Only Dharma. Since 1992
/ Mahamudra / Gampopa

Gampopa's collected works (13)

༼༡ན༽ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ཁྲིད་ཆོས་མུ་ཏིག་ཙར་ལ་བརྒྱུས་པ་བཞུགས་སོ། །

༼༡བ༽༄༅། །བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། །རང་ངམ་གཞན་ལ་ཕྱག་རྒྱ་ཆེན་པོའི་སྒོམ་ཁྲིད་ལུགས་ནི། འོ་སྐོལ་གྱི་འདི་བྱིན་རླབས་ཀྱི་བརྒྱུད་པ་ཡིན་པས། བླ་མའི་བྱིན་རླབས་མ་ཞུགས་ན་ཕྱག་རྒྱ་ཆེན་པོའི་དོན་རྒྱུད་ལ་འཆར་མི་སྲིད་པ་ཡིན་པས། བླ་མའི་བྱིན་རླབས་འཇུག་པ་ལ་ཚེགས་མེད། མོས་གུས་ཡོད་པས་གསོལ་བ་བཏབ་པ་ལ་བརྟེན་ནས་འཇུག་པ་ཡིན། མོས་གུས་རབ་ལ་བྱིན་རླབས་ཡང་རབ་ཏུ་འཇུག །མོས་གུས་འབྲིང་ལ་འབྲིང་། མོས་གུས་མཐའ་མ་ལ་བྱིན་རླབས་མཐའ་མ། མོས་གུས་གཏན་ནས་མེད་ན་བྱིན་རླབས་གཏན་ནས་མི་འཇུག་པ་ཆོས་ཉིད་ཡིན། མོས་གུས་ཡོད་པས་གསོལ་བ་འདེབས་པའི་དུས་སུ་༼༢ན༽གནས་རིན་པོ་ཆེའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ། མཛེས་ཤིང་ཉམས་དགའ་བ་གཅིག་ཏུ་བསམ། ས་ཡིན་ན་ཁྲུ་གང་ལས་མི་ཆུང་བ་གཅིག་བྱས་ལ། གླིང་བཞི་གླིང་ཕྲན་བརྒྱད་དང་དབུས་སུ་རི་རབ། ཉི་ཟླ་དང་བཅས་པ། ནང་སྐོར་དུ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། གཏེར་གྱི་བུམ་པ་དང་བཅས་པའི་མེ་ཏོག་གི་ཚོམ་བུ་དགོད། མདུན་གྱི་ནམ་མཁའ་ལ་གདན་སེང་གེའི་ཁྲིའི་སྟེང་། རྩ་བའི་བླ་མ་དེ་སྐུ་འོད་ཟེར་དང་བཅས། ཞལ་འཛུམ་པ་དང་བཅས་པར་བཞུགས་པར་བསམ། དེའི་དབུ་ཐོག་ན་ཡར་རྒྱུད་པའི་བླ་མ་རྡོ་རྗེ་འཆང་ལ་ཐུག་གི་བར་དུ་བསམ། མདུན་གྱི་ནམ་མཁའ་དང་མཐོ་ཡུལ་དང་། བར་སྣང་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཡི་དམ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་བར་ཆད་སེལ་ཞིང་དངོས་གྲུབ་གཏེར་བ་རྣམས་ཀྱིས་གང་བར་བསམ་མོ། །དེ་དག་གི་མདུན་དུ་ཨ་ཙ་མ། ངས་འཁོར་བ་ཐོག་མ་མེད་པའི་དུས་ནས། ད་ལྟའི་སྐྱིད་སྡུག་རྣམ་པར་རྟོག་པ་ཆགས་སྡང་ལ་སོགས་པའི་ཉོན་མོངས་མ་སྤངས་ཤིང་། ཚར་མ་ཆོད་པས་འཁོར་བར་འཁྱམས། ད་ཡོང་ད་ལྟ་ཉིད་ནས་ཚེ་འདིའི་རྣམ་པར་རྟོག་པ་ཆགས་སྡང་དང་ཉོན་མོངས་པའི་དབང་དུ་སྐད་ཅིག་ཀྱང་གཏོང་རེ་ལ་སོགས་པའི་ཞེ་མནའ་ལིངས་ཀྱིས་དོར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བླ་མ་དམ་པ་རྣམས་དང་། ༼༢བ༽མཁའ་འགྲོ་ཆོས་སྐྱོང་ཁྱེད་རྣམས་ཀྱིས་དཔང་པོ་མཛོད་ཅིག །ཅེས་ཞེ་ཐག་པ་ནས་ཐག་རྦད་ཀྱིས་བཅད་ལ། དེ་དག་གི་མདུན་དུ་སྐྱབས་འགྲོ་ཁྱད་པར་ཅན་ལན་གསུམ་བྱ། འཁོར་བའི་སྡུག་བསྔལ་ཡུད་ཅིག་བསམ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། རྫོགས་པའི་སངས་རྒྱས་སེམས་རྟོགས་པ་ལས་འབྱུང་། དེ་མ་རྟོགས་པ་སྒྲིབ་པ་མ་དག་པ་དང་། ཚོགས་གཉིས་མ་རྫོགས་པ་རྫོགས་པར་བྱེད་པ་བླ་མ་ལ་མཎྜལ་དབུལ་དགོས་སྙམ་དུ་བསམ། དེ་ནས་མདུན་གྱི་མཎྜལ་དེ་རྒྱ་མཚོ་ཆེན་པོ་རིན་པོ་ཆེའི་ས་གཞི་དང་བཅས་པ། དབུས་སུ་རི་རབ་ཉི་ཟླ། དེའི་ནང་སྐོར་དུ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། གཏེར་གྱི་བུམ་པ་དང་བརྒྱད། དེའི་ཕྱི་སྐོར་ན་གླིང་བཞི་གླིང་ཕྲན་བརྒྱད་དང་བཅུ་གཉིས། དེ་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་དང་། གོས་དང་། འབྲུ་དང་། ཟས་ནོར་དང་། བཞོན་པ་ལ་སོགས་པ་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་མེར་གྱིས་བཀང་སྟེ། ནམ་མཁའི་ཁམས་ཐམས་ཅད་ཁེངས་པར་བསམ་ལ། བླ་མ་ལ་སོགས་པ་མཆོད་པའི་ཡུལ་དེ་དག་ཐམས་ཅད་ལ་དབུལ་ལོ། །གཞན་ཡང་རང་གི་སྙིང་ཁ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སྤྲོས་ལ་རིན་པོ་ཆེའི་ཞོང་པ་སྣ་ཚོགས་པ་གསེར་གྱིས་བཀང་བ་དཔག་ཏུ་མེད། དེ་བཞིན་དུ། གཡུ་དང་། དངུལ་དང་། མུ་ཏིག་དང་། བྱི་རུ་དང་། བཻ་ཌཱུརྱ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་སོགས་པ། ནམ་མཁའ་གང་བར་བསམ་ལ་དབུལ་ལོ། །གཞན་ཡང་གདུགས་དང་། རྒྱལ་མཚན་དང་། འཕན་རིང་ལ་སོགས་པའི་མཆོད་རྫས་ནམ་མཁའ་གང་བ་དང་། ན་བཟའི་རིགས་མི་འདྲ་བ་རྣམ་པ་སྣ་ཚོགས་པ་དང་། རྔ་དང་། དུང་དང་། ཆ་ལང་ལ་སོགས་པ། རོལ་མོ་སྣ་ཚོགས་དང་། རྟ་དང་གླང་པོ་ཆེ་རྒྱན་གྱིས་བརྒྱན་པ་ལ་སོགས་པ། མདོར་ན་དངོས་པོ་ཁྱད་པར་དུ་འཕགས་པ་རང་ལ་གང་གཅེས་ཤིང་གང་མཁོ་བ་དཔག་ཏུ་མེད་པ་སྤྲོས་༼༣ན༽པ་དབུལ། གཞན་ཡང་ཕྱིའི་མཆོད་པའི་མེ་ཏོག །སྤོས། མར་མེ། དྲི་ཆབ། ཞལ་ཟས། ནང་གི་མཆོད་པ་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། གསང་བའི་མཆོད་པ་ཆོས་སྐུ་བདེ་བ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དབུལ་ལོ། །དེ་ནས་མོས་གུས་བསྐྱེད་ལ་གསོལ་བ་སྙིང་ཐག་པ་ནས་གདབ་པར་བྱ་སྟེ། བླ་མ་རིན་པོ་ཆེ་བདག་མིང་འདི་ཞེས་བྱ་བའི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ད་ལྟ་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་གཅིག་པོ་འདི་ཉིད་ཀྱི་ངང་ལ་དག་པར་བྱིན་གྱིས་བརླབ་ཏུ་གསོལ།། །།བླ་མ་རྗེ་བཙུན་རིན་པོ་ཆེ་བདག་མིང་འདི་ཞེས་བྱ་བའི་རྒྱུད་འདི་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྒྱུད་འདི་རྣམ་པར་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་ལ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་རྗེ་བཙུན་རིན་པོ་ཆེ་བདག་མིང་འདི་ཞེས་བྱ་བའི་རྒྱུད་ལ་ཏིང་ངེ་འཛིན་ཕྱིན་ཅི་མ་ལོག་པ་མཆོག་ཏུ་གྱུར་པ་སྐྱེ་བར་མཛད་དུ་གསོལ། ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་ཀྱི་རིང་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་རྗེ་བཙུན་རིན་པོ་ཆེ། བདག་མིང་འདི་ཞེས་བྱ་བའི་རྒྱུད་ལ་ཡེ་ཤེས་ཕྱིན་ཅི་མ་ལོག་པ་མཆོག་ཏུ་གྱུར་པ་བསྐྱེད་པར་མཛད་དུ་གསོལ། ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟར་ལན་གསུམ་གསུམ་མམ་ལྔ་ལྔ་གསོལ་བ་གདབ། ཡང་གོང་ལྟར་བྱ། དེ་བཞིན་དུ་ཐུན་རེ་རེ་ལ་ལན་བདུན་བདུན་བྱ། ཉིན་རེ་ལ་ལན་ཉི་ཤུ་རྩ་རེ་ཙམ་བྱའོ། །དེ་ནས་༼༣བ༽འཕྲོ་གཅོད་པའི་ཚེ་བརྒྱུད་པའི་བླ་མ་རྣམས་རྩ་བའི་བླ་མའི་སྤྱི་བོར་ཐིམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་ཐམས་ཅད་ཐུགས་ཀར་སྟིམ། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལྟེ་བར་ཐིམ་པར་བསམ་མོ། །བླ་མ་རང་ལ་ཐིམ་པར་བསམ་མོ། །སེམས་སྤྲོས་བྲལ་གྱི་ངང་ལ་བཞག །དགེ་བའི་རྩ་བ་བསྔོ་བ་བྱ། འགྲོ་ཞིང་འགྲོ་ཞིང་ཡང་གསོལ་བ་གདབ། འདུག་ཅིང་འདུག་ཅིང་ཡང་གསོལ་བ་གདབ། གཉིད་ནམ་སད་སད་ཀྱང་གསོལ་བ་གདབ་བོ། །བླ་མ་སྒམ་པོ་པའི་མཎྜལ་འབུལ་བའི་ཐབས་སོ།། ༈ །།ན་མོ་གུ་རུ། བླ་མ་ལ་གསོལ་བ་གདབ་པ་ལོ་ཟླ་ཞག་གྲངས་ཐེམས་པ་དང་། དངོས་གཞིའི་དུས་སུ་ཐུན་མགོ་ལ་ཞེ་མནའ་སྐྱལ་བ་ལ་སོགས་པ་སྔོན་འགྲོ་སྡུས་པ་ཅིག་བྱས་པའི་རྗེས་ལ། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ལ་སོགས་པ་བཅས་ཏེ། ཕྱག་རྒྱ་ཆེན་པོ་མི་བསྒོམ། སྐྱེ་བ་མེད་པའམ། རང་བཞིན་མེད་པའམ། སྤྲོས་པ་མེད་པའམ། བློ་ལས་འདས་པའམ། སྟོང་ཉིད་དམ། བདག་མེད་དམ། བདེ་གསལ་མི་རྟོག་གམ། གང་དུ་ཡང་མ་གྲུབ་པ་ལ་སོགས་པའམ། འདོད་འདོད་པོ་ལ་སོགས་པ་གང་དུ་ཡང་མི་བསྒོམ། འོ་ན་ཇི་ལྟར་བྱེད་ན། རྣམ་པར་རྟོག་པ་འདས་པའི་རྗེས་མི་བཅད། མ་འོངས་པའི་སྔུན་མ་བསུ། ད་ལྟར་གྱི་རྟོག་པ་སྐད་ཅིག་མ་འདི་ངོས་འཛིན་པ་ཞེས་བྱ་བ་ཡིན་ཏེ། མདོར་ན་རྣམ་པར་རྟོག་པ་སྔ་མ་ལ་མི་བསམ། ཕྱི་མ་ལ་མི་བསམ་པར་ད་ལྟ་ཉིད་རྣམ་རྟོག་ཅི་འདྲ་ཅིག་འགྱུར་ཡིན་འདུག །སྙམ་དུ་ད་ལྟར་གྱི་རྟོག་པ་སྐད་ཅིག་མ་འདི་ཉིད་ལ་གཅེར་གྱིས་བལྟས་པས། རྟོག་པ་རྒྱུ་འགྲུལ་རྦད་ཀྱིས་ཆད་ནས་མ་ཡེངས་བར་དུ་རྟོག་པ་མི་འོང་། ནམ་ཡེངས་པ་དང་རྟོག་པ་ཡེར་གྱིས་འོང་ཏེ། བྱུང་སའི་རྟོག་པ་དེ་ཉིད་ལ་འདོད་ཐོག་བྱས་ལ། ཅེར་གྱིས་བལྟས་པས་རྟོག་པ་རང་སར་གྲོལ་ནས་མི་རྟོག་པར་ཕྱམ་གྱིས་འགྲོ །དེ་ལྟར་རྟོག་པ་གང་བྱུང་བྱུང་ལ་འདོད་ཐོག་བྱས་ཤིང་༼༤ན༽ཅེ་རེ་བལྟའོ། །ཐུན་ཡུན་མི་རིང་ཙམ་གསལ་འཕྲོ་ལ་འཕྲོ་བཅད་ཅིང་ཡུན་ཐུང་ལ་གྲངས་མང་དུ་བྱའོ། །དེ་ལྟར་ཡང་དང་ཡང་དུ་བྱས་པས་དུས་ཇི་ཞིག་ཙ་ན་རྟོག་པའི་རང་བཞིན་ཤེས་ནས་འཁོར་འདས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་ཞིག་འོང་ངོ་། དེ་ཙམ་ན། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་པ་དེ་མངོན་སུམ་གྱུར་པ་ཡིན་ནོ། །དངོས་གཞིའི་ཁྲིད་དོ།། ༈ །།ན་མོ་གུ་རུ། དངོས་གཞིའི་ཁྲིད་ཕྱི་མའི་མན་ངག་ནི། སྔ་མའི་དེ་ལ་མ་བདེ་ན་ཡང་བྱེད་པ་ཡིན། བདེ་ནས་བཤའ་མར་བྱུང་ན་ཡང་བོགས་འདོན་དུ་འགྲོ་བ་ཡིན་པས། འདི་ལྟར་བྱ་སྟེ། ཞེ་མནའ་སྐྱལ་བ་ལ་སོགས་པའི་སྔོན་འགྲོ་དང་། དངོས་གཞི་ལ་ཡང་ཕྱག་རྒྱ་ཆེན་པོ་མི་བསྒོམ་པ་ལ་སོགས་པ་དང་། ཤེས་པ་འདས་པའི་རྗེས་མི་གཅོད་པ་ལ་སོགས་པ་རྣམས་སྔ་མ་ཁོ་ན་ལྟར་བྱས་ལ། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་འདི་ཉིད་ལ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་ཞེས་གསུངས་པས། ངའི་སེམས་ངའི་ཟེར་བའི་དྲན་པ་འདི་ཀ་ཆོས་ཀྱི་སྐུ་ཡིན་ཏེ། རིག་རིག་པོ་འདི་ཉིད་ཁོ་ན་མངོན་སུམ་ཉིད་ལ་སྤྲོས་པ་མཐའ་དག་དང་བྲལ་ནས་འདུག་པ། འདི་ལ་སྐྱེ་རྒྱུའམ། འགག་རྒྱུའམ། གནས་རྒྱུའམ། དངོས་པོ་མེད་པའམ། མཐའ་དབུས་ལ་སོགས་པའི་སྤྲོས་པ་མཐའ་དག་དང་བྲལ་ནས་འདུག་པ་འདི་རང་ཁོ་ན་ཆོས་སྐུ་རང་ལུགས་སུ་འདུག་པས། ཤེས་འདོད་གཏིང་ནས་མེད་པ་གང་དུ་ཡང་དམིགས་གཏད་མི་བྱ་བར། ཤེས་པ་རང་ལུགས་སུ་ལྷོད་ཀྱིས་གློད་ལ་རྩེན་གྱིས་བཞག །ཞེས་འདོད་མེད་པར་གློད་ཤེས་པའི་བཤའ་མ་དེ་ཉིད་ཁོ་ན་ལ་བདེ་གསལ་མི་རྟོག་པ་ཞེས་ཟེར་བ་ཡིན། ལོགས་ནས་འདོད་འདོད་པོ་དེ་མིན། དེའི་ངང་ལས་རྣམ་རྟོག་རྟོལ་གྱིས་བྱུང་བ་དེ། སྔ་མ་ཁོ་ན་ལྟར་རྟོག་པ་ལ་མི་ལྟ་བར། རང་ལུགས་སུ་ལྷོད་ཀྱིས་གློད་ལ་ཞོག །༼༤བ༽དེ་ལྟར་རྟོག་པ་གང་བྱུང་བྱུང་བརྩོན་འགྲུས་ཀྱི་ལྕག་ཏུ་འོང་བ་ཡིན་པས་འདོད་ཐོག་ཏུ་ཤེས་པར་བྱའོ། །དེ་ལྟར་ཡང་དང་ཡང་དུ་གློད་པས་ཕྱི་ནས་རྟོག་པའི་རང་བཞིན་ཤེས་པ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ལྟ་བུའི་མན་ངག་དེ་ཤོར་ས་བཞིར་མ་ཤོར་བར། གོལ་ས་བཞིར་མ་གོལ་བར་ཉམས་རྣལ་འབྱོར་བཞི་ཤུགས་ཀྱིས་འཆར། དེ་ལྟ་བུའི་མན་ངག་གི་གནད་དངོས་གཞི་གཉིས་པོ་དེ་མ་འཆུགས་པར་རྒྱུན་ཆད་མེད་པར་བྱེད་པའི་གང་ཟག་དེ་ལ་ནི། ཕྱག་རྒྱ་ཆེན་པོ་དང་དབུ་མ་ལ་སོགས་པའི་དོན་གྱི་མདོ་རྒྱུད་དང་། བསྟན་བཅོས་དང་། མན་ངག་མཐོང་བ་ཐམས་ཅད་གསལ་འདེབས་སམ་གྲོགས་སུ་འཆར་བ་འོང་བ་ཡིན་ནོ། །ཕྱི་ནས་སྤྲོས་པ་དང་རྣམ་པར་གཡེང་བ་ལ་སོགས་པ་སྣང་ཚད་སྲིད་ཚད་གསལ་འདེབས་སམ་གྲོགས་སུ་འཆར་ཏེ། ནགས་སྐམ་པོ་ལ་མེ་མཆེད་པ་བཞིན་ནོ། །སྣང་གྲགས་ཐམས་ཅད་གྲོགས་སུ་འཆར་ན་ཡན་ལག་བདུན་པ་ལ་སོགས་པ་དགེ་བའི་སྤྲོས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། བསོད་ནམས་ཀྱི་ལས་ཁ་ཕྲ་མོ་ཡན་ཆད་ལ་ཤིན་ཏུ་སྤྲོ་བར་འོང་བ་ཡིན་ནོ། །འདི་ཐེག་པ་ཆེན་པོའི་ལམ་འཆུག་མེད་དུ་འདོད་པ་ཡིན་ཏེ། རྫོགས་པའི་སངས་རྒྱས་ལས་འགྲོས་ས་མེད་དོ། །དངོས་གཞི་ཕྱི་མའི་ཁྲིད་དོ།། ༈ །།ན་མོ་གུ་རུ། དེ་ནས་ཐུན་བཞི་ལ་ལུས་རྐང་པ་སྐྱིལ་ཀྲུང་ལ་སོགས་པ། ལུས་གནད་ལེགས་པར་བཅོས་ནས་བྱང་ཆུབ་ཏུ་སེམས་བསྐྱེད། ལྷའི་སྐུ་སྣང་ལ་རང་བཞིན་མེད་པར་བསྒོམ། བླ་མ་བརྒྱུད་པ་དང་བཅས་པ་སྤྱི་བོར་བསྒོམ། མཐོང་ཡུལ་དང་བར་སྣང་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་དང་ཆོས་སྐྱོང་གིས་གང་བར་བསྒོམ། དེ་དག་ལ་མཎྜལ་དང་ཕྱི་ནང་གསང་གསུམ་གྱི་མཆོད་པ་དབུལ། སྡིག་པ་༼༥ན༽བཤགས། སྐྱབས་འགྲོ་ཁྱད་པར་ཅན་ལན་གསུམ་བྱ། གསོལ་བ་ལན་གསུམ་གདབ། དེ་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པ་རྣམས་བྱས་ལ། སེམས་མ་བཅོས་པའི་ངང་ལ་ཞོག་ཅིག་བྱ། དེ་ནས་སྒོམ་དེ་བཤིགས་པས་བཤིགས་པར་འདུག་གམ་མི་འདུག་ལྟོས་ཤིག་བྱ། བཤིགས་པར་འདུག་ཟེར་ན་བསྒོམ་མ་བྱུང་བའི་རྟགས་ཡིན་པས་ཁྲིད་གཞི་ནས་བསྐྱར་ལ་བྱའོ། །སྒོམ་དེ་མི་ཤིགས་པའམ་སླར་ལ་བརྟན་ཕྲིལ་འོང་བ་ཡིན། དེ་ལྟར་འབྱུང་ན་སྤྱོད་ལམ་དང་བསྲེ་བ་ཡིན་ཏེ། འགྲོ་བ་དང་། ཟ་བ་དང་འཆག་པ་དང་ཉལ་བ་ལ་སོགས་པ་སྤྱོད་ལམ་རྣམ་པ་བཞི་ལ་མ་བྲལ་བར་བསླབ། སྤྱོད་ལམ་བཞི་ལ་འབྱུང་ན་གོམས་ཤིང་འདྲིས་པར་