙམ་པ་ཞིག་དགོས། ལར་ཆོས་བྱེད་ན་མི་ཐམས་ཅད་ལ་རེ་མ་ཆེ། མགུ་དཀའ་ལ་འཁང་མ་སྐྱེན། དྲིན་མ་རྩི་དང་ཡགས་པར་འོང་། ཁོ་བོས་ནི་སུ་ལ་ཡང་དྲིན་རྩི་མ་མྱོང་སྟེ། ཁོ་བོ་ནི་ཁྱེད་ཅག་རྣམས་ལ་དྲིན་ཆེ་སྙམ། ལར་སློབ་མས་སློབ་དཔོན་གྱི་ཞབས་འདྲེན་པ་དང་། སློབ་དཔོན་གྱིས་སློབ་མའི་ཞབས་འདྲེན་པ་མཉམ་པོ་ཡིན་པ་ལ། ཁོ་བོས་ཁྱེད་ཚོའི་ཞབས་འདྲེན་དུ་མ་སོང་བར་བྱ་སྙམ་པ་ཡིན། ཁོ་བོའི་སློབ་མར་གྱུར་པ་ཐམས་ཅད་རབ་སྐྱེ་བ་འདི་ལ་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པ་ཡིན། འབྲིང་བར་དོ་ལ། ཐ་མ་སྐྱེ་བ་ཕྱི་མ་ལ་རྫོགས་པའི་བྱང་ཆུབ་ལ་འགོད་པ་ཡིན། ཁྱེད་ཚོ་རང་མགོ་རང་གིས་མ་རྡུང་། རང་གིས་རང་ལ་ཐུགས་ལ་ཐོགས་དང་། ངེས་པར་དེ་ཁོ་ན་ལྟར་ཡིན་ལ། སྤྱིར་ཆོས་བྱེད་པ་ལ་ཁ་ཆོས་པར་མ་སོང་བ། ཞར་ཆོས་པར་མ་སོང་བ། སླ་ཆོས་པར་མ་སོང་བ། ལོ་ཆོས་པར་མ་སོང་བར་གྱིས། མིས་ཀྱང་ཆོས་བྱེད་མཁན་ཡིན་སྙམ། རང་གིས་ཀྱང་ཆོས་བྱས་སྙམ་ནས། མི་ནག་ཏུ་འཆི་ཉེན་ཡོད་པ་ཡིན་པས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང་། འཆི་བ་མི་རྟག་པ་བསྒོམ་པ་དང་། ལས་རྒྱུ་འབྲས་བསྒོམ་པ་གལ་ཆེ། འདི་བརྩོན་འགྲུས་ཀྱི་ལྕག་ཡིན། ལར་ཆོས་ལ་ཞུགས་པའི་གང་ཟག་ནི། རབ་འཆི་ཁར་དགའ་ཡལ་ལེ། འཛུམ་མུ་ལེ། བྲོད་ཏིང་ངེ་བ། བདེ་ནས་བདེ་བར་འགྲོ་བ་ཞིག་དགོས། འབྲིང་འཆི་ཁར་མི་འཚེར་བ་ཞིག་༼༡༨བ༽དགོས། ཐ་མ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ངས་འདི་དང་འདི་བྱས་སྙམ་འགྱོད་པ་མེད་པ་ཞིག་དགོས། སྒོམ་ཆེན་པ་རྣམས་རི་ཁྲོད་བསྟེན་པའི་དགོས་པ་ནི། བྱ་བྱེད་ཐམས་ཅད་སྤངས། གཡེང་བ་ཐམས་ཅད་སྤངས་ལ། དབེན་པར་རྩེ་གཅིག་ཏུ་དགེ་སྦྱོར་ཉམས་སུ་ལེན་པར་འདོད་ནས་རི་ཁྲོད་བསྟེན་པ་ཡིན། གཡེང་བ་བྱེད་ན་གྲོང་གསེབ་དང་། སྡེ་པའི་ནང་དུ་བྱེད་པས་ཆོག་པས། རི་ལ་བསྡད་ནས་གྲོང་གསེབ་ལས་གཡེང་བ་ཆེ་བ་མ་བྱེད། དགེ་སྦྱོར་ལ་བརྩོན་པར་གྱིས། དགེ་སྦྱོར་མི་ཟད་པའི་གཏེར་ཆེན་པོ་ཡིན་པས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན། སྐྱེ་བ་གཏན་གྱི་བསོད་ནམས་ཡིན་པས་ཤིན་ཏུ་གལ་ཆེ། དགེ་སྦྱོར་སྐྱེས་ནས་གོམས་པར་མཐར་ཕྱིན་དགོས། སྒོམ་ལྟ་ཐོག་ཏུ་སྐྱེལ་དགོས་པ་ཡིན། དེ་ལྟ་བུ་ཞིག་གིས་གཞན་དོན་བྱེད་པ་ཡིན་པས། དེ་མིན་པས་གཞན་དོན་བྱས་པས་རང་ལ་ནི་གནོད། གཞན་ལ་ཕན་པར་ནི་དཀའ་བས། སྔོན་ལ་རང་དོན་མཐར་ཕྱིན་པར་མཛོད་ལ། དེ་ནས་སློབ་མ་སྐྱོངས། རང་དོན་མཐར་ཕྱིན་པ་ལ་རི་ཁྲོད་འགྲིམ་པ་གལ་ཆེ། དེ་ལ་བཀའ་གདམས་པའི་ཞལ་ནས། རི་ཁྲོད་འགྲིམ་པ་ལ་ཆོས་ལྔ་ཡིན་གསུང་། ཚུལ་ཁྲིམས་ལ་ངོས་ལྐོག་མེད་པ། གཉེན་པོས་རྐྱེན་ཐུབ་པ། གདམས་ངག་ལ་རང་བྱན་ཚུད་པ། དད་པས་ཁམས་སོས་པ། ནུས་པས་གནོད་པ་ཕྲ་མོ་སེལ་ནུས་པ་ཞིག་དགོས་གསུང་། བདེ་བར་གཤེགས་པ་རིན་པོ་ཆེའི་ཞལ་ནས། རི་ཁྲོད་བསྟེན་པ་ལ་ཆོས་བཞི་ཡིན་གསུང་། གདམས་ངག་གི་གདེང་ཐོབ་པ། ནུས་པའི་གདེང་ཐོབ་པ། ཉམས་མྱོང་གི་གདེང་ཐོབ་པ། ལྟ་བའི་གདེང་ཐོབ་པ་ཞིག་དགོས་ཏེ། དོན་དེ་རྣམས་དང་ལྡན་པར་བྱེད་པ་ལ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་ཉེ་བར་འཇོག་༼༡༩ན༽པ། གསོལ་བ་རྒྱུན་ཆད་མེད་པར་འདེབས་ཤིང་། བླ་མའི་སྤྱན་སྔར་ཡུན་རིང་དགོས། བྱ་མོས་ལུད་པ་ཐོབ་པ་བཞིན་སོང་བས་མི་ཆོག །དེ་ཡང་དགེ་བའི་བཤེས་གཉེན་ལ་གོ་འདྲིས་སུ་མ་སོང་བ། གདམས་ངག་ལ་སྣ་དྲེད་དུ་མ་སོང་བ། དད་པ་སྣོད་རྙིང་དུ་མ་སོང་བ་གལ་ཆེ། མི་ལུས་རིན་པོ་ཆེ་ཐོབ། བསྟན་པ་རིན་པོ་ཆེའི་སྒོར་ཞུགས། ཆོས་རིན་པོ་ཆེ་ཐོབ། ཡང་དག་པ་དགེ་བའི་བཤེས་གཉེན་རིན་པོ་ཆེ་དང་མཇལ། གདམས་ངག་རིན་པོ་ཆེ་ཞུས། སྒྲུབ་པ་ཉམས་སུ་ལེན་པའི་རང་དབང་ཡོད་པའི་རྟེན་འབྲེལ་འདི་རྣམས་འཛོམ་སྟེང་ལ་བསྒོམ་དགོས། དེའི་དུས་སུ་བསྒོམ་ན་སྒོམ་མི་ཡོང་མི་སྲིད། མ་བྱུང་ན་རང་གིས་མ་བསྒོམས་པ་ཡིན། བླ་མ་མཉེས་པར་བྱེད་པ་ལ། རབ་སྒྲུབ་པའི་ཞབས་ཏོག་ཡིན། འབྲིང་ལུས་ངག་གི་ཞབས་ཏོག་ཡིན། ཐ་མ་ཟང་ཟིང་གི་ཞབས་ཏོག་ཡིན་པས། ཆོས་གཤའ་མར་བྱས་ན་རང་དོན་གཞན་དོན་ཀུན་འབྱུང་། ཚེ་འདི་དང་ཕྱི་མ་དུས་ཐམས་ཅད་དུ་སྐྱིད་པ་རང་སྐྱིད། སྨོན་པ་མིས་སྨོན་པ་འོང་བ་ཡིན། དེ་ལྟར་མ་བྱས་ན་སྡུག་པ་རང་སྡུག །འཕྱ་བ་མིས་འཕྱ། འབྲས་བུ་ངན་སོང་དུ་འགྲོ་བ་ཡིན་གསུང་། ཁྱེད་རྣམས་སྙིང་ཐག་པ་ནས་ཆོས་བྱ་སྙམ་ན། བརྩོན་འགྲུས་དང་གཉེན་པོ་དང་དད་གུས་ཀྱི་སྟོབས་བསྐྱེད་ལ། བླ་མ་དང་མཆེད་གྲོགས་ཀྱི་ཞབས་འདྲེན་དུ་མ་སོང་བ། སེམས་ཅན་གྱི་སྡིག་རྐྱེན་དུ་མ་སོང་བ་སྟེ། མདོར་ན་ལས་མཐའ་མ་ལོག་པ་རེ་མཛད་པར་ཞུ་གསུང་།། །།རྗེ་བཙུན་རིན་པོ་ཆེའི་ཞལ་ནས་བཀའ་གདམས་པའི་ལུགས་ཀྱིས་སློབ་མས་བླ་མར་བསྟེན་པ་ལ། ཆོས་བཅུ་ཡིན་གསུང་། དེ་ཡང་སྐྱོ་དུབ་མེད་པའི་དད་པ་ཅན་གྱིས་དགེ་བའི་བཤེས་གཉེན་བསྟེན་པར་༼༡༩བ༽བྱ་སྟེ། གྲུབ་པའི་དཔེ་ལྟ་བུ་ཞིག་དགོས། སེར་སྣ་མེད་པའི་ཟང་ཟིང་ཅན་གྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱ་སྟེ། བླ་མ་ལྔ་བཅུ་པ་ལས། སྦྱིན་མིན་བུ་དང་ཆུང་མ་དང་། །རང་གི་སྲོག་ཀྱང་གཏང་བར་བྱ། །ཞེས་པ་དང་མཐུན་པ་ཞིག་དགོས། དྲི་མ་མེད་པའི་ལྷག་བསམ་ཅན་གྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱ། ཞེས་གསུངས་པས། དྲི་མ་ནི་ཉན་ཐོས་དང་རང་སངས་རྒྱས་སུ་སེམས་བསྐྱེད་པ་མན་ཆད་ཀྱི་བསམ་པ་གང་གིས་ཀྱང་ཀུན་ནས་བསླངས་པ་མ་ཡིན་པར། ལྷག་པའི་བསམ་པ་རྣམ་པར་དག་པ་དགོས། རྨོངས་པ་མེད་པའི་ཤེས་རབ་ཅན་གྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱ། ཞེས་པ་ནི། བླ་མའི་གདམས་ངག་རྒྱུ་མཚན་དང་བཅས་པ་གང་ལ་ཡང་མ་རྨོངས་པ་ཞིག་དགོས་གསུངས་པས། ང་རྒྱལ་མེད་པའི་གུས་པ་ཅན་གྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱ། ཞེས་པ་ནི། བླ་མ་ལ་སྨན་པའི་འདུ་ཤེས། རང་ལ་ནད་པའི་འདུ་ཤེས། ཆོས་ལ་སྨན་གྱི་འདུ་ཤེས། ནད་པས་སྨན་པ་བཀུར་བ་ལྟ་བུ་ཞིག་དགོས། སོམ་ཉི་མེད་པའི་སྲི་ཞུ་ཅན་གྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱ། ཞེས་པ་ནི། བླ་མས་ཅི་གསུངས་པ་ལ་ཐེ་ཚོམ་མེད་པར་ཡིད་ཆེས་པ་ཞིག་དགོས། གཡོ་སྒྱུ་མེད་པའི་དྲང་མཁན་ཅན་གྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱ། ཞེས་པ་ནི། རྫུན་དང་གཡོ་སྒྱུ་སྤངས་ནས་སྙིག་ཐག་པ་ནས་གུས་པ་ཞིག་དགོས། གྱོང་ཁེངས་མེད་པའི་མཉེན་ལྕུག་ཅན་གྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱ། ཞེས་པ་ནི། རང་རྒྱུད་གྱོང་པོ་དང་རིགས་རུས་ཀྱི་ཁེངས་པ་དང་རློམ་པ་མེད་པའི་ཕྱིར་ཞི་དུལ་དང་ལྡན་པ་ཞིག་དགོས། རྡོ་རྗེ་སློབ་དཔོན་གྱི་བཀའ་བྱུང་ན་ཡི་གེ་ནའི་འཇུག་མ་ཆོད། ཅེས་པ་ནི། བླ་མས་ཇི་ལྟར་གསུངས་པ་བཞིན་བྱེད་པ་ཞིག་དགོས། ཁྲོ་བ་མེད་པའི་༼༢༠ན༽བཟོད་པ་ཅན་གྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱ། ཞེས་པ་ནི། བླ་མ་ནཱ་རོ་པས་དཀའ་བ་བཅུ་གཉིས་སྤྱད་པ་ལྟ་བུ་ཞིག་དགོས། ཐ་མལ་མ་ཡིན་པའི་ལྷ་སྐུ་ཅན་གྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱ། ཞེས་པ་ནི། བླ་མ་ལ་དུས་ཐམས་ཅད་དུ་ཐ་མལ་གྱི་འདུ་ཤེས་མེད་པར་སངས་རྒྱས་སུ་བལྟ་བ་ཞིག་དགོས་གསུང་། བླ་མ་བསྟེན་པ་ལ་ཆོས་དེ་ཚོ་དང་ལྡན་པ་ཞིག་གལ་ཆེ། ཅི་རུང་རུང་བྱས་པས་མི་ཡོང་བ་ཡིན་གསུང་། རྗེ་རིན་པོ་ཆེའི་གསུང་སྒྲོས། དགེ་སློང་ཤེས་རབ་གཞོན་ནུས་ཡི་གེར་བཀོད་པ་རྫོགས་སོ། །དགེའོ།།
