| / Mahamudra / Gampopa |
Gampopa's collected works (8)
༼༡ན༽ཚོགས་ཆོས་མུ་ཏིག་གི་ཕྲེང་བ་བཞུགས་སོ། །
༼༡བ༽༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ཆོས་གཤའ་མ་གཅིག་བྱེད་པ་ལ་དང་པོ་མི་རྟག་པ་བསྒོམ་པ་གལ་ཆེ་སྟེ། དེ་མེད་ན། ཆོས་བྱས་ཚད་ཚེ་འདིའི་འདུན་གྲོགས་སུ་འགྲོ་བའི་དོགས་པ་ཡོད། མི་རྟག་པ་བསྒོམ་པ་ལ་དགོས་ཆེད་ཅི་ཡོད་ན། ཚེ་འདི་ལ་བློ་ལྡོག་པའི་དགོས་པ་ཡོད། མི་རྟག་པ་བསྒོམས་པས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་མི་རྟག་པར་ཤེས་པས། ཚེ་འདི་ལ་བློ་མི་འཇུག་པར་འདུག་ན། མི་རྟག་པ་བསྒོམ་པའི་དགོས་པ་ཡིན། ཚེ་འདི་ལ་བློ་མ་ལོག་ན། མི་རྟག་པ་བསྒོམ་པའི་དགོས་པ་མེད། དང་པོ་མི་རྟག་པ་བསྒོམས་ནས་ཚེ་འདི་ལ་བློ་ལྡོག་པར་བྱས་ན། དེ་ནས་འཁོར་བའི་ཉེས་སྐྱོན་བསྒོམ་པ་ཡིན་ཏེ། འཁོར་བའི་ཉེས་སྐྱོན་བསྒོམས་པས། འཁོར་བ་མཐའ་དག་ལས་བློ་ལྡོག་དགོས་པས་ལོག་པར་བྱས་ནས། བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་ཏེ། དེ་ཡང་ཀུན་རྫོབ་བྱང་ཆུབ་ཀྱི་༼༢ན༽སེམས་བསྒོམ་པ་ནི། དང་པོ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་བསམ་པ་ཅིག་སྙིང་ཕུགས་སུ་བཅུག་ནས་ཅི་བྱེད་པ་དེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་པར་བྱས་ནས། རང་འདོད་ལ་གང་ཡང་མ་ཞུགས་པར་བྱས་ནས། ཐེག་པ་ཆེན་པོའི་བློ་སྣའི་སེམས་བསྐྱེད་ནས་གཞན་དོན་དུ་དམིགས་པ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། གཟུང་འཛིན་བདག་དང་ཐ་དད་ཀྱི་རྣམ་རྟོག་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་གྲུབ་པའི་ངང་དུ་བློ་མལ་དུ་འཁྱེར་བ་ཡིན་ཏེ། སྤྱོད་ལམ་རྣམ་བཞི་ཐམས་ཅད་ལ་དེ་བཞིན་དུ་ཉམས་སུ་བླང་ན་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་བྱ་བ་ཡིན་ཏེ། དེ་བཞིན་དུ་ཉམས་སུ་བླངས་པས་དོན་དམ་པ་བྱང་ཆུབ་ཀྱི་སེམས་རྟོགས་ནས་འོང་བ་ཡིན། ཆོས་དེ་ལས་མ་མཆིས་གསུང་། རྣམ་པ་ཀུན་ལ་སྙན་དུ་གསོལ་བའི་ཆོས་ཀྱི་དབང་དུ་བགྱིས་༼༢བ༽ན། ད་ལྟའི་སྐབས་སུ་མནོ་བསམ་དུམ་རེ་བཏང་དགོས་ཏེ། སོམས་དང་ཚེ་འདི་མི་རྟག་པར་འདུག །ནམ་མཁའི་གློག་དང་། ཆུའི་ཆུ་བུར་དང་། རྩ་ཁའི་ཟིལ་པ་དང་འདྲ་བར་འདུག་པས། ཡོང་ཅིས་ཀྱང་ཕན་པ་མེད་སྙམ་པ་ཅིག་སྙིང་ཕུགས་སུ་གཞུག་དགོས། དེ་ལྟ་བུ་ཅིག་ཕུགས་སུ་བཅུག་ནས་ཉམས་སུ་བླངས་དགོས་ཏེ། སངས་རྒྱ་བར་བྱེད་པ་ལ་ལམ་ཚང་ལ་མ་ནོར་བ་ཅིག་དགོས། ལམ་ཚང་ལ་མ་ནོར་བ་དེ་གང་ཡིན་ན། སྦྱོར་བ་དང་དངོས་གཞི་རྗེས་གསུམ་ཚང་བ་ཅིག་ལ་ཟེར་བ་ཡིན་ཏེ། དེ་ཡང་དང་པོ་སྦྱོར་བ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སེམས་ཅིག་སྔོན་དུ་བཏང་ནས། དངོས་གཞི་ཅི་བྱེད་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་ལམ་དུ་འཁྱེར་བ་ཡིན་ཏེ། ཐ་ན་སྤྲང་ཡོན་ཅིག་སྟེར་ཡང་། སྦྱིན་པའི་དངོས་པོ་དེ་རང་ཡིན། ཞི་བས་སྟེར་བ་དེ་ཚུལ་ཁྲིམས་ཡིན། སློང་མི་མཁས་པར་འདུག་ཀྱང་། དེ་ལ་ཉོན་མོངས་མི་སྐྱེ་བར་འདུག་པ་དེ་བཟོད་པ་ཡིན། མྱུར་དུ་སྟེར་བ་དེ་བརྩོན་འགྲུས་ཡིན། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་གྱིས་བཟུང་ནས་དེ་ལ་མ་ཡེངས་པར་སྟེར་བ་དེ་བསམ་གཏན་ཡིན། སློང་མཁན་སྟེར་མཁན་དངོས་པོ་འབྲས་བུ་ཐམས་ཅད་རྨི་ལམ་སྒྱུ་མ་ཙམ་དུ་ཤེས་པ་དེ་ཤེས་རབ་ཡིན། དེ་ལྟར་དངོས་གཞི་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་ཤེས་པར་བྱས་ནས་ཉམས་སུ་བླངས་ཤིང་། རྗེས་ལ་གང་དུ་ཡང་མི་དམིགས་པའི་རྒྱ་ཡིས་ཐེབས་པར་བྱས་ནས། ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་དུ་གསལ་ཡང་མ་གྲུབ་པར་ལམ་དུ་འཁྱེར་བ་ཡིན་ཏེ། དེ་བཞིན་དུ་བྱས་པས་དང་པོ་སེམས་ཅན་གྱི་དོན་དུ་བློས་ཟིན་པ་སྟེ་ཐེག་པ་ཆེན་པོའི་བློ་ཡིན། སངས་རྒྱ་བ་ཡང་ཐེག་པ་ཆེན་པོས་སངས་རྒྱས་པ་ལས་ཐེག་པ་ཆུང་ངུས་བག་༼༣ན༽ཙམ་སངས་མི་རྒྱ་བས་དེས་ན། ཐེག་པ་ཆེན་པོའི་བློ་སྣ་རེ་སྐྱེ་བ་གལ་ཆེ། དངོས་གཞི་ཕ་རོལ་ཏུ་ཕྱིན་པའི་ལམ་ཚང་ལ་མ་ནོར་བ་ཡིན་ལ། རྗེས་ལ་མི་དམིགས་པའི་རྩི་ཡིས་ཟིན་པས། ཐམས་ཅད་ནམ་མཁའ་ལྟ་བུར་ཤེས་པ་ཅིག་འོང་བ་ཡིན། དེ་ལྟར་ཤེས་པས་ཀུན་གཞི་ལ་བག་ཆགས་མི་འཇོག་པ་ཅིག་ཡོང་བ་ཡིན། ཀུན་གཞི་ལ་བག་ཆགས་མ་བསགས་པས་ལས་ཀྱི་རྟེན་མེད། རྟེན་མེད་པས་ལས་བཟང་ངན་གྱི་རྗེས་སུ་མི་འབྲེང་། དེ་ཙམ་ན་སྐྱེ་བ་མི་ལེན་པས་དེ་ཀ་ལ་སངས་རྒྱས་ཟེར་བ་ཡིན། དེ་ལྟར་ཤེས་ན་ལམ་ཚང་ལ་མ་ནོར་བ་ཡིན། ད་ལྟར་གྱི་དུས་སུ་ལམ་ཚང་ལ་མ་ནོར་བ་ཅིག་ཉམས་སུ་བླངས་ནས། དོན་ཐམས་ཅད་གྲུབ་པ་ཅིག་མ་བགྱིས་ན་མལ་གྱི་ཐ་མ་ན་ཉལ། ཟས་ཀྱི་ཐ་མ་ཆུ་ཐིགས་ཅིག་འཐུང་། དབུགས་རིང་ཐུང་བྱེད་ཙ་ན་ཅིས་ཀྱང་མི་སྟོངས་པས་དེ་བས་ད་ལྟ་རང་ནས་འབད་པས་ཉམས་སུ་བླངས་ལ་གདེང་དུ་ཚུད་པར་བྱ་དགོས་སོ། །ཆོས་དེ་ལས་མ་མཆིས། །རྣམ་པ་ཀུན་ལ་ཆོས་ཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ལམ་བསགས་སྦྱངས་གཉིས་ཉམས་སུ་ལེན་དགོས་ཏེ། ཚོགས་གསོག་ཅིང་སྒྲིབ་པ་སྦྱོང་བ་གལ་ཆེ། ཚེ་འདི་ནམ་མཁའི་གློག་ལ་སོགས་པ་དང་འདྲ་བར་འདུག་པས། ནམ་ཡལ་ནས་འགྲོ་ཆ་མི་འདུག་པས། ཅིས་ཀྱང་དགོས་པ་མེད་པ་ཅིག་སྙིང་ཕུགས་སུ་བཅུག་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གལ་ཆེ་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཡིན་པས་འཆི་བ་མི་རྟག་པ་བསྒོམ་པ་འདི་གལ་ཆེ། འཁོར་བའི་ཉེས་དམིགས་ཀྱི་སྒོ་ནས་བྱམས་སྙིང་རྗེ་བསྒོམ། དེ་ནས་རང་དོན་སྤངས་ནས་གཞན་དོན་ཅི་འགྲུབ་བྱེད་པ་གཅིག་དགོས་པ་ཡིན། སངས་རྒྱ་བར་བྱེད་པ་ལ་དང་པོ་ཡང་སེམས་ཅན་གྱི་དོན་བྱེད་༼༣བ༽པར་འདོད་པ་ཅིག་དགོས། བར་དུ་ཡང་སངས་རྒྱ་བ་ལ་སེམས་ཅན་གྱི་དོན་བྱེད་པ་ཅིག་དགོས། ཐ་མ་ཡང་སངས་རྒྱས་ནས་སེམས་ཅན་གྱི་དོན་ལས་བྱར་མེད་པའོ། །དེས་ན་དང་པོར་འཆི་བ་མི་རྟག་པ་བསྒོམ། བར་དུ་འཁོར་བའི་ཉེས་དམིགས་བསྒོམ། ཐ་མ་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་གྱི་དོན་འབའ་ཞིག་བྱེད་པ་སྟེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་ནོ། །དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ན་ཚེ་སྔ་མའི་སྦྱངས་པ་དང་། རང་གི་རྩོལ་བ་དང་། བླ་མའི་བྱིན་རླབས་ཞུགས་པ་གསུམ་འཛོམ་དགོས་པ་ལགས། ཚེ་སྔ་མའི་སྦྱངས་པ་མེད་ན། ད་ལྟ་དལ་འབྱོར་མཐོ་རིས་ཡོན་ཏན་བདུན་ལྡན་ཚང་བ་མི་ཡོང་ལ། སྐྱེ་བ་སྔ་མ་ལ་ཚོགས་བསགས་བསགས་པའི་སྦྱངས་པ་ཅན་དགོས་པ་ཡིན། དེ་ཡང་རང་གིས་རྩོལ་བ་མ་བྱས་པར་ལེ་ལོའི་ལམ་དུ་ལུས་ཏེ། འཕགས་པའི་ལམ་མི་ཐོབ། བླ་མའི་བྱིན་རླབས་མ་ཞུགས་ན། ཡོན་ཏན་ཅི་ཡང་མི་འཕེལ་ཏེ། རང་ལ་ཅི་ཡང་མི་ཡོང་། བྱུང་ཡང་ནུབ་ནས་བསོད་ནམས་ཆུ་བཅད་པ་བཞིན་འགྲོ་བ་སྟེ། ལུང་ལས། བླ་མ་མེད་ན་སྲིད་མཐར་མིན། །སྐྱ་བ་འཛིན་པ་མེད་པ་ཡིས། །གྲུས་ནི་ཕ་རོལ་ཕྱིན་མི་འགྱུར། །ཞེས་བཤད་པ་ལྟ་བུའོ། །དེས་ན་དང་པོ་སྦྱངས་པ་ཡོད་པ། རང་གིས་རྩོལ་བས་བསྒྲུབས་པ། བླ་མ་མཚན་ཉིད་དང་ལྡན་པ་བསྟེན་པ་ནི། གསང་སྔགས་ཀྱི་ལམ་གྱི་མཐར་ཐུག་གི་དམ་ཚིག་ཡིན་པས། དེས་ན་དམ་ཚིག་ལ་ནན་ཏན་དུ་སྲུངས་ཤིག །གདམས་པ་ཡང་ཚིག་ཤེས་པ་གཅིག་པུས་མི་ཕན་ཏེ། ནེ་ཙོའི་འདོན་པ་དང་འདྲ་བས། བླ་མ་རྣམས་ཀྱིས་ཀྱང་བསྒྲུབས་པས་གྲུབ་པ་ཐོབ་པ་ཡིན་པས། འོ་སྐོལ་ཀྱང་བླ་མ་ལ་མོས་གུས་གྱིས། རྒྱུད་བྱིན་གྱིས་བརླབས་ནས་གདམས་པ་ཚུལ་བཞིན་སྒྲུབ་པ་ཉམས་སུ་བླངས་པས། ༼༤ན༽གྲུབ་རྟགས་སྣ་ཚོགས་འབྱུང་བ་ཡིན་ཏེ། བླ་མ་ཏཻ་ལོ་པར་ནཱ་རོ་པས་ལོ་བཅུ་གཉིས་བསྟེན་ཏེ། བླ་མ་ལ་མོས་གུས་བྱས་པས། གདམས་པ་དངོས་སུ་གསུངས་པ་མེད་ཀྱང་བླ་མ་ལ་གུས་པས། བླ་མས་ཇི་ལྟར་གསུང་བ་ལྟར་བསྒྲུབས། གྲུབ་རྟགས་སྣ་ཚོགས་བྱུང་བ་ཡིན་ཏེ། དེས་ན་བླ་མ་མཚན་ཉིད་དང་ལྡན་པ་དང་། སློབ་མ་སྣོད་ལྡན་གཉིས་འཛོམ་ན། སྐད་ཅིག་མ་རང་ལ་ཡོན་ཏན་ཐམས་ཅད་གྲུབ་ནས་འོང་སྟེ། དང་པོ་ཞི་བ་དང་། གནས་པ། བར་དུ་གསལ་བ་དང་། མི་རྟོག་པ། ཐ་མ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ། ནམ་མཁའ་ལྟ་བུའི་དོན་ལ་ཆུ་བོའི་རྒྱུན་བཞིན་གནས་པ་འོང་གསུང་། ལུང་ལས་ཀྱང་། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །ཅེས་གསུངས་པའོ། །དེས་ན་དད་པ་དང་སྒྲུབ་པ་ཉམས་སུ་ལེན་པ་ཁོ་ན་གལ་ཆེ་བས། དེ་བཞིན་དུ་མ་བགྱིས་ན་ནམ་ཞིག་ལག་ངར་སྔས་སུ་བཅུག །ཡིད་གར་ཆུ་ལས་མི་འོང་བའི་དུས་དེ་ཙ་ན། རང་གི་ཉམས་སུ་བླངས་པའི་ཆོས་མིན་པ་གཞན་གྱིས་ཅིས་ཀྱང་མི་ཕན་པས། དེ་བས་ད་ལྟ་རང་ནས་ཉམས་ལེན་ལ་འབད་པ་གལ་ཆེ་གསུང་། ཆོས་དེ་ལས་མ་མཆིས་སོ།། །།རྣམ་པ་ཀུན་ལ་སྙན་དུ་གསོལ་བའི་ཆོས་ཀྱི་དབང་དུ་བགྱིས་ན། ཆོས་གཤའ་མ་ཅིག་བྱེད་ན་ཚེ་ལ་ལོང་མེད་དུ་ཤེས་ནས། བློ་སྣ་ཐུང་ངེ་བ་ཅིག་གིས། བྱམས་པ་སྙིང་རྗེ་བསྒོམ་པ་གལ་ཆེ། དེ་ལ་སྐྱེ་ལུགས་གསུམ་ཡིན་ཏེ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ། །དང་པོ་སེམས་ཅན་ལ་དམིགས་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ནི། དེ་ཁོ་ན་ཉིད་མ་རྟོགས་པས་གཟུང་འཛིན་གྱི་སྡུག་བསྔལ་དང་ལྡན་པའི་སེམས་ཅན་ལ་དམིགས་ཏེ། སེམས་ཅན་སྡུག་༼༤བ༽བསྔལ་དང་བྲལ་བདེ་བ་དང་ཕྲད་ནས་རྫོགས་པའི་སངས་རྒྱས་ཐོབ་ན་ཅི་མ་རུང་སྙམ་དུ་བསམ་ཞིང་། གང་དང་གང་ཅི་དང་ཅི་བྱེད་པ་ཐམས་ཅད་ལ་རང་འདོད་མ་ཞུགས་པར་ཇོ་བོ་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ། ཇོ་བོ་སེམས་ཅན་ལ་བརྟེན་ནས་བདག་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་པས་ན། སེམས་ཅན་ལ་དམིགས་པ་གལ་ཆེ། སེམས་ཅན་བློས་སྤང་ན་ཐར་པ་དང་ཐམས་ཅད་མཁྱེན་པ་འབྱུང་མི་སྲིད་པས་ན། སེམས་ཅན་ལ་དམིགས་པའི་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འདི་གཙོ་ཆེ་བ་ཡིན་པས། ཤིན་ཏུ་གཅེས་པ་ལགས་གསུང་། ཆོས་ལ་དམིགས་ཏེ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ནི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ཡིན་པས། ཅི་བྱེད་ཐམས་ཅད་རྨི་ལམ་སྒྱུ་མར་འཁྱེར་བ་ཡིན་ཏེ། ལུང་ལས། སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུའི་བསྒོམས་བྱས་ན། །སྒྱུ་མ་ལྟ་བུར་སངས་རྒྱས་འཐོབ། །ཅེས་གསུངས་སོ། །ཆོས་རྣམས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་ནས། ཞེ་སྡང་མ་གྲུབ་པས་ཞེ་སྡང་རང་སར་གྲོལ་ནས་འོང་བ་ཡིན། དེ་ལ་སོགས་ཏེ་ཆགས་སྡང་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་ཏེ། ཆགས་སྡང་གང་ལ་ཡང་བློ་མི་འཇུག་པ་ཡིན། ཉལ་འདུག་ལས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་བླངས་ན། སྣང་བའི་བདེན་འཛིན་ཞིག་པ་ལ་ཚེགས་མེད། དེ་ནི་ཉམས་སུ་བླངས་པས་ཚེ་འདི་ལ་མཆོག་གི་དངོས་གྲུབ་ཐོབ་པ་ལ་ཚེགས་མེད། དེ་ལྟར་ཆོས་ལ་དམིགས་པ་ནི་བྱང་ཆུབ་ཀྱི་སེམས་བྱ་བ་ཡིན། དམིགས་པ་མེད་པའི་བྱང་ཆུབ་ཀྱི་སེམས་ནི། སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ལ་ཅིའི་ངོ་བོར་ཡང་མ་གྲུབ་པའི་དོན་ཉམས་སུ་ལེན་པ་ཅིག་ཡིན་ཏེ། དེ་ལྟ་བུའི་དོན་རྟོགས་པ་ཀུན་ན་རེ། ཤ་བ་རྒྱ་ནང་དུ་ཆུད་པ་བཞིན་འགྲོ་བ་ནི་༼༥ན༽སྙིང་རེ་རྗེ་འགྲོ་རྒྱུ་མེད་པར་མ་རྟོགས་ན། བླ་མ་ཨ་ཏི་ཤས་གསུང་། བསྒོམ་བྱ་སྒོམ་བྱེད་མེད་པའི་སྤྲོས་བྲལ་འགྲོ་འོང་མེད་པའི་ཉམས་དེ་ལྟར་ཉམས་སུ་བླང་ན་འོང་བ་ཡིན་པས། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེ་ལུགས་གསུམ་ཡིན་པས། དེ་བཞིན་དུ་ཉམས་སུ་བླང་། ཆོས་དེ་ལས་མ་མཆིས་སོ།། །།རྣམ་པ་ཀུན་ལ་ཆོས་གཅིག་འཆད་པའི་དབང་དུ་བགྱིས་ན། འོ་སྐོལ་རང་ད་ལྟའི་སྐབས་སུ་ཚེ་འདིའི་གདོས་ཐག་བཅད་ནས། དད་པ་གཤའ་མ་ཅིག་དང་མ་བྲལ་བར་བྱས་ནས་ཉམས་སུ་ལེན་ན་ཆོས་གང་ཡང་ཟབ་པ་ཡིན་ཏེ། ཆུ་གཏོར་གྱི་ཞབས་ན། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པ་སངས་རྒྱས་ཀྱིས་གསུངས་ཏེ། སྡིག་པ་ཅི་ཡང་མི་བྱེད་པའི་སྟེང་དུ། དགེ་བ་ཕུན་སུམ་ཚོགས་པར་བྱ་སྟེ། དེ་ནས་རང་སེམས་འདུལ། རང་སེམས་འདུལ་ན་སངས་རྒྱས་བསྟན་པ་བྱ་བ་དེ་ཀ་ཡིན། ཆོས་དེ་གཅིག་པུ་ཉམས་སུ་བླངས་ཀྱང་ཆོག་པ་ཡིན་གསུང་། འདའ་ཀ་ཡེ་ཤེས་ལས། དངོས་པོ་ཐམས་ཅད་མི་རྟག་པས་ན་ཅི་ལ་ཡང་མི་ཆགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །སེམས་རྟོགས་ན་ཡེ་ཤེས་ཡིན་པས། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་བཤད་པས་དངོས་པོ་མི་རྟག་སྟེ་ནང་གི་ཤེས་པ་འགྱུར་བས་མི་རྟག་ལ། ཕྱིའི་སྣང་བའི་ཡུལ་དང་ལོ་རྒན་གཞོན་གྲོགས་མཆེད་ལྕམ་བཟའ་མི་ནོར་རྫས་ལ་སོགས་པ་ཐམས་ཅད་ལ་རྟག་པ་མེད་པས། གང་ལ་ཡང་མི་བདེན་པར་བཟུང་ལ་ཉམས་སུ་བླང་དགོས། རང་གི་ལུས་ཀྱང་འབྱུང་བ་བཞི་ཀའི་གཡར་པོ་ཡིན་པས་མི་རྟག་སྟེ། གཡར་པོ་འཁྱེར་༼༥བ༽བ་ལ་ཚེགས་མེད། དེས་ན་དངོས་པོ་ཐམས་ཅད་མི་རྟག་པར་འདུག་པས་ཅི་ལ་ཡང་མི་ཆགས་པར་བྱའོ། །སེམས་རྟོགས་ན་ཡེ་ཤེས་ཡིན་པས་ཞེས་པ་ནི་སེམས་ཉིད་རྟོགས་པ་ཞིག་ལ་ཟེར་བ་ཡིན་ཏེ། བདག་གཞན་སྣང་སྟོང་། དོན་དམ་ཀུན་རྫོབ། དབྱིངས་ཡེ་ཤེས་དེ་ཐམས་ཅད་དབྱེར་མེད་དུ་ཤེས་པ་ལ་ཟེར། དེ་ལྟ་བུའི་དོན་དེ་གཞན་ནས་བཙལ་བས་རྙེད་པ་མ་ཡིན་ཏེ། རང་སེམས་རང་གིས་བལྟ་བས་ཤེས་ཤིང་། རྟོགས་པ་ལ་སངས་རྒྱས་ཟེར་བ་ཡིན་ཏེ། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །རབ་དགའ་ཞེས་ནི་དེ་ལ་བྱ། །ཞེས་གསུངས་པས་སོ། །དེ་བཞིན་དུ་ཡིན་པས་རང་གི་སེམས་ཉིད་ཇི་ལྟ་བར་རྟོགས་པ་ལ་སངས་རྒྱས་ཞེས་བྱའོ། །རང་སེམས་སྔར་མཐོང་མ་མྱོང་མ་མཐོང་བ་ལ་མཐོང་བས་སོ། །དེ་ཉིད་རང་སེམས་རྟོགས་པ་ལས་བྱུང་བས་སངས་རྒྱས་གཞན་ནས་མ་འཚོལ་གྱི་དོན་ཏོ། །དེ་བཞིན་དུ་ཚེ་འདིའི་འདུན་མ་ཐམས་ཅད་རྒྱབ་ཏུ་བསྐྱུར་ནས། ཉམས་སུ་བླངས་ན་ཆོས་གང་གི་སྒོར་ཞུགས་ཀྱང་དོན་གྲུབ་ནས་འོང་བ་ཡིན་པས། ཚེ་འདིའི་རྩོལ་བ་སྤངས་ནས་ཉམས་སུ་ལེན་པ་གལ་ཆེ་གསུང་། ཆོས་བཤད་ཅིང་ཚེ་འདིའི་འདུན་མ་བྱས་ན་མི་ནག་པ་ཆོས་ཀྱི་ལོ་རྒྱུས་མཁན་བྱ་བར་འགྲོ་བ་ཡིན་པས། ཚེ་འདི་དང་མ་འདྲེས་པར་ཉམས་སུ་ལེན་པ་གལ་ཆེ། ཆོས་དེ་ལས་མ་མཆིས་སོ།། །།རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། འོ་སྐོལ་ཆོས་ཞེ་ཐག་པ་ནས་བྱེད་པའི་གང་ཟག་གིས་མནོ་བསམ་དུམ་རེ་བཏང་དགོས་ཏེ། ཡང་། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལ་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་དུ་བླང་བར་བྱ། །ཞེས་གསུངས་ཏེ། ཚེ་ཐུང་སྟེ་ལོང་ཆེ་བ་མེད། རྒྱལ་ཆེན་རིགས་༼༦ན༽བཞི་ནས་འོག་མིན་དུ་བརྩིས། དེས་དམྱལ་བ་ལ་བརྩིས་པས་མི་ཚེ་ཐུང་ལ། དེའི་ནང་ནས་འཛམ་བུ་གླིང་པ་ཐུང་ལ། དེའི་ནང་ནས་ཀྱང་ད་ལྟ་ལོ་དྲུག་ཅུ་ལས་ལྷག་པ་ཀུན་ཚེ་ལྷག་མ་ལ་ལོངས་སྤྱོད་པ་ཡིན་པས། ཚེ་ཐུང་ལ་ཤེས་བྱའི་རྣམ་པ་མང་སྟེ། ཤེས་བྱ་སློབ་ན་ཟད་པ་དང་ཐུག་པ་མེད། ཆོས་ཀྱི་ནང་ན་ཉུང་ཤོས་ཁ་འབར་མའི་ཆུ་གཏོར་ཡིན་ཏེ། ཁ་འབར་མའི་རིགས་རྙེད་ཚད་བྲིས་པས་མི་གཅིག་ལ་དབུས་ཀྱི་མ་ཀི་ན་སྒྲོམ་གཅིག་གང་འདུག་གསུངས་པས། དེས་ན་ཤེས་བྱ་ལ་ཟད་པའི་མཐའ་མེད་དེ། ཁ་འབར་མ་ཉུང་ཤོས་ལ་དེ་ཙམ་འོང་ན་ཆོས་གཞན་ལ་ལྟ་ཅི་སྨོས། དེས་ན་ཤེས་བྱ་ལ་ཟད་པའི་མཐའ་མེད་པས་བསླབས་ཀྱིས་མི་ལང་བས་ངང་པས་ཆུ་ལ་འོ་མ་ལེན་པ་བཞིན་རང་གི་འདོད་པས་དང་དུ་བླང་དགོས་ཏེ། དཔེར་ན་རྒྱ་གར་གྱི་ཆུ་བོ་གངྒཱ་ལ་བ་རྣམས་བརྒལ་བས་འོ་མ་ཆུར་ཟགས་པས་བྱ་ངང་པའི་མཆུ་ལ་སྐྱུར་རྩི་ཡོད་པའི་མཆུས་ཆུ་དཀྲུགས་པས་ཆུ་ལ་འོ་མ་དུམ་བུ་ལོང་ངེ་འོང་བ་དེ་བླངས་ནས་བཟའ་བ་བཞིན་དུ། རང་རེ་འདོད་པ་ངང་དུ་བླང་སྟེ་ཤེས་པ་སྣ་ཚོགས་པའི་གསེབ་ནས་རང་གི་འདོད་པའི་གདམས་པ་བླང་དགོས། གདམས་པ་ཉམས་སུ་བླངས་པའི་དགོས་པར་རང་སེམས་ལ་དབང་ཐོབ་ནས། སེམས་ལས་སུ་རུང་བར་བྱེད་དགོས། བསྐྱེད་རྫོགས་ལ་མོས་པ་རྣམས་ཀྱིས། བསྐྱེད་རྫོགས་ལ་སེམས་ལས་སུ་རུང་དགོས། དེ་ལ་སོགས་ཏེ་རྩ་རླུང་ཐིག་ལེ་ཉམས་སུ་ལེན་ཡང་རུང་། དོན་དམ་ཀུན་རྫོབ་ཟེར་ཡང་རུང་། ཕྱག་རྒྱ་ཆེན་པོ་ཟེར་ཡང་རུང་། རྫོགས་པ་ཆེན་པོ་ཟེར་ཡང་རུང་སྟེ། དེ་ཐམས་ཅད་ཀྱི་དགོས་ཆེད་སེམས་ལས་སུ་རུང་བ་ཡིན། སེམས་ལས་སུ་རུང་བ་ཇི་ལྟ་བུ་ཅིག་ཡིན་སྙམ་ན། སེམས་ཆོས་ཉིད་དུ་རྟོགས་པ་ཁོང་དུ་ཆུད་ནས། སྙིང་༼༦བ༽རྗེ་ཤུགས་ལས་བྱུང་བའམ། བདག་གཞན་མཉམ་པ་ཉིད་དུ་རྟོགས་པ་ལ་ཟེར་བ་ཡིན། སྣང་བ་ལ་བདེན་འཛིན་ཆུང་བ་ལ་ཟེར་བ་ཡིན། དེ་ལྟ་བུ་མ་བྱུང་བར་དུ་ཤིན་ཏུ་བསྒྲིམས་ནས་ཉམས་སུ་ལེན་དགོས། བདེན་འཛིན་རང་རྒྱུད་པར་དཔྱད་པས་སངས་རྒྱས་ལས་བདེ་འགྲོ་ཡང་དཀའ་བ་ཡིན། ལུས་ལས་ཀྱང་། བསྒོམ་མེད་སྒོམ་པ་པོའང་མེད། །ལྷ་དང་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཤེས་ཧེ་བཛྲ་ལས་གསུངས་སོ། །ཆོས་དེ་ལས་མ་མཆིས་སོ།། །།རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་གསོལ་བའི་དབང་དུ་བྱས་ན། རྟེན་གྱི་གང་ཟག་ཚེ་འདི་ལ་བློ་ལོག་པ་ཅིག་གིས། རང་འདོད་སྤངས་ལ། ཅི་བྱེད་པ་ཐམས་ཅད་