བྱས། དེ་ལྟར་རང་སེམས་ཆོས་སྐུ་གཉིས་སུ་མེད་པའི་ཡེ་ཤེས་དེ་མཐར་ཕྱིན་པ་ལ་སོགས་པ་ལ་རྫོགས་པའི་སངས་རྒྱས་ཟེར་བ་ཡིན། བཅོམ་ལྡན་འདས་ཀྱི་ཞལ་ནས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་པ་དང་། དགྱེས་རྡོར་ལས་ཀྱང་། སེམས་བསྒོམས་པས་ནི་སངས་རྒྱས་ཏེ། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་པ་དང་། ཡང་རྗེ་བཙུན་ཆེན་པོའི་ཞལ་སྔ་ནས་ཀྱང་། སེམས་ལས་མ་རྟོགས་ཀྱི་སངས་རྒྱས་མེད། །ལམ་རྩ་དང་རླུང་ལས་ཉེ་བ་མེད། །ཅེས་གསུངས་སོ། །དེ་ལྟར་རྟོགས་པའི་དོན་དེ་སྐྱབས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡང་ཡིན་ཏེ། འཁོར་བའི་སྡུག་བསྔལ་དེས་སྒྲོལ་བ་ཡིན་ནོ། །དེ་ལྟར་རྟོགས་ནས་ཀྱང་བསོད་ནམས་ཀྱི་ཚོགས་ལ་འབད་པར་བྱ། བོགས་འདོན་པ་ཤིན་ཏུ་གལ་ཆེའོ། །ཆོས་རྗེ་སྒམ་པོ་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་མ་ལུས་པར་རྫོགས་སོ།། །།དེ་ལྟར་ཁྲིད་ཀྱང་། སྒོམ་མ་སྐྱེས་ན་མཐའ་༼༥བ༽དང་གཞི་ནས་བསྐྱར་ཏེ་ཁྲིད་པ་ཡིན་གསུང་ངོ་།། ༈ །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་ཆེན་པོ་ནཱ་རོ་པས། བདེ་མཆོག་འཁོར་ལོའི་གསང་སྔགས་ནི། །འབུམ་ཕྲག་བདུན་ནི་བཟླས་པ་ཡིས། །ས་ནི་གཡོས་ཤིང་ལུང་བསྟན་ཐོབ། །ཤར་ཕྱོགས་ངོས་ཀྱིས་ཏཻ་ལོ་པའི་ཞལ་སྔར་གདམས་ངག་བསྒོམ་པ་ནི། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་པས། དེ་ལ་བླ་མ་ཆེན་པོ་ནཱ་རོ་པས་རྗེ་བཙུན་ཏཻ་ལོ་པ་ལ་ལོ་བཅུ་གཉིས་བསྟེན་དཀའ་བ་མི་འདྲ་བ་བཅུ་གཉིས་སྤྱད་པའི་ཐ་མ་ལ། ལུང་པ་སྐམ་པོ་ཆུ་མེད་དུ་བྱེ་མའི་མཎྜལ་ལ། ཁྲག་གི་ཆག་ཆག་བཏབ། རྣ་མཆོག་ལ་སོགས་པ་བཅད་ནས་མེ་ཏོག་གི་ཚོམ་བུ་བཀོད་ནས་ཕུལ་བའི་དུས་སུ། མཆིལ་ལྷམ་ཕུད་ནས་ནཱ་རོ་པའི་སྨིན་མཚམས་སུ་རྒྱབ་པས་ནཱ་རོ་པ་ས་ལ་འགྱེལ། རྒྱལ་སངས་ཙ་ན་ཆོས་རྒྱུད་སྡེ་བཞི་ཚིག་དང་དོན་དུ་བཅས་པ་བློ་ལ་བྱུང་། ཁྱད་པར་གཏུམ་མོ་ཨ་ཐུང་ལ་སོགས་ནཱ་རོའི་ཆོས་དྲུག་ཐུགས་ལ་ཤར་བ་ཡིན་གསུང་ངོ་། །དེ་