| / Mahamudra / Gampopa |
Gampopa's collected works (6)
༼༡ན༽ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ཚོགས་ཆོས་ཡོན་ཏན་ཕུན་ཚོགས་བཞུགས་སོ། །
༼༡བ༽༄༅། །ཨོཾ་སྭ་སྟི། ཡོན་ཏན་ཕུན་ཚོགས་ལྷུན་གྱིས་གྲུབ། །རྣམ་དག་འགྱུར་མེད་འདུས་མ་བྱས། །ཆོས་ཉིད་མངོན་དུ་སྟོན་མཛད་པའི། །བླ་མ་རིན་པོ་ཆེ་ལ་འདུད། །རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། བསོད་ནམས་བསགས་པ་ལ་བོགས་གང་ཆེ། བླ་མ་ལ་བསྙེན་བཀུར་བྱས་པ་བོགས་ཆེ་གསུང་། དགེ་བཤེས་ཡོན་བདག་གིས། དགེ་བཤེས་པོ་ཏོ་བ་ལ། བསོད་ནམས་བསགས་པ་ལ་བོགས་གང་ཆེ་ཞུས་པས། མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རང་གི་མཐོང་བར་མངོན་སུམ་དུ་སྤྱན་དྲངས་ནས། དེ་དག་ལ་ལྷའི་ལོངས་སྤྱོད་དཔག་ཏུ་མེད་པའམ། ལྷ་ཡི་རིན་པོ་ཆེའི་ཕུང་པོ་དཔག་མེད་ཀྱིས་མཆོད་པ་བས། རང་གི་བླ་མའི་བ་སྤུའི་བུག་པ་གཅིག་ལ་མཆོད་པ་ཕུལ་བ་བསོད་ནམས་ཆེ་གསུང་སྐད། དེས་ན་ཁོ་བོས་བླ་མ་མི་ལ་ལ་ཞུས་པས། འདི་སྐད་གསུང་། གདན་བཞི་ལས། དུས་གསུམ་སངས་རྒྱས་མཆོད་པ་བས། །བླ་མའི་བ་སྤུ་ཁུང་ཞིག་མཆོད། །དེ་ནི་བསོད་༼༢ན༽ནམས་ཁྱད་པར་འཕགས་གསུང་། དེ་བས་ཆེ་བ་བདོག་གམ་ཞུས་པས། ཡོད་དེ་བླ་མས་བྱིན་གྱིས་བརླབས་པའི་གདམས་པ་བཀའ་བཞིན་སྒྲུབ་པ་བསོད་ནམས་ཆེ་གསུང་། བླ་མ་མི་ལའི་ཞལ་ནས། ལྟ་བའི་ཕྱིར་མ་འབྲང་ཉམས་སུ་ལེན་གྱི་ཕྱིར་འབྲོངས། སྟོང་པ་ལ་ནོར་ས་ཡོད་གསུང་། དེ་ཡང་བཞི་སྟེ། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་དང་། གཉེན་པོར་ཤོར་བ་དང་། ལམ་དུ་ཤོར་བ་དང་། ཤེས་བྱའི་གཤིས་ལ་ཤོར་བའོ། །དེ་ལ་གཟུང་བ་དང་འཛིན་པ་ལ་སོགས་པ་བློའི་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བྱས་ནས་འཇོག་པ་ནི་རྒྱས་འདེབས་སུ་ཤོར་བའོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྐྱེས་པའི་དུས་སུ། དེ་ཉིད་སྟོང་པར་བྱས་ནས་འཇོག་པ་ནི་གཉེན་པོར་ཤོར་བའོ། །ཆོས་ཐམས་ཅད་ཅི་ཡང་མ་ཡིན་པ་གཞི་རྩ་མ་གྲུབ་པར་བྱས་ནས་དེ་ལ་བློ་འཇོག་པ་ནི་ལམ་དུ་ཤོར་བའོ། །ཡེ་དག་ཡེ་བྱང་ཡེ་སངས་ཡེ་གྲོལ་བཞི་ལས་བསྒོམ་རྒྱུ་ཡང་མེད་ཅིང་བསྒོམ་པ་ཡང་མེད་ཟེར་ནས་སྟོང་པ་ཉིད་ལ་ཕྱལ་གྱིས་སོང་བ་དེ་ནི། ༼༢བ༽ཤེས་བྱའི་གཤིས་ལ་ཤོར་བའོ། །དེ་རྣམས་ལམ་རྣལ་མ་མ་ཡིན། འོན་ཀྱང་ཞེན་པ་འབྲལ་བ་ལ་ཕན་པས་རུང་གསུང་། འོ་ན་སྟོང་པ་ཉིད་རྣལ་མ་གང་ཡིན་ཟེར་ན། བླ་མ་དམ་པ་ཆོས་ཀྱི་སྤྱན་ཅན་གཅིག་གིས་ལམ་སྣ་ཁྲིད་ཅིང་། གཉུག་མའི་ཤེས་པ་ཐམས་ཅད་ལ་ཁྱབ་པས་དེ་སངས་རྒྱས་ལ་གསལ་བར་སྣང་། རྣལ་འབྱོར་པ་ལ་ཐབས་དཔག་ཏུ་མེད་པ་ལས་རང་བཞིན་གྱིས་སེམས་ཉིད་ཀྱི་ཉམས་འབྱུང་སྟེ། དེའི་དུས་ན་རྟོག་པ་རང་ཤུགས་ཀྱིས་ཆོད། ཉོན་མོངས་པ་ཡང་ངང་གིས་འགགས། ཡེ་ཤེས་རང་ཤུགས་ཀྱིས་འཆར། ལྟ་བ་རང་ཤུགས་ཀྱིས་རྟོགས། ཐ་སྙད་གང་དུ་ཡང་མི་འདོགས། སེམས་ལ་ཉམས་སུ་མྱོང་བ་ཡང་དག་བརྗོད་དུ་མི་བཏུབ། དཔེར་ན་གཞོན་ནུ་མ་ཡིས་བདེ་བ་མྱོང་བའམ། ལྐུག་པའི་རྨི་ལམ་ལྟ་བུའོ། །སེམས་ཅན་ཀུན་ལ་ཡོད་ཀྱང་ངོ་མ་ཤེས་པས་ན། དེས་ན་བླ་མ་དམ་པ་ལ་བསྟེན་པ་གཅེས། དེ་ནི་དཔེའི་སྒོ་ནས་མཚོན་པ་ཙམ་ཡིན། དོན་ལ་དཔེས་ཀྱང་ཐོག་ཏུ་མི་ཕེབས། དེ་ཅིའི་ཕྱིར་ཞེ་ན། གཉུག་མའི་ཤེས་པ་དེ་རྟེན་གང་ལ་ཡང་མ་བཅས། གོ་གར་ཡང་མ་འགགས། ཕྱོགས་གར་ཡང་མ་ལྷུང་། ཕུགས་གར་ཡང་མ་གཏད། དཔེ་གང་གིས་ཀྱང་མཚོན་དུ་མེད། བརྗོད་པ་གང་གིས་ཀྱང་ཐོག་ཏུ་མི་ཕེབས། བཅས་བཅོས་མི་བྱ་བར་རང་གར་ཞོག་གསུང་། ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བྱ་བ་ཇི་སྐད་ཡིན། སེམས་ཅན་གྱི་ཉོན་མོངས་པ་ཡང་བསམ་གྱིས་མི་ཁྱབ་པ། སངས་རྒྱས་ཀྱི་ཆོས་སྒོ་ཡང་བསམ་གྱིས་མི་ཁྱབ་པ་ཡིན། འོ་ན་དེ་བཤད་པ་ལ་དགོས་པ་ཅི་ཡོད་ན། སེམས་ཅན་གྱིས་གོ་བར་༼༣ན༽བྱ་བའི་ཕྱིར་བཤད། གང་བཤད་ན་སེམས་ཅན་གྱི་ཕུང་པོ་རྣམ་རྟོག་བཤད། རྣམ་རྟོག་མ་གཏོགས་སངས་རྒྱས་ཀྱིས་ཆོས་ལོགས་ན་བཤད་པ་མེད། རྣམ་རྟོག་ཅི་ལྟར་བཤད་ན། འདུས་པ་ལས་ཕུང་པོར་བཏགས། རང་བཞིན་ལ་ཁམས་སུ་བཏགས། ནུས་པ་ལ་སྐྱེ་མཆེད་དུ་བཏགས། དེ་ལྟར་ཁམས་དང་སྐྱེ་མཆེད། དབང་པོ་དྲུག །རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས། འདུས་བྱས་དང་། འདུས་མ་བྱས་དང་། དེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་གསུངས། གསུངས་པ་དེ་རྣམས་ཐམས་ཅད་བདེན་ནམ་ཞེན་མི་བདེན། རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། སྤྲུལ་པ་ལྟ་བུ། གཟུགས་བརྙན་ལྟ་བུ་ཡིན། བདེན་པ་ནི་སེམས་ཀྱི་ངོ་བོ་མེད་པ་མ་ཡིན་པའི་དོན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེན་པ་ཡིན། སེམས་རྟོགས་པའི་དུས་སུ་ཆོས་ཉིད་མངོན་དུ་གྲུབ། དེ་ལས་གཟུགས་སྐུ་གཉིས་འབྱུང་བ་སྟེ་རྒྱུ་ཅི་ལས་བྱུང་བ་ཡིན་ན། རྒྱུ་ཚོགས་དཔག་ཏུ་མེད་པ་བསགས་ནས། སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའི་དུས་སུ། སེམས་ཅན་གྱི་དོན་དུ་སྨོན་ལམ་བཏབ་པས་འབྲས་བུ་གཟུགས་སྐུ་གཉིས་འབྱུང་། དེ་གང་ཡིན་སེམས་ཅན་གྱི་སྣང་བ་ཡིན། གཟུགས་སྐུ་ལོགས་ནས་མ་བྱུང་སྟེ། སེམས་ཅན་བསོད་ནམས་བསགས་པས་སྣང་བ་དག །སྣང་བ་དག་པས་གཟུགས་སྐུ་མཐོང་གིས་བསོད་ནམས་མ་བསགས་པས་མི་མཐོང་། འོ་ན་གཟུགས་སྐུ་ལོགས་ནས་མ་བྱུང་བ་སེམས་ཅན་གྱི་སྣང་བ་ཡིན་ན། ཡོན་ཏན་བྱིན་རླབས་མི་དགོས་པར་ཐལ་ཟེར་ན་འདོད་ཐོགས། སངས་རྒྱས་ཀྱི་བྱིན་རླབས་ཀྱང་མི་འདོད་དེ། སངས་རྒྱས་རང་ཡིན་པའི་ཕྱིར། འོ་ན་གཟུགས་སྐུ་གཉིས་པོ་དེ་སངས་རྒྱས་ཀྱི་བྱིན་རླབས་ཡིན་ན། སེམས་ཅན་སྣང་བ་མ་དག་༼༣བ༽པས་མཐོང་དགོས་ཏེ། ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱི་ཡོན་ཏན་ཡིན། ཇི་ལྟར་ཡིན་ན་རང་གིས་བསོད་ནམས་བསགས་པ་ལས། སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔས་སྨོན་ལམ་བཏབ་པས་མཐོང་བ་ཡིན། མ་བཏབ་པས་མི་མཐོང་། འོ་ན་གཟུགས་སྐུ་གཉིས་པོ་དེ་མྱ་ངན་ལས་འདས་པ་ཡིན་ནམ་འཁོར་བ་ཡིན་ཞེ་ན། བདེན་པ་མཐོང་བའི་བྱང་ཆུབ་སེམས་དཔའ་རྣམས་དང་། སེམས་ཅན་སྣང་བ་དག་པ་ལས་མྱ་ངན་འདས་པར་མཐོང་། སྣང་བ་མ་དག་པ་ལ་འཁོར་བར་མཐོང་། འོ་ན་གཟུགས་སྐུ་གཉིས་པོ་དེ་དོན་དམ་ཡིན་ནམ་ཀུན་རྫོབ་ཡིན་ཞེ་ན། ཀུན་རྫོབ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་ནི་འགྱུར་བ་མེད་པ་ཡིན། གཟུགས་སྐུ་གཉིས་འགྱུར་བས་ཀུན་རྫོབ་ཡིན། ཆོས་སྐུ་སྟོང་པ་ལ་སྐུར་འབད་པ་ཅི་སྟེ་ཞེ་ན་སྤྱིར་མཚན་མར་གྱུར་པ་ཐམས་ཅད་གཟུགས་སྐུ་ཡིན་ལ། གཟུགས་སྐུ་གཉིས་ནི་ལས་ཁྱད་པར་ཅན་གྱི་སྐུར་གྱུར་པས་ན་སྐུ་ཞེས་བྱའོ། །ས་དང་པོའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གཟུང་འཛིན་གཉིས་མེད་དུ་རྟོགས་ཏེ། སྐད་ཅིག་མ་གཅིག་ལ་སེམས་ཅན་བརྒྱའི་དོན་བྱེད་ནུས། སངས་རྒྱས་བརྒྱ་ལ་ཆོས་ཉན། སྤྲུལ་པ་བརྒྱ་འགྱེད་ནུས། ཞིང་ཁམས་བརྒྱ་གཡོ་ནུས། ས་གཉིས་པ་ཡན་ཆད་ལོག་པོ་བས་ཆེ། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་རྒྱུད་དག་པ་ལ་དེ་ལྟར་སྣང་ཞིང་བྱང་ཆུབ་སེམས་དཔས་བྱས་པ་མེད། ས་བཅུ་མན་ཆོད་ཀྱི་བྱང་ཆུབ་སེམས་དཔའ་ཀུན་ལོག་པོའི་ནུས་པ་ལ། སངས་རྒྱས་ཀྱི་བ་སྤུའི་བུ་ག་གཅིག་གི་ནུས་པའང་མེད། འོ་ན་སངས་རྒྱས་ལ་ཅི་ཙམ་ཡོད་ཅེ་ན། བསམ་གྱིས་མི་ཁྱབ་སྟེ། སེམས་ཅན་གཅིག་གིས་ཚེ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ཡན་ཆད་ཀྱི་ལུས་ཅི་ཙམ་བླངས་པའམ། ལས་དགེ་སྡིག་ཅི་བསགས་པ་མཁྱེན་པ་༼༤ན༽བཞིན། སེམས་ཅན་ཐམས་ཅད་ཀྱིས་ལས་ཅི་བསགས་པ་སྐད་ཅིག་མ་གཅིག་ལ་མཁྱེན། སེམས་ཅན་རྒྱུད་དག་པ་རེ་རེའི་མདུན་དུ་སྤྲུལ་པ་རེ་རེ་སྤྲུལ་ནུས། སྟོང་གསུམ་ཉུང་འབྲུ་གཅིག་ཏུ་བཅུག་པས་སྟོང་གསུམ་ཆུང་དུ་མ་སོང་། ཉུང་འབྲུ་ཆེར་མ་སོང་བར་མཁྱེན། དེ་ལ་སོགས་པ་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་རྣམས་ལ་རྟོག་པ་མི་མངའ་བ་དེ་ལྟར་འབྱུང་བ་ཅི་སྟེ་ཞེ་ན། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་གྱི་རྒྱུད་དག་པ་ལ་དེ་ལྟར་སྣང་གིས་སངས་རྒྱས་ཀྱིས་བྱས་པ་མེད་དོ། །སྣང་བ་ལ་ངེས་པ་དང་མ་ངེས་པ་སྣང་བ་ནི། བདེ་བ་དང་གསལ་བ་དང་མི་རྟོག་པ་ནི་སེམས་ཀྱི་ངོ་བོ་ཡིན་ཏེ། སྣང་བ་ཞེས་བྱ། སེམས་ཉིད་ཀྱི་ངོ་བོ་རྒྱུན་ཆད་མེད་པར་ཤེས་པ་ནི་ངེས་པའོ། །བདེ་བ་དང་གསལ་བ་དང་མི་རྟོག་པར་སྣང་ཡང་། དེ་ཉིད་སེམས་སུ་མ་ཤེས་ན་མ་ངེས་པའོ། །དེ་ཉིད་འཇིག་རྟེན་པའི་མཐར་ཐུག་པའི་ལྟ་བ་ཡིན་ཏེ། གསལ་བ་ལ་མཆོག་འཛིན་བྱས་པས་གཟུགས་ཁམས་སུ་སྐྱེ། བདེ་བ་ལ་མཆོག་འཛིན་བྱས་པས་འདོད་ཁམས་སུ་སྐྱེ། མི་རྟོག་པ་ལ་མཆོག་འཛིན་བྱས་པས་གཟུགས་མེད་དུ་སྐྱེ། ཉན་ཐོས་ཀྱིས་གཞི་དེ་ལ་བྱས་ན་མཚན་མ་ཡིན་པས་ཉམས་མྱོང་ཡིན་ཡང་མཆོག་འཛིན་དུ་མི་བལྟ་བར་སྟོང་པ་ཉིད་དུ་འདོད། བྱང་ཆུབ་སེམས་དཔའ་གཞི་དེ་ལ་བྱས་ནས་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བ་ནི། དེ་ལ་མ་ཞེན་པར་འདོད་ཁམས་ཀྱི་རྣམ་པར་རྟོག་པ་ཡར་བླངས་ནས། རྣམ་རྟོག་དེ་ཉིད་རིག་པར་འཁྱེར། རིག་པ་སེམས་སུ་འཁྱེར་བ་ནི་ཏིང་ངེ་འཛིན་གྱི་རྩལ་སྦྱང་བའོ།། །།རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྒྱུད་ནས། ཚེ་གཅིག་ལུས་གཅིག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བཤད་པ་དེ་ཐམས་ཅད་རྗེ་སྒམ་པོ་པས་རྗེའི་མཁན་པོ་མར་༼༤བ༽ཡུལ་བློ་ལྡན་ལ་ཞུས་པས། དེ་ནི་དགོངས་པ་ཅན་ཅིག་ཡིན་གསུང་། གང་ལ་དགོངས་ན། ཆོས་གསུམ་དང་ལྡན་པ་གཅིག་ལ་དགོངས་པ་ཡིན་ཏེ། སྐྱེ་བ་བདུན་པ་ཡིན་པ། ལྷའི་ཞལ་མཐོང་བ། སྨན་བཅུད་ལེན་གྲུབ་པ་ཅིག་ཡིན་གསུང་སྟེ། དེ་ཡང་སྐྱེ་བ་བདུན་པས་མཁའ་སྤྱོད་དུ་འགྲོ་ནུས། ལྷའི་ཞལ་མཐོང་བས་ཚེ་འདི་ཉིད་ལ་འབྲས་བུ་ཐོབ་པར་བྱེད། བཅུད་ལེན་གྲུབ་པས་ཚེ་ཉི་ཟླ་དང་མཉམ་པ་ཅིག་ཡིན་གསུང་། གཉུག་རུམ་པ་ལ་ཞུས་པས། ཁོང་གི་ཞལ་ནས་འཇིག་རྟེན་མཐའ་དག་གིས་མ་གོས་པ་དང་། ཚེ་འདི་ལ་བློ་ལོག་པ་ཅིག་དགོས་གསུང་། བླ་མ་མི་ལ་ལ་ཞུས་པས་བླ་མ་མཚན་ཉིད་དང་ལྡན་པ་ཅིག་དང་། སློབ་མ་སྣོད་དང་ལྡན་པ་ཅིག་ཕྲད་ནས། རྩོལ་སྒྲུབ་འབད་པའི་སྟོབས་ཀྱིས་བསྒྲུབས་ནས། རབ་ཚེ་འདིར་སངས་རྒྱ། འབྲིང་བར་དོར་སངས་རྒྱ། ཐ་མ་སྐྱེ་བ་ཕྱི་མ་ལ་སངས་རྒྱ། དེ་ལ་སངས་མ་རྒྱས་ན་ཅིས་ཀྱང་དམྱལ་བར་སྐོར་ཅིག་འགྲོ་དགོས་གསུང་། བླ་མ་ལྕགས་རི་བ་ལ་ཇོ་བོ་ཇི་ལྟར་བཞེད་ཞུས་པས་ཇོ་བོ་ཡང་ཐོབ་པར་བཞེད་པ་ཡིན་གསུང་། གསང་སྔགས་པ་ནི་གྲོད་པ་ཁ་བསྡུས་པ་དང་འདྲ་བ་ཡིན། ཚོགས་ལམ་ནས་ས་དང་པོར་བསྡུས་པ་ཡིན་སྐད། དེ་ཉིད་བཀྲོལ་ན་དངོས་གྲུབ་གནས་པའི་དོན་ནམ་མཁའ་ལྟ་བུ། ངེས་པར་གྲུབ་པའི་ཐབས་ཡིད་བཞིན་གྱི་ནོར་བུ་ལྟ་བུ། གྲུབ་པའི་ཡན་ལག་དང་ལྡན་པ་རྒྱལ་པོ་ལྟ་བུ། གྲུབ་པའི་འབྲས་བུ་དང་ལྡན་པ་མཁའ་འགྲོ་མའི་དམོད་སྔགས་ལྟ་བུ། ལྟ་བའི་དཔེ་ནམ་མཁའ་ཕྱོགས་གཅིག་ཡིན། དོན་སྔགས་ཀྱི་ལྟ་བ་སེམས་ཡིན། སྒོམ་པའི་དཔེ་ནོར་བུ་རིན་པོ་ཆེ་ལ་དགོས་འདོད་ཐམས་ཅད་འབྱུང་བ་བཞིན་དུ། བསྒོམ་པའི་ཡོན་ཏན་ཡང་དེ་བཞིན་ནོ། །ནམ་མཁའ་ཅིར་ཡང་མ་གྲུབ་པ་བཞིན་དུ། སེམས་ཀྱང་མ་གྲུབ་པར་བསྒོམས་༼༥ན༽པས་ཐམས་ཅད་འབྱུང་། དེ་བཞིན་དུ་བསྐྱེད་རྫོགས་གཉིས་བསྒོམས་པས། འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་འབྱུང་། སྤྱོད་པའི་དཔེ་རྒྱལ་པོ་ཡིན་ཏེ། དེ་ལ་བཀའ་རྟགས་གྲུབ་ཀྱི་ཕྱག་རྒྱ་ཡོད་པས་དེ་བསྐུར་ན་ཇག་པ་ལ་སོགས་པས་མི་འཇིགས་པའི་སྟེང་དུ་གཞན་གྱིས་གྲོགས་བྱེད་པའོ། །དེ་བཞིན་དུ་གསང་སྔགས་ཀྱི་ཐབས་ཀྱིས་ཉོན་མོངས་པས་མི་གནོད་ཀྱི་སྟེང་དུ་ལམ་དུ་ཁྱེར་བས་ཤེས་རབ་འཆར། འབྲས་བུའི་དཔེ་དམོད་སྔགས་ལ་གཉེན་པོ་མི་དགོས་པར་འགྲུབ་པ་ལྟར། འབྲས་བུ་ཚེ་གཅིག་ལུས་གཅིག་གིས་འགྲུབ། བསྐལ་པ་གྲངས་མེད་པར་བརྒྱུད་མི་དགོས། དེ་རྟོགས་པའི་རྣལ་འབྱོར་པ་ཆོས་གསུམ་དང་ལྡན་པ་དགོས་ཏེ། ཉམ་ང་མེད་པའི་རྟོགས་པ། བློ་དང་བྲལ་བའི་བསྒོམ་པ། ཕྱོགས་རིས་མེད་པའི་སྤྱོད་པ་དང་ལྡན་པ་ཅིག་དགོས་གསུང་། ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། སངས་རྒྱས་ཀྱི་བསྟན་པའི་རིམ་པ་མཐའ་དག་ལ་བློ་ངེས་སུ་འདོད་ན། ཆོས་གང་བཤད་ཀྱང་ཟབ། བློ་ངེས་སུ་མ་འདོད་ན་ཆོས་གང་བཤད་ཀྱང་མི་ཟབ་གསུང་། དགེ་བཤེས་སྟོན་པས་གསང་སྔགས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཞིག་མཁྱེན་ཏེ། ཇོ་བོ་དང་མཇལ་ནས་སྐྱེས་བུ་གསུམ་ལ་བློ་ངེས། དུས་རྟག་ཏུ་བྱམས་པ་དང་སྙིང་རྗེ་ལ་བློ་ངེས་པས། འགྲོ་བ་ཐམས་ཅད་ཁོང་ལ་དད་པར་གྱུར་པ་ཡིན། ད་ལྟ་བཀའ་གདམས་ཀྱི་བསྟན་པ་དར་བར་བྱེད་པ་ཁོང་གི་སྐྱེས་བུ་གསུམ་ལ་བྱེད་པ་ཡིན། དེ་བཞིན་དུ་ལོ་ཙྪ་བ་རིན་ཆེན་བཟང་པོས་དེའི་གོང་དུ་པཎྜི་ཏ་བཅུ་དྲུག་དང་མཇལ་ཏེ། ཉམས་ལེན་ལ་ཆོས་ཐམས་ཅད་མི་རྟག་པར་གོ་བ་དེ་ཡིན། སྐྱེས་བུ་ཆུང་ངུ་ནི་གཞི་སྐྱེས་བུ་ཆུང་ངུའི་ཆོས་ལ་བྱས་ནས། ཉམས་སུ་ཅི་ལེན་ན་ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས། ལས་འབྲས་ལ་ཡིད་༼༥བ༽ཆེས་པས་མི་དགེ་བ་ལ་རྣམ་པར་འཛེམ་པ་དེ་ཡིན། དེ་ལ་མིང་སྐྱེས་བུ་ཆུང་ངུ་རུ་བཏགས་ཀྱང་། འཇིག་རྟེན་པ་ཡིས་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །མི་དེ་ཚེ་རབས་སྟོང་དུ་ཡང་། །ངན་འགྲོ་དག་ཏུ་ལྟུང་མི་འགྱུར། །ཞེས་གསུང་པའོ། །འོ་ན་སྐྱེས་བུ་ཆུང་ངུ་དེ་ཡང་ངན་སོང་གསུམ་གྱི་སྡུག་བསྔལ་ལས་འདས་ན། མཐོ་རིས་ལྷ་མི་སངས་རྒྱས་ཀྱི་ཆེད་ཙམ་ཡིན་ཏེ། མིག་མར་ལ་བལྟས་པའི་དུས་སུ་འཁོར་བ་ལ་ཡང་སྐྱིད་མེད། འཁོར་བའི་མཚན་ཉིད་རི་ཆེན་པོ་མེས་ཚིག་པའི་དབུས་ན་རང་འདུག་པའམ། རྒྱ་མཚོའི་དཀྱིལ་དུ་གཟིངས་འབྱམས་པའམ། གཙང་པོའི་དཀྱིལ་དུ་གྲུ་འབྱམས་པའམ། མདོར་ན་མེར་འམ། མེའི་དོང་ལྟ་བུ་ཡིན་པས། གང་ལ་ཡང་སྐྱིད་མེད་པས། དེས་ན་མྱ་ངན་ལས་འདས་པ་ཅི་ཐོབ་བྱེད་དགོས། སྐྱེས་བུ་འབྲིང་དེ་ཉན་ཐོས་ཀྱི་ལམ་ཡིན། དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ་དེས་ཀྱང་མི་ཡོང་བས། བླ་ན་མེད་པའི་བྱང་ཆུབ་ཅི་ཐོབ་བྱེད་དགོས་པ་ཡིན་ཏེ། དེས་ན་ཕ་རོལ་ཏུ་ཕྱིན་པའི་ལམ་ཡིན་ནོ། །གཉིས་པ་གསང་སྔགས་ཀྱི་ལམ་ནི་ཐབས་བསྐྱེད་རྫོགས་གཉིས་ཡིན་ཏེ། དེ་ཡང་བསྐྱེད་རིམ་གྱིས་ཟུང་འཇུག་གི་རྟོགས་པ་འགྲུབ། འབྲིང་དང་ཐ་མ་གཉིས་ཀྱི་ཐ་མལ་གྱི་ཞེན་པ་བཟློག །རབ་ཀྱིས་རང་ལྷར་མཐོང་། ཇི་ལྟར་མཐོང་ན་རིགས་ལྔར་མཐོང་། ལྷ་མོ་བཞིར་མཐོང་། བྱང་ཆུབ་སེམས་དཔའ་བཅུ་དྲུག་ཏུ་མཐོང་། དེ་ལ་སོགས་པ་དུ་བྱེད་གང་བྱེད་ཀྱི་ལྷར་མཐོང་། འབྲིང་གིས་སྒྱུ་མར་ངེས། ཐ་མས་མོས་པ་བྱེད་པའོ། །རྫོགས་རིམ་རབ་ཀྱིས་རང་སེམས་སངས་རྒྱས་སུ་མཐོང་། འབྲིང་གིས་ངོ་བོ་སྐྱེ་མེད་དུ་མཐོང་། ཐ་མས་སྤྲོས་བཅས་ལ་གནས་ནས་རྩེ་གཅིག་སྦྱོང་བའོ། །འོ་ན་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་གཉིས་ཀྱི་ཁྱད་པར་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ནི་དོན་སྤྱིའི་རྣམ་པ་༼༦ན༽ཡུལ་དུ་བྱེད་པ་ཞེས་བྱ་སྟེ། ཕྱི་གཟུང་བའི་ཡུལ་འདི་གཅིག་དང་དུ་བྲལ་གྱི་གཏན་ཚིགས་ཀྱིས་བཤིག་ནས་སྟོང་པར་བྱེད། གཟུང་བ་མེད་ཅིང་དེར་འཛིན་མེད། གཟུང་བའི་ཡུལ་རྩད་ཆོད་ན་འཛིན་པའི་སེམས་སྒྲོག་རང་བརྡལ་ཟེར་ནས་ནང་འཛིན་པའི་སེམས་ལ་རྟོག་དཔྱོད་མི་གཏོང་། གསང་སྔགས་ནི་ཕྱི་གཟུང་བའི་ཡུལ་ལ་རྟོག་དཔྱོད་མི་གཏོང་། རྒྱས་འདེབས་བྱེད། སེམས་དང་པོ་གང་ནས་སྐྱེས་བལྟས་པས་གང་ནས་ཀྱང་མ་སྐྱེས། བར་དུ་གང་ན་གནས་བལྟས་པས་གང་དུ་ཡང་མི་གནས། ཐ་མ་གར་འགག་བལྟས་པས་གང་དུ་ཡང་མི་འགག །རང་བཞིན་ཅི་ལྟ་བུར་འདུག་བལྟས་པས་ཅིའི་ངོ་བོར་ཡང་མ་གྲུབ་སྟེ། དེ་ལྟ་བུ་ཅི་ཡང་མ་ཡིན་པའི་དོན་དེ་ལ་རིག་པ་ཞེས་བྱ་སྟེ། ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པ་ལས། རྣམ་རྟོག་གི་བློས་མཐོང་བ་མ་ཡིན་ཏེ། དེས་ན་རྗེ་ཀླུ་སྒྲུབ་ཀྱིས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གསང་སྔགས་ཀྱི་རྒྱུད་འཆི་བ་མི་རྟག་པས་ཀུན་ནས་བསླངས། ཚེ་འདི་ལ་བློ་ལྡོག་དགོས་ཏེ། སྡིག་པ་ཕྲ་ཞིང་ཕྲ་བ་ལ་འཛེམ་ཞིང་། ཆོས་སྤྱོད་དགེ་བཅུ་ཉམས་སུ་ལེན་པ་ཞིག་བྱུང་ན། འོ་སྐོལ་གྱི་ཆོས་དེ་ཆོས་སུ་སོང་བ་ཡིན་ནོ། །དེ་ལྟར་མ་ཡིན་པར་ཚེ་འདིས་ཀུན་ནས་བསླངས་པའི། མཁས་པ་དང་བཙུན་པ་དང་བཟང་བ་ཡང་། ཆོས་བརྒྱད་བྱ་བ་ཡིན་ཏེ། དེས་ཆོས་མ་ཡིན་པ་ལ་ཆོས་ལྟར་བཅོས་པས། ནག་པོའི་བསྟན་པ་ཀུན་འབྱུང་གིས་འཁོར་ཏེ། འཁོར་བའི་རྒྱུ་འབྲས་བྱ་བ་ཡིན། ཆོས་ལམ་དུ་འགྲོ་བྱ་བ་མེད་དོ། །བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ། ཅི་བྱེད་སེམས་ཅན་གྱི་དོན་དུ་འགྲོ་བ་གཅིག་བྱུང་ན་༼༦བ༽ཆོས་དེ་ལམ་དུ་འགྲོ་བ་ཡིན་ནོ། །དེ་ལྟར་མ་ཡིན་པར་རང་དོན་དུ་བྱེད་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་སྦྱོང་བར་འགྲོ་བ་ཡིན། ལམ་གྱིས་འཁྲུལ་པ་སེལ་བ་ནི་བསྟན་པའི་རིམ་པ་ཡིན་ཏེ། ཇི་ལྟར་སེལ་ན་འཁྲུལ་པ་ཐམས་ཅད་ཐད་ཀར་ཐད་ཀར་སེལ་ཏེ། ཚེ་འདི་ལ་རྟག་པར་འཛིན་པའི་བློ་སྟེ་འཁྲུལ་པ་ཡིན། དེའི་གཉེན་པོར་འཆི་བ་མི་རྟག་པ་བསྒོམ་པས། ཅིས་ཀྱང་བྱར་མེད་ཀྱི་བློ་གཅིག་སྐྱེས་ན་ལམ་དེས་འཁྲུལ་པ་སེལ། འཁོར་བ་འདི་ལ་བདེ་ཞིང་སྐྱིད་པར་མཐོང་བའི་བློ་དེ་འཁྲུལ་པ་ཡིན། དེའི་གཉེན་པོར་འཁོར་བའི་ཉེས་དམིགས་བསྒོམས་པས། གང་ལ་ཡང་མ་ཞེན་ཅིང་མ་ཆགས་པའི་བློ་ཞིག་སྐྱེས་པས་ལམ་དེའི་འཁྲུལ་པ་སེལ། རང་གཅིག་པུ་ཞི་བདེ་ཐར་པ་འདོད་པའི་བློ་དེ་འཁྲུལ་པ་ཡིན། དེའི་གཉེན་པོར་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། རང་ལས་གཞན་གཅེས་པར་འདོད་པའི་བློའང་འབྱུང་བས། ལམ་དེས་འཁྲུལ་པ་སེལ། དངོས་པོ་དང་མཚན་མར་འཛིན་པའི་བློ་དེ་འཁྲུལ་པ་ཡིན། དེའི་གཉེན་པོར་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་བསྒོམས་པས། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ནམ་མཁའི་དཀྱིལ་ལྟ་བུར་རྟོགས་པས། ལམ་དེས་འཁྲུལ་པ་སེལ་བ་ཡིན་ནོ། །འཁྲུལ་པ་ཡེ་ཤེས་སུ་འཆར་བ་ནི། རང་གི་སེམས་ཀྱི་གནས་ལུགས་ཅི་ཡང་མ་ཡིན་པ་ལས་སྣ་ཚོགས་སུ་ཤར། སྣ་ཚོགས་སུ་ཤར་བའི་དུས་ཉིད་ན། དོན་ཅི་ཡང་མ་ཡིན་པ་ལས་མ་འདས་ཏེ། དེ་ཉིད་ཉམས་སུ་མྱོང་བའི་དུས་སུ་གཉིས་མེད་ཀྱི་དོན་ལ་སྨྲར་མེད། དེ་རྟོགས་པའི་དུས་སུ་འཁྲུལ་པ་ལོགས་སུ་བསལ་རྒྱུ་མེད་དེ། སེལ་མཁན་མ་གྲུབ་པས་འཁྲུལ་པ་དེ་ཉིད་ཡེ་ཤེས་སུ་འཆར་བ་ཡིན་གསུང་།། །།ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། ཆོས་ཐམས་ཅད་ཀྱི་གཞིའམ་༼༧ན༽རྩ་བའམ། རྨང་རྡོ་ལྟ་བུ་ཡིན་པས། འཆི་བ་མི་རྟག་པ་སེམས་པ་གལ་ཆེ་གསུང་། དེ་ལྟར་མ་ཡིན་ན་ཆོས་བྱེད་པ་ལྟར་འདུག་ཀྱང་། ཚེ་འདིས་ཀུན་ནས་བསླངས་པའི་ཆོས་བརྒྱད་ཡིན་པས་འཁོར་བ་ལས་མི་འདའོ། །དེས་ན་ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་སེམས་པ་གལ་ཆེ། དེ་རྣམས་བློ་ལ་མ་ངེས་ན། ཉན་ཐོས་ལ་སོགས་པའི་ཐེག་པ་དམན་པར་ལྟུང་བས། ཆོས་བྱེད་པ་བཞིན་འདུག་ཀྱང་མི་འོང་། ཀྱཻའི་རྡོ་རྗེ་ལས་ཀྱང་། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་སོ། །དེ་ལྟ་བུའི་དོན་དེ་ལ་རྩོལ་བས་མི་སྒྲུབ། བར་དུ་མི་གནས། ཐ་མར་མི་འཇིག་པའོ། །ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཁྱད་པར་གང་ཡིན་ན། ཕ་རོལ་ཏུ་ཕྱིན་པ་ནི་དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད་པ་ཡིན། གསང་སྔགས་ནི་དོན་དངོས་ལམ་དུ་བྱེད་པ་ཡིན། དོན་སྤྱིའི་རྣམ་པ་ལམ་དུ་བྱེད་པ་ནི། ཆོས་ཐམས་ཅད་ཀྱི་མཚན་ཉིད་གཅིག་དང་དུ་བྲལ་གྱིས་བཤིག་པས་གཅིག་མ་གྲུབ། གཅིག་མ་གྲུབ་པ་དེས་བསགས་པ་མ་གྲུབ། དེ་ལ་བརྟེན་ནས་ཆོས་ཐམས་ཅད་གཅིག་དང་དུ་མ་གང་ཡང་མ་གྲུབ་པར་བྱས་ནས། ནམ་མཁའ་རྣམ་པར་དག་པ་ལྟ་བུར་བློས་བྱས་ནས་འཇོག་པ་ནི། དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད་པ་ཡིན་ནོ། །དོན་དངོས་ལམ་དུ་བྱེད་པ་ནི་ཐབས་ལམ་དྲག་ཏུ་བཅུན་པས། རླུང་དྷཱུ་ཏིར་ཚུད། དེའི་དུས་སུ་རླུང་སེམས་གཉིས་སུ་མེད་པའི་གནད་ཀས་ཤེས་པ་བདེ་གསལ་མི་རྟོག་པ་འབྱུང་སྟེ། དེ་དུས་སུ་བླ་མ་ཞིག་གིས་ཁྲིད་ནས་ཁྱོད་ཀྱི་ཤེས་པ་བདེ་གསལ་མི་རྟོག་པ་དེ་ནི་རང་གི་སེམས་ཉིད་རིག་པ་འདི་ཡིན་ཞེས་ངོ་སྤྲད་པས་དེ་ཁོ་ན་ལྟར་བསྒོམས་པས་བདེ་བ་དང་གསལ་བ་དང་། ༼༧བ༽མི་རྟོག་པ་དེ་ཁོ་ན་ལ་མཆོག་འཛིན་བཏང་སྟེ། རིག་པ་དེ་ཁོ་ན་ལ་རིག་ཅིང་ངེས་པའོ། །རིག་པ་གསལ་བ་དེ་ཉིད་ལ་མ་ཡེངས་པ་དེ་ནི་ཏིང་ངེ་འཛིན་ནོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་མཐར་ཕྱིན་པ་ནི་ཆོས་ཀྱི་སྐུ་ཡིན་གསུང་། དྭགས་པོ་རིན་པོ་ཆེའི་ཞལ་ནས། ལམ་རྣམ་པ་གསུམ་ཡིན་གསུང་། དེ་ལ་རྣམ་པ་གསུམ་ནི། གཞི་སྤོང་བའི་ལམ་ནི་ཉོན་མོངས་པ་སྤོང་བར་འདོད། གཉེན་པོ་ཡེ་ཤེས་རྒྱུད་ལ་སྐྱེ་བར་འདོད་པ་ནི། ཕ་རོལ་ཏུ་ཕྱིན་པའི་གདམས་པའོ། །གཞི་བསྒྱུར་བ་ནི་གསང་སྔགས་ཏེ། ཇི་ལྟར་བསྒྱུར་ན། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བལྟ། ནང་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོར་བལྟ། བཟའ་བཏུང་ཐམས་ཅད་བདུད་རྩིར་བལྟ། ཉོན་མོངས་པ་ཡེ་ཤེས་ཆེན་པོའི་གཞིར་ཤེས་པ་ནི་གསང་སྔགས་བླ་ན་མེད་པ་ཕྱག་རྒྱ་ཆེན་པོའི་དོན་ནམ། རྫོགས་པ་ཆེན་པོའི་དོན་ཏེ། དེ་ཡང་ངོ་སྤྲད་ནས་ཆོས་ཐམས་ཅད་ལ་སྤང་རྒྱུ་ཡང་མེད། ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཡིན། འོད་གསལ་བར་ཤེས་པ་ནི་གཞི་ཤེས་པ་ཡིན་གསུང་ངོ་། །རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། སྤྱིར་ཆོས་རྣལ་མར་བྱེད་པ་ལ། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཞིག་ཡིན་འཚལ་གསུང་། དེ་ལ་ཆོས་ཆོས་སུ་འགྲོ་བ་བྱ་བ། བྱམས་པ་དང་སྙིང་རྗེའི་གདམས་ངག་ཇོ་བོ་དང་མཇལ་ནས་བྱམས་སྙིང་རྗེ་ལ་བློ་ངེས་ནས། ཁོང་གྲུབ་པ་ཐོབ་པར་གྱུར། དེ་བཞིན་དུ་རྣལ་འབྱོར་པ་གསུམ་མན་ཆད་ལ་གསུངས། སྒམ་པོ་པའི་བླ་མ་ཡིན་གསུང་། ཡན་ཆད་པའི་བཀའ་གདམས་ཐམས་ཅད་སྐྱེས་བུ་གསུམ་ལ་བློ་ངེས་པ། བྱམས་པ་དང་སྙིང་རྗེ་བསྒོམས་པ་ལས་བྱུང་བ་ཡིན་ནོ། །དེས་ན་ཀུན་རྫོབ་བྱང་ཆུབ་སེམས་འདི་༼༨ན༽གལ་ཆེ། འདི་ཐོག་མ་ལ་མཁོ་སྟེ་འདི་མེད་ན་ཐེག་པ་ཆེན་པོའི་ལམ་དུ་མི་འགྲོ །བར་དུ་མཁོ་སྟེ་འདི་མེད་ན་འཁོར་བར་ལྟུང་། ཐ་མར་མཁོ་སྟེ་འདི་མེད་ན་གཟུགས་སྐུ་གཉིས་མི་འབྱུང་། མི་རྟག་པ་ནི་དང་པོར་མཁོ་སྟེ་འདི་མེད་ན་ཆོས་ལ་བློ་མི་ལྡོག །བར་དུ་མཁོ་སྟེ་འདི་མེད་ན་རྟག་པར་བཟུང་ནས་ཉན་ཐོས་ལ་སོགས་པར་གོལ། ཐ་མར་མཁོ་སྟེ་འདི་མེད་ན་ཚེ་འདི་ལ་བློ་མི་ལྡོག །ལས་རྒྱུ་འབྲས་འདི་དང་པོར་མཁོ་སྟེ། ལས་འབྲས་རྣམ་པར་དག་ན་ངན་འགྲོའི་གེགས་ཡིན། བར་དུ་མཁོ་སྟེ་སྒྱུ་མ་རྨི་ལམ་ཙམ་དུ་ཚོགས་གཉིས་རྫོགས་པར་བྱེད་པ་ཡིན། ཐ་མར་མཁོ་སྟེ་དེ་ལྟ་བུ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་མཐར་ཕྱིན་པས་གཟུགས་སྐུ་རྣམ་གཉིས་འབྱུང་། དེས་ན་ལམ་རིམ་རྩིས་སུ་ཆེ། དེ་རྣམས་རྒྱུད་ལ་མ་ལྡན་ན། གཉུག་མ་རབ་རིབ་ཞིག་རྒྱུད་ལ་སྐྱེས་ཀྱང་། ཡུལ་དང་ཉེ་དུ་དང་། རྫས་དང་ཡོ་བྱད་ལ་ཆགས་ན་གཉུག་མ་དེས་མི་ཕན། མར་འགྲོ་བ་ལས་ཡར་མི་འགྲོ །དེ་བས་ན་ཚེ་འདི་ལ་ཆགས་པར་མ་བྱེད། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུ་ཡིན་པས། བློ་ངེས་སུ་ཆུག །བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོང་། དེ་ལྟར་ངེས་ན་ཁོ་ཡར་ལ་འགྲོ་བ་ལས་མར་ལ་མི་འགྲོ །འོ་ན་གཉུག་མ་རྣལ་མ་ཞིག་རྒྱུད་ལ་སྐྱེས་ན། གཉུག་མའི་ངོ་བོ། །གཉུག་མའི་འབྲས་བུ། གཉུག་མའི་རྒྱུ་དང་། གསུམ་ཡིན། དེ་ལ་ངོ་བོ་ནི་མེད་པ་མ་ཡིན་དོན་སྐྱེ་འགག་ཐམས་ཅད་དང་བྲལ་བ་དེ་ཡིན། འབྲས་བུ་ནི་སྐྱེ་འགག་མེད་དེ། དེ་ཉིད་ཆོས་སྐུ་ཡིན། དེ་ལས་གཟུགས་སྐུ་གཉིས་འབྱུང་། གཟུགས་སྐུ་ཡང་གཉུག་མའི་ཉམས་མྱོང་བདེ་གསལ་མི་རྟོག་པ་ལས་འབྱུང་བས། སྐུ་གསུམ་གཉུག་མའི་འབྲས་བུ་ཡིན། བདེ་༼༨བ༽གསལ་མི་རྟོག་པ་དེ་གཏུམ་མོ་ལས་འབྱུང་བས་ན། གཉུག་མའི་རྒྱུ་ཡིན། གཉུག་མ་སྐྱེས་ཀྱང་། གཏུམ་མོ་མེད་ན་ཤེས་རབ་རྐྱང་པ་ཡིན། གཏུམ་མོ་ཡོད་ན་ཐབས་དང་ཤེས་རབ་ཡ་མ་བྲལ་བ་ཡིན། བླ་མ་མི་ལའི་ཞལ་ནས། སྒོམ་ལས་མ་བྱུང་ལྟ་བ་དཀའ་གསུངས་པས། གཏུམ་མོ་ལ་འབད་པ་གལ་ཆེ་གསུང་། ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། གང་ཟག་དབང་པོ་རབ་འབྲིང་གསུམ་ལ་ཆོས་ཅི་ལྟ་བུ་ཞིག་དགོས་ན། འདིར་མཚན་ཉིད་པ་ཕ་རོལ་ཏུ་ཕྱིན་པའི་བཞེད་པ་དང་། ཐེག་པ་ཆེན་པོ་གསང་སྔགས་ཀྱི་བཞེད་པ་གཉིས་ཡིན་གསུང་། དེ་ལ་ཕ་རོལ་ཏུ་ཕྱིན་པའི་བཞེད་པ་ནི། སྐྱེས་བུ་གསུམ་གྱི་ལམ་རིམ་ཡིན་ལ། སྐྱེས་བུ་མཆོག་གིས་བྱམས་པ་དང་སྙིང་རྗེ་ལ་བློ་སྦྱངས། ལྟ་བ་དབུ་མ་མཐར་ཐུག་རྟོགས་པ་ཡིན། སྐྱེས་བུ་འབྲིང་ནི་གཞི་སྐྱེས་བུ་འབྲིང་གིས་ཆོས་འཁོར་བའི་ཉེས་དམིགས་ལ་བྱས་ནས། དེ་རྣམས་བློ་ལ་སྐྱེས་ན་ཚེ་འདིའི་བྱ་བ་རྣམས་བློས་ཡེངས་ཀྱིས་བོར་ནས། ཆོས་རྣལ་མར་བྱེད་པ་ཞིག་འོང་བ་ཡིན། དུས་དེ་ཙ་ན་བླ་མ་རྣལ་མ་ཞིག་གིས་འཁྲིད་པ་གལ་ཆེ། དེ་ཡང་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བ་ཡིན། དེ་བློ་ལ་སྐྱེས་ཙ་ན་ཅི་བྱེད་ཐམས་ཅད་སེམས་ཅན་གྱི་དོན་བྱེད་པ་ཞིག་འོང་བ་ཡིན། དེ་མེད་ན་གཟུགས་སྐུ་གཉིས་མི་འབྱུང་། དེ་མེད་ན་ཆོས་སྐུ་མི་འབྱུང་། དེ་གཉིས་ཕན་ཚུན་ལྟོས་པའི་ཆོས་ཡིན། ཆོས་སྐུ་སྐྱེ་བ་མེད་པའི་དོན་མ་རྟོགས་ན་འཁོར་བ་ལས་མི་ཐར། དཔེར་ན་ནམ་མཁའ་ལ་འཇིགས་པ་དང་འདྲ། ཕྱོགས་གར་ཕྱིན་ཡང་ནམ་མཁའ་ལས་མ་འདས་པ་དང་འདྲ་བར། གར་སྐྱེས་ཀྱང་འཁོར་བ་ལས་འགྲོ་ས་མེད། ཆོས་སྐུ་སྐྱེ་བ་མེད་པའི་དོན་རྟོགས་ན་འཁོར་བ་ལས་ཐར་བ་ཡིན་ཏེ། དེ་ཡང་༼༩ན༽ཆོས་ནས། རང་གི་དད་པ་ཉིད་ཀྱིས་རྟོགས་པ་ཡིན་ཏེ། གཞན་གྱིས་མིན་བྱ་བ་གསུངས། རྗེ་བཙུན་བྱམས་པས་ཀྱང་། རང་བྱུང་རྣམས་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཅེས་གསུང་། དེ་བས་ན་བླ་མ་ཆོས་ཀྱི་སྤྱན་ཅན། རྟོགས་པ་དང་ལྡན་པ་ཆོས་རྒྱུད་ལ་སྐྱེས་པ་ཞིག་ལ། སློབ་མས་དད་གུས་ཚུལ་བཞིན་དུ་བྱས་ན་རྟོགས་ནས་འོང་བ་ཡིན། བླ་མ་ལ་རྟོགས་པ་མེད་ན་སློབ་མས་དད་གུས་བྱས་ཀྱང་མི་ཕན། དཔེར་ན་བསྐོས་ཕོར་ལ་རི་མོ་མེད་ན་འབི་འབི་ལེགས་ཀྱང་། ཚ་ཚ་མི་འབྱུང་བ་དང་འདྲ་གསུང་། སློབ་མ་ལ་དད་གུས་མེད་ན། བླ་མ་ལ་གདམས་ངག་ཡོད་ཀྱང་མི་ཕན་ཏེ། དཔེར་ན་བ་ལ་ཞོ་ཡོད་ཀྱང་བེའུ་ལ་རྐན་མེད་པ་དང་འདྲ། བླ་མ་རང་གི་རྒྱུད་ལ་ཆོས་སྐྱེས་པ་ཅིག་གིས་སློབ་མ་དད་གུས་ཅན་འདྲེན་ནུས་པ་ཡིན་པས། དང་པོ་བླ་མའི་གདམས་ངག་དགོས། དེ་བས་ན་ཇོ་བོ་ཀུན་བླ་མ་མཚན་ཉིད་དང་ལྡན་པ་ལ་ཡིད་ཆེས་པ་གལ་ཆེ། ཡིད་མ་ཆེས་ན་བྱིན་རླབས་མི་འབྱུང་། ཡིད་ཆེས་པ་ཞིག་ལ་ཆོས་མང་པོ་མི་དགོས། ཆོས་རེ་རེ་ཁ་ཡར་ལ་བརྟེན་ནས་བསྒོམ་པ་ཡིན་གསུང་། རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། འཁོར་བར་འཁྱམས་པ་ཅིས་ལན། མ་རིག་པས་ལན། མ་རིག་པ་ཇི་ལྟར་འདུག །མ་རིག་པ་སྟོང་པར་འདུག །མ་རིག་པ་ལུང་མ་བསྟན་དུ་འདུག་པ་ལ། ལུང་མ་བསྟན་དེ་རྐྱེན་དགེ་བ་དང་ཕྲད་ན་དགེ་བའི་གྲོགས་བྱེད་མི་དགེ་བ་དང་ཕྲད་ན་མི་དགེ་བར་འགྱུར་བ་ལ། རྐྱེན་མི་དགེ་བ་དང་ཕྲད་ན་ལས་འདུ་བྱེད་འབྱུང་བས། དེ་དགེ་མི་དགེ་གཉིས་སུ་བཟུང་བས་ཉོན་མོངས་པ་ཆགས་སྡང་གཉིས་ལ་འཇུག །དེ་ལས་ཤེས་པ་བྱུང་བས་རྣམ་པར་ཤེས་པ་ལ་བག་ཆགས་ཀྱི་ས་བོན་བཏབ་པས་འཁོར་བར་འཁོར། འོ་ན་འཁོར་༼༩བ༽བ་ལས་ཐར་བའི་ཐབས་གང་ཡིན་ན། བླ་མ་དམ་པའི་གདམས་ངག་ལ་བརྟེན་མ་རིག་པ་རིག་པར་ངོ་འཕྲོད་པས་རྣམ་པར་ཤེས་པ་འོད་གསལ་དུ་ཤར་ནས། བག་ཆགས་ཀྱི་ས་བོན་བཏབ་པའི་ས་མེད། འདུ་བྱེད་ཀྱང་འོད་གསལ་དུ་ཤར་བས་རྒྱུ་འབྲས་ལས་གྲོལ། རྒྱུ་དུས་ན་འབྲས་བུ་རྟོགས། རྒྱུ་དང་འབྲས་བུ་དུས་མཚུངས་པ་བྱ་བ་ཡིན་གསུང་། ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། སྤྱིར་ཡང་ཀུན་ལ་ཟས་ཀྱི་རྣལ་འབྱོར་མེད་ཐབས་མེད་དེ། དེ་ཡང་ཁྱད་པར་དུ་གསང་སྔགས་ཀྱི་རྣལ་འབྱོར་པ་ལ་ཁ་ཟས་ཀྱི་རྣལ་འབྱོར་དང་སྤྱོད་ལམ་གྱི་རྣལ་འབྱོར་ལ་སོགས་པ་གལ་ཆེ་བར་གསུངས་པས་དེ་ཤེས་པར་བྱ་གསུང་། དེ་ལ་བཟའ་བ་དང་བཏུང་བ་ཐམས་ཅད་ཨོཾ་ཨཱཿཧཱུྃ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ནས། རང་ཡི་དམ་གྱི་ལྷར་བསམས་ནས་མཆོད་པ་བྱེད་པ་ནི་ཟས་ཀྱི་རྣལ་འབྱོར་ཡིན་ཏེ། ལྷ་དང་བླ་མ་མཆོད་པས་བསོད་ནམས་ཤིན་ཏུ་ཆེ། སྤྱོད་ལམ་ཆོས་ཉིད་ཀྱི་ངང་དུ་བྱེད་པ་ནི་སྤྱོད་ལམ་གྱི་རྣལ་འབྱོར་རོ། །གསང་སྔགས་ཀྱི་རྣལ་འབྱོར་པ་དེས་ནི་ཟས་འདི་ཟ་མི་ཟ་བྱ་བ་མེད། སྤྱོད་ལམ་འདི་བྱ་འདི་མི་བྱ་བྱ་བ་མི་དགོས། གོས་འདི་གོན་འདི་མི་གོན་བྱ་བ་མེད། ཀུན་ལ་ཉམ་ང་མེད་པས་དཔའ་བོ་སེང་གེ་ལྟ་བུར་སྤྱད། གསང་སྔགས་ཀྱི་ལམ་དུ་ཞུགས་ནས་དམ་ཚིག་ལ་གནས་དགོས་ཏེ། སྤྱད་པའི་དམ་ཚིག་དང་། བསྲུང་བའི་དམ་ཚིག་གཉིས་ལས། སྤྱད་པའི་དམ་ཚིག་ནི། ལུས་ལྷའི་རྣལ་འབྱོར་དང་མི་འབྲལ་བ་ནི་སྐུའི་དམ་ཚིག །ངག་བཟླས་པ་དང་མི་འབྲལ་བ་ནི་གསུང་གི་དམ་ཚིག །ཡིད་སྐྱེ་མེད་དང་མི་འབྲལ་བ་ནི་ཐུགས་ཀྱི་དམ་ཚིག་སྟེ། དེ་ནི་སྤྱད་པའི་དམ་ཚིག་ཡིན་ནོ། །བསྲུང་བའི་དམ་ཚིག་ནི་རྩ་བའི་ལྟུང་བ་བཅུ་བཞི་དང་། ཡན་ལག་གི་ལྟུང་བ་བརྒྱད་དང་། བཅོ་༼༡༠ན༽ལྔ་པོ་ཡན་ལག་དང་བཅས་པའམ། མི་དགེ་བ་བཅུ་སྤོང་བ་ཡིན་ཏེ། ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་གསུམ་སྤོང་བ་ནི་སྐུའི་དམ་ཚིག་གོ །ངག་གི་སྒོ་ནས་བརྫུན་སྨྲ་བ། ཕྲ་མ། ངག་འཁྱལ་བ། ཚིག་རྩུབ་སྤོང་བ་བཞི་ནི་གསུང་གི་དམ་ཚིག་ཡིན། ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས། ལོག་པར་ལྟ་བ་གསུམ་སྤོང་བ་ནི། ཐུགས་ཀྱི་དམ་ཚིག་སྟེ། དེ་ནི་བསྲུང་བའི་དམ་ཚིག་གོ །རིག་པ་འཛིན་མའི་རྒྱུད་ནས་འདི་སྐད་ཀྱང་གསུང་། རང་ལྷ་ཡིན་གཞན་ཡང་ལྷ་ཡིན་པས་ལྷས་ལྷ་གསོད་པའམ། རྡེག་པའམ། ཁྲོ་བའམ། རྫུན་ཟེར་བ་ག་ན་མཆིས། དེ་ལྟར་བསམ་འཚལ། སྤྱིར་གསང་སྔགས་ནི་གསང་བར་བཤད་པ་ཡིན་པ་ལ། མ་གསང་ན་དངོས་གྲུབ་ཀྱི་སྒོ་ཤོར་བ་ཡིན་གསུང་། ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་གིས། སྒོམ་པ་པོ་མེད་བསྒོམ་བྱ་མེད། །ཅེས་པའམ། བསྒོམ་པར་བྱ་བ་ཅུང་ཟད་མེད། །ཅེས་གསུངས་ཏེ། རྣལ་འབྱོར་པ་ན་རེ་སངས་རྒྱས་མི་བདེན། འཆད་པ་པོ་ང་ཆོས་ཀྱང་ང་། །རང་རིག་ཚོགས་ལྡན་ཉན་པ་ང་། །ཞེས་གསུངས། རིག་པ་ང་རང་ཡིན་ངའི་རིག་པ་གསལ་ལ་གོ་མ་འགགས་པ་རྒྱུན་ཆད་མེད་པ་དུས་ཐམས་ཅད་དུ་བསྒོམ་པ་ཡིན། ངའི་ངོ་བོ་དེ་སངས་རྒྱས་ཀྱིས་སྤྱད་པར་མི་ནུས། སྒོམ་པ་ཡང་ང་རང་ཡིན། བསྒོམ་པར་བྱ་བ་ཡང་ཡོད། ང་ལ་ཉམས་སུ་མྱོང་བ་ཨེན་ཙམ་ཞིག་ཡོད། འོ་ན་སངས་རྒྱས་བདེན། ང་ཡང་སངས་རྒྱས་ཀྱི་རྗེས་སུ་འབྲང་། སྒོམ་པ་པོ་མེད་དོ། །རང་གི་རིག་པ་ངོས་བཟུང་མཐའ་དག་དང་བྲལ་བས། དཔེ་དང་ཚིག་གིས་ཀྱང་མཚོན་དུ་མེད་དོ། །མཚན་མའི་ངོས་ནས་དུས་གསུམ་གྱི་སངས་རྒྱས་༼༡༠བ༽ཀྱིས་ཀྱང་གཟིགས་པར་མི་འགྱུར། དེའི་ངོ་བོ་ལ་བསྒོམ་པར་བྱ་བའི་ཡུལ་མེད། འདི་ལྟར་ཉམས་སུ་མྱོང་བ་མེད་པས་བསྒོམ་པར་བྱ་བ་ཅུང་ཟད་མེད། ཡང་བདེ་གསལ་མི་རྟོག་པ་གསུམ་མི་འདོད། ང་བདེ་བར་མི་འདོད་བདེ་བར་འདོད་པ་དེ་ངོས་བཟུང་ཡིན། ང་གསལ་བར་མི་འདོད་གསལ་བར་འདོད་པ་དེ་ངོས་བཟུང་ཡིན། ང་མི་རྟོག་པར་མི་འདོད་མི་རྟོག་པར་འདོད་པ་དེ་ངོས་བཟུང་ཡིན། ང་ལ་དཔེ་དང་ཚིག་ཏུ་མཚོན་པ་མེད། བརྗོད་པ་གང་གིས་ཀྱང་ཐོག་ཏུ་མི་ཕེབས་པས། ང་ལ་བཅས་བཅོས་མ་བྱེད་པར་རང་གར་ཞོག་ཅིག །ཅེས་གསུངས་སོ།། །།ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། སྐྱེ་བ་མེད་པའི་རིག་པ། འགག་པ་མེད་པའི་ལམ། གནས་པ་མེད་པའི་ཤེས་རབ། ཐོབ་པ་མེད་པའི་འབྲས་བུ་དང་བཞི་ཡིན་གསུང་། དེ་ལ་སྐྱེ་བ་མེད་པའི་རིག་པ་ནི། ཆོས་ཐམས་ཅད་གདོད་མ་ནས་སྐྱེ་མ་མྱོང་ཞིང་སྐྱེ་བ་མེད་པར་ཐག་ཆོད། སྐྱེ་མེད་གཅིག་པུར་ལྟ་ན་ཆད་ལྟར་འགྲོ་སྟེ། སྐྱེ་མེད་ལ་རིག་པ་ཁོང་སྐྱལ་ཡོད་པ་ནི་འོ་མ་ལ་མར་ཡོད་པ་དང་འདྲའོ། །འགག་པ་མེད་པའི་ལམ་ནི། གསལ་བའམ་ཉམས་སུ་མྱོང་རྒྱུ་མེད་ན་ལམ་དུ་མི་འགྲོ་སྟེ། རིག་པའི་ངོ་བོ་གསལ་ལ་གོ་མ་འགགས་པར་བྱས་པས་ལམ་མོ། །གནས་པ་མེད་པའི་ཤེས་རབ་ནི། མི་མཐུན་པའི་ཕྱོགས་ཐམས་ཅད་ཆད་པས་ན་ཤེས་རབ་སྟེ། མི་མཐུན་པའི་ཕྱོགས་ནི་དངོས་པོ་དང་མཚན་མ་ལ་སོགས་པ་སྟེ། རིག་པའི་ངོ་བོ་དེ་དངོས་པོ་དང་མཚན་མ་དང་བྲལ་བར་རྟོགས་ན། མར་མེ་བྱུང་ན་མུན་པ་མི་གནས་པ་བཞིན་དུ། མི་མཐུན་པ་ཤུགས་ཀྱིས་ཆད་པས་ན་ཤེས་རབ་བོ། །ཐོབ་པ་མེད་པའི་འབྲས་བུ་ནི། མི་མཐུན་པའི་ཕྱོགས་ཆད་པར་གྱུར་པའི་ངོ་བོ་དེ་ལས་ཆོས་སྐུ་འབྱུང་། དེ་ལས་གཟུགས་སྐུ་གཉིས་འབྱུང་བ་ནི། ཐོབ་པ་༼༡༡ན༽མེད་པའི་འབྲས་བུ་ཡིན་ནོ་གསུངས་སོ།། །།ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། གཉུག་མ་ཞེས་བྱ་བའི་དོན་ཅི་ལ་ཟེར་ན། རྟེན་གང་ལ་ཡང་མ་བཅས་པ། གོ་གར་ཡང་མ་འགགས་པ། ཕྱོགས་གར་ཡང་མ་ལྷུང་བ། ཕུགས་གར་ཡང་མ་གཏད་པ། དཔེ་གང་གིས་ཀྱང་མཚོན་དུ་མེད་པ། བརྗོད་པ་གང་གིས་ཀྱང་ཐོག་ཏུ་མི་ཕེབས་པ་ཞིག་ལ་ཟེར་བ་ཡིན་གསུང་། དེ་ལ་དང་པོ་རྟེན་གང་ལ་ཡང་མི་བཅའ་བ་ནི། ཤེས་པ་ཅི་ལ་ཡང་མི་རྟེན་པ་སྟེ། དཔེར་ན་བྱ་ཐི་ཀོ་ནི་བཞིན་ཡིན། གོ་གར་ཡང་མ་འགགས་པ་ནི། རེ་དྭོགས་དགག་སྒྲུབ་གང་ཡང་མེད་པའོ། །ཕྱོགས་གར་ཡང་མ་ལྷུང་བ་ནི། རྟག་ཆད་ཀྱི་མཐར་མ་ལྷུང་བའོ། །ཕུགས་གར་ཡང་མ་གཏད་པ་ནི་འདོད་པ་མེད་པའོ། །དཔེ་གང་གིས་ཀྱང་མཚོན་དུ་མེད་པ་ནི། ངོས་བཟུང་ཐམས་ཅད་དང་བྲལ་བའོ། །བརྗོད་པ་གང་གིས་ཀྱང་ཐོག་ཏུ་མི་ཕེབས་པ་ནི། བརྗོད་པ་ཐམས་ཅད་ལས་འདས་པ་ཡིན་གསུངས་སོ།། །།ཡང་རྗེ་རིན་པོ་ཆེའི་ཞལ་ནས། སེམས་ཀྱི་དོན་ཇི་ལྟར་འཚོལ་ཞེ་ན། དེ་དབྱིབས་དང་ཁ་དོག་ལ་སོགས་པ་གང་ཡང་མ་མཐོང་བ་ཡིན་གསུང་། འོ་ན་ཇི་ལྟར་མཐོང་ཞེ་ན། ཅི་ཡང་མ་མཐོང་བ་དེ་ཉིད་མཐོང་བའི་མཆོག་ཡིན། དེ་ཡང་མ་མཐོང་བ་དེ་ཉིད་མཐོང་བ་ཡིན་པར་ཤིན་ཏུ་ཟབ་པའི་མདོ་ལས་གསུངས་སོ། །ཞེས་གསུང་། དེ་མཐོང་ནས་ཇི་ལྟར་བཞག་ཅེ་ན། སྤྲིན་མེད་པའི་ནམ་མཁའ་སྒྲིབ་གཡོགས་ཐམས་ཅད་དང་བྲལ་བ་བཞིན་བཞག །གཡོ་འགུལ་ཐམས་ཅད་དང་བྲལ་བ་རླབས་དང་བྲལ་བའི་རྒྱ་མཚོ་ལྟར་བཞག །གསལ་འགྲིབ་ཐམས་ཅད་དང་བྲལ་བའི་མར་མེ་བཞིན་བཞག །དེ་ལྟར་རྟོགས་ན་འབྲས་བུ་སངས་རྒྱས་ཐོབ་ཏུ་མེད། འཁོར་བར་ལྷུང་གིས་དོགས་པ་མི་སྐྱེ། མཉམ་པ་ཉིད་འདོད་པའི་རེ་བ་མེད་པས། ཚོལ་བར་མི་བྱེད་དོ། །དེ་༼༡༡བ༽ཅིའི་ཕྱིར་བྱས་པ་ལ་འབྲས་བུ་ལ་རེ་བ་མེད་པ་ནི། སེམས་ཉིད་དེ་ལྟར་རྟོགས་པ་དེ་ཉིད་ཆོས་སྐུ་ཡིན་པས་དེ་ལས་གཞན་འདོད་རྒྱུ་རེ་རྒྱུ་མེད། འཁོར་བ་ལ་དོགས་པ་མེད་པ་ནི་ཆོས་སྐུ་དང་འཁོར་བ་གཉིས་མེད་དུ་ཤེས་པས་དོགས་པ་མེད་པ་ཡིན། མཉམ་པ་ཉིད་ལ་ཚོལ་བ་མེད་པ་ནི། ཆོས་སྐུ་རྟོགས་ན་གཞན་འདོད་རྒྱུ་མེད་པ་ཡིན། བླ་མ་མི་ལའི་གདམས་ངག་ཡིན། སངས་རྒྱས་བྱོན་ཡང་དེ་ལས་ལྷག་པ་མི་ཡོང་གསུང་ངོ་།། །།ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། སོ་མ་རང་ཐད་ལྷུག་པ་ཡིན་གསུང་། དེ་ཡང་སོ་མ་ལ་གསུམ་སྟེ། རང་སེམས་ཁོང་གློད་པ་དང་། ངག་རླུང་མི་བཙིར་བར་བཞག་པ་དང་། ཤེས་པ་རྟེན་མི་བཅའ་བའོ། །རང་ཐད་ལ་ཡང་གསུམ་སྟེ། ཤེས་པ་རང་གར་བཏང་བ་དང་། འཕྲོ་བའི་ཡུལ་མཚན་མར་སྣང་བ་དེ་ཆོས་སྐུར་ཤེས་པར་བྱ་བ་དང་། དེ་ལ་མ་ཡེངས་པའོ། །ལྷུག་པ་ལ་གསུམ་སྟེ། སྤྱོད་ལམ་རྣམ་བཞི་ཁྱད་པར་མེད་པར་བྱ་བ་དང་། ཉམས་དང་མི་འབྲལ་བར་བྱ་བ་དང་། ཚོགས་དྲུག་ལྷུག་པར་བཞག་པའོ་གསུང་ངོ་།། །།ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། སེམས་ཉིད་ཅེས་བྱ་བ་བདེ་བར་འགྱུར་བ་མེད་པ། རྒྱུན་ཆད་མེད་པ། དུས་ཐམས་ཅད་པ་བྱ་བ་ཡིན་གསུང་། དེ་ལ་འགྱུར་བ་མེད་པ་ནི། ཁ་དོག་དང་དབྱིབས་སུ་མ་གྲུབ་པས་ན་འགྱུར་བ་མེད་པའོ། །རྒྱུན་ཆད་མེད་པ་ནི་རིག་པ་རྒྱུན་ཆད་མེད་པ་ཡིན། དུས་ཐམས་ཅད་པ་ནི་དུས་འདི་ནས་བཟུང་ནས་ཡོད། འདི་ནས་བཟུང་ནས་མེད་ཅེས་བྱ་བ་མ་ཡིན་ཏེ། མ་སྐྱེས་མི་འགག་པའི་ཕྱིར་ན་དུས་ཐམས་ཅད་པའོ། །གསུངས་སོ།། །།ཡང་རྗེ་རིན་པོ་ཆེའི་ཞལ་ནས། གང་ཟག་རྣམས་ཆོས་རྣལ་མ་ཞིག་བྱེད་ན། ཆོས་ཀྱི་དབང་དུ་བྱེད་ན། ལྟ་ཐོག་ནས་སྒོམ་ཚོལ་བ་དང་། སྒོམ་ཐོག་ནས་ལྟ་བ་༼༡༢ན༽ཚོལ་དགོས་ཏེ། དེ་ཡང་སྔོན་དུ་ཚོགས་གཉིས་ལ་བརྟེན་དགོས། དེ་ནས་གསང་སྔགས་ཀྱི་ཐབས་ཀྱི་སྒོ་ནས་རྩ་དང་། རླུང་དང་། ཐིག་ལེ་ལ་སོགས་པ་བསྒོམས་པས། རླུང་སེམས་གཉིས་སུ་མེད་པའི་གནད་ཀས་སྲོག་རྩོལ་དབུ་མར་ཚུད་ཙམ་ན། ཤེས་པ་རང་གི་ངོ་བོ་དེ་ལ་དང་པོ་བདེ་བ་གསལ་བ་མི་རྟོག་པ་ཙམ་འོང་། དེ་ནས་རིག་པ་རང་གི་ངོ་བོ་དེ་སྐྱོན་ཐམས་ཅད་ཀྱིས་མ་གོས་པ་ཡེར་གྱིས་འོང་སྟེ། དེའི་དུས་སུ་ལྟ་བ་ཡང་སེམས། སྒོམ་པ་ཡང་སེམས། སྤྱོད་པ་ཡང་སེམས། འབྲས་བུ་ཡང་སེམས་དེ་རང་ཡིན། དེའི་དུས་སུ་སྤྱོད་ལམ་རྣམ་བཞི་ཅི་བྱས་ཀྱང་སེམས་ཉིད་ལས་མ་འདས། འགྱུར་བ་མེད་པ་དེ་སྒོམ་ལ་བརྟེན་པའི་ལྟ་བ་ཡིན། སྒོམ་ཐོག་ནས་ལྟ་བ་རྙེད་པའོ། །དེའི་དུས་སུ་ལྟ་སྒོམ་སྤྱོད་གསུམ་གཅིག་ཏུ་ཤེས་པ་ཞིག་དགོས་པ་ཡིན། ལྟ་ཐོག་ནས་སྒོམ་ཚོལ་བ་ནི། དབང་པོ་རབ་སྦྱངས་པ་ཅན་གྱི་སྤྱོད་ཡུལ་ཡིན་ཏེ། འགའ་ཞིག་དུས་ལ་མ་བབ་ཟེར་བ་ཡང་ཡོད་དེ། དུས་ད་རེས་རང་ཡིན་གསུང་པས་ན་མོས་པ་བྱ། འདི་སྐྱེ་བའི་རྒྱུ་ཡང་། བླ་མ་དམ་པ་བྱིན་རླབས་ཅན་ལ་མོས་པ་དང་གུས་པའི་སྒོ་ནས་དུས་རྟག་ཏུ་གསོལ་བ་བཏབ་པ་ལས་འབྱུང་སྟེ། དེ་ལ་བསྒོམ་པ་དང་གོམས་པས་བྱ་བ་གཉིས་ཡིན། བསྒོམ་པ་ནི་ཕྱག་རྒྱ་ཆེན་པོའི་དོན་ལ་སེམས་མ་ཡེངས་པར་མ་བཅོས་པར་འཇོག་པ་ཡིན་ཏེ། དེ་ཡང་ངོ་སྤྲད་པའི་སྐབས་སུ་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད། དེ་ཡང་སེམས་ཉིད་ལྷན་ཅིག་སྐྱེས་པ་ནི་སེམས་ཉིད་ཀྱི་ངོ་བོའམ་ཡིན་ཚུལ་དེ་ཡིན། སྣང་བ་ལྷན་ཅིག་སྐྱེས་པ་ནི་དེ་ལ་དྲན་རྟོག་སྣ་ཚོགས་སུ་འཆར་བ་དེ་ཡིན། དེ་ཡང་ཉི་མ་དང་ཉི་མའི་འོད་ཟེར་ལྟ་བུ། ཙན་དན་དང་ཙན་དན་གྱི་དྲི་ལྟ་བུ་༼༡༢བ༽ཡིན། དེ་ཡང་སེམས་ཉིད་ཀྱི་ངོ་བོ་ལ་བཅས་བཅོས་མ་བསླད་པར་བཞག་པས། དང་པོ་སྐད་ཅིག་ཙམ་རེ་ངོས་ཟིན་པ་འོང་། དེའི་དུས་སུ་དེ་བྱུང་བ་ལ་དགའ་བར་མི་བྱ། མ་བྱུང་བ་ལ་སྐྱོན་དུ་མི་བལྟ། དེ་ནས་སེམས་ཀྱི་ངོ་བོ་རྟོག་པ་ཐམས་ཅད་ལས་འདས་པ། དེ་ཡུན་ཇེ་རིང་ལ་སོང་སྟེ། དེ་ནས་ཇི་ཞིག་ཙམ་ན་ཐམས་ཅད་སེམས་ཉིད་ཆོས་ཀྱི་སྐུ། སྣང་བ་དང་འཛིན་པ་ལས་གྲོལ་བ་དེ་རང་འབའ་ཞིག་ཏུ་འགྲོ་སྟེ། དེའི་དུས་སུ་གླང་ཆེན་བཞེངས་ཀྱང་མཉམ་པར་བཞག་བྱ་བ་ཡིན་ཏེ། ཀྱཻའི་རྡོ་རྗེ་བརྟག་པ་དང་པོ་ལས། ཆུ་བོའི་རྒྱུན་ནི་རབ་འབབ་དང་། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་བཞག །ཅེས་གསུངས་སོ། །དེ་ནི་སྒོམ་པའོ། །དེའི་དོན་ལ་མ་ཡེངས་པར་དུས་གསུམ་དུ་གོམས་པར་བྱའོ། །དེ་ནི་ལྟ་ཐོག་གི་སྒོམ་པ་ཡིན་ཏེ། དེ་ལྟ་བུའི་དོན་ཞིག་ཉམས་སུ་ལེན་ཙ་ན། ཡེ་ཤེས་རྒྱུན་ཆད་པ་དང་མ་ཆད་པ་མེད། འོ་སྐོལ་གྱིས་རྒྱུན་བཅད་པ་དང་མ་བཅད་པ་གཉིས་ཀ་མི་ནུས་ཏེ། ཡེ་ཤེས་བཅད་པས་ཆོད་པ་ཡང་མ་ཡིན། མ་བཅད་པས་རྒྱུན་ཡོད་པ་ལྟ་བུ་ཡང་མ་ཡིན། ད་ལྟར་གྱི་གནས་སྐབས་སུ་ལྟ་སྤྱོད་སྒོམ་གསུམ་ཡ་མ་བྲལ་བ་ཞིག་ལམ་དུ་འཁྱེར་དགོས་པ་ཡིན། དེ་ཡང་རང་གི་སེམས་ཀྱི་ནང་དུ་བལྟ་ཉུལ་བྱེད་པ་ཡིན་གསུང་།། །།ཡང་རྗེ་སྒམ་པོ་པའི་ཞལ་ནས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་ཡིན་གསུང་། དེ་ཡང་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་ནི་སེམས་ཀྱི་རང་བཞིན་ནམ་ངོ་བོ་དེ་ཡིན། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད་དེ་ནི། དེ་ལས་བྱུང་བས་རྣམ་པར་རྟོག་པ་སྣ་ཚོགས་སུ་ཤར་བ་ཡིན། དེ་ཡང་ཉི་མ་དང་ཉི་མའི་འོད་ཟེར་ལྟ་བུའམ། ༼༡༣ན༽ཙན་དན་དང་ཙན་དན་གྱི་དྲི་ལྟ་བུ་ཡིན། དེ་ལ་རྟོགས་པར་བྱ་བའི་ཆོས་གསུམ། ཉམས་སུ་བླང་བའི་ཆོས་གསུམ་ཡིན། དེ་རྟོགས་པར་བྱ་བའི་ཆོས་གསུམ་ནི། ལམ་སྣ་ཚོགས་སུ་ཤར་བར་རྟོགས་པར་བྱ། སྣང་བ་ལྷན་ཅིག་སྐྱེས་པ་སྣ་ཚོགས་སུ་ཤར་བ་དེ་དོན་ཅི་ཡང་མ་ཡིན་པ་ལས་འདས་པར་ཤེས་པར་བྱ། གཉིས་མེད་སྨྲ་བར་མི་ནུས་པར་ཤེས་པར་བྱའོ། །ཉམས་སུ་བླང་བའི་ཆོས་གསུམ་ནི། སེམས་ཉིད་ལྷན་ཅིག་སྐྱེས་པ་ལ་དང་པོར་རྩོལ་སྒྲུབ་དང་བྲལ་བས་ལུས་སེམས་ཁོང་གློད་པ་དང་། བར་དུ་ཐེ་ཚོམ་མེད་པས་སེམས་མ་བཅོས་པར་སོ་མར་བཞག་པ་དང་། ཐ་མ་བྱུང་ཚོར་ཐམས་ཅད་སྐྱེ་མེད་དུ་ཤེས་པར་བྱའོ་གསུང་། ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། འོ་དོད་གསུམ་ཡིན། གསུམ་ནི་སྙན་པའི་འོ་དོད་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྲོ་བའི་རྒྱུད་ལ་ཡོད་པའི་གཉུག་མ་རང་ལ་ཡོད། གཞན་ནས་བཙལ་མི་དགོས། བདེ་བའི་འོ་དོད་ནི་སྡུག་བསྔལ་ཐམས་ཅད་སྤངས་པའི་བདེ་ཆེན་ཆོས་ཀྱི་སྐུ་རང་སེམས་དེ་ཁོ་ན་ཡིན། གཞན་ན་མེད། གྲགས་པའི་འོ་དོད་ནི་སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་སེམས་ཡིན། ལོགས་ནས་མ་བྱུང་། ཁྱེད་དེ་ལ་འཇིགས་མི་དགོས་གསུང་།། །།ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། དབྱིངས་དང་ཡེ་ཤེས་བྱ་བ་གང་ཞིག་ཡིན་ཞེ་ན། དབྱིངས་དང་ཞེས་བྱ་བ་ནི་སེམས་ཉིད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་འོད་གསལ་བ་ཡིན། ཡེ་ཤེས་ཞེས་བྱ་བ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་མཚན་ཉིད་དོ། །ཆོས་ཐམས་ཅད་འུབས་ཀྱིས་བསྡུས་ནས་རང་གི་སེམས་ལ་བལྟ་དགོས། སེམས་རྟོགས་ན་ཐམས་ཅད་དེར་འདུས། དེ་ཡང་རང་གི་སེམས་དེ་སངས་རྒྱས་སུ་ཤེས་དགོས། ཆོས་ཐམས་ཅད་སེམས་སུ་འདུས་༼༡༣བ༽པས་སེམས་རྟོགས་ན་གསང་སྔགས་ཀྱི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བྱ་བ་དེ་ཡིན། འོད་གསལ་བྱ་བ་རང་གི་སེམས་དེ་ཡིན། ཆོས་བསྒོམས་ན་རང་གི་སེམས་མ་བཅོས་པར་བཞག་ན། དེ་ལ་སྐད་ཅིག་མའམ་སྐད་ཅིག་མ་གཉིས་པ་ལ་སོགས་པའི་རྟོག་པ་བྱུང་ན་སངས་རྒྱས་བྱ་བ་དེ་ཡིན། སེམས་བཅོས་ན་བློས་བྱས་ཡིན། བྱིང་རྒོད་ཀྱི་རྣམ་རྟོག་བྱུང་ཡང་གཞི་མེད་ཡིན་པས། དེས་མི་ལྟོ། བླ་མ་མི་ལའི་ཞལ་ནས། ལྷ་སྐུ་འཇའ་ཚོན་ལྟ་བུ་བསྒོམ་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་འདི་གཉིས་རང་ཅག་རྒན་པོ་རྣམས་ལ་གལ་ཆེའོ་གསུངས། སྤྱོད་ལམ་གྱི་དུས་སུ་ཤེས་པ་ལྷོད་ལ་མ་ཡེངས་པ་ཞིག་དགོས་ཏེ། དཔེར་ན་མཁས་པ་བ་གླང་སྐྱོང་བ་བཞིན་དུ་ཤེས་པ་ལྷོད་ལ་མ་ཡེངས་པར་བྱ། རྣལ་འབྱོར་མ་གངྒཱ་དྷ་རའི་ཞལ་ནས། བུ་ཡུལ་ལ་མ་བལྟ་སེམས་ལ་མ་བལྟ་བར། །བྱ་བ་མ་བྱེད་ཞེ་འདོད་མ་སྐྱེད་ཅིག །རེ་བ་མ་བྱེད་དྭོགས་པ་མ་འཆའ་བར། །སེམས་ནི་གར་དགའ་ཉིད་དུ་ཐོང་ལ་ཐོང་། །ཞེས་གསུངས་པ་བཞིན་ནོ། །ངོ་བོ་རང་གི་སེམས་ལ་བལྟ་ན། སེམས་དེ་གློད་ལ་བཞག །སོ་མར་བཞག །རང་གར་བཞག །ལྷུག་པར་བཞག་གོ །དེ་ལ་རྒྱུན་ཆད་མེད་པ་ཞིག་གལ་ཆེའོ། །འབྲས་བུ་ཡང་རང་གི་སེམས་ལ་ཡོད་དེ། རྗེ་ནཱ་རོ་པའི་ཞལ་ནས། བདག་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལ། །རྣམ་རྟོག་དབང་གིས་སངས་རྒྱས་ཉིད་མ་མཐོང་། །ཞེས་གསུངས་སོ། །རྗེ་ཏཻ་ལོ་པའི་ཞལ་ནས། ལྷན་ཅིག་སྐྱེས་པའི་རིག་པ་འདི། །དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཏེ། །ཏཻ་ལོ་ང་ཡིས་ཅི་ཡང་བསྟན་དུ་མེད། །ཅེས་གསུངས་སོ།། །།རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། སྣང་བ་དང་ཆོས་སྐུ་ཐ་དད་མེད་དེ། དཔེར་ན་གླ་རྩི་དང་དྲིའམ། ཙན་དན་དང་དྲིའམ། ཆུ་དང་༼༡༤ན༽ཆབ་རོམ་མམ། གསེར་དང་སེར་པོའམ། དུང་དང་དཀར་པོ་ཐ་དད་མེད་པ་བཞིན་དུ། སྣང་བ་དང་ཆོས་སྐུ་ཡང་ཐ་དད་མེད་པར་བྱ་གསུང་། དེས་ན་གྱད་ཀྱི་ནོར་བུ་རང་གི་ལྟོ་ན་ཡོད། དབུལ་པོའི་གཏེར་ནི་རང་གི་ཁྱིམ་ན་ཡོད་པ་བཞིན་དུ། འབྲས་བུ་ཆོས་སྐུ་རང་གི་སེམས་ལ་ཡོད་པ་ཡིན་ནོ། །རང་གི་སེམས་ལ་བལྟ་ན་ལྟ་བ་ཡིན། །ཆོས་རྣམས་སེམས་སུ་རྟོགས་ན་རྟོགས་པ་ཡིན། །དེ་ལ་གོམས་པར་བྱེད་པ་སྒོམ་པ་ཡིན། །ངོ་བོ་ཉམས་སུ་མྱོང་ན་ཉམས་མྱོང་ཡིན། །དེའི་ངང་ལ་རྒྱུན་ཆད་མེད་པ་སྤྱོད་པ་ཡིན། །ངོ་བོ་མངོན་དུ་གྱུར་པ་འབྲས་བུ་ཡིན། །དེ་ཉིད་གཞན་ལ་སྟོན་པ་ཕྲིན་ལས་ཡིན། །ལྟ་བ་ལ་བརྟེན་ནས་རྟོགས་པ་འཆར། བསྒོམ་པས་ཉམས་མྱོང་སྐྱོང་། འབྲས་བུ་ལས་གཞན་དོན་ཕྲིན་ལས་འབྱུང་ངོ་། །རེས་ངོ་བོ་ལ་ཅིག་ཆར་དུ་བསྒོམ། རེས་འགའ་བློས་བྱས་ཀྱི་བཅོས་མ་ལ་བརྟེན་ནས་རེས་འཇོག་ཏུ་བྱའོ། །ཅིག་ཅར་བས་ཆོས་སྐུ་ཐོབ། རེས་འཇོག་པས་ཟུང་འཇུག་སྐུ་ཐོབ། སྙིང་རྗེ་དང་བྲལ་བས་ཉན་ཐོས་སུ་འགྲོ །ལས་འབྲས་སྤངས་ན་ངན་སོང་ན་འགྲོ་བས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས། རང་གི་སེམས་ལ་རིམ་གྱིས་པ་དང་། ཅིག་ཅར་དུ་བསྒོམ་པ་གལ་ཆེའོ་གསུང་།། །།ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་དོན་མཐུན་པ་ཡིན་གསུང་། གསང་སྔགས་ཀྱི་སྐད་དུ་བྱས་ན་སེམས་ཉིད་གཉུག་མ་ཞེས་བྱ་བའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ན་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་ཞེས་བྱ་བའམ། དབུ་མ་ཞེས་བྱ་བའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟེར་ཏེ། དེ་ཡང་གསང་སྔགས་ལ་མ་བརྟེན་པར་སངས་རྒྱ་བའི་ཐབས་ཡོད་ཟེར་བ་འདི་༼༡༤བ༽ཤེས་དགོས་པ་ཡིན། དེ་ཡང་ཡ་ཀིའི་འོད་གསལ་གྱི་ཏིང་ངེ་འཛིན་མན་ཆོད་ནས། མ་ཀིའི་སྐྱབས་སུ་འགྲོ་བ་ཐུན་མོང་པའི་སྡོམ་པ་ཡན་ཆད་ནས་བཟུང་ནས། ཐམས་ཅད་མ་ལུས་པར་གང་ཟག་གཅིག་གི་རྒྱུད་ལ་རྟེན་འབྲེལ་སྐོར་ཅིག་བྱེད་མ་ཤེས་ན་ལམ་མ་ཚང་བས་ཆོས་མ་གོ་བ་ཡིན། དེ་ལྟར་མ་ཤེས་ན་རྒྱུད་ཀྱིས་ཕྱུག་པ་ཡོད་ཀྱང་གདམས་ངག་ཁ་མ་ཚང་བ་ཡིན་པས་ལམ་མ་ཚང་བ་ཡིན་ནོ། །དེས་ན་གསང་སྔགས་ཀྱི་རྒྱུད་ཀྱིས་ཕྱུག་པ་དང་། གདམས་ངག་མ་ཚང་བ་མེད་པ་གལ་ཆེའོ། །དེ་ཐམས་ཅད་གང་གིས་ཉམས་སུ་ལེན་ན་ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་གསུམ་ཡིན་ནོ། །ལྟ་བ་ནི་བླ་མ་མི་ལའི་ཞལ་ནས། ལྟ་བ་ཡིན་པར་ངེས་ཀྱིས་རང་གི་སེམས་ལ་ལྟོས། །ལྟ་བ་རང་གི་སེམས་ལས་གཞན་དུ་བཙལ་བ་ན། །གྱད་ཀྱི་ནོར་ཚོལ་འདྲའོ་ཨང་གེ་སྟོན་པ་བ། །སྒོམ་པ་ཡིན་པར་ངེས་ཀྱིས་བྱིང་རྒོད་སྐྱོན་མ་བསལ། །སྒོམ་པ་བྱིང་རྒོད་ཐོར་རྨུགས་སྐྱོན་བསལ་ན། །ཉིན་པར་མར་མེ་འདེགས་པ་འདྲའོ་ཨང་གེ་སྟོན་པ་བ། །སྤྱོད་པ་ཡིན་པར་ངེས་ཀྱིས་བླང་དོར་རེས་མ་བྱེད། །སྤྱོད་པ་བླང་དོར་རེ་དྭོགས་རེས་བྱེད་ན། །སྦྲང་མ་རྒྱར་ཆུད་འདྲའོ་ཨང་གེ་སྟོན་པ་བ། །དམ་ཚིག་ཡིན་པར་ངེས་ཀྱིས་ལྟ་བའི་གདེངས་ལ་ཞོག །ལུང་མེད་དམ་ཚིག་ལོགས་ནས་བཙལ་བ་ན། །ཆུ་མགོ་གྱེན་ལ་ལོག་པ་འདྲའོ་ཨང་གེ་སྟོན་པ་བ། །འབྲས་བུ་ཡིན་པར་ངེས་ཀྱིས་རང་གི་སེམས་ལ་ལྟོས། །ཐོབ་མེད་འབྲས་བུ་གཞན་ནས་ཐོབ་འདོད་བཙལ་བ་ན། །སྦལ་པ་གནམ་ལ་འཆོང་པ་འདྲའོ་ཨང་གེ་སྟོན་པ་བ། །བླ་མ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་དྲིས། །སེམས་ལས་གཞན་པའི་བླ་མ་ལོགས་སུ་བཙལ་བ་ན། །དེ་ཡིས་རང་སེམས་སྤངས་པ་འདྲའོ་ཨང་གེ་སྟོན་པ་བ། །དེས་ན་སྣང་སྲིད་༼༡༥ན༽འཁོར་འདས་ཐམས་ཅད་ཀུན། །རང་གི་སེམས་སུ་འདུས་ནས་གདའོ་ཨང་གེ་སྟོན་པ་བ། །ཞེས་གསུངས་སོ། །དེ་ལྟར་ལྟ་བ་དང་སྒོམ་པ་སྤྱོད་པ་གསུམ་ངེས་པར་བློ་ལ་སྐྱེས་ནས། གཉུག་མའི་ཤེས་པ་བསྒོམས་ན། དང་པོ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་ལ། དེ་ནས་འོད་གསལ་བསྒོམས་ན། དཔེར་ན་མི་གཅིག་གིས་ཁོ་རང་གི་རང་བཞིན་བོར་ནས། མི་གཞན་གྱི་མི་མཁས་པ་དང་། མཁས་པ་དང་། མི་ཆེན་པོ་བྱེད་པ་དང་། ཆུང་ངུ་བྱེད་པ་ཅིག་གི་ལད་མོ་ཟློས་ན། ཁོ་རང་གི་རང་བཞིན་ཤོར་བ་དེས་མི་ཕན་ནོ། །ཁོའི་གཤིས་དེ་རང་བཞིན་རྣལ་མ་དེ་ཡིན་པ་ལ། ཐེ་ཚོམ་མ་ཡིན་ནོ། །དཔེ་དེ་བཞིན་དུ་འོད་གསལ་བྱ་བ་རང་གི་སེམས་ཡིན་པས། སེམས་ཀྱི་རང་བཞིན་མ་བཅོས་པ་ཡིན་ཏེ། སེམས་ཀྱི་རང་བཞིན་ནི་གསལ་བར་མི་བྱེད། མི་གསལ་བར་མི་བྱེད། དགེ་བ་མི་བྱེད། མི་དགེ་བར་མི་བྱེད། རྟོགས་པར་མི་བྱེད། མི་རྟོགས་པར་མི་བྱེད། དྲན་རིག་ལ་སོགས་པ་གང་དུ་ཡང་མི་བྱེད་པ་ཡིན་པས། དེ་ལ་གཉུག་མ་ཞེས་བྱའོ། །སེམས་ཀྱི་རང་བཞིན་སྟོང་པ་ཉིད་ཡིན། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ཡིན། སེམས་ཀྱི་རང་བཞིན་རྟོག་མེད་ཡིན། ཐ་མལ་གྱི་ཤེས་པ་ཞེས་བྱ། འོ་ན་ལུང་མ་བསྟན་དུ་མི་འགྲོའམ་ཞེ་ན། སེམས་ཀྱི་རང་བཞིན་དགེ་མི་དགེ་གང་དུ་ཡང་མི་བྱེད་པ་ལུང་མ་བསྟན་རང་ཡིན་གསུང་། དེ་རང་བཞིན་ཡིན་པ་ལ་ཡིན་པར་ཤེས་ན་འོད་གསལ་ཡིན་ནོ། །མ་བཅོས་པ་ནི་ཐ་མལ་གྱི་ཤེས་པ་ཞེས་བྱ། དགེ་མི་དགེ་དང་གསལ་མི་གསལ་དུ་བྱེད་ན། བཅོས་མ་ཡིན། ཕ་རོལ་ཏུ་ཕྱིན་པའི་གཅིག་དང་དུ་བྲལ་ལ་སོགས་པའི་གྲུབ་མཐའ་ཐམས་ཅད་ཀྱི་བློས་བྱས་ཀྱི་སྟོང་པ་བྱ་བ་ཡིན། སེམས་ཉིད་གཉུག་༼༡༥བ༽མ་འདི་ཤེས་ན། ཕྱི་གཟུང་བའི་ཡུལ་ཐམས་ཅད་རང་གྲོལ་དུ་འགྲོ་བ་ཡིན། སྣང་བ་སེམས་སུ་ཤེས་ནས་སེམས་མ་བཅོས་པའི་ངང་དུ་གཞག་ནས། དེ་ལ་ཐ་སྙད་བཏགས་ན། གསལ་ལ་མ་ཡེངས་པས་ན་མར་མེ་ལྟ་བུ་ཞེས་བྱ། ངོས་བཟུང་མེད་པས་ན་ཆོས་ཉིད་ནམ་མཁའ་ལྟ་བུ། དག་ཅིང་དྭངས་པས་ན་མེ་ལོང་གཡའ་དག་པ་ལྟ་བུ། རྒྱུན་ཆད་མེད་པས་ན་ཆུ་བོ་ལྟ་བུ། དེ་ལྟར་སྣང་བ་སེམས་སུ་རྟོགས་ནས། སེམས་གཉུག་མ་དེ་རྟོགས་ན་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་ལ་སོགས་པར་འཆར་བ་ཡིན་ཏེ། དེ་རྟོགས་ན་རང་གི་རྒྱུད་ལ་ཟག་པ་མེད་པའི་ས་བོན་ཐེབས་པ་ཡིན། ཟག་མེད་ཀྱི་སྡོམ་པའི་ངོ་བོ་དེ་ལ་འཇོག་པ་ཡིན། ས་དང་པོའི་ཡོན་ཏན་ཡང་དེས་ཐོབ། ས་དང་པོའི་དྲོད་རྟགས་མེད་སྙམ་ན་གསང་སྔགས་ལུགས་ཀྱིས། ཚེ་གཅིག་ལ་ཡོན་ཏན་རྫོགས་པར་འདོད་པ་ཡིན་པས། ཚོགས་ལམ་ནས་ས་དང་པོ་མཐོང་བའི་བར་གྱི་ལམ་ཐམས་ཅད་འུབས་བསྡུས་སུ་བྱེད་པ་ཡིན་ཏེ། དཔེར་ན་གྲོད་པ་ཁ་བསྡུས་པ་དང་འདྲ་བ་ཡིན་གསུང་། རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། ལམ་རྣམ་པ་གསུམ་ཡིན་གསུང་། དེ་ལ་ལམ་རྣམ་པ་གསུམ་ནི། རྗེས་དཔག་ལམ་དུ་བྱེད་པ་དང་། བྱིན་རླབས་ལམ་དུ་བྱེད་པ་དང་། མངོན་སུམ་ལམ་དུ་བྱེད་པ་དང་གསུམ་ཡིན་གསུང་། དེ་ལ་རྗེས་དཔག་ལམ་དུ་བྱེད་པ་ནི། ཆོས་ཐམས་ཅད་གཅིག་དང་དུ་བྲལ་གྱི་གཏན་ཚིགས་ཀྱིས་གཞིགས་ནས། འགྲོ་ས་འདི་ལས་མེད་ཟེར་ནས་ཐམས་ཅད་སྟོང་པར་བྱས་ནས་འཇོག་པ་ནི་རྗེས་དཔག་གོ །ལྷའི་སྐུ་བསྐྱེད་པའི་རིམ་པ་ལ་བརྟེན་ནས་རྩ་རླུང་དང་ཐིག་ལེ་དང་། སྔགས་ཀྱི་བཟླས་བརྗོད་ལ་སོགས་པ་བྱིན་རླབས་ཀྱིས་ལམ་མོ། །མངོན་སུམ་ལམ་དུ་བྱེད་པ་ནི་བླ་མ་དམ་པ་ཅིག་གིས་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་༼༡༦ན༽འོད་གསལ་བྱ་བ་ཡིན་གསུང་བ་དེ་ལྟ་བུ་ངེས་པའི་དོན་གྱི་གདམས་ངག་ཕྱིན་ཅི་མ་ལོག་པ་ཅིག་བསྟན་པས། རང་ལ་ངེས་པའི་ཤེས་པ་ལྷན་ཅིག་སྐྱེས་པ་དེ་ལ་ལྟ་སྤྱོད་སྒོམ་གསུམ་ཡ་མ་བྲལ་བར་གཉུག་མའི་ཤེས་པ་ལམ་དུ་ཁྱེར་བ་ནི་མངོན་སུམ་ལམ་དུ་བྱེད་པའོ། །ལམ་གསུམ་ལ་འཇུག་པའི་གང་ཟག་ནི་གཉིས་ཏེ། རིམ་གྱིས་པ་དང་། ཅིག་ཆར་བའོ། །ཅིག་ཆར་བ་ནི། ཉོན་མོངས་པ་ལ་སོགས་པ་མི་མཐུན་པའི་བག་ཆགས་སྲབ་པ། ཆོས་ཀྱི་བག་ཆགས་མཐུག་པ་སྦྱངས་པ་ཅན་གྱི་གང་ཟག་ལ་ཟེར་བ་ཡིན་ཏེ། དེ་ཤིན་ཏུ་དཀའ་བ་ཡིན། ང་ནི་རིམ་གྱིས་པར་འདོད་པ་ཡིན་གསུང་། ཡང་དྭགས་པོ་རིན་པོ་ཆེའི་ཞལ་ནས། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་སེམས་ལས་ཕྱི་རོལ་དུ་གྱུར་བའི་ཆོས་མེད་དེ། སེམས་སྐྱེ་བ་མེད་པར་གོ་ན་ལྟ་བ། དེ་ལྟ་བུའི་དོན་ནང་དུ་སེམས་ལ་ཤར་ན་རྟོགས་པ། རྟོགས་པའི་དོན་དེ་ལ་སེམས་རྩེ་གཅིག་ཏུ་འཇོག་པ་དེ་སྒོམ་པ། དེ་ལ་ཡེངས་པ་མེད་པ་ནི་སྤྱོད་པ་ཡིན་གསུང་། དེ་ཉམས་སུ་ལེན་པའི་དུས་སུ་དོན་སྤྱིའི་ཚུལ་དུ་བསྒོམ་པ་དང་། དོན་དངོས་པོར་སྒོམ་པ་གཉིས་སོ། །དང་པོ་ཆོས་ཐམས་ཅད་སྟོང་པ་ཉིད་སྐྱེ་བ་མེད་པས་ཅིར་ཡང་མ་གྲུབ་པ་ལ་བློ་འཇོག་པ་ཡིན་ཏེ། བློས་བྱས་ཡིན། དོན་དངོས་པོ་ནི་སེམས་ཉིད་ལྷན་ཅིག་སྐྱེས་པ་འོད་གསལ་བ་རིག་པའི་ངོ་བོ་དེ་ཆོས་སྐུ་ཡིན། དེ་ཉིད་མ་བཅོས་གསལ་བའི་ངོ་བོ་དེ་དོན་དམ་པའོ། །དེ་ལྟ་བུའི་ངོ་བོ་དེ་རྟེན་དང་བྲལ་བ་ཕྱོགས་སུ་མ་ལྷུང་བ། དཔེས་མཚོན་དུ་མེད་པ་བརྗོད་པའི་ཚིག་གིས་ཀྱང་ཐོག་ཏུ་མི་ཕེབས་པས། རྟོག་གེའི་ལྟ་བའི་སྤྱོད་ཡུལ་མ་ཡིན་པ། གང་གིས་ཀྱང་ནི་མི་ཤེས་ཏེ། བླ་མའི་བྱིན་རླབས་བསྒོམ་པ་ཡིས། །ཤེས་རབ་མིག་གིས་དེ་མཐོང་འགྱུར། །ཁྱེད་དང་མཐུན་༼༡༦བ༽ན་དེ་ཡང་དག །ང་ཡི་འདོད་པ་དེ་ཡིན་གསུང་། །ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། སྐྱེ་མེད་ལ་བཀག་པ་སྐྱེ་མེད་དང་། རང་བཞིན་སྐྱེ་མེད་གཉིས་ཡིན་གསུང་། དེ་ལ་གང་ཟག་གི་བདག་དང་། ཆོས་ཀྱི་བདག་གྲུབ་མཐས་གཏན་ལ་ཕབ་ནས། འགྲོ་ས་འདི་ལས་མེད་ཟེར་བའི་སྟོང་པ་སྟེ། དེ་བཀག་པ་སྐྱེ་མེད་ཡིན། དེས་རང་བཞིན་སྐྱེ་མེད་ལ་མ་ཁྱབ། གཏུམ་མོ་ལ་སོགས་པའི་ཐབས་ལམ་བསྒོམས་པས་སྟོང་པ་ཉིད་རང་གྲོལ། རང་སངས་རྒྱས་སུ་ཤར་བ་རང་བཞིན་སྐྱེ་མེད་ཡིན་ཏེ། དེས་བཀག་པ་སྐྱེ་མེད་ལ་ཁྱབ། དེ་ལ་ལྷག་མཐོང་ཞེས་བྱ། དེ་ལ་རྩེ་གཅིག་པའི་ཞི་གནས་ཞེས་བྱ། དེ་ལ་ཟག་མེད་བདེ་བས་ཁྱབ་པས་ཉམས་མྱོང་ཞེས་བྱའོ། །དེ་ལ་ཡེངས་པ་མེད་པས་སྤྱོད་པ་ཞེས་བྱའོ། །སྣང་བ་སྒྱུ་མར་མཐོང་བས་སྒྱུ་ལུས། སྒྱུ་མ་སྟོང་པར་ཤེས་པས་ན་འོད་གསལ། དེ་གཉིས་ཐ་མི་དད་པས་ཟུང་འཇུག་བདེན་པ་དང་སྦྱར་བ་ཡིན་གསུང་། ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། སེམས་ཙམ་པས་རང་རིག་དོན་དམ་དུ་འདོད་དེ། རང་རིག་ཡེ་ཤེས་རྟོག་གེ་བའི་སྤྱོད་ཡུལ་ལས་འདས་པ་སངས་རྒྱས་ཀྱི་ཐུགས་ལ་གསལ་བའི་རང་རིག་དོན་དམ་ཡོད་པར་འདོད། དབུ་མ་པ་ན་རེ། ཁྱེད་ཀྱི་ཨ་མ་གང་ཡིན་པ་དེ་ནི་ངའི་ཆུང་མ་ཡིན། ཁྱོད་ཀྱི་དོན་དམ་གང་ཡིན་པ་དེ་ནི་ངའི་ཀུན་རྫོབ་ཡིན། ང་ནི་ཡོད་པའི་མཐའ་དང་ཡང་བྲལ། མེད་པའི་མཐའ་དང་ཡང་བྲལ། གཉིས་ཀའི་མཐའ་དང་ཡང་བྲལ། གཉིས་ཀ་མ་ཡིན་པའི་མཐའ་དང་ཡང་བྲལ། མཐའ་བཞི་དང་བྲལ་བས་གང་ཡང་ཁས་མི་ལེན་ཞེས་འདོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ན་རེ། ཁྱོད་གྲུབ་མཐའ་གང་ཡང་ཁས་མི་ལེན་ན། སེམས་ཙམ་པ་ལ་སོགས་པའི་གྲུབ་མཐའ་གཞན་ཁེགས་སམ་མི་ཁེགས་ཟེར། དབུ་མ་པ་ན་རེ་ཁེགས་སོ། །༼༡༧ན༽ཁྱོད་རང་ཡང་ཁེགས་ཟེར། ཕ་རོལ་ཏུ་ཕྱིན་པ་ན་རེ། ཁྱོད་གང་ཡང་ཁས་མ་བླངས་ཀྱང་། གྲུབ་མཐའ་གཞན་ཁེགས་པའི་ཕྱིར་ཁས་བླང་དུ་ཐལ། ང་ནི་གང་ཡང་མི་དམིགས་ཏེ། ཤེས་པ་འདས་པ་ནི་འགགས་པ་སྟེ། དཔེར་ཡང་མི་རུང་། རྒྱུར་ཡང་མི་རུང་། མ་འོངས་པ་ནི་མ་སྐྱེས་པས་དཔེར་ཡང་མི་རུང་། རྒྱུར་ཡང་མི་རུང་ངོ་། །ད་ལྟ་བའི་ཤེས་པ་སྐད་ཅིག་མ་འདི་བརྟག་དཀའ་སྟེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པའོ། །དེ་བས་ན་གཟུགས་དང་ཚོར་བ་ལ་སོགས་པ་མི་དམིགས་པས་ན། ང་ནི་གང་དུ་ཡང་མི་དམིགས་པའོ། །གསང་སྔགས་པ་ན་རེ། ཁྱོད་ཐམས་ཅད་དང་ང་མཐུན། སེམས་ཙམ་པ་དང་ང་མཐུན་ཏེ། རང་རིག་པའི་ཡེ་ཤེས་རྟོག་གེའི་སྤྱོད་ཡུལ་ལས་འདས་པ། སངས་རྒྱས་ཀྱི་ཐུགས་ལ་གསལ་བ་དང་མཐུན། ཁྱོད་བས་ང་ལྷག །ཁྱོད་རང་རིག་པ་དོན་དམ་དུ་འདོད་དེ། ང་རིག་པ་སྐྱེ་བ་མེད་པར་འདོད་པ་ཡིན། དབུ་མ་དང་ང་མཐུན་ཏེ། མཐའ་བཞི་དང་བྲལ་བ་ང་རང་ཡང་འདོད་པས་མཐུན། ཁྱོད་བས་ང་ལྷག །ཁྱོད་ཉམས་མྱོང་མི་འདོད་དེ། ཉམས་མྱོང་ཡོད་པས་ང་ལྷག །དབུ་མ་པ་ན་རེ་ཁྱོད་ཉམས་མྱོང་ཡོད་པས་མི་རུང་། ཉམས་མྱོང་རྟོག་པ་ཡིན། རྟོག་པ་འཁོར་བ་ཡིན་ཟེར། གསང་སྔགས་པ་ན་རེ་ཁྱོད་རང་སྒོམས་དང་། བསྒོམས་ན་ཉམས་མྱོང་མི་འབྱུང་མི་སྲིད། མ་བསྒོམས་ན་ཉམས་མྱོང་མེད། ཉམས་མྱོང་མེད་པས་སངས་མི་རྒྱ། ངའི་རིག་པ་སྐྱེ་བ་མེད་པ་བློ་ལས་འདས་པའི་ཉམས་དེ་ཁྱོད་ཀྱིས་སྨྲ་མི་ནུས། ཕ་རོལ་ཏུ་ཕྱིན་པ་དང་ང་མཐུན། ཕྱི་གཟུང་བའི་ཡུལ་དེ་སེམས་ཀྱི་རྣམ་འཕྲུལ་ཡིན་པས་གཞི་རྩ་མ་གྲུབ་ལ། གང་དུ་ཡང་མི་དམིགས་པས་ང་དང་མཐུན། ཁྱོད་བས་ང་ལྷག །ཁྱོད་ཤེས་པ་འདས་༼༡༧བ༽པ་ནི་འགགས་ཏེ། དཔེར་ཡང་མི་རུང་། རྒྱུར་ཡང་མི་རུང་། མ་འོངས་པ་ནི་མི་སྐྱེས་པ་སྟེ། དཔེར་ཡང་མི་རུང་། རྒྱུར་ཡང་མི་རུང་། ད་ལྟའི་ཤེས་པ་བརྟག་དཀའ་སྟེ། སྐད་ཅིག་མ་དེ་ཀ་ལྟར་ཁྱེར་བས། ཁྱོད་ལ་ཐུག་པ་མེད་པའི་སྐྱོན་ཡོད། ཁྱོད་དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད་པ་ཡིན། རྗེས་དཔག་ལ་རྒྱས་འདེབས་མེད། སྒྲོ་འདོགས་རེ་རེ་གཅོད། ཕྱི་རོལ་ངོ་བོ་ལ་རྒྱས་འདེབས་ཡོད། ཕྱི་གཟུང་བའི་ཡུལ་ལ་རྟོག་དཔྱོད་མི་གཏོང་། ནང་འཛིན་པའི་སེམས་དང་པོ་སྐྱེ་མ་མྱོང་། ཐ་མ་འགག་མི་སྲིད། སྐྱེ་འགག་མེད་པའི་ངོ་བོ་ངའི་ཉམས་ཏེ། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་དཔྱད་པར་མི་ནུས། དེ་ལྟ་བུའི་ཉམས་མྱོང་ཡོད་པས་ང་ལྷག །གསང་སྔགས་རང་ལ་གཉིས་ཡོད་དེ། ཐབས་དང་ཤེས་རབ་གཉིས་སོ། །ཐབས་ནི་གཏུམ་མོ་སྟེ་གཏུམ་མོའི་ཡོན་ཏན་ནི་རླུང་དྷཱུ་ཏིར་ཚུད་ནས། རྟགས་ལྔ་དང་ཕན་ཡོན་བརྒྱད་འབྱུང་སྟེ། ཉོན་མོངས་པ་ནི་གཟུང་འཛིན་གཉིས་ནི་རླུང་ལས་རྒྱུ་སྟེ། རླུང་དྷཱུ་ཏིར་ཚུད་ན་ཉོན་མོངས་པ་ངང་གིས་འགག །དེ་བཞིན་དུ་ཡི་དྭགས་ཀྱང་རླུང་གཉིས་ལས་འཇུག་སྟེ། རླུང་དྷཱུ་ཏིར་ཚུད་ན་ཡི་དྭགས་ཀྱིས་མི་ཚུགས། དེ་བཞིན་དུ་འབྱུང་བའི་ནད་ཀྱིས་མི་ཚུགས་སོ། །དེ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །ཤེས་རབ་ནི་སྐྱེ་བ་མེད་པའི་རིག་པ། འགག་པ་མེད་པའི་ལམ། གནས་པ་མེད་པའི་ཤེས་རབ། ཐོབ་པ་མེད་པའི་འབྲས་བུ་བཞི་སྟེ། སྐྱེ་བ་མེད་པའི་རིག་པ་ནི། ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་ཤིང་། སྐྱེ་བ་མེད་པར་ཐག་ཆོད། སྐྱེ་མེད་གཅིག་པུར་བྱས་ན་ཆད་པར་འགྲོ་སྟེ། རིག་པ་ཁོང་རྒྱལ་དུ་གནས་པ་ནི། འོ་མ་ལ་མར་གྱིས་ཁྱབ་པ་དང་འདྲའོ། །འགག་པ་མེད་པའི་ལམ་ནི་གསལ་བའམ། ཉམས་སུ་མྱོང་རྒྱུ་ཅི་ཡང་མེད་ན་ལམ་དུ་མི་འགྲོ་སྟེ། རིག་པའི་ངོ་བོ་གསལ་༼༡༨ན༽ལ་སྒོ་མ་འགགས་པ་སྟེ། དེ་ལ་གོམས་པར་བྱས་པས་ན་ལམ་མོ། །གནས་པ་མེད་པའི་ཤེས་རབ་ནི། མི་མཐུན་པའི་ཕྱོགས་ཐམས་ཅད་གསལ་ན་ཤེས་རབ་ཅེས་བྱ་སྟེ། མི་མཐུན་པའི་ཕྱོགས་དངོས་པོ་དང་མཚན་མར་འཛིན་པ་ལ་སོགས་པ་རྣམས་ཡིན་ཏེ། རིག་པའི་ངོ་བོ་རྟོགས་ན་མར་མེ་བྱུང་ནས་མུན་པ་འབྲོས་པ་བཞིན་དུ། མི་མཐུན་པའི་ཕྱོགས་རྣམས་ཤུགས་ཀྱིས་ཆད་པས་ན་ཤེས་རབ་བོ། །ཐོབ་པ་མེད་པའི་འབྲས་བུ་ནི། མི་མཐུན་པའི་ཕྱོགས་ཆད་པའི་ངོ་བོ་ཆོས་སྐུ་ཡིན་ཏེ། དེ་ལས་གཟུགས་སྐུ་གཉིས་འབྱུང་བ་ནི་ཐོས་པ་མེད་པའི་འབྲས་བུ་ཡིན་གསུང་ངོ་།། །།ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། སངས་རྒྱས་ཀྱིས་གསུངས་པའི་ཆོས་སྡེ་སྣོད་གསུམ་གྱི་དོན། སངས་རྒྱས་ཀྱི་བསྟན་པའི་རིམ་པ་མཐའ་དག་གང་ཟག་གཅིག་གིས་ཉམས་སུ་ལེན་པའི་དུས་སུ་ཚིག་བཞི་པ་ཅིག་གི་ནང་དུ་འདུས་པར་གསུངས་པ་ཡིན་གསུང་། དེ་ཡང་ཚེ་འདི་ལ་ལོང་མེད་མྱུར་དུ་འཆི་བས། འཇིག་རྟེན་མཐའ་དག་ལ་མ་ཆགས་པ་ཅིག་དགོས། ཚེ་འདི་ཆུའི་ཆུ་བུར་རམ་རྩྭའི་ཟིལ་པ་དང་འདྲ་སྟེ། མི་རྟག་པས་ལོང་མེད། འཆི་བའི་རྐྱེན་དུ་མ་གྱུར་པ་གང་ཡང་མེད། ཕྱིའི་འབྱུང་བ་བཞི་འཁྲུགས་པས་ཀྱང་འཆི་བའི་རྐྱེན་བྱེད། ནང་གི་རླུང་མཁྲིས་བད་ཀན་འདུས་པ་བཞི་མ་སྙོམས་པས་ཀྱང་འཆི་བའི་རྐྱེན་བྱེད། དེ་བཞིན་དུ་ལུས་གསོ་བར་བྱེད་པ་ཁ་ཟས་ཡིན་ཏེ། མ་ཞུ་བ་དང་། བཟའ་མ་ལེགས་པས་རྣངས་པ་ལ་སོགས་པས་ཀྱང་འཆི། འཆི་རྐྱེན་ཅིག་དང་ཕྲད་པའི་དུས་འགྲོ་དགོས་པ་དེ་ཙ་ན། ཚེ་འདིའི་སྙན་གྲགས་བསྟོད་གསུམ་ལ་སོགས་པ་ཆོས་བརྒྱད་ཀྱིས་གང་ཡང་མི་སྟོངས་པས་དེ་ཐམས་ཅད་བོར་ནས་ཆས་ཙམ་ན། བདག་གི་ཕྱིར་འབྲང་བ་ལས་དགེ་སྡིག་གཉིས་ཡིན་པས། མི་དགེ་བ་ལས་ངན་སོང་གི་༼༡༨བ༽སྡུག་བསྔལ་འབྱུང་། དགེ་བ་ལས་ཐར་པ་དང་མཐོ་རིས་བླ་ན་མེད་པའི་བྱང་ཆུབ་འབྱུང་། དེ་བས་ན་ཚེ་འདི་ལ་མ་ཆགས་པར་བྱས་ནས། ལས་རྒྱུ་འབྲས་ལ་མིག་གི་འབྲས་བུ་བཞིན་འཛེམ་དགོས། དེ་སྐྱེས་བུ་ཆུང་ངུའི་བློ་ཡིན། འགྲོ་བ་རིགས་དྲུག་གར་སྐྱེས་ཀྱང་བདེ་སྐྱིད་མེད། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་ཡིན་པས། འཁོར་བ་མཐའ་དག་ལ་མ་ཆགས་པ་ཅིག་དགོས། འཁོར་བ་འདི་མེ་རའམ་མེ་དོང་ངམ། བཙོན་དོང་གི་རྣམ་པ་ལྟ་བུ་སྡུག་བསྔལ་གྱི་རང་བཞིན་དུ་སྐྱིད་མེད་པར་ཤེས་པར་བྱས་ནས། དེ་ལས་ཐར་བར་བྱེད་པའི་ཐབས་དཀོན་མཆོག་གསུམ་ལ་བརྟེན་ནས་གཞི་ཚུལ་ཁྲིམས་ཀྱི་བསླབ་པ། ལམ་བདེན་པ་བཞི། འབྲས་བུ་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་འདི། སྐྱེས་བུ་འབྲིང་གི་ཆོས་ཡིན་ཏེ་ཤིན་ཏུ་གལ་ཆེ། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་སྙིང་རྗེ་ཡིན་པས། དུས་ཐམས་ཅད་དུ་སེམས་ཅན་བློས་མི་སྤོང་བ་ཅིག་དགོས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་འདི་རྣམས་བདག་གི་མ་ཡིན་པས། མ་བྱས་པའི་ཚེ་ན་བྱམས་པའི་མིག་གིས་བལྟས། བརྩེ་བའི་སེམས་ཀྱིས་བསྐྱངས། ཕན་པ་དང་བདེ་བར་འདོད་པའི་བློ་རྒྱུན་མ་བཅད་པས། ཤིན་ཏུ་དྲིན་ཆེ། དྲིན་ལ་ལན་གྱིས་ལྡོན་དགོས་པས། མ་རྣམས་བདེ་བ་ལ་འགོད་པར་བྱ་སྙམ་པའི་བྱམས་པ་དང་། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང་། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ་སྙམ་པའི་བྱང་ཆུབ་ཀྱི་སེམས་ཀྱིས་དུས་རྟག་ཏུ་སེམས་ཅན་ལ་བུ་གཅིག་པའི་མ་བཞིན་དུ་བློས་འཛིན་པ་ནི། སྐྱེས་བུ་མཆོག་གི་ལམ་ཡིན་པས་ཤིན་ཏུ་གལ་ཆེ་གསུང་། ཆོས་ཐམས་ཅད་མ་སྐྱེས་ཤིང་སྐྱེ་བ་མེད་པར་ཤེས་པས། གང་ལའང་དངོས་པོ་དང་མཚན་མར་མི་འཛིན་པ་ཅིག་དགོས་པས། འདི་ལྟར་༼༡༩ན༽སྣང་ཞིང་གྲགས་པའི་ཆོས་ཐམས་ཅད་རང་གི་སེམས་ཡིན་པས། སེམས་འདི་དང་པོ་གང་ནས་ཀྱང་མ་སྐྱེས། བར་དུ་གང་དུ་ཡང་མི་གནས། ཐ་མ་གར་ཡང་མི་འགག །དངོས་པོའམ་ངོས་བཟུང་མཐའ་དག་དང་བྲལ་བ་སྟེ། ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུར་ཤེས་དགོས། ཆོས་དེ་རྣམས་རྒྱུད་ལ་སྐྱེ་བར་བྱེད་པ་ལ་བླ་མ་དང་དཀོན་མཆོག་གསུམ་ལ་དད་པ་དང་གུས་པས་མཆོད་པ་བྱེད་ཅིང་གསོལ་བ་འདེབས་པ་རྒྱུན་མི་གཅོད་པ་ཅིག་དགོས་གསུང་། ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། སྙིང་རྗེ་ལ་རྣམ་པ་གསུམ་ཡིན་གསུང་། དེ་ལ་སྙིང་རྗེ་རྣམ་པ་གསུམ་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་པ་མེད་པའི་སྙིང་རྗེའོ། །དེ་ལ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི། སེམས་ཅན་སོ་སོ་སྐྱེ་བོ་རྣམས་ཀྱིས་སྡུག་བསྔལ་མ་བཟོད་ནས། དེ་རྣམས་ཀྱི་དོན་དུ་བདག་སངས་རྒྱས་ཐོབ་པར་འདོད་པ་ནི། སེམས་ཅན་ལ་དམིགས་པའོ། །ཆོས་ལ་དམིགས་པ་ནི། ས་དང་པོ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་བས། གཟུང་འཛིན་དབྱེར་མེད་དུ་རྟོགས་པའོ། །དམིགས་པ་མེད་པ་ནི། ཡང་དག་པར་རྫོགས་པར་སངས་རྒྱས་ནས་ཆོས་སྐུར་ཐིམ་པའོ། །དེ་ནི་སྤྱིའི་རྣམ་པའོ། །རང་ལ་འཆར་བའི་དུས། ལས་དང་པོའི་དུས་སུ་སེམས་ཅན་གྱི་དོན་དུ་བྱམས་པ་དང་སྙིང་རྗེ་བསྒོམ་པ་ནི་སེམས་ཅན་ལ་དམིགས་པའོ། །དེ་ནས་ཡང་དག་པའི་ཀུན་རྫོབ་སྒྱུ་མ་ཙམ་དུ་ཐག་གཅོད་ནས། ཆོས་ཐམས་ཅད་འདི་ལྟར་ཡིན་པ་ལ། དེ་ལྟར་མ་རྟོགས་པར་དངོས་པོ་དང་མཚན་མར་འཛིན་པ་སྙིང་རྗེ་སྙམ་པ་ནི་ཆོས་ལ་དམིགས་པའོ། །དེ་ནས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པས། མི་གནས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་དུས་སུ། ༼༡༩བ༽དམིགས་པ་མེད་པའོ། །སྔོན་ལ་སྙིང་རྗེ་བསྒོམས་ལ། དེའི་འཕྲོ་ལ་སྟོང་པ་ཉིད་བསྒོམས་པས། སྙིང་རྗེ་ཕྱིར་མ་ལུས་སམ་ཞེ་ན་མ་ལུས་ཏེ། སྙིང་རྗེ་བྱང་ཆུབ་སེམས་ཀྱང་རིག་པ་ཡིན་པ་ལ། སྟོང་མཁན་ཡང་རིག་པ་ཡིན་པས། ཐ་དད་མེད་དོ། །དང་པོ་སྙིང་རྗེ་བསྒོམས་ཕྱི་ནས་སྟོང་པ་བསྒོམས་ན། སྙིང་རྗེ་སྟོང་པའི་སྙིང་པོ་ཅན་ཡིན། དང་པོ་སྟོང་པ་བསྒོམས་ཕྱི་ནས་སྙིང་རྗེ་བསྒོམས་ན། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པས། དེ་ལ་ཐ་དད་མེད་པ་ཡིན་གསུང་།། །།ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། འཇིག་རྟེན་འདིར་ཡུན་རིང་པོ་མི་སྡོད། རང་གཞན་ཐམས་ཅད་འཆི་བར་ངེས་པ་ཡིན། ཉི་མ་དགོངས་ཁའི་གྲིབ་སོ་བཞིན་དུ་མི་རྟག་པས་བདས་ནས། འཇིག་རྟེན་ཕ་རོལ་དུ་འགྲོ་དགོས་པས་ཚེ་འདི་ལ་བློ་གཏད་མེད། འཆི་བའི་དུས་ལ་ཡང་ངེས་པ་མེད་དེ། ལ་ལ་རྒས་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་ནས་འཆི། །དེ་ནི་ཁ་ཅིག་གོག་ཙམ་ན། །ཁ་ཅིག་མངལ་དུ་འཆི་བར་འགྱུར། །གསུང་། ཡང་འཆི་བའི་ཚེ་གནས་ལ་ཡང་ངེས་པ་མེད་དེ། གནས་འདིར་འཆི་འདིར་མི་འཆི་བྱ་བ་མེད། རྐྱེན་ལ་ཡང་ངེས་པ་མེད་དེ། རྐྱེན་འདིས་འཆི་འདིས་མི་འཆི་བྱ་བ་མེད། ཤི་ནས་ཀྱང་རང་གིས་ལས་དགེ་སྡིག་གང་བྱས་པའི་འབྲས་བུ་འབྱུང་། དེ་ཡང་དགེ་བ་ལས་མཐོ་རིས་དང་ཐར་པ། སྡིག་པ་ལས་སྡུག་བསྔལ་དང་ངན་སོང་གསུམ་འབྱུང་བར་ངེས་པ་ཡིན་པས། ལས་རྒྱུ་འབྲས་ཁྱད་དུ་མི་བསད། ཉོན་མོངས་པ་གསུམ་གྱི་རྗེས་སུ་འབྲངས་པའི་ལས། འཁོར་བ་སྡུག་བསྔལ་གྱི་རྒྱུ་ཡིན། དེ་ལས་ཐར་པའི་གཉེན་པོ་དྲག་ཏུ་སྐྱེད་དགོས། དེ་ཡང་རང་ཉིད་གཅིག་པུ་ཞི་བདེ་ཐར་པ་འདོད་ན་ཐེག་དམན་ཉན་ཐོས་ཀྱི་ཆོས་སུ་འགྲོ་བས། སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་མ་མ་བྱས་པ་གཅིག་ཀྱང་༼༢༠ན༽མེད་པས། མ་ཡི་དྲིན་དྲན་པར་བྱས་ལ། བྱམས་པ་དང་སྙིང་རྗེ་རྒྱུན་དུ་བསྒོམ། བྱང་ཆུབ་སེམས་ཀྱིས་སེམས་ཅན་ཐམས་ཅད་བསྒྲལ་བའི་སྨོན་ལམ་རྟག་ཏུ་གདབ། བྱམས་སྙིང་རྗེ་ལ་བློ་སྦྱོངས། སྟོང་པ་དང་སྙིང་རྗེ་དོན་གཅིག་ཡིན་པས། སྐྱེ་མེད་ཀྱི་དོན་རྟོགས་ནས་འོང་བ་ཡིན། དེ་ལ་གོམས་ནས་ལྟོས་པ་མེད་པར་གཞན་ལ་ཕན་པ་དང་། བརྩེ་བའི་སེམས་ཤུགས་ཀྱིས་འབྱུང་། བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་སྟེ། བྱང་ཆུབ་ཀྱི་སེམས་གཉིས་ལས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས། ཐབས་ཤེས་རབ་གཉིས་ལས་ཐབས། བདེན་པ་གཉིས་ལས་ཀུན་རྫོབ་ཀྱི་བདེན་པ། ཞི་གནས་དང་ལྷག་མཐོང་རྣམ་པ་གཉིས་ལས་ཞི་གནས་ཡིན་གསུང་། དེ་ལྟར་ཉམས་སུ་བླངས་པས་རང་རྒྱུད་འབྱོངས་ཤིང་སྒྲིབ་པ་ཤུགས་ཀྱིས་འདག །ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་གཟུགས་བརྙན་ལྟ་བུར་ཤུགས་ཀྱིས་གོ་ནས་འོང་། དེ་ལྟར་ཉམས་སུ་བླངས་པས་ཚེ་འདིའི་བདེ་སྐྱིད་ལ་སོགས་པའི་འདོད་པ་དང་། ནོར་རྫས་དང་ཉེ་དུ་ལ་སོགས་པ་ལ་ཞེན་པ་སྤངས་ནས་འོང་བ་ཡིན། ཚེ་འདི་ལ་མ་ཞེན་ན་འཇིག་རྟེན་བློས་ཐོངས། འཇིག་རྟེན་བློས་ཐོངས་ན་ཆོས་མིན་པ་གཞན་བྱ་རྒྱུ་མེད་པ་ཅིག་འོང་བ་ཡིན་པས། འཇིག་རྟེན་འདི་ལ་བློ་ལྡོག་པར་བྱེད་པ་གལ་ཆེ་གསུང་།། །།ཡང་རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། ཆོས་ཐམས་ཅད་རྒྱུ་རྐྱེན་ཚོགས་པ་ལས་འབྱུང་བ་ཡིན་གསུང་། དེ་ཡང་མི་དགེ་བ་མཐའ་དག་ནི་སྤངས། དགེ་བ་མ་ལུས་པ་ཉམས་སུ་ལེན་པ་དེ་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་ཡིན་པས། བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དེ་དང་མི་འབྲལ་བར་བྱ། དེ་ལྟར་ཉམས་སུ་ལེན་པ་ལ་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱི་གསུང་ཐོས་ནས། ཚེ་འདིའི་བྱ་བ་བཏང་། འཇིག་རྟེན་གྱི་ཆོས་བརྒྱད་༼༢༠བ༽རྒྱབ་ཏུ་བོར། ནོར་རྫས་དང་གཉེན་འདུན་ཐམས་ཅད་ལ་ཆགས་ཞེན་སྤངས། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པར་བྱས། དངོས་པོ་དང་མཚན་མར་འཛིན་པ་བོར་ལ། དེ་ཉིད་སྐྱེ་བ་མེད་པའི་དོན་ལ་མཉམ་པར་བཞག །དེ་ལྟར་ཉམས་སུ་བླངས་པས་སེམས་ཉིད་ལྷན་ཅིག་སྐྱེས་པ་འདི། སྐྱེ་བ་མེད་པ་ཆོས་ཀྱི་སྐུ་གསལ་ལ་མ་འགགས་པ་ཉམས་སུ་མྱོང་། སྣང་བ་སྣ་ཚོགས་སུ་སྣང་བའི་མཚན་ཉིད་བག་ཆགས་གཟུགས་བརྙན་ཙམ་དུ་འཆར། ལྟ་བ་འོད་གསལ་ཟུང་འཇུག་རྟོགས་པས། དྲན་མེད་ཀྱི་ལྟ་བར་མ་སོང་། སྒོམ་པ་ཞེན་མེད་བདེ་སྟོང་དུ་འཆར་བས། སྒོམ་པ་རྟོག་མེད་ལྟེངས་པོར་མ་སོང་། སྤྱོད་པ་ཡེངས་མེད་ཕྱོགས་བྲལ་དུ་གྱུར་པས། རྟག་ཆད་ཡུལ་དང་བྲལ། འབྲས་བུ་བློ་ལས་འདས་པའི་ཆོས་ཉིད་རང་ལ་ཤར་བས་འབྲས་བུ་གཞན་ནས་བཙལ་མི་དགོས་པ་ཡིན། ཕྱོགས་སུ་བྱེད་པའི་ལྟ་བ་དང་། ཞེན་པ་དང་མ་བྲལ་བའི་སྒོམ་པ་དང་། གཉིས་སུ་འཛིན་པའི་སྤྱོད་པ་ནི། ལྟ་སྒོམ་སྤྱོད་པ་རྣལ་མ་མ་ཡིན། རང་སེམས་རྟོགས་ན་དེ་ལས་གཞན་མེད། བསྒོམ་རྒྱུ་མེད་པར་གོ་བས་ངེས་ཤེས་སྐྱེས། སྐྱེ་འཇིག་དང་བྲལ་བར་རྟོགས་པས་ལྟ་བ། སྐྱེ་མེད་ཀྱི་དོན་ལ་རྩེ་གཅིག་པ་བསྒོམ་པ། དེ་ལས་ཡེངས་པ་མེད་པ་སྤྱོད་པ་ཡིན། རང་སེམས་རྟོགས་པ་གཅིག་པུས་ཆོག །སེམས་དང་རྟོགས་པ་ཐ་དད་དུ་མེད་དེ། ཆུ་དང་རླབས་ལྟ་བུར་གནས། གཉིས་མེད་ཀྱི་དོན་ངེས་པར་རྟོགས་ན་སེམས་ཅན་གྱི་འདུ་ཤེས་མེད་ཀྱང་། སྡུག་བསྔལ་ཅན་ལ་སྙིང་རྗེ་ངང་གིས་སྐྱེ། འགྲོ་བ་རྣམས་སྒྱུ་མ་ལྟ་བུར་མཐོང་ན། ཚོགས་གཉིས་རྫོགས་པ་ལ་ཉེ་བ་ཡིན། སྐྱེ་མེད་རྣལ་མར་རྟོགས་ན། ཚོགས་གཉིས་རྫོགས་པ་ཡིན་གསུང་། འགྲོ་བའི་མགོན་པོ་དཔལ་ལྡན་སྒམ་པོ་པས་དགེ་༼༢༡ན༽འདུན་ཚོགས་པ་ལ་གསུངས་པའི་དམ་ཆོས་ལ། ཉེ་གནས་ཤོ་སྒོམ་བྱང་ཆུབ་ཡེ་ཤེས་ཀྱིས་ཟིན་བྲིས་མཛད་པ་བདག་གིས་ཕྱོགས་ཅིག་ཏུ་བསྒྲིགས་པ་ཡིན། དེ་ལས་བྱུང་བའི་དགེ་བ་གང་ཡིན་དེས། །བདག་སོགས་འགྲོ་བ་རྒྱུད་ལྔའི་སྐྱེ་བོ་རྣམས། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །རང་བྱུང་ཕྱག་རྒྱ་ཆེན་པོ་རྟོགས་པར་ཤོག །ཆོས་རྗེ་སྒམ་པོ་པའི་ཚོགས་ཆོས་ཡོན་ཏན་ཕུན་ཚོགས་ཞེས་བྱ་བ་རྫོགས་སོ།། །།ཆོས་ཐུན་སུམ་ཅུ་པའོ། །ཤུ་བྷཾ།