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་ལ། རང་ལ་ལྟོས་པ་མེད་པར་བྱ་དགོས། ཇོ་བོ་སེམས་ཅན་ལ་བརྟེན་ནས་སངས་རྒྱ་བ་ཡིན། སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་བསྐྱེད། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པ་རེ་བྱས་ལ་ཉམས་སུ་ལེན་དགོས་ཏེ། རང་ལ་འུབ་ཧྲིལ་གྱིས་དྲིལ་ནས་དཔྱད་ན། ཕྱག་རྒྱ་ཆེན་པོའི་ལུགས་ཀྱིས་སྐྱོན་བྲལ་གསུམ་གསུམ་ཉམས་སུ་བླངས་དགོས་ཏེ། སྣང་བའི་སྐྱོན་དང་བྲལ་བ། སྟོང་པའི་སྐྱོན་དང་བྲལ་བ། སྐྱེ་བ་མེད་པའི་སྐྱོན་དང་བྲལ་བ་གསུམ་གསུམ་ཉམས་སུ་བླང་དགོས། དེ་ཡང་ཇི་ལྟར་ཉམས་སུ་བླང་ན། སྣང་བའི་སྐྱོན་དང་བྲལ་བ་དེ། སྣང་བ་བདེན་པར་མི་འཛིན་པར་ཉམས་སུ་ལེན་དགོས་ཏེ། སྣང་བ་རྨི་ལམ་སྒྱུ་མ་ཙམ་དུ་ཉམས་སུ་བླང་། སྣང་ལ་རང་བཞིན་མེད་པར་ཉམས་སུ་བླང་། སྣང་བ་བདེན་མེད་དུ་ཤེས་པས་སྡུག་བསྔལ་བདེན་མེད་དུ་ཤེས་པ་འོང་བ་ཡིན། སྡུག་བསྔལ་རང་རྒྱུད་དུ་མ་སོང་ཙམ་ན། ཆོས་ཆོས་སུ་སོང་བ་༼༧ན༽ཡིན། བདག་གཞན་གྱི་སྣང་བ་ཐམས་ཅད་བདེན་མེད་དུ་ཤེས་ཙམ་ན། སྣང་བ་སྐྱོན་བྲལ་བྱ་བ་ཡིན་ནོ། །སྟོང་པ་སྐྱོན་དང་བྲལ་བ་ནི། སྟོང་ཉིད་ཀྱི་འདོད་ཆགས་དང་བྲལ་བ་ལ་ཟེར་བ་ཡིན་ཏེ། སྟོང་པ་ཡིན། སྟོང་པར་རྟོགས་པར་བྱ་སྙམ་ནས། སྟོང་པར་འདོད་པ་བྱུང་བ་གོལ་བ་ཡིན་པས། ཉོན་མོངས་པ་རྣམ་རྟོག་སྟོང་པར་ཤེས་ནས་སྡུག་བསྔལ་སྐྱེ་བའི་ཡུལ་སྟོང་པ་ཉིད་དུ་ཤེས་ནས་མི་སྐྱེ་བར་འདུག་ན། སྟོང་ཉིད་སྐྱོན་བྲལ་བྱ་བ་ཡིན་གསུང་། སྐྱེ་མེད་སྐྱོན་བྲལ་བྱ་བ་ནི། སྣང་བ་སྟོང་པ་རེས་འཇོག་ཏུ་མ་སོང་བ་ཅིག་ལ་ཟེར་ཏེ། སྣང་བ་དང་སྐྱེ་མེད་སྟོང་པ་ཡང་སྐྱེ་མེད་དུ་ཤེས་པ་དེ་ལ་སྐྱེ་མེད་སྐྱོན་བྲལ་ཟེར་བ་ཡིན་ཏེ། དེ་རང་ཡང་གཉིས་སྣང་གི་ཤེས་པ་དང་བྲལ་བ་གཅིག་ལ་བྱའོ། །དོན་ལ་སྣང་བ་སྐྱོན་དང་བྲལ་བ་ཞེས་བྱ་བ་ནི་སྣང་བའི་མཐར་ཞེན་པ་དང་བྲལ་བ་ལ་ཟེར་ལ། སྟོང་པ་སྐྱོན་བྲལ་ཡང་སྟོང་པའི་མཐའ་ཞེན་པ་དང་བྲལ་བ་ལ་ཟེར། སྐྱེ་མེད་སྐྱོན་དང་བྲལ་བ་ན་གཉིས་སྣང་གི་མཐར་ཞེན་པ་དང་བྲལ་བ་ལ་ཟེར་བ་ཡིན་པས། ཕྱག་རྒྱ་ཆེན་པོའི་གཞུང་ལུགས་ཀྱིས། སྣང་བའི་སྐྱོན་དང་བྲལ་བ། སྟོང་པའི་སྐྱོན་དང་བྲལ་བ། སྐྱེ་མེད་ཀྱི་སྐྱོན་དང་བྲལ་བ། སྐྱོན་བྲལ་གསུམ་ལ་ཡོན་ཏན་སྐུ་གསུམ་སྟེ། སྣང་བའི་སྐྱོན་དང་བྲལ་བས་འཁོར་བའི་མཐའ་ཟད་དེ་སྣང་སྟོང་སྤྲུལ་སྐུ། སྟོང་པའི་སྐྱོན་དང་བྲལ་ཏེ་ཉན་ཐོས་དང་ཞི་བདེ་ལ་མི་གནས་པས་འགག་མེད་ལོངས་སྐུ། སྐྱེ་མེད་ཀྱི་སྐྱོན་དང་བྲལ་བས་སེམས་ཀྱི་འདོད་པ་ལ་སྟོང་སྟོང་པའི་འདོད་པ་ཟད་དེ། སྐྱེ་མེད་ཆོས་སྐུ། དེ་ལྟར་ཉམས་སུ་ལེན་པ་དེ་རྗེ་བྲམ་ཟེ་ཆེན་པོའི་བཞེད་པ་ཡིན་གསུང་། ཆོས་དེ་ལས་མ་མཆིས་སོ།། །།རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ཚེ་ལ་ལོང་མེད་རྒྱུད་ལ་དྲན་པའི་ལྕག་གིས་བསྐུལ་ཞིང་། བླ་མ་དང་དཀོན་མཆོག་ལ་བློ་འགེལ་༼༧བ༽བ་ཞིག་དགོས། དེ་ཅིས་ཤེས་ན་ཚེ་མི་རྟག་པར་འདུག །བརྒྱ་ལ་ཚེ་རིང་ཡང་སྡོད་ལོང་ཆེན་པོ་མི་འདུག་ཙ་ན་བླ་མ་མིན་པ་ལམ་སྟོན་མཁན་མི་འདུག །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་བླ་མ་ལ་བརྟེན་ནས་སངས་རྒྱས་པ་ཡིན་པས་བླ་མ་ལ་བསྟེན་པ་གལ་ཆེ། བླ་མ་མེད་པའི་སྔོན་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་གསུངས། དེས་ན། བླ་མ་བསྟེན་ཅིང་ཅི་གསུང་ཉན་པ་འདི་གལ་ཆེའོ་གསུང་། སྐྱབས་གནས་དཀོན་མཆོག་གསུམ་ལ་རེ་དགོས་པ་ཡིན། འོ་སྐོལ་ཆོས་པ་ལ་དཀོན་མཆོག་མིན་པའི་སྐྱབས་གནས་མེད། དཀོན་མཆོག་ལ་བློ་གཤའ་མར་ཁེལ་པ་ཡིན་ན། ཚེ་འདི་ཕྱིའི་དགོས་འདོད་ཐམས་ཅད་འབྱུང་བ་ལ་ཐེ་ཚོམ་མ་མཆིས་གསུང་། བླ་མ་དཀོན་མཆོག་ལ་བློ་བཀལ་ནས། ཉམས་སུ་ལེན་པ་ལ་འུབ་ཧྲིལ་གྱིས་དྲིལ་བ་ལ། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་ལུགས་ཀྱིས། སྣང་ཤར་ཡིན། གསུམ་དུ་ཉམས་སུ་ལེན་དགོས་ཏེ། དེ་ཡང་ཚིག་གསུམ་པོ་སྟེ་ཇི་ལྟར་དུ་ཡིན་སྙམ་ན། ཅིར་སྣང་། ཅིར་ཤར། ཡིན་ན། ཅི་ཡིན་སྣང་བ་ལ་ཕར་བལྟས་པས་སྣ་ཚོགས་སུ་ཤར། སྣ་ཚོགས་སུ་སྣང་བ་ཡིན། ང་ཉིད་རང་ལ་བལྟས་པས་རང་གི་སེམས་ཉིད་སྣ་ཚོགས་སུ་སྣང་། རང་སེམས་སྣ་ཚོགས་སུ་ཤར། སྣང་ཤར་གཉིས་ཀ་རང་གི་སེམས་ཀྱི་རྟོག་པ་ཡིན། རྟོག་པ་དེ་ཉིད་རང་གི་སེམས་ཉིད་ཡིན། དེ་བཞིན་དུ་ཡིན་པས་རང་གི་སེམས་ཉིད་ལས་སྐྱེས་པས་ཆོས་ཉིད་དེ་ཉིད་སྣ་ཚོགས་སུ་ཤར་བ་ཡིན། སྣང་བ་སྣ་ཚོགས་སུ་ཤར་བ་དེ་ཉིད་རང་གི་སེམས་ཉིད་སྐྱེ་མེད་འདི་རང་ཡིན། སྣང་བ་དང་སེམས་དབྱེར་མི་ཕྱེད་པར་བྱེད་པ་རང་ཡང་སེམས་ཉིད་རང་ཡིན་པས། སེམས་ཀྱི་སྣང་བ་ཡིན་ལ། རང་སེམས་སྐྱེ་མེད་དུ་ཤེས་པར་བྱས་ལ་བསྒོམ། བྱུང་ཚོར་སྣ་ཚོགས་ཀྱང་སྐྱེ་མེད་སྟོང་པ་ཆོས་སྐུར་བསྒོམ། ༼༨ན༽སེམས་རང་བཞིན་སྐྱེ་མེད་ཉམས་སུ་བླངས། སྣང་བ་ལ་བྲེད་མི་དགོས་རང་སེམས་ཡིན། བདེ་བ་དང་གསལ་བ་དང་མི་རྟོག་པ་གང་སྐྱེས་ཐམས་ཅད་ཐེག་པ་ཆེན་པོའི་ཆོས་ཀྱི་སྐུའི་ངོ་བོ་ལས་མ་འདས་པ་ཡིན་པས། དེ་ཉིད་ཀྱི་དོན་ལ་སྐད་ཅིག་ཀྱང་མ་ཡེངས་པར་བསྒོམ་པ་གལ་ཆེ། སྣང་བ་ཐམས་ཅད་བདེན་པར་བཟུང་ན། སྣང་བ་ཐམས་ཅད་ཆོས་ཀྱི་སྐུ་ཡིན་ཀྱང་། ཁམས་གསུམ་འཁོར་བ་ལས་མི་འདའ། སྐྱེ་བོ་མི་ནག་པ་རུང་། དེ་བཞིན་མ་ཡིན་པས་སྙིང་རྗེ་ཕྱོགས་ཅན་དུ་མི་བྱ། ཕྱོགས་རིས་ཀྱི་བྱམས་སེམས་ཁྲ་དང་སྤྱང་ཁུ་ལ་ཡང་ཡོད་དེ། དེས་མི་ཕན། རང་གི་བུ་ཚ་ཁོ་ན་སྙིང་རྗེ་ཟེར་བ་དེ་སྙིང་རྗེ་ཡིན་པའི་ངོ་བོ་མེད། ཞེན་པ་བྱ་བ་ཡིན། ཞེན་པ་དང་སྙིང་རྗེ་ནོར་ས་ཡོད་དེ། སྤྱང་པོ་ཀུན་བསམ་མནོ་བག་རེ་ཐོང་དང་། མེད་པ་དང་མ་ཆགས་པ་ནོར་ས་ཡོད་དེ། དེ་བཞིན་དུ་ལགས་པས་བྱམས་སྙིང་རྗེ་ཕྱོགས་ཆ་ཅན་གྱི་སྙིང་རྗེ་མ་བྱེད་པར། ཕྱོགས་མེད་སེམས་ཅན་ལ་བསྒོམ་པ་སྙིང་ཕུགས་སུ་བཅུག་ལ། རང་གི་ཞེ་འདོད་དུ་མ་སོང་བར་ཉམས་སུ་བླང་འཚལ་ཏེ། དེ་ཡང་ཉམས་སུ་ལེན་པ་ལ་རྫོགས་ཆེན་སྐོར་ལུགས་ཀྱིས། གཞུང་གི་ཚིག་གཉིས་སུ་དྲིལ་ནས་ཉམས་སུ་ལེན་པ་ཡིན་པས། སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་གིས་སེམས་སུ་དམ་བཅའ་བ་དང་། དེའི་དོན་གཏན་ལ་འབེབས་པ་གཉིས་ཡིན་ཏེ། དེ་ཡང་སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་རིག་འདི་རང་ཡིན། དགའ་ན་ཡང་སེམས་དགའ་ལ། མ་དགའ་ན་སེམས་མ་དགའ་བ་ཡིན། ལུང་ལས་ཀྱང་། མཐོ་རིས་ངན་སོང་ཕྱི་སྣོད་ནང་བཅུད་རང་གི་སེམས། །ཤེས་གསུངས་སོ། །དེ་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་སུ་ཐག་བཅད་ནས་ཉམས་སུ་ལེན། ལོ་རེ་ཙམ་གྱིས་མི་འོང་བས། དེ་ཉམས་སུ་ལེན་པ་༼༨བ༽ལ་སེམས་ཀྱི་རང་བཞིན་མ་སྐྱེས་པར་གཏན་ལ་ཕབ་སྟེ། སྣང་སྲིད་འཁོར་འདས་ཀྱིས་ཆོས་ཐམས་ཅད་ལ་བདེན་པ་རང་རྒྱུད་པ་ཅི་ཡང་མི་འདུག་སྟེ། ངོ་བོ་ཉིད་ཀྱིས་སྟོང་པར་འདུག་པས་ན། སེམས་ཀྱི་རང་བཞིན་མ་སྐྱེས་པར་གཏན་ལ་ཕེབས། རྨི་ལམ་སྒྱུ་མ་ཙམ་དུའང་འཛིན་པ་མེད། རིག་པ་ཕྱོགས་མེད་དུ་ཤར་ནས་འདུག་པས། སེམས་ཀྱི་རོལ་པ་མ་འགགས་པར་གཏན་ལ་ཕེབས། སེམས་ཀྱི་ངོ་བོ་ལ་མ་སྐྱེས་མི་འགགས་པར་གཉིས་སུ་མི་འཇུག་སྟེ། རྒྱ་མཚོ་དང་རླབས་ལྟ་བུར་འདུག་པས། སེམས་ཀྱི་མཚན་ཉིད་གཉིས་མེད་དུ་གཏན་ལ་འབེབས། གཉིས་མེད་ཙམ་རང་ཡང་བློའི་ཡུལ་མི་གནས་ཏེ། བློ་རིགས་ཀྱིས་དཔྱད་དུ་མེད་པས་བློ་ངོ་བོ་ཉིད་དུ་གྲོལ་ཏེ། ངོ་བོ་གཉིས་མེད་དུ་གཏན་ལ་ཕེབས། འོ་ན་གཏན་ཚིགས་བཞི་པོ་དེ་ལ་དགོས་པ་ཅི་ཡོད་བྱས་པ་ལ། སྣང་བ་རང་རྒྱུད་པར་སོང་གིས་དོགས་པ་ལ་རང་བཞིན་སྐྱེ་མེད་དུ་བསྟན་ལ། སྟོང་པའི་མཐར་སོང་གིས་དོགས་པ་ལ་རོལ་པ་འགག་མེད་དུ་བསྟན། གཉིས་སྣང་གི་མཐར་ཤོར་གྱིས་དོགས་པ་ལ་མཚན་ཉིད་གཉིས་མེད་དུ་བསྟན། གཉིས་མེད་ཡིན་སྙམ་ན་བློ་ཉམས་ཀྱི་ལྟ་བ་བྱ་བ་ཡིན་པས། དེའི་ངོ་བོ་གཉིས་མེད་དུ་བསྟན་པ་ཡིན། དེས་ན་གཏན་ཚིགས་བཞི་པོ་དེས་མཐའ་བཞིའི་དངོས་པོ་འགགས་པའི་བར་དུ་བསྟན་པ་ཡིན་པས། ཇི་སྲིད་དུ་བློའི་འདོད་པ་ཟད་ཟད་ཉམས་སུ་བླང་། ཆོས་དེ་ལས་མ་མཆིས།། །།རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ཆོས་གཤའ་མ་ཅིག་བྱེད་པ་ལ། དང་པོ་ཚེ་འདིའི་རྣམ་རྟོག་མ་ལུས་པ་སྤངས་ནས། རང་དང་སེམས་ཅན་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་འདོད་པའི་གང་ཟག་དེས། དང་པོ་མི་རྟག་པ་བསྒོམས་ནས་ཚེ་འདི་ལ་བློ་ལྡོག །དེ་ནས་འཁོར་བའི་ཉེས་དམིགས་བསྒོམས་ནས་འཁོར་༼༩ན༽བའི་ཆོས་མཐའ་དག་ལ་བློ་ལྡོག །དེ་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་ན། རང་རྒྱུད་འབྱོངས་པར་བྱས་ནས་མ་བསྒོམས་ནས། མིས་ཀྱང་ཞེ་ཁྲེལ་བྱེད་ལ་ཉམས་རྟོགས་ཀྱང་མི་སྐྱེ་བས་རང་སེམས་ཅི་ཐུལ་བྱ། གྲོས་ཐམས་ཅད་ནང་དུ་འདེབས་པ་གལ་ཆེ། རང་རྒྱུད་རང་ནང་དུ་ཐུལ་ན་ནང་རྟགས་ཕྱིར་འཆར། དེ་བཞིན་ལགས་པས་འུབ་ཧྲིལ་གྱིས་དྲིལ་ནས། སྣང་ཤར་ཡིན་གསུམ་དུ་ཉམས་སུ་བླངས་པས་ཉམས་རྟོགས་འབྲས་བུ་ཀུན་འགྲུབ་སྟེ། སྣང་བ་སྣ་ཚོགས་བདེན་མེད་དུ་ཤེས་པར་བྱས་ལ། སེམས་སྐྱེ་མེད་ཆོས་སྐུར་ཤེས་པར་བྱས་ལ་བསྒོམ། བྱུང་ཚོར་སྣ་ཚོགས་ཀྱང་སྐྱེ་མེད་སྟོང་པ་ཆོས་སྐུར་ཤེས་པར་བྱས་ལ། སེམས་མ་ཡེངས་པར་ཉམས་སུ་བླངས་པས་ཉམས་རྟོགས་འབྲས་བུ་ཀུན་འགྲུབ་སྟེ། ཆོས་དེ་ལས་མ་མཆིས།། །།རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ཆོས་གཤའ་མ་ཅིག་བྱེད་པ་ལ་འཇིག་རྟེན་འདི་ལས་བློ་ལོག་ནས་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གལ་ཆེ། དེ་ཡང་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ། བདེ་བ་དང་ཕྲད་ནས་རྫོགས་པའི་སངས་རྒྱས་ལ་བཀོད་པར་བྱའོ། །སྙམ་པ་དེ་རྟག་ཏུ་མ་བརྗེད་པར་བྱས་ལ། ཞེ་ཐག་པ་ནས་རང་འདོད་མེད་པར་སེམས་ཅན་གྱི་དོན་དུ་དམིགས་པ་གལ་ཆེ་བ་ཡིན་པས་སེམས་ཅན་བློས་མི་སྤང་། སེམས་ཅན་བློས་སྤང་ན་ཐེག་པ་ཆེན་པོའི་ཆོས་དང་དགེ་བའི་བཤེས་གཉེན་གཉིས་དང་བྲལ་བ་ཡིན་པས་ཉེས་པ་ཆེ། རང་འདོད་དང་དགྲ་ཟིན་དུ་བྱར་མི་རུང་ལ། གསང་སྔགས་པའི་དབང་དུ་བྱས་ན་ཡང་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་ཡིན་པས། ལྷ་ལ་ཉོན་མོངས་པ་སྐྱེར་ག་ལ་རུང་། ཕྱག་རྒྱ་ཆེན་པོའམ་རྫོགས་པ་ཆེན་པོའི་དབང་དུ་བྱས་ན་ཡང་། རང་སེམས་སྣང་བ་དོན་དམ་ཆོས་སྐུའི་འོད་དམ། རྒྱན་ནམ་ཆེ་བའི་རོལ་བ་ཡིན་པས། རང་སེམས་ཆོས་སྐུའི་འོད་དམ་རྒྱན་ལ་སོགས་པ་ལ་ཉོན་མོངས་པ་སྐྱེ་ག་ན་རུང་། རང་སེམས་གཅིག་པུའི་དོན་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་༼༩བ༽གྱི་སྒྲིབ་པ་སྦྱང་བའི་ཕྱིར། སེམས་ཅན་གྱི་དོན་དུ་ལུས་ངག་ཡིད་གསུམ་གྱི་དགེ་བ་ཅི་བྱས་པ་ཐམས་ཅད་འགྲོ་བའི་དོན་དུ་བསྔོ་དགོས་ཏེ། དེ་ཡང་ཉམས་སུ་ལེན་པ་ལ་འུབ་ཧྲིལ་གྱིས་དྲིལ་ན། བག་ཆགས་འདི་འགྲོགས་ཡུན་རིང་བས་ཅིར་སྣང་སྒྱུ་མར་མ་ཤེས་བར་དུ་ཉམས་སུ་ལེན་པ་ལ་བསྒྲིམ་དགོས། དུག་ལྔ་རང་ཆས་སུ་ཡོད་པས་ཉོན་མོངས་པ་ལམ་དུ་མ་སློངས་བར་དུ། ཉམས་ལེན་ལ་བསྒྲིམ་དགོས། དུས་ཀྱི་མཐའ་ཡུན་རིང་བས་འཁོར་བ་མ་སྟོངས་བར་དུ་ཉམས་སུ་བླང་དགོས་སོ། །བག་ཆགས་འདྲིས་ཡུན་རིང་བས། ཅིར་སྣང་སྒྱུ་མར་མ་ཤེས་བར་དུ་ཉམས་སུ་ལེན་པ་ནི། བག་ཆགས་ཀྱི་ལས་ཀྱིས་སྔུན་བསུ། བག་ཆགས་ཀྱི་ལས་ཀྱིས་རྗེས་སུ་འབྲང་། བག་ཆགས་ཀྱི་ལས་དེ་འཕྲལ་དུ་འགྲོ །དེ་བཞིན་དུ་བག་ཆགས་དུས་གསུམ་དུ་རྒྱུ་བས། ཅིར་སྣང་ཐམས་ཅད་རྨི་ལམ་སྒྱུ་མའི་རང་བཞིན་དུ་ཁྱེར་བས། སྣང་བ་ལ་བདེན་འཛིན་ན་བུན་བཞིན་དུ་ཡལ་ནས་འགྲོ་བ་ཡིན། དུག་ལྔ་རང་ཆས་སུ་ཡོད་པས་ཉོན་མོངས་པ་ལམ་དུ་མ་སློངས་བར་དུ་ཉམས་ལེན་དགོས། ཞེ་སྡང་རང་ཆས་སུ་ཡོད་པ་ཡིན་ཅིང་། སྐྱེ་མེད་ཀྱང་རང་ཆས་སུ་ཡོད་པས་ཞེ་སྡང་སྐྱེས་ཙམ་ན། སྐྱེ་མེད་ཀྱང་སྐྱེ་བར་བྱས་ལ་གོམས་པས་ཞེ་སྡང་མི་སྐྱེ་བ་དང་། རྨི་ལམ་སྒྱུ་མར་ཤེས་ཙམ་ན་ལམ་དུ་སློངས་པ་ཡིན། དེ་བཞིན་དུ་ཉོན་མོངས་པ་ལྔ་ཀ་ལ་ཤེས་པར་བྱའོ། །དུག་ལྔས་མ་གོས་པར་ཤེས་ཙམ་ན་ལམ་དུ་སློངས་པ་ཡིན་ནོ། །དུག་ལྔ་ཡུན་རིང་བས་འཁོར་བ་མ་སྟོངས་ཀྱི་བར་དུ་བསྒྲིམ་པ་ནི། ཁམས་གསུམ་གྱི་སྤྱི་མཚན་དུ་འཁོར་བ་ལ་ཐོག་མ་མེད་པས། གང་ཟག་སྒོས་ཚན་དུ་འཁོར་བ་ལ་ཐོག་མ་ཡོད་པར་བྱར་རུང་སྟེ། ནམ་སངས་རྒྱས་ན་ཐོག་མཐའ་བྱུང་བ་དེ་རང་ཡིན། དེ་བཞིན་དུ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ཉམས་སུ་བླངས་ཀྱིན་བསྒོམ་དགོས་པ་ཡིན། རང་བཙན་ས་མ་ཟིན་བར་དུ་བསྒོམ་༼༡༠ན༽པ་ཡིན། གནས་སྐབས་སུ་བཟང་ངན་འོང་ན་ངན་པ་ལ་གཡེངས་པས། དེ་ཕྱིར་ཁྲིད་ཉེན་ཡོད། དཔེར་ན་གླང་ཆེན་གཞན་ཐོན་ཡང་། མཇུག་མ་མ་ཐོན་པ་ཡིན་ན་མཇུག་མའི་ཕྱིར་ཕྱིར་ལྡོག་དགོས་པ་ཡོད་པས། འཁོར་བའི་འབྲེལ་ཐག་མ་ཆོད་ཀྱི་བར་དུ་བསྒོམ་དགོས། ཆོས་དེ་ལས་མ་མཆིས།། །།རྣམ་པ་ཀུན་ལ་ཆོས་ཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ཆོས་གཤའ་མ་ཞིག་བྱེད་པ་ལ། ཚེ་འདི་མི་རྟག་ཅིང་ལོང་མེད་པས་དངོས་པོ་གང་ཐོངས་ཐོངས་གཏོང་དགོས་ཏེ། སྦྱིན་པ་ནི་མེ་དང་ཆུ་ཙམ་ལ་སློབ་དགོས་ཏེ། མེ་ཆུ་རང་ལ་གཏོང་བློ་མེད་པར་ཤེས་ཙམ་ན་འཇུར་འགེགས་ཀྱི་ཡི་དྭགས་སུ་སྐྱེ་ལ། ཆུང་ངུ་ལ་གོམས་པས་མཐར་ཆེན་པོ་མགོ་དང་རྐང་ལག་གཏོང་བ་འོང་བ་དང་། མིག་གཏོང་བ་འོང་བ་ལ་ཚེགས་མེད་པ་ཡིན། དེ་བཞིན་དུ་སོང་ཙམ་ན་འཁོར་བ་དང་དབྱེས་བྱས་པ་ཡིན། དེ་ནས་དང་པོ་སྦྱིན་པ་མེ་ཆུ་ལ་བསླབ། དེ་ནས་དངོས་པོ་དམན་པ་ལ་བསླབ། དེ་ནས་རང་ལ་དགོས་དགོས་པོ་ཞེན་ཞེན་པོ་བཏང་དགོས། དེ་བཞིན་དུ་ཉམས་སུ་ལེན་པ་ལ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས། འུབ་ཧྲིལ་གྱིས་དྲིལ་བ་ལ་འཁོར་འདས་གཉིས་ལ་ཚིག་གཉིས་ལས་མེད་དེ། ལུང་ལས། ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། །བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བར་གསུངས། །ཞེས་པ་སྟེ། ཇི་ལྟར་འཛིན་པ་ཡོད་རིང་ལ་ཀུན་ནས་ཉོན་མོངས་པ་ཡོད། དེ་ཡང་བདག་འཛིན་ལས་ཆགས་པ་སྐྱེ། བདག་འཛིན་ལས་སྡང་བ་སྐྱེ། བུར་འཛིན་པ་ལས་ཆགས་པ་སྐྱེ། དགྲར་འཛིན་པ་ལས་སྡང་བ། སྙན་པར་འཛིན་པ་ལས་ཆགས་པ། མི་སྙན་པར་འཛིན་པ་ལས་སྡང་བ། དེ་བཞིན་དུ་བསྟོད་པ་ལས་ཆགས་པ་སོགས་གཉིས་སྣང་གི་ཤེས་པ་སྣ་ཚོགས་སུ་བཟུང་བས་༼༡༠བ༽འཁོར་བ་ལས་མི་ཐར་ཏེ། གཏན་དུ་སྡུག་བསྔལ་བའི་གནས་སུ་འགྲོ་བ་ཡིན་པས། དེ་ལས་ལོག་པ་ལ་བདག་དང་བདག་གིར་མི་དམིགས་པར་བྱ་བར་གསུངས། དེ་བཞིན་དུ་ཉམས་སུ་ལེན་པ་ལ་བདག་བདེན་ནམ་མི་བདེན་བལྟ། བདག་རྟག་གམ་མི་རྟག་བལྟ། བདག་ལ་རང་བཞིན་འདུག་གམ་མི་འདུག་བལྟ། དེ་བཞིན་དུ་བལྟས་པས་བདག་མི་རྟག་པར་མཐོང་བས་བདག་གི་ཆགས་པ་དང་བྲལ། བདག་ལ་ཞེན་པ་མི་འདུག་ན་ཞེན་པ་ཐམས་ཅད་དང་བྲལ། དེ་སྔ་ཕན་ཆད་དུ་བདག་ཏུ་བཟུང་བས་བདག་གི་བ་བྱུང་། བདག་དང་བདག་གིར་བྱུང་བས་འཁོར་བར་འཁྱམས་པ་ཡིན། བདག་གི་བུ་དགྲ་ནོར་དེ་ལ་སོགས་པ་བདག་བྱུང་བས་བདག་གི་བ་མང་པོ་བྱུང་བ་ཡིན། དེས་འཁོར་བར་འཁྱམས་པ་ལགས། བདག་ནི་རྨི་ལམ་སྒྱུ་མ་ཙམ་དུ་ཤེས་པར་བྱ། བདག་མི་རྟག་པར་ཤེས་པར་བྱ། དེ་བཞིན་དུ་ཤེས་པས་བདག་མི་དམིགས་ཏེ། །བདག་མི་དམིགས་པས་བདག་གི་བ་ཐམས་ཅད་མི་དམིགས་པ་ཡིན་པས། བདག་དང་བདག་གིར་མི་དམིགས་པ་རྣམ་པར་བྱང་བར་གསུངས། ཞེས་ལུང་ལས་བཤད། དེ་བཞིན་དུ་ཡིན་པས་བདག་འཛིན་ཐམས་ཅད་སྤང་དགོས་ལ། འཁོར་བ་ཧྲུལ་པོར་གཏོང་བ་ཡིན་པས་བདག་འཛིན་མི་དམིགས་པར་ཉམས་སུ་བླངས་དགོས། རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་ཡིན་པས། དེ་བཞིན་དུ་མེ་དང་ཆུ་ནས་རང་གི་ལུས་སྦྱིན་པའི་བར་ལ་བསླབ་ཅིང་ཞེན་པ་ཐམས་ཅད་སྤངས། ཆགས་པ་ཐམས་ཅད་སྤངས། སྐྱོན་ཐམས་ཅད་ངོས་བཟུང་ཞིང་སྤང་། སྐྱོན་མཚང་ཐམས་ཅད་གང་འདུག་བལྟ་ཞིང་ཡུལ་འདོན། ཕྱིས་ནམ་འོང་མི་ཤེས་པས། ན་བ་བློ་རྡེག་འཆི་བ་ཐོག་བབས་འགྱོད་པ་ལས་ངན་ཡིན་པས་ད་ལྟ་རང་ནས་འབད་ལ་ཉམས་སུ་བླང་འཚལ་ལོ། །ཆོས་དེ་ལས་མ་མཆིས།། །།རྣམ་པ་ཀུན་ལ་ཆོས་གཅིག་༼༡༡ན༽སྙན་དུ་གསོལ་ན། ད་ལྟའི་སྐབས་སུ་བསམ་མནོ་བག་རེ་བཏང་འཚལ་ཏེ། འཆི་བ་བྱ་བ་ནམ་ཡོང་ཆ་མེད། འཆི་བདག་གི་ཞགས་པས་ཟིན་ཙ་ན་རང་དབང་མ་མཆིས། ད་ལྟ་རང་ལ་རང་དབང་ཡོད་དུས་འདིར་ནམ་གཞག་གཏན་གྱི་སོ་ནམ་རེ་ཟིན་པར་བྱེད་དགོས་ཏེ། བླ་མ་ཡི་དམ་དཀོན་མཆོག་ལ་བློ་དང་པོར་བཀལ་དགོས་ཏེ། དད་པ་དང་འདུན་པ་མོས་པ་དང་གུས་པས་གསོལ་བ་དྲག་ཏུ་གདབ། ཚེ་འདིའི་ཁེ་གྲགས་དང་ཆེ་བསྟོད་ལ་སོགས་པས་ཆོས་ཞེ་ནས་བྱེད་པ་ལ་ཕན་པ་མེད་པས་རྒྱབ་ཏུ་སྐྱུར་ནུས་འཚལ། ལུས་ལོངས་སྤྱོད་ཐམས་ཅད་བླ་མ་དཀོན་མཆོག་གི་ཕྱོགས་སུ་འབུལ་ཞིང་། ཉམས་ལེན་ལ་དྲིལ་བ་ཅིག་དགོས་པས། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཆེད་དུ་བདག་གིས་སྦྱིན་པ་བཏང་། ཚུལ་ཁྲིམས་བསྲུང་། བཟོད་པ་བསྒོམ། བརྩོན་འགྲུས་བརྩམ། བསམ་གཏན་ལ་མཉམ་པར་བཞག །ཤེས་རབ་བསྐྱེད་སྙམ་པ་དེ་བཞིན་དུ་བྱས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་ཉམས་སུ་བླང་དགོས་སྙམ་པ་རེ་སྙིང་ཕུགས་སུ་བཅུག་ལ། ཆོས་བྱེད་པ་ལ་འུབ་ཧྲིལ་གྱིས་དྲིལ་ན་དོན་དམ་ཀུན་རྫོབ་གཉིས་སུ་ཤེས་འཚལ། ཀུན་རྫོབ་ཏུ་ལས་དང་ལས་ཀྱི་རྣམ་སྨིན་ཀྱང་ཡོད་ལ། སྐྱེ་རྒ་བདེ་སྡུག་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཡོད། རྣམ་པར་བྱང་བ་མྱ་ངན་ལས་འདས་པ་དང་། ཡོན་ཏན་སྐུ་དང་ཡེ་ཤེས་ཀྱང་ཡོད་ཅེས་ཕ་རོལ་ཏུ་ཕྱིན་པ་ནས་བཤད། དེས་ན་ཀུན་རྫོབ་ཏུ་གཞན་དང་བདག་གི་རྣམ་རྟོག་ལས་གྱུར་བ་འདུག་གི་རིང་ལ། དགེ་སྡིག་བདེན་པ་ཡིན་པས། ལས་དགེ་སྡིག་ལ་ཤིན་ཏུ་འཛེམ་འཚལ་ཏེ། ད་ལྟ་ལས་དགེ་བ་བསགས་ན་འབྲས་བུ་བཟང་པོའི་བདེ་བ་སྐྱེ་བ་ཕྱི་མ་ལ་སྨིན་ལ། ད་ལྟ་ལས་ངན་སྡིག་པ་སྤྱད་ན་ཕྱི་མ་ལ་འབྲས་བུ་༼༡༡བ༽ངན་སོང་གི་སྡུག་བསྔལ་སྨིན་ནས་མཆི་བས། རྒྱུ་མེད་ལ་འབྲས་བུ་མི་འབྱུང་། རྒྱུ་ལོག་པ་དང་དམན་པ་ལས་སངས་རྒྱས་མི་འབྱུང་། ཕ་རོལ་ཏུ་ཕྱིན་པ་ནས། ཡོན་ཏན་ཡོངས་སུ་སྡུད་པའི་མདོ་ལས། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་ཐོབ་མི་འགྱུར། །ཞེས་གསུངས་ཏེ། རྒྱུ་དགེ་བ་བཅུའམ། ཆོས་སྤྱོད་བཅུའམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་བརྟེན་ན་སངས་རྒྱས་མི་ཐོབ་པས་ལྟ་བ་ཁ་འབྱམས་སུ་སོང་ནས། ཤེས་པ་ཐ་མལ་དུ་ལུས་པའི་ཉེན་ཆེ། ཞལ་ཉན་པ་ཀུན་ཇི་སྲིད་རང་བདེན་གྱི་རིང་ལ་གཞན་འགྲོ་བ་རིགས་དྲུག་ཀྱང་བདེན་པ་ཡིན། རང་ལ་བདེན་འཛིན་མེད་ཙ་ན་འགྲོ་བ་རིགས་དྲུག་ཀྱང་རང་སར་གྲོལ་ནས་འགྲོ་བས། རང་གི་བདེན་འཛིན་རང་སར་གྲོལ་བ་ཅིག་མ་བྱུང་བར་དུ་ཀུན་རྫོབ་བདེན་པ་ཡིན། དེ་སྲིད་དུ་རྒྱུ་ལས་དང་འབྲས་བུ་ལས་ཀྱི་རྣམ་སྨིན་ཀྱང་ཡོད་པས། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་གལ་ཆེ། ཀུན་རྫོབ་རང་སར་གྲོལ་ཏེ་ང་བདག་སྤངས་ཙ་ན། དོན་དམ་པར་ན་ལས་ཀྱི་རྣམ་པར་སྨིན་པ་མེད་པ་ཡིན་ཞེས་གསུངས་ཏེ། དོན་དམ་གྱི་བདེན་པ་དེ་ཅི་ཙམ་ན་རྟོགས་པ་ཡིན་ན། ཞེ་འདོད་ཀྱི་རྟོག་པ་དང་། རློམ་པའི་ང་རྒྱལ་དང་། བརྗོད་པའི་ཚིག་གི་ཐ་སྙད་དང་བྲལ་ནས། བདག་གཞན་ཐམས་ཅད་ཀྱི་རྟོག་པ་ཐམས་ཅད་རང་སར་དག་ནས་བདག་གཞན་གྱི་སྣང་བ་མི་འདུག་ཙམ་ན། དོན་དམ་པ་དེ་རྟོགས། དེ་ལ་ལས་དང་ལས་ཀྱི་རྣམ་སྨིན་ཀྱང་མེད་དེ། དེ་ལྟ་བུའི་དོན་རྟོགས་ནས་འདུག་ཙ་ན། རང་དོན་དང་བྲལ་ཏེ། གཞན་དོན་སེམས་ཅན་ལ་གང་ཕན་གྱི་དོན་བྱེད་པ་ཡིན་པས། རྟོགས་པ་བཟང་དུ་སོང་ཙ་ན་སེམས་ཅན་ལ་སྙིང་རྗེ་ཆེར་འགྲོ་བ་ཡིན་ཏེ། སློབ་དཔོན་བཻ་རོ་ཙ་ནའི་ཞལ་ནས་ཀྱང་། སྐྱེ་ཤི་མེད་པའི་དོན་རྟོགས་ཀྱང་། །འདུས་བྱས་དགེ་བ་རྒྱུན་མི་གཅད། །ཅེས་གསུངས་པའི་དོན་དེ་ལྟར་ཡིན་པས། རང་༼༡༢ན༽གིས་དོན་དམ་རྟོགས་སམ་ཀུན་རྫོབ་སྣང་བས་འདུག །རང་ལ་ལྟ་དགོས། དོན་དམ་རྟོགས་ཀྱང་སེམས་ཅན་ལ་སྙིང་རྗེ་སྒོམ་འཚལ། སེམས་ཅན་ལ་ཕན་པ་ཆེར་གདགས་དགོས། སློབ་དཔོན་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་པས་བདེན་གཉིས་དབྱེར་མེད་དུ་ཉམས་སུ་བླང་འཚལ། ཆོས་དེ་ལས་མ་མཆིས།། །།རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། འོ་སྐོལ་ད་ལྟའི་དུས་སུ་ཚེ་ལ་ལོང་མེད་པས། སྤང་བྱ་ལྷག་མ་མ་ལུས་པར་སྤངས་ཤིང་། ཕྱིས་མི་སྐྱེ་བར་བྱེད་པའི་གཉེན་པོ་བཟང་པོ་བརྟེན་ལ། ངོ་ཚ་དང་དད་པ་གལ་ཆེ། དེ་ཡང་དད་པ་ལ་ཡལ་བའི་སྐབས་ཡོད་སྲིད་པས། དེའི་དུས་སུ་ངོ་ཚ་ཡོད་ན་ཆོས་དང་མི་འབྲལ་བའི་གྲོགས་མང་པོ་བྱེད་ལ། ངོ་ཚའི་དད་པ་ཡང་འོང་སྲིད་པ་ཡིན་པས་ངོ་ཚ་གལ་ཆེ། ངོ་ཚ་མེད་ན་དད་པ་རྒས་པའི་དུས་སུ། ཆོས་མིན་གྱི་ལས་ཨ་ཅང་ཆེས་ན། འཇིག་རྟེན་ན་བྱ་མི་རུང་བའི་ལས་ཕ་མ་ཡང་གསོད་པ་སོགས་བྱེད་པ་ལ་ཚེགས་མེད། དེ་ལྟ་བུའི་ལས་ངན་ཐེངས་ཅིག་བྱས་པས་ཁྲེལ་ཤོར་ནས། འདུན་མ་ཐམས་ཅད་བཅའ་འཁྱལ་ནས་འགྲོ །དེས་ན་དད་པ་གཅིག་པུས་རང་རྐྱ་མི་ཐུབ་པ་ཡིན་པས། ངོ་ཚ་དང་ཡང་ལྡན་པ་གལ་ཆེ། བཙད་པོ་ཤན་པ་མི་བྱེད་པ་དེ་ཙུག་ཡིན། དད་པ་དང་ངོ་ཚ་འཛོམ་ན་ཅིས་ཀྱང་ཆོས་སུ་འགྲོ་སྟེ་གསེར་ལ་ནག་ཚུར་བཏང་བ་ལྟ་བུ་ཡིན། གསེར་ཁ་ཡེ་ནས་བཟང་བ་ལ་ནག་ཚུར་གྱིས་ཇེ་བཟང་ལ་འགྲོ་བ་དང་འདྲ་བས། དད་པས་ཆོས་འབའ་ཞིག་བྱེད་པའི་སྟེང་དུ། ངོ་ཚས་གཞན་གྱིས་ཁྲེལ་ན་བདག་གཞན་གྱི་དོན་ག་ན་འགྲུབ་སྙམ་ནས། མིས་ཁྲེལ་གྱིས་དོགས་ནས་འཕྲལ་གྱི་མཛད་སྤྱོད་ཕན་ཆོད་ལ་གཟབས་ནས་བྱས་པས། རང་གཞན་གྱི་དོན་ཐམས་ཅད་གྲུབ་ནས་འོང་བ་ཡིན་ཏེ། དེ་ལྟར་དད་པ་དང་ངོ་ཚ་འཛོམ་པའི་ཉམས་སུ་བླང་བ་དེ་ལ། རྒྱུད་ལ་ཡོན་ཏན་ཅི་ཙམ་ཅིག་སྐྱེས་ནས་འདུག་ལྟ་དགོས་ཏེ། སྣང་བ་ཐམས་ཅད་༼༡༢བ༽བདེན་སྣང་དུ་བྱས་ནས་བདེ་སྡུག་བདག་གཞན། ནོར་རྫས་འཁོར་གཡོག་ཐམས་ཅད་བདེན་པ་རང་རྒྱུད་པར་བྱས་ན། མི་ནག་པ་ཐ་མལ་པ་དང་ཁྱད་མེད་པས། ཟག་བཅས་ཀྱི་བདག་འཛིན་ཆུང་དུ་བཏང་དགོས་པས། ཅི་བྱེད་ཐམས་ཅད་སེམས་ཅན་གྱི་དོན་དུ་མ་དམིགས་ན། ཐེག་པ་ཆུང་ངུར་འགྲོ་བ་ཡིན། འབྲས་བུ་འཕགས་པ་ཉན་ཐོས་ལས་མི་ཐོབ། ཅིར་སྣང་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་ན། ཅི་བྱེད་རྨི་ལམ་སྒྱུ་མ་ལྟ་བུ་ཡིན། སེམས་ཅན་གྱི་དོན་བྱེད་ཀྱིན་འདུག་ན། ཐེག་པ་ཆེན་པོའི་ལམ་ལ་བློ་འབྱོངས་པ་བྱ་བ་ཡིན། བདག་གི་ཞེ་འདོད་མེད་པར་རྨི་ལམ་སྒྱུ་མ་ལྟ་བུས་གཞན་དོན་གཙོ་བོར་སྒྲུབ་ན་བྱང་ཆུབ་སེམས་དཔའ་བྱ་བ་ལགས། བདག་རང་གཅེས་འཛིན་གྱི་རྟོག་པ་མེད་པར་ཇོ་བོ་སེམས་ཅན་ལ་ཅི་ཕན་བྱེད་ལ། འགྲོ་དོན་ལ་སུན་པ་མེད་པར་འགྲུབ་ཙ་ན་བྱང་ཆུབ་སེམས་དཔའ་བྱ་བ་ཡིན། གཞན་གྱི་རྟོག་པ་མེད་པར་སེམས་ཅན་གྱི་དོན་ལ་འབད་རྩོལ་མེད་པར་ལྷུན་གྲུབ་རྒྱུན་མི་འཆད་དུ་འབྱུང་གིན་འདུག་ཙ་ན་རྫོགས་པའི་སངས་རྒྱས་བྱ་བ་ཡིན། དེ་ལྟར་ཡིན་པས་སྣང་བ་རང་རྒྱུད་པར་སྤྱད་ན་སོ་སོ་སྐྱེ་བོར་གོལ། སེམས་ཅན་གྱི་དོན་དུ་མ་དམིགས་ན་ཉན་ཐོས་དང་། རང་སངས་རྒྱས་སུ་གོལ། དེ་ལྟར་ལགས་པས་ཞལ་རྣམ་པ་ཀུན་ཁ་ཆོས་ཀྱིས་མི་ཕན། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །ཅེས་པས། དགེ་བ་ཅི་བྱས་ཐམས་ཅད་གཞན་དོན་དུ་མི་བསྔོས་ན་ཆོས་ཀྱང་ལམ་དུ་འགྲོ་བ་དཀའ། ལམ་དུ་མ་སོང་བའི་ཆོས་ཀྱིས་འཚང་མི་རྒྱ། སངས་མ་རྒྱས་ན་འཁོར་བར་སྐྱིད་མེད། དེའི་ཕྱིར་ན་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་རེ་དང་བསྔོ་བ་རེ་བྱ། དེ་ལྟ་བུའི་གདམས་ངག་ཤེས་ཤིང་ཉམས་སུ་བླང་བ་གལ་ཆེ། དེ་བཞིན་ལགས་པས་དང་པོ་དད་པ་གལ་ཆེ། ངོ་ཚས་ཆོས་གྲོགས་བྱས་ནས་སེམས་ཅན་ལ་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མིན་པ་ཅིག་དགོས། ༼༡༣ན༽དེ་ཡང་བདག་བས་གཞན་གཅེས་པ་ཅིག་དགོས། དེ་ཡང་སྟོང་པ་དང་སྙིང་རྗེ་དུས་མཉམ་པ་ཅིག་འཚལ། ཕྱག་རྒྱ་ཆེན་པོའི་རྒྱུད་ནས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་པ། །དེ་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་། །ཞེས་གསུངས་པའི་དོན་ཏེ། སྙིང་རྗེ་མེད་པའི་སྟོང་པ་ཉིད་ཀྱིས་ལམ་མི་ཆོད་ལ། སྟོང་པ་མེད་པའི་སྙིང་རྗེས་ཀྱང་ལམ་མི་ཆོད་པས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་འཁྱེར་དགོས་པ་ཡིན་ཏེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་བཤད། སྟོང་ཉིད་སྙིང་རྗེ་དུས་མཉམ་དུ་ཉམས་སུ་ལོང་། ཆོས་དེ་ལས་མ་མཆིས།། །།རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ཚེ་འདི་བློས་བཏང་ནས་སྐྱེ་བ་ཕྱི་མའི་དོན་དུ་གཉེར་བ་རྣམས་ཀྱིས། བླ་མ་དམ་པར་བདག་གཞན་འདྲེས་པའི་གདམས་པ་ཞུས་ལ། ཉམས་སུ་ལེན་པ་ལ་སྔགས་རྙིང་མ་ནས་ཐེག་པ་རིམ་པ་དགུར་བཤད་ཀྱང་རུང་། གསང་སྔགས་གསར་མ་ནས་རྒྱུད་སྡེ་བཞིར་བཤད་ཀྱང་རུང་། མཚན་ཉིད་ནས་སྡེ་སྣོད་རིན་པོ་ཆེ་གསུམ་དུ་བཤད་ཀྱང་རུང་། སྙིང་པོ་སྐོར་ནས་ཐེག་པ་གསུམ་གནས་པ་བཞི་སྦྱོར་བ་དགུར་བཤད་ཀྱང་རུང་། ཐམས་ཅད་བདེན་པ་གཉིས་སམ་བཞིར་བཤད་ཀྱང་རུང་སྟེ། འུབ་ཧྲིལ་གྱིས་དྲིལ་བ་ལ། ཟས་ཀྱི་བཞུ་ཐབས་བཞི། སའི་བཟུང་ཐབས་གསུམ། སྤྱོད་ལམ་རྣམ་པ་གཉིས་ཏེ། ཆོས་པའི་སྤྱོད་པ་ཐམས་ཅད་དེར་འདུས་སོ། །ཟས་ལ་དགེ་འདུན་དང་བླ་མ་དད་པ་ཅན་ལ་སོགས་པ་མང་དུ་འོང་སྟེ། བཞུ་ཐབས་རྣམ་པ་བཞི་ནི། རྣལ་འབྱོར་པ་རབ་ཀྱིས་རྟོགས་ཚད་ལྟ་བའི་གདེང་དང་ལྡན་པས། སྣང་བའི་བདེན་འཛིན་ཞིག་ནས། སྣང་བ་རང་བཞིན་མེད་པར་རྟོགས་པས་ཟས་བཟང་ངན་གྱི་རྣམ་རྟོག་བྲལ་བས་ངང་༼༡༣བ༽གིས་འཇུ་བ་ཡིན་ཏེ། རྟོགས་པས་ཞུ་བ་རབ་ཡིན། དེའི་འོག་མ་བསྒོམ་པས་ཞུ་བ་ཡིན་ཏེ། གཏུམ་མོ་ལྟ་བུ་བསྒོམ་པ་ཅིག་གིས་སྤྱིར་བྱིང་རྒོད་བཅོས་དགོས་ཀྱང་། འདིར་ཕྱིའི་སྐྱོན་ཐམས་ཅད་རྩ་རླུང་བསྒོམས་པ་རང་གིས་སེལ་བ་ཡིན་ལ། རྩ་རླུང་བསྒོམས་པ་ལས་ཡོན་ཏན་ཐམས་ཅད་མཐའ་དབུས་མེད་པ་ནམ་མཁའ་ལྟ་བུར་འཆར་བ་ཡིན། དེས་འཇུ་བ་ནི་རྣལ་འབྱོར་པ་འབྲིང་ཡིན། དེའི་འོག་ཏུ་བྱམས་སྙིང་རྗེ་མཉམ་བཞག་རྗེས་ཐོབ་ཏུ་བསྒོམ་པ་ཅིག་གིས་འཇུ་སྟེ། མཉམ་བཞག་ལ་གོམས་པ་ཡུན་རིང་བ་དང་། དཔེ་ཚེས་གཅིག་གི་ཟླ་བ་དང་འདྲ་སྟེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྔོན་དུ་བཏང་གིན་བསྒོམས་པས། ཏིང་ངེ་འཛིན་མགོ་སྐྱེས་པ་ཙམ་ན་སེམས་ཀྱི་ངོ་བོ་མཐོང་ཙམ་བྱུང་ནས། རྗེས་ཐོབ་བདེན་འཛིན་ཤེས་ཆུང་ངུ་སོང་བ་ཅིག་གིས་འཇུ་བ་ཡིན་ཏེ། རྣལ་འབྱོར་པ་འབྲིང་སྨད་ཡིན། དེའི་འོག་ཏུ་རྣལ་འབྱོར་པ་ལུས་ངག་གི་དགེ་སྦྱོར་རེམ་པ་ཅིག་གིས་འཇུ་སྟེ། ཐུན་བཞིར་བསྐྱེད་རྫོགས་སམ་ཕྱག་དང་སྐོར་བ་མཆོད་པ་དང་གཏོར་མ་བཟླས་བརྗོད་རྒྱུན་དུ་བྱེད་པ་ཐ་མ་སྟེ། འབྲིང་གཉིས། རབ་དང་ཐ་མ། བཞི་པོ་དེས་ཟས་འཇུ་བའོ། །ཆོས་པའི་སའི་བཟུང་ཐབས་གསུམ་ནི། རི་ཁྲོད་བྱས་ནས་རྟག་ཏུ་ས་ཟིན་ན་རབ་ཡིན། འདག་ཆལ་བྱས་ནས་ས་ཟིན་ན་འབྲིང་ཡིན། བཀའ་ལུང་ཐོབ་ཅིང་སྡོམ་པ་བསྲུངས་ནས་ས་ཟིན་ན་ཐ་མ་ཡིན་ནོ། །སྤྱོད་ལམ་གཉིས་ནི། རབ་ཆོས་ལ་གནས་པའི་ཐོག་ནས་སེམས་ཅན་ལ་ཕན་ཅི་ཐོགས་བྱེད་པའོ། །ཐ་མས་གཞན་ཕ་རོལ་པོ་དད་ཅིང་སྤྱོད་པ་ཞི་ཞིང་དུལ་བར་བྱེད་པ་ཡིན་ནོ། །དེ་ལྟར་ཟས་གཞུ་ཐབས་བཞི་པོ་དང་སའི་བཟུང་ཐབས་གསུམ་པོ་གལ་ཆེ། སྤྱོད་ལམ་གཉིས་པོ་དེ་མེད་ཁ་མེད་པས། དེ་ལྟར་ལགས་པས་ཇོ་བོ་ཀུན་ཅི་ཐོད་ཐོད་༼༡༤ན༽ཀྱིས་ཟས་མི་འཇུ། ཆོས་པའི་གྲལ་དུ་ཡང་མི་ཚུད་པས། རང་ལ་དེ་ཚོ་གང་རུང་ཞིག་ལྡན་དགོས། གྲོང་པ་སེམས་འདུ་འཛི་སྐྱེ་བའི་སར་བསྡད་པ་དང་། སྡོམ་པ་དང་དམ་ཚིག་མི་སྲུང་བའི་སར་བསྡད་པས་བདག་གཞན་གཉིས་ཀ་ངན་སོང་དུ་འགྲོ་བའི་གྲོགས་བྱེད། རང་ཆོས་དང་མི་ལྡན་ན་གཞན་ལ་སྐུར་བ་འདེབས་པས་ན། ཆོས་པའི་བཟུང་ཐབས་གསུམ་པོ་དེ་གལ་ཆེ། སྤྱོད་ལམ་གཉིས་པོ་དེ་དང་མ་ལྡན་ན། བདག་གཞན་གྱི་དོན་མི་འགྲུབ་པས། རྒྱུད་སྡོམ་པ་དང་ལྡན་ཞིང་ལུས་ངག་ཡིད་གསུམ་དུལ་བ་དང་ལྡན་པས་འགྲོ་བའི་དོན་བྱ། དེ་ཚོ་ལས་ཟས་འཇུ་ཐབས་གང་རུང་ཞིག་དང་། ས་བཟུང་ཐབས་གང་རུང་ཞིག་དང་། སྤྱོད་ལམ་གཉིས་པོ་དེ་ཆོས་པ་ལ་མེད་ཐབས་ཅིས་ཀྱང་མེད་པས། དེ་ཚེ་ཚོགས་པར་གྱུར་ན་སེམས་ཅན་གྱི་དོན་བྱ་ཞིང་། བདག་གཞན་གྱི་དོན་ཉམས་སུ་བླངས་ཏེ། ལུང་ལས། བདག་གཞན་དོན་ཆེན་གྲུབ་པའི་ལམ་ཞུགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་པ། གཞན་དོན་གྲུབ་ན་བདག་དོན་ཆེན་པོ་གྲུབ་པ་སྟེ། དེ་རང་ཡིན་པས་ན་བཀྲ་ཤིས་དམ་པ་དེ་ལ་ཟེར་བ་ཡིན་པས། དེ་ལྟར་ཉམས་སུ་བླང་ངོ་། །ཆོས་དེ་ལས་མ་མཆིས།། །།རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་གསོལ་བའི་ཆོས་ཀྱི་དབང་དུ་བགྱིས་པར་གདའ་ན། ཆོས་གཤའ་མ་ཞིག་བྱེད་པར་སོང་ན། འཆི་བ་མི་རྟག་པ་རྒྱུད་ལ་མི་སྐྱེ་བའི་ཐབས་མེད་ཡོང་ཚེ་འདི་མི་རྟག་པར་འདུག །དེར་སྐྱེས་ནས་མ་ཤི་བ་མི་འདུག་པས་ཅིས་ཀྱང་འཆི་ངེས། ད་ལྟ་འཆིའམ་ནམ་འཆི་ཆ་མེད་དེ། ཚེ་ལ་ཚད་མེད་པས་ནམ་འཆི་ཆ་མེད། ལུས་ལ་སྙིང་པོ་མེད་པས་ནམ་འཆི་ཆ་མེད། འཆི་རྐྱེན་མང་སྟེ་ལུས་འདི་ཟས་ཀྱིས་གསོ་སྟེ། ༼༡༤བ༽ཟས་ཀྱིས་བརྣངས་ནས་འཆི་རྐྱེན་བྱེད་པ་དང་། ལུས་འདི་གོས་ཀྱིས་གསོ་སྟེ་གོས་ཀྱིས་འཐུམས་ནས་འཆི་རྐྱེན་ལ་སོགས་པ་མཐུན་རྐྱེན་ཐམས་ཅད་ཀྱང་འཆི་རྐྱེན་དུ་འགྲོ་ཞིང་འདུག་པ། གཞན་དགྲ་དང་ཆུ་ནང་ལ་སོགས་པ་འཆི་རྐྱེན་ཤིན་ཏུ་མང་བར་འདུག་པས་ནམ་འཆི་ཆ་མེད་པའོ། །འོ་ན་ནམ་འཆི་ཆ་མི་འདུག་ན། འཆི་བ་ལ་ཕན་པའི་སྟོངས་པ་ཡོད་དམ་ཞེ་ན། ཅིས་ཀྱང་མི་སྟོངས་པར་འདུག་སྟེ། རང་གིས་བསགས་པའི་ནོར་གྱིས་ཀྱང་མི་སྟོངས་པར་འདུག །འཆི་བ་ལ་ཕྱུག་པོའི་ནོར་གྱིས་བསླུར་མི་འདུག །ནོར་བཞག་ནས་རང་གཅིག་པུས་སངས་ཀྱིས་འགྲོ་བར་གདའ། འོ་ན་གཉེན་འབྲེལ་གྱིས་མཐའ་བསྐོར་ཀྱང་། འཆི་བ་ལ་མི་སྟོངས་པར་སླར་རང་ལ་གནོད་པར་གདའ། འོ་ན་རང་གི་ལུས་འདི་སྲོག་འཛིན་པ་ཡིན་པས་འཆི་བ་ལ་སྟོངས་སམ་སྙམ་ན། རང་གི་ལུས་ལ་སོགས་པ་ཅིས་ཀྱང་མི་སྟོངས་པར་འདུག་པས་ཁམ་ཆེས་ཏེ་མ་གོ །དེ་བཞིན་དུ་བྱས་པས་འཆི་ངེས་པར་གདའ། ནམ་འཆི་མ་ངེས་པར་གདའ། ནམ་འཆི་ཆ་མི་གདའ། འཆི་བ་ལ་ཅིས་ཀྱང་མི་སྟོངས་པར་གདའ་བས། ད་དགེ་སྦྱོར་ལ་ལེ་ལོར་བཞག་ཏུ་ག་ན་ཁོམ་པས། ཉམས་ལེན་བྱེད་དགོས་པར་གདའ། ཨ་ཙ་མ་སོས་དལ་དུ་སྡོད་ཁོམ་པ་ཅི་ཡིན་སྙམ་ནས། སྙིང་མེད་པོ་སྙམ་པའི་བློ་སྣ་ཐུང་སྦུད་པ་རེ་སྙིང་ཕུགས་སུ་གཞུག་དགོས་པར་གདའ། ཉམས་སུ་ལེན་པ་ལ་ཚེ་འདིའི་འདུན་མ་ཀུན་རྒྱབ་ཏུ་བསྐྱུར་ལ། །བླ་མ་མཚན་ཉིད་དང་ལྡན་པ་བསྟེན་དགོས་ཏེ། བླ་མ་མེད་ན་ཐར་པའི་ལམ་སྟོར་བ་ལྟ་བུ་ཡིན་ཏེ། ལུང་ལས་ཀྱང་། ཡོན་ཏན་ཐམས་ཅད་རབ་ལྡན་ཡང་། །བླ་མ་མེད་ན་སྲིད་མཐར་མིན། །སྐྱ་བ་འཛིན་པ་མེད་པ་ཡིས། །གྲུས་ནི་ཕ་རོལ་ཕྱིན་མི་འགྱུར། །ཞེས་༼༡༥ན༽གསུངས་སོ། །གཞན་ཡང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བླ་མ་དག་ལ་བསྟེན་ཏེ་བྱུང་། །བླ་མ་མེད་པའི་ཕ་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་གསུངས་པས་ན། དེས་ན་བླ་མ་མཚན་ཉིད་དང་ལྡན་པ་བསྟེན་ལ། རང་གི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་བླ་མ་ལ་འབུལ། དེ་ལས་བྱུང་བའི་དུས་གསུམ་གྱི་དགེ་བ་ཐམས་ཅད་ཇོ་བོ་སེམས་ཅན་དང་ཐུན་མོང་དུ་བསྔོ་ཞིང་སེམས་བསྐྱེད་པ་དང་། བླ་མ་དཀོན་མཆོག་ལ་དད་པ་དང་མོས་པ་ཅི་བྱས་པ་ཐམས་ཅད་རང་འདོད་མེད་པར་སེམས་ཅན་གྱི་དོན་དུ་དམིགས་ལ། ལུས་ངག་ཡིད་གསུམ་གྱིས་བྱས་པའི་དགེ་བ་ཐམས་ཅད་དམིགས་པ་མེད་པའི་རྩི་ཡིས་ཟིན་པ་གལ་ཆེ་བ་ཡིན། ཆོས་གང་ལ་ཡང་མ་དམིགས་ན་ཏིང་ངེ་འཛིན། གང་ལ་ཞེན་པ་དང་། ཇི་སྲིད་དུ་དམིགས་པ་དེ་རྩེ་གཅིག་ཡིན་ལ། དམིགས་མེད་དུ་སོང་ཙ་ན་སྤྲོས་བྲལ་ཡིན། ཅིར་སྣང་སེམས་སུ་ཤེས་ཙ་ན་རོ་གཅིག་ཡིན། ཉམས་ལ་རྒྱུན་ཆད་མེད་ཙ་ན་བསྒོམ་དུ་མེད་པའི་རྣལ་འབྱོར་ཡིན་པས། དེ་བཞིན་ཉམས་སུ་བླངས་པས་རང་དོན་དང་གཞན་དོན་གཉིས་ཀ་འགྲུབ་སྟེ། ཆོས་དེ་ལས་མ་མཆིས།། །།སྒོམ་ཆེན་པ་རྣམས་ལ་ཆོས་གཅིག་སྙན་དུ་གསོལ་ན། འོ་སྐོལ་ད་ལྟའི་གནས་སྐབས་སུ་ཚེ་མི་རྟག་ཡུན་ཐུང་བར་འདུག་པ་ཐེག་པ་ཆེན་པོའི་བློ་བག་རེ་སྐྱེ་འཚལ་ཏེ། ཆོས་ཉམས་སུ་ལེན་པ་ལ་འུབ་ཧྲིལ་གྱིས་དྲིལ་ན། རྣལ་འབྱོར་གསུམ་བྱ་བ་ཅིག་ཉམས་སུ་ལེན་དགོས་ཏེ། སྔགས་ཀྱི་རྣལ་འབྱོར་དང་རྫས་དང་ཆོས་དང་བྱ་བ་གསུམ་ཡིན་ཏེ། དེ་ཡང་དགྱེས་རྡོར་ནས། སྔགས་དང་རྫས་དང་ཆོས་རྣམས་ནི། །རྣལ་འབྱོར་འདི་གསུམ་རྫོགས་གྱུར་ན། འཁོར་བའི་གནས་སུ་བསྡད་༼༡༥བ༽དོན་མེད། །ཅེས་སོ། །དེ་ཡང་སྔགས་ཀྱི་རྣལ་འབྱོར་ཞེས་བྱ་བ་དེ། བསྐྱེད་རྫོགས་ལ་སོགས་པ་ཕྲིན་ལས་གང་གི་སྒོར་ཞུགས་པའི་རྣལ་འབྱོར་པ་ཡིན་ཏེ། རང་ལྷའི་རྣལ་འབྱོར་དུ་བསྒོམས་ན། བསྐྱེད་པའི་རིམ་པའོ། །ལྷ་དེ་ཡང་ཆུ་ཟླའམ། སྒྱུ་མའམ། འཇའ་ཚོན་ལྟ་བུར་ཤེས་པ་དེ་རྫོགས་པའི་རིམ་པའོ། །དེ་བཞིན་དུ་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམས་ན་ཚོགས་རྣམ་པ་གཉིས་རྫོགས་པ་ཡིན་ཏེ། དེ་ཉིད་ཀྱིས་སངས་རྒྱས་པ་ཡིན། བསྐྱེད་པའི་རིམ་པ་རྐྱང་པ་ལྟར་བསྒོམས་ཀྱང་ངན་སོང་གི་སྒོ་ཁེགས་པ་ཡིན། དེ་ལྟར་བསྒོམས་པས་སྔགས་ཀྱི་ཚུལ་ཁྲིམས་ཡིན། སྔགས་ཀྱི་རྣལ་འབྱོར་ཡིན་ནོ། །རྫས་ཀྱི་རྣལ་འབྱོར་ནི། ནོར་རྫས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟར་ཤེས་པ་ཡིན་ཏེ། དེ་ལྟར་ཉམས་སུ་བླངས་པས་སྣང་བ་ལ་བདེན་འཛིན་ཞིག་ནས་འགྲོ་བ་ཡིན་པས། རྨི་ལམ་སྒྱུ་མ་ཙམ་དུ་ཤེས་པའི་སྟོབས་ཀྱིས་རང་རྒྱལ་དང་བྱང་ཆུབ་སེམས་དཔའི་ས་ལ་འགྲོ་བ་ཡིན་ཏེ། ལུང་ལས་ཀྱང་། སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུར་བསྒོམས་བྱས་ན། །སྒྱུ་མ་ལྟ་བུར་སངས་ཀྱང་རྒྱ། །ཞེས་གསུངས་པས་སོ། །ཆོས་ཀྱི་རྣལ་འབྱོར་ནི། ཆོས་ཐམས་ཅད་ནམ་མཁའ་དག་པའི་དཀྱིལ་ལྟར་རྟོགས་ནས། བདག་གཞན་དང་ཡིན་མིན་ལ་སོགས་པ་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ཞིག་ལ་ཟེར་བ་ཡིན། ལུང་ལས། ནམ་མཁའ་ལྟ་བུའི་ཆོས་རྣམས་ལ། །ནམ་མཁའ་ལྟ་བུར་བསྒོམས་བྱས་ན། །ནམ་མཁའ་ལྟ་བུར་སངས་ཀྱང་རྒྱ། །དེ་ལྟར་དུ་རྣལ་འབྱོར་གསུམ་དུ་ཉམས་སུ་ལེན་པ་ཡིན་ཏེ། སྔགས་བསྐྱེད་རྫོགས་གཉིས་ཀྱི་ཕྲིན་ལས་ལ་མོས་ན་སྔགས་ཀྱི་རྣལ་འབྱོར་བྱ་ལ། རྫས་ཀྱི་རྣལ་འབྱོར་ལ་བདེ་ན་རྨི་ལམ་སྒྱུ་མའི་གདམས་པ་བསྒོམ་པ་ཡིན། ཆོས་ཀྱི་རྣལ་འབྱོར་ལ་མོས་༼༡༦ན༽ན་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་བསྒོམས་པ་ཡིན། འོ་ན་རྣལ་འབྱོར་གསུམ་ཀ་སྟན་ཐོག་ཅིག་ཏུ་ཇི་ལྟར་བསྒོམ་ན། དང་པོ་བསྐྱེད་རྫོགས་བསྒོམ། དེ་ནས་སྤྱོད་ལམ་བཞིའམ་མཐུན་མཚམས་ལ་རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ། གང་བྱས་པའི་རྗེས་ཐམས་ཅད་དམིགས་མེད་ནམ་མཁའི་དཀྱིལ་ལྟར་ཡིད་ལ་མི་བྱེད་པར་བཞག །དེ་བཞིན་དུ་ཉམས་སུ་བླངས་པས་བདག་གཞན་གྱི་དོན་ཐམས་ཅད་གྲུབ་ནས་འོང་བ་ཡིན་གསུང་། དེ་བཞིན་དུ་ཉམས་སུ་བླང་། ཆོས་དེ་ལས་མ་མཆིས།། །།རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་གསོལ་བའི་ཆོས་ཀྱི་དབང་དུ་བགྱིས་པ་ལགས་ན། ཆོས་གཤའ་མ་ཞིག་བྱེད་པ་ལ། ད་ལྟའི་བློ་སྐབས་སུ་རྟེན་མི་ལུས་ཐོབ། དབང་པོ་སྒོ་ལྔ་ཚང་། དམ་པའི་ཆོས་དར་སར་སྐྱེས། ཚེ་སྔོན་མའི་བསོད་ནམས་འདི་བསགས་པ་ལས་བྱུང་བའི་རྟེན་འདི་ལ། རང་ཤི་ནད་ཀྱིས་མ་ཐེབས་པ་འདི་ལ་ཆོས་ཤིག་ཉམས་སུ་བླང་དགོས་ཏེ། དེ་ཡང་ཉམས་སུ་བླང་རྒྱུ་ལ། སྤང་བྱ་མི་དགེ་བ་བཅུ་སྤང་། དགེ་བ་བཅུ་སྒྲུབ་པ་གལ་ཆེ། དེ་ཡང་མི་དགེ་བཅུ་སྤོང་བ་ནི། ལུས་ཀྱི་གསུམ་སྤོང་། ངག་གི་བཞི། ཡིད་ཀྱི་གསུམ་སྤོང་ངོ་། །དགེ་བ་བཅུ་ནི་ལུས་ཀྱི་སྲོག་གཅོད་སྤངས་པའི་སྟེང་དུ་སྲོག་འདོན་གྲུབ་ཚད་བྱ། མ་བྱིན་པར་ལེན་པ་སྤངས་པའི་སྟེང་དུ། སྦྱིན་པ་གྲུབ་ཚད་བྱ། འདོད་ལོག་སྤངས་པའི་སྟེང་དུ་ཚངས་སྤྱོད་ཀྱི་སྡོམ་པ་བསྲུང་ངོ་། །ངག་གི་རྫུན་སྤངས་པའི་སྟེང་དུ་ཆོས་བཤད། ཕྲ་མ་ལ་གསུམ། བཙན་ཕྲ། གཞོགས་ཕྲ། ལྐོག་ཕྲའོ། །བཙན་ཕྲ་ནི་གཉིས་ཚོགས་པའི་རྩར་བཅུག་པ་དེ་ཡིན། གཞོགས་ཕྲ་ནི་ཐབས་ཀྱིས་འབྱེད་པ་དེ་ཡིན། ལྐོག་ཕྲ་ལྐོག་ནས་སོ་སོར་འཇུག་པ་དེ་ཡིན། དེ་གསུམ་སྤངས་པའི་སྟེང་དུ་ཚིག་འཇམ་པོ་སྨྲ་༼༡༦བ༽བའོ། །ངག་འཁྱལ་པ་སྤངས་པའི་སྟེང་དུ་སྨྲ་བཅད་བྱའོ། །བརྣབ་སེམས་སྤངས་པའི་སྟེང་དུ་གཞན་གྱི་འབྱོར་པ་ལ་དགའ་བ་བསྒོམ། གནོད་སེམས་སྤངས་པའི་སྟེང་དུ་གཞན་ལ་ཕན་པ་ཅི་འགྲུབ་བྱ། ལོག་ལྟ་སྤངས་པའི་སྟེང་དུ་ལས་སྡིག་པ་བྱས་པ་བཤགས། དགེ་བ་བྱས་པ་ལ་རྗེས་སུ་ཡི་རང་བ་བསྒོམ་པའོ། །དེ་ལྟར་མི་དགེ་བ་བཅུ་སྤངས་ནས་གཉེན་པོ་དགེ་བ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླངས། དེ་ཡང་ཡ་མ་བྲལ་བ་ཡིན་ཏེ་རེ་རེ་ལ་དྲུག་ཀ་ཚང་བ་ཡིན། དེ་ཡང་ཐབས་ཤེས་རབ་ཟུང་འཇུག་ཡིན་པས། སྦྱིན་པ་གཏོང་ཞིང་སྨིན་པའི་རྣམ་སྨིན་ལས་དེ་ཀ་ལ་རྨི་ལམ་སྒྱུ་མར་ལྟ་བུར་ཤེས་པར་བྱའོ། །དྲུག་ཀ་ལ་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་བྱའོ། །དེ་ཡང་རྒྱལ་བའི་བཀའ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས་པའི་ཚུལ། ལམ་མཚན་མ་མེད་པའི་ཚུལ་གྱིས་སྤྱོད་ཅེས་དྲུག་ཀ་ལ་སྦྱར་ནས་གསུངས་སོ། །དེ་བཞིན་དུ་ཡིན་པས་ཆོས་ཐམས་ཅད་ཀྱི་རྩ་བ་ལྟ་བུའམ་གཞི་མ་ལྟ་བུ་ནི་མི་དགེ་བ་བཅུ་སྤོངས། དགེ་བ་བཅུ་སྒྲུབ་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གཞན་དོན་དུ་ཉམས་སུ་བླང་བ་ཡིན་ནོ། །ཆོས་དེ་ལས་མ་མཆིས།། །།རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ཆོས་གཤའ་མ་ཞིག་བྱེད་པ་ལ་འཇིག་རྟེན་གྱི་ཆོས་ལ་གྲོགས་ཡེ་མེད་པར་ཤེས་པ་ཞིག་དགོས་ཏེ། འཇིག་རྟེན་འཁྲུལ་པ་འདི་ལ་ཕར་བལྟས་པས། བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམས་ཀྱང་ཕན་པར་མི་འདུག་ན། །རང་གི་སེམས་ལ་ལྟ་བ་རྟག་ཏུ་གོམས་པར་གྱིས། །ཤེས་གསུངས་སོ། །དེ་ལྟར་ལགས་པས་འོ་སྐོལ་ད་ལྟའི་བློ་སྐབས་སུ། སེམས་ལ་རྟག་ཏུ་བསམ་མནོ་དུམ་རེ་བཏང་དགོས་༼༡༧ན༽ཏེ། འཇིག་རྟེན་པའི་ཆོས་ལ་ཕར་བལྟས་ཙ་ན་བྱས་པ་ཐམས་ཅད་དོན་མི་འདུག་སྟེ། ཡུལ་མཁར་ཇི་ཙམ་ཡོད་ཀྱང་བཞག་ནས་འགྲོ་དགོས་པས་བྱས་པ་ཡང་དོན་མེད། འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཆོས་མིན་འབའ་ཞིག་ཏུ་སོང་། ཉིན་པར་བྱ་བའི་ལས་ལ་སོང་བས་བྲེལ་བའི་ངང་། ནང་ནུབ་ལྟོའི་འདུན་མར་སོང་བས་ཆོས་ལ་བྱ་བའི་སྐབས་མི་འདུག་པས་བྲེལ་སྡུག་དོན་མེད་དུ་འདུག །ཚེ་འདི་མ་སོས་ཀྱིས་དོགས་ནས་སྡིག་སྡུག་གཏམ་ངན་ལ་མ་འཛེམས་པར་དུང་དུང་བྱས་པས་སྡུག་བསྔལ་འབའ་ཞིག་ཏུ་སོང་། ཚེ་འདིར་ཡང་སྡུག་བསྔལ་ལ་ཕྱི་མར་ཡང་ངན་སོང་དུ་སྐྱེ་བས་སྡུག་བསྔལ་ཏེ། དུག་གསུམ་པོ་འདི་ལ་བལྟས་པས་ཆགས་པ་ཕྱི་ནང་གཉིས་ཀ་དུང་དུང་བྱས་ནས་ངོ་ཚ་བ་ལ་མ་བལྟས་པར་བསྒྲུབས་པས། ཚེ་འདིར་སེམས་ཚོང་ཁེའི་དབང་དུ་སོང་བས། ཤི་ནས་ཡི་དྭགས་སུ་སྐྱེ་བས་སྡུག་སྟེ་དོན་མེད་ཡིན། ཞེ་སྡང་གིས་ཚེ་འདིར་ཀམ་ཀམ་རྩིག་རྩིག་བྱེད་ཅིང་ཤི་བ་ལ་མ་བལྟ་བས་རང་རྒྱུད་བསྲེགས་པས་ཚེ་འདིར་སྡུག །ཕྱི་མར་དམྱལ་བར་སྐྱེ་བས་སྡུག་ལ་དོན་མེད་པ་ཡིན། གཏི་མུག་གིས་དགེ་སྡིག་ངོ་མ་ཤེས་པས། འབོག་ཆོལ་སྤྱད་ཅིང་གནས་ལུགས་དགེ་སྡིག་གི་མགོ་ལྟག་མ་བྱེད་པར། སྤྱང་སྤྱང་གྲུང་གྲུང་བཞིན་དུ་ཁྲམ་དང་ཟོལ་ལ་སོགས་པ་བྱས་ཀྱིན་སྤྱང་པོ་འདུན་མེད་པོ་བྱས་པས། ཚེ་འདིར་ཅི་ལ་ཡང་ངོམས་པ་དང་ཆོག་ཤེས་མེད་ལ་དལ་བ་སྐད་ཅིག་ཀྱང་མེད་པས་སྡུག །ཕྱི་མར་དགེ་སྡིག་ངོ་མ་ཤེས་པས་དུད་འགྲོར་སྐྱེ་སྡུག་བསྔལ་དེ་དོན་མེད་དུ་སོང་། དེས་ན་འཇིག་རྟེན་བྱ་བ་ཐམས་ཅད་ལ་དོན་མེད་སྡུག་བསྔལ་གྱི་རྒྱུར་འདུག་པས། ཅི་ལ་བསམས་ཀྱང་ཕན་པར་མི་འདུག་ན། སྤྱང་པོ་ཀུན་སོམས་དང་རང་འཆི་བའི་ནང་པར་ཅིས་ཀྱང་ཕན་པ་མེད། བུ་ཚ་གཅེས་༼༡༧བ༽ཤིང་ཕོངས་པ་དང་འབྲལ་བར་འདུག །ཡུལ་དང་འཁོར་ལ་སོགས་པ་ཐམས་ཅད་དང་བྲལ་ཏེ་འགྲོ་ཙ་ན། དེ་ནས་གལ་པོ་ཆེ་ཅི་ཡོད་ཀྱང་། གཏམ་ཚིག་གཅིག་གམ། མི་གཅིག་མི་མཐོང་བ་ཁམ་ཆེས་ཏེ་མ་བསམས་པ་ལགས་སོ། །ལུང་ལས། འཆི་བའི་དུས་སུ་ཅི་ལ་བལྟས་ཀྱང་ཕན་པར་མི་འདུག་ན། ཇི་ལྟར་བྱ་ཞུས་པས། བུ་ཅིས་ཀྱང་ཕན་པར་མི་འགྱུར་བས། རང་གིས་སེམས་ལ་རྟག་ཏུ་གོམས་པར་གྱིས་གསུང་། རང་སེམས་བལྟས་ན་ཕན་ཏེ་བདེ་བ་ཡིན། འོ་ན་ལྟ་ལུགས་ཇི་ལྟར་བལྟས་ན་བདེ་ན། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ལ་ལྟ་བར་བྱེད་ན་སེམས་ལ་བལྟ་བ་བྱ་བ་ཡིན་པས། སྔགས་ཀྱི་བསྐྱེད་རིམ་དང་རྫོགས་རིམ་གྱི་དོན་ལ་མོས་པ་བྱེད་ན་ཡང་སེམས་ལ་བལྟ་བ་བྱ་བ་ཡིན། མཉམ་གཞག་ལ་སྣང་བ་ཐམས་ཅད་སེམས་སུ་ཤེས་ནས། རང་སེམས་ལ་བལྟས་པས་དབྱིབས་དང་ཁ་དོག་ཀྱང་མ་གྲུབ། ངོས་བཟུང་ཐམས་ཅད་དང་བྲལ་བར་འདུག་པས། ཡིན་མིན་གྱི་མཐའ་ཐམས་ཅད་དང་སྤྲོས་པ་ཐམས་ཅད་རང་བཞིན་རང་སར་གྲོལ་ཏེ། གང་ལ་ཡང་བློ་མི་འཇུག་པར་འདུག་ན། མཉམ་གཞག་གི་སེམས་ལ་བལྟ་བ་ཡིན་ཏེ། སེམས་ལ་བལྟ་བ་རྣལ་མ་དེ་ཡིན་ནོ། །རྗེས་ཐོབ་ཏུ་རྨི་ལམ་སྒྱུ་མ་ལྟ་བུར་བསྒོམས་ན་ཡང་སེམས་ལ་བལྟ་བ་ལགས། དེ་བཞིན་དུ་སེམས་ལ་བལྟ་བ་རྟག་ཏུ་གོམས་པར་བྱའོ། །དེ་བཞིན་ཉམས་སུ་བླངས་པས་ཆོས་ཉོན་མོངས་པའི་གཉེན་པོར་འགྲོ་བ་ཡིན་ནོ། །ཆོས་ཉོན་མོངས་པའི་གཉེན་པོར་སོང་ནས་འདུག་ན། སེམས་ལ་ལྟར་བཏུབ་པ་ཡིན། ཆོས་ནས། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་བ་ཡིས། །ཞེས་གསུངས་ཏེ། དེ་བཞིན་དུ་ཡིན་པས་ཆོས་ཉོན་མོངས་པའི་གཉེན་པོར་སོང་བ་ཤིན་ཏུ་༼༡༨ན༽གལ་ཆེའོ། །ལར་ཉམས་ལེན་རབ་ཅིག་བྱས་ན་འཆི་རྒྱུ་མེད་པའི་དོན་རྟོགས། ཉམས་ལེན་འབྲིང་དུ་བྱས་ན་ལམ་སྣ་ཟིན། ཉམས་ལེན་ཐ་མ་ཞིག་བྱས་ན་ངན་སོང་དུ་མི་སྐྱེ། དེས་ན་ཉམས་ལེན་ལ་འབད་པ་གལ་ཆེ་བས་བསྒོམ་པ་གལ་ཆེ་སྟེ། མ་བསྒོམས་པར་འདོད་པ་ལས་བློ་ལོག་པ་ཉུང་། བདག་ཉིད་འཆི་བ་ལས་ཀྱང་མི་གྲོལ་བས། དེའི་ཕྱིར་ན་བསྒོམ་པ་གལ་ཆེ། བསྒོམས་པས་སྣང་བ་ཟིལ་གྱིས་ནོན་པས། བདེན་པར་འཛིན་པ་ཐམས་ཅད་ཀྱང་རང་སར་གྲོལ་བ་ཡིན་པས་བསྒོམ་པ་གལ་ཆེ། བསྒོམ་རྒྱུའི་དངོས་པོ་རང་ཅིག་ཡོད་དམ་ཞེ་ན། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ཅེས་བཤད་པས། བསྒོམ་རྒྱུའི་དངོས་པོ་འདི་ཡིན་བྱ་བ་མེད་ཀྱིས། དོན་དམ་ཉམས་སུ་ལེན་པ་དེ་ལ་བསྒོམ་པ་ཞེས་བྱ་བ་ཡིན། དེ་བཞིན་དུ་ཉམས་སུ་བླང་། ཆོས་དེ་ལས་མ་མཆིས།། །།རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ད་ལྟའི་དུས་སུ་ཚེ་ལ་སྐད་ཅིག་ཡུད་ཙམ་ལས་མི་གདའ་བས། དལ་འབྱོར་དབང་པོ་ཚང་བ་ཐོབ་དུས་འདི་ལ། བྱང་ཆུབ་ཀྱི་ལམ་སྣ་གཅིག་མ་ཟིན་ན་འཆི་བས། སངས་རྒྱ་བར་བྱེད་པ་ལ་རྒྱུ་ཚང་ལ་མ་ནོར་བ་ཞིག་དགོས་ཏེ། རྒྱུ་མེད་པ་དང་། ནོར་བ་དང་། དམན་པ་ལས་མི་འབྱུང་བས། དེ་ཡང་ཚོགས་གཉིས་མ་བསགས་པ་དང་། མུ་སྟེགས་ཀྱི་ལྟ་སྒོམ་སྤྱོད་པ་དང་། ཐེག་པ་ཆུང་ངུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་ལས་སངས་རྒྱས་མི་འབྱུང་སྟེ། འོ་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཀྱིས་སངས་རྒྱས་མི་ཐོབ་པ་ཅིའི་ཕྱིར་བྱས་པ་ལ། སེམས་ཅན་གྱི་དོན་དུ་སེམས་མི་བསྐྱེད་པར་རང་གཅིག་པུ་ཞི་བདེ་ཐོབ་པར་འདོད་ཅིང་། གཞན་དོན་དུ་མ་དམིགས་པས་ཐམས་ཅད་མཁྱེན་པ་མི་འབྱུང་། འོ་ན་སངས་རྒྱས་ཐོབ་པ་ལ་༼༡༨བ༽ཇི་ལྟ་བུ་ཞིག་ཉམས་སུ་ལེན་དགོས་ན། རྒྱུ་མེད་པའི་མཐར་མ་ཤོར་བར་ཉམས་སུ་བླང་། ལམ་ནོར་བ་དང་། དམན་པ་མ་ཡིན་པར་ཉམས་སུ་བླང་། དེ་ལྟར་ཉམས་སུ་ལེན་པ་ལ། མི་ཕོད་པ་ལ་ཐོག་བརྫིས་ཏེ་འཁྲི་བ་བཅད། ཞེན་པ་བཟློག །སྐྱོན་ངོས་བཟུང་། མཚང་ཡུལ་ནས་འདོན། བདེ་སྡུག་ཐམས་ཅད་ཆོས་ཉིད་དུ་ཁྱེར། དེ་ལ་དང་པོ་མི་ཕོད་པ་ལ་ཐོག་བརྫིས་བྱ་བ་ནི། གང་ལ་ཆགས་པ་ཡང་ངོ་ཚ་ལ་སོགས་པ་གང་དགར་བཏང་བའོ། །དེ་ནས་འཁྲི་བ་བཅད་པ་ནི། བུ་ནོར་ཡུལ་ལ་སོགས་པ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་འདུག །མི་རྟག་མི་བདེན་པར་འདུག །རང་བཞིན་མེད་པར་འདུག་སྙམ་པ་གལ་ཆེ། དེ་ནས་ཞེན་པ་བཟློག་པ་ནི། དེ་ཡང་ལུང་ལས། གང་ལ་ཞེན་པ་འདུག་ན་དེ་ཡང་ཐོང་། །གསུངས་པས། གང་ལ་ཞེན་པ་ཐམས་ཅད་སྤང་ཞིང་བཏང་བའོ། །སྐྱོན་ངོས་བཟུང་བ་ནི། དུག་གསུམ་ལ་སྐྱོན་དུ་བལྟ་བས་བདག་འཛིན་གྱི་སྐྱོན་སྤང་། མཚང་ཡུལ་ནས་འདོན་པ་ནི། དུག་གསུམ་གྱིས་ངན་སོང་གསུམ་དུ་འཁྱམ་དོགས་ཡོད་པས། ཡུལ་ཀུན་གཞི་ལ་འདོན་ནོ། །དེ་རྣམས་སྤང་བར་བྱས་ལ་ཐེག་པ་ཆེན་པོའི་བློ་སྣ་དང་ལྡན་པར་བྱས་ལ། སེམས་ཅན་ཐམས་ཅད་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་བཟུང་ལ། སེམས་ཅན་ཐམས་ཅད་ལ་དེ་ཁོ་ན་ཡིན་པར་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་རྫོགས་པའི་བྱང་ཆུབ་ཐོབ་ན་ཅི་མ་རུང་སྙམ་པ་ཞིག་སྙིང་ཕུགས་སུ་བཅུག་ལ། རང་གི་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་བ་ཡིན་པས། ནང་པར་མལ་ནས་ཡར་ལངས་དུས་སུ། དེ་རིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་བར་བྱ་སྙམ་པའི་སེམས་བསྐྱེད་རེ་གལ་ཆེ་བ་ཡིན་ཏེ། དེ་བཞིན་དུ་བྱས་ན་དེའི་ཉིན་པར་ཅི་བྱས་༼༡༩ན༽སེམས་བསྐྱེད་བཟང་པོ་དེས་དགེ་བར་འགྱུར། ཆོས་ཐམས་ཅད་ལ་སེམས་བསྐྱེད་ཀྱིས་བསྒྱུར་བ་གཙོ་ཆེ་བས། སྤྱིར་ཡང་སེམས་བསྐྱེད་བཟང་པོ་གལ་ཆེ། ཅི་བྱས་དགེ་བར་འགྱུར་བ་ཡིན། སེམས་བསྐྱེད་ངན་ན་སྡིག་པར་འགྲོ་བ་ཡིན། སེམས་བསྐྱེད་བཟང་པོ་ནང་གི་གཡོག་པོ་ལེགས་པ་དང་འདྲ་བ་ཡིན་པས། ནུབ་མོ་ཉལ་དུས་སུ་ཡང་ལུས་ངག་ཡིད་གསུམ་དགེ་བས་སེམས་ཅན་གྱི་དོན་དུ་འགྲོ་བ་དེ་གལ་ཆེ། དེ་བཞིན་དུ་བྱས་པས་ཅི་བྱས་ཐམས་ཅད་དགེ་བར་འགྲོ་བའི་སྟོབས་ཀྱིས་ལམ་སྣ་ཟིན་པ་ཡིན་པས། སེམས་བསྐྱེད་བཟང་བ་གལ་ཆེ། དེ་བཞིན་དུ་སེམས་བསྐྱེད་བྱས་པས་བདེ་སྡུག་ཐམས་ཅད་དང་། སྐྱེ་བ་ད་ལྟའི་སྐབས་སུ་ཚེ་འདི་ལས་བློ་ལོག་པར་བྱས་ལ། ཉམས་སུ་ལེན་པ་ཧུབ་མེད་དུ་ཆོས་སྐུའི་རང་བཞིན་དུ་ཁྱེར། ཆོས་དེ་ལས་མ་མཆིས།། །།རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། འོ་སྐོལ་ད་ལྟའི་སྐབས་སུ་ཚེ་འདི་ལ་བློ་ལོག་པར་བྱས་ལ། ཉམས་སུ་ལེན་པ་ལ་འུབ་ཧྲིལ་གྱིས་དྲིལ་ན། གང་གིས་ཀྱང་དགོས་པ་མེད་སྙམ་པ་ཞིག་བློ་ཕུགས་སུ་བཅུག་ལ། དེ་ནས་ཉམས་སུ་ལེན་པ་ལ། རྣལ་འབྱོར་བཞི་ཉམས་སུ་ལེན་དགོས་ཏེ། དེ་ཡང་རྣལ་འབྱོར་བཞི་ནི་དང་པོ་རྩེ་གཅིག་རྣལ་འབྱོར་ཞེས་བྱ། དེ་ནས་སྤྲོས་བྲལ། དེ་ནས་དུ་མ་རོ་གཅིག །དེ་ནས་བསྒོམ་དུ་མེད་པའོ། །དེ་ལྟར་བཞི་ལས་དང་པོ་རྩེ་གཅིག་ནི། དང་པོ་སེམས་འཛིན་གང་རུང་གཅིག་གི་སྟེང་དུ་སེམས་ཙེན་ནེ་ཟིན་ནས། རང་ཇི་ལྟར་འདོད་པའི་སྒོམ་ངོས་འཛིན་པ་ཞིག་ཡིན་ལ། སེམས་དམིགས་པ་གཅིག་ལས་མི་འཕྲོ་བར་བསྡད་པ་དེ་བསྐྱངས་ན། སྤྲོས་བྲལ་གྱི་དོན་འཆར། ཆོས་ཐམས་ཅད་སྤྲོས་པའི་མཚན་མ་དང་བྲལ་བར་ཤེས་ནས་སྔར་གྱི་ཐོས་༼༡༩བ༽བསམ་བྱས་པ་ཐམས་ཅད་ཕྱི་ཤུན་ལྟ་བུར་སོང་བས། སེམས་ལ་ཆགས་མེད་ཅིག་འོངས། དུས་དེར་བླ་མ་ལ་གསོལ་བ་གདབ། དཀོན་མཆོག་ལ་མཆོད་པ་འབུལ། ཆོས་གང་ཟབ་ལ་བལྟ་བ་དང་ཉན་པ་ལ་སོགས་པ་བྱས་ཤིང་། རྟོགས་པ་བརྟན་དུ་གཞུག་དགོས་པ་ཡིན། དེ་ལྟ་བུ་རྟོགས་པའི་དུས་སུ་ད་ནི་ཆོས་བྱ་རྒྱུ་རང་མི་འདུག་སྟེ། བླ་མ་དཀོན་མཆོག་དང་ཡི་དམ་ཡང་མེད། བསྒྲུབ་དང་བསྒྲུབས་པའི་དངོས་གྲུབ་མེད་ཟེར་ནས། དུས་དེར་བླ་མ་ལ་མོས་གུས་འཆོར་བ་དང་། བར་ཆོད་ཀྱི་བདུད་འོང་ཉེན་ཡོད་པ་ཡིན། བླ་མ་ལ་གསོལ་བ་དྲག་ཏུ་གདབ་པ་དང་། དཀོན་མཆོག་ཡི་དམ་མཆོད་པ་དང་། བྱམས་སྙིང་རྗེ་ཕྱོགས་རིས་མེད་པར་བསྒོམ་པ་དང་། ང་རྒྱལ་མེད་པ་ཞིག་གལ་ཆེ་གསུང་། མོས་གུས་ལ་འགྱུར་ལྡོག་བྱུང་ན་ཉམས་ལ་འགྱུར་ལྡོག་འོང་། རང་ལ་བར་ཆད་འབྱུང་བས་བླ་མ་ལ་མོས་གུས་རྒྱུན་ཆད་མེད་པར་བྱ། ཉམས་རྟོགས་མོས་གུས་ལ་རག་ལུས་པས། ལམ་དང་ཉམས་རྟོགས་བླ་མས་བྱེད་ལ། གསང་སྔགས་ཐེག་པའི་ལུགས་ཀྱིས། བྱིན་རླབས་བླ་མའི་ལམ་བྱ་བ་ཡིན་གསུང་། དེ་ལྟར་བྱས་པས་ཉམས་རྟོགས་རྒྱུན་ཆད་མེད་པ་འོང་གསུང་། དེ་ཀ་ལྟར་བསྐྱངས་པས་དུ་མ་རོག་ཅིག་ཏུ་འཆར་ཏེ། དུ་མ་རོ་གཅིག་ཤར་ཙམ་ན་སྣང་བ་ཐམས་ཅད་སེམས་སུ་ཤེས། སེམས་སྟོང་པར་རོ་གཅིག །སྟོང་པ་སྐྱེ་མེད་དུ་རོ་གཅིག་པར་སྐྱེའོ། །དུས་དེར་ཡང་བླ་མ་དང་རྡོ་རྗེ་སྤུན་མཐོང་བས་མ་དད་པ་སྐྱེས་ན་བར་ཆད་ཀྱི་བདུད་ཡིན་པས། དུས་དེར་བླ་མ་དང་དཀོན་མཆོག་ལ་ལུས་དང་ལོངས་སྤྱོད་འབུལ། གསོལ་བ་གདབ། བླ་མ་གཅིག་པའི་མཆེད་གྲོགས་སམ་སྒོམ་ཆེན་ཉམས་ཅན་ལ་རྟོགས་པ་བསྡུར། ཟླ་འོད་གཞོན་ནུའི་ཆོས་ཟབ་ཟེར་བར་བལྟ། མདོ་རྒྱུད་དང་༼༢༠ན༽བསྟན་བཅོས་ཆེན་པོ་མཉན་པ་གལ་ཆེ་གསུང་། དུ་མ་རོ་གཅིག་སྐྱེས་ནས་བར་ཆད་འོང་ངམ་སྙམ་ན། རྟོག་པ་མ་ཆད་བར་དུ་བར་ཆད་ཀྱང་མཆི། དུ་མ་རོ་གཅིག་སྐྱེས་ནས་ཕྲག་དོག་འོང་མི་སྲིད་དེ། དག་པའི་སྣང་བ་ཤར་བ་བྱ་བ་ཡིན་པས། ཡི་དམ་གྱི་ཞལ་མཐོང་བ་དང་། མངོན་ཤེས་བག་རེ་འབྱུང་གསུང་། ཡོན་ཏན་ཅི་བྱུང་ཡང་བདེན་པར་མ་བཟུང་། སེམས་སུ་ཤེས་པས་རྟོགས་པ་གོང་ནས་གོང་དུ་སྦྱངས་པས་བསྒོམ་དུ་མེད་པའི་རྟོགས་པ་འཆར་སྟེ། སྒོམ་བྱ་བ་བློས་བདེན་པར་བཟུང་ནས་བསྒོམ་པ་ནི། བསྒོམ་མེད་བྱམས་སྙིང་རྗེ་མེད་པ་ལ་ཟེར་བ་ཡིན་གསུང་། བསྒོམ་མེད་རང་ལ་སྙིང་རྗེ་དང་ཚོགས་གཉིས་བྲལ་བའི་བསྒོམ་མེད་ཅིག་ཡོད་དེ་འདི་མིན། འདི་ཡི་བསྒོམ་མེད་འགྲོ་འོང་མེད་པ་དང་རིགས་གཅིག་ཏུ་བསྲེས་པས་བསྒོམ་བྱ་རྟོགས་པ་དང་། བསྒོམ་མེད་འཛིན་པ་མེད་པ་ལ་ཟེར་བ་ཡིན། ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡང་དེ་རང་ཡིན་ཏེ། འཛིན་པ་དང་ཞེན་པ་དང་བདེན་འཛིན་དང་། ཞེ་འདོད་ཀྱི་དམིགས་གཏད་ཐམས་ཅད་རང་སར་གྲོལ་ནས་སེམས་ཉིད་ཡིན་ལུགས་དེ་རང་མ་བཅོས་པར་འཇོག་པ་དེ་རང་ཡིན་གསུང་། དེ་ཡང་ཉམས་སུ་ལེན་ལུགས་ནི། དང་པོ་རྩེ་གཅིག་ལ་བསླབ། དེ་ནས་སྤྲོས་བྲལ། དེ་ནས་རོ་གཅིག །དེ་ནས་བསྒོམ་དུ་མེད་པའི་རྣལ་འབྱོར་ཆེན་པོ་ལ་བསླབ་སྟེ། ལམ་གྱི་རྩོལ་སྒྲུབ་དང་བྲལ་བའི་ཕྱག་རྒྱ་ཆེན་པོ་རྟོགས་པའོ། །དེ་ལས་བྱུང་བའི་ཡོན་ཏན་ནི། ཚོགས་བསགས། ལམ་བགྲོད་པའི་རྟེན་འབྲེལ་བསྒྲིགས་པས་རང་སེམས་རྟོགས་པས་རང་དོན་ཆོས་སྐུ་ནམ་མཁའི་དཀྱིལ་ལྟ་བུ་ཐོབ། ལུས་རྡོ་རྗེའི་སྐུར་གྱུར་པས་ལོངས་སྐུ་མཚན་དང་དཔེ་བྱད་བསམ་གྱིས་མི་ཁྱབ་པས་བརྒྱན་པ། སྣང་ལ་རང་བཞིན་མེད་པ་འཇའ་འམ་སྤྲིན་༼༢༠བ༽ལྟ་བུ་འཐོབ། གཞན་དོན་དུ་ཐུགས་རྗེས་སྤྲུལ་པའི་སྐུ། གདུལ་བྱ་གང་དུ་ཕྱོགས་སུ་མ་ལྷུང་བ་ནམ་མཁའ་ལས་ཆར་བབ་པ་ལྟ་བུས་འགྲོ་བ་སེམས་ཅན་ལ་ནམ་མཁས་ཁྱབ་ཚད་ཀྱི་དོན་འབད་རྩོལ་མི་དགོས་པར་རྒྱུན་མི་ཆད་པར་ལྷུན་གྲུབ་ཏུ་འབྱུང་གསུང་། འོ་སྐོལ་ཆོས་བཤད་པ་ཐམས་ཅད་ཀྱིས་ཐུན་རེ་ལ་སྔོན་འགྲོ་སེམས་ཅན་གྱི་དོན་དུ་བློ་འཕངས། བར་དུ་དགེ་སྦྱོར་གྱི་བྱ་རྒྱུ་རེ། ཐ་མ་བསྔོ་བ་དང་བཅས་པའི་ལམ་ཚང་ལ་མ་ནོར་བ་རེ་སྟོན་ཤེས་དགོས་ལ། ཉན་པས་ཀྱང་དེ་ལྟར་ཤེས་དགོས་པ་ཡིན། ཆོས་དེ་ལས་མ་མཆིས་སོ།། །།བླ་མ་རིན་པོ་ཆེ་ལྷ་རྗེས་གསུངས་པ་ལ། བླ་མ་སྒོམ་ཚུལ་གྱིས་ཡང་ཡང་ནན་ཏན་བྱས་ནས། རྣམ་ཐར་གཞན་དང་མ་འདྲེས་པར་བླ་མས་གསུངས་པ་ལས་མ་ཆད་མ་ལྷག་པར་གསུང་སྒྲོས་གྲུ་བཞི་ལམ་མེ་ཡི་གེར་བྲིས། བླ་མའི་བཀའ་སྲོལ་མི་གཅིག་པ་དང་། མོས་པ་མེད་པ་དང་། ཉམས་སུ་མི་ལེན་པ་ལ་མི་སྤེལ་འཚལ། འདིའི་བརྒྱུད་པ་ལ་གཉིས་ཏེ། སྔགས་དང་བཀའ་གདམས་གཉིས་ཡིན། སྔགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་གཉིས་ཀྱིས་ཏཻ་ལོ་པ་དང་བྲམ་ཟེ་ཆེན་པོ་ལ། དེས་ནཱ་རོ་མཻ་ཏྲི། དེས་མར་པ་ལ། དེས་མི་ལ་རས་པ། དེས་བླ་མ་ལྷ་རྗེ་ལའོ། །བརྒྱུད་པ་གཅིག་ནི། ཤཱཀྱ་ཐུབ་པ། བྱམས་པ། ཐོགས་མེད། ཞི་བ་ལྷ། གསེར་གླིང་པ། ཨ་ཏི་ཤ །འབྲོམ་སྟོན་པ། སྤྱན་སྔ་བ། རྒྱ་སྒོམ། བླ་མ་ལྷ་རྗེ་རིན་པོ་ཆེ། བླ་མ་སྒོམ་ཚུལ། དེ་ནས་རིམ་པར་བརྒྱུད་པའོ། །ཚོགས་ཆོས་ཆེན་པོ་རྫོགས་སོ།། །།དགེའོ།།