ལ་ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །དེ་ལ་གནད་ནི་རྣམ་གསུམ་སྟེ། །ལུས་དང་ཡུལ་དང་དུས་དང་གསུམ། །དེ་ལ་ལུས་ཀྱི་གནད་བཤད་པ། །རིན་ཆེན་རྩར་ལ་རྒྱུས་པར་ལྟར། །ཤིན་ཏུ་དྲང་ལ་དགུ་བར་བྱ། །ཞེས་པ་ལ་སོགས་པ་གསུངས་པས། གཏུམ་མོ་ཉམས་སུ་ལེན་པ་ལ་གནད་རྣམ་པ་གསུམ་སྟེ། ལུས་ཀྱི་གནད་དང་། རྩའི་གནད་དང་། རླུང་གི་གནད་དང་གསུམ་མོ། །དེ་ལ་ལུས་ཀྱི་གནད་ལ་མལ་ས་ཆེ་ཆུང་རན་པའི་ནང་དུ་ཞུགས་ཏེ། སྣབས་དང་ལུད་པ་ཕྱིར་ལ་བསལ་ལ། སྒོམ་ཐག་མགོ་གང་པ་ཞིག་བཅུག་ལ། རྐང་པའི་རྟིང་པས་རྡོ་རྗེའི་རྩ་བ་མནན། འདོད་ཆགས་ཆུང་བ་ཡིན། དབུག་སྒོར་གོས་ཀྱི་སྣེ་མོ་ཞིག་ཆུགས། འོག་༼༦ན༽རླུང་རང་བཞིན་གྱིས་ཟིན་འོང་། རྐང་པ་རེའུ་མིག་ལྟར་སྣོལ། ལག་པ་རྡོ་རྗེ་གདམས་པའི་ཕྱག་རྒྱས་ལྟེ་བའི་འོག་ཏུ་སྡམ། སྒལ་ཚིག་སྲང་། མཆུ་སྦྱར། མིག་སྣ་གོང་གི་ནམ་མཁའ་ལ་ལྕེ་རེ་བལྟ། མགྲིན་པ་ཅུང་ཟད་དགུག་ཙམ་བྱ། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ལུས་ཡི་དམ་གྱི་ལྷར་བསྒོམ་མོ། དེ་ནས་གཉིས་པ་རྩའི་གནད་ལ། ལུས་སྟོང་པ་རྐྱལ་པ་ཕུས་བཏབ་པ་ལྟ་བུའི་ནང་དུ། རྩ་དབུ་མ་ཡར་སྣ་སྤྱི་གཙུག་ཧཾ་ལ་ཟུག་པ། མར་སྣ་གསང་གནས་ན་གནས་ཀྱང་། དེ་ལས་སོར་བཞི་མ་རེག་པར་བསྒོམ། རེག་པར་བསྒོམས་ན་འདོད་ཆགས་ཆེ་བ་ཡིན་གསུང་། དབུ་མ་དེ་ཕྱི་དཀར་བ་ནང་དམར་བ་མདུད་པ་དང་ཁྱག་ཁྱོག་མེད་པ། ཁང་སྟོང་གི་ཀ་བ་ལྟ་བུ། སྟོང་སང་ངེ་བ་སྦ་ལྕག་འབྲིང་པོ་ཙམ་ཞིག་བསྒོམ། རོ་མ་དང་རྐྱང་མ་གཉིས་ནི་ཡར་སྣ། སྣ་བུག་གཉིས་ནས་མགྲིན་པ་ན་མར་ལ་སོང་། ལྟེ་བའི་འོག་སོར་བཞིའི་དམའ་བར་དབུ་མ་དང་། བར་མདའ་སྙུག་འབྲིང་པོ་ཙམ་པ། ལུག་རྗུད་ཀྱི་སྒྱུ་མ་ལྟ་བུ་རྔོ་རིད་དེ་བ་གཉིས་བསྒོམ་མོ། །དེ་ནས་རླུང་སྦྱོར་བ་བཞིས་ཉམས་སུ་ལེན་ཏེ། དེ་ཡང་རྔུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕང་དང་རྣམ་པ་བཞི། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉེན། །ཞེས་གསུང་པས། དེ་ལ་རྔུབ་ཅེས་པས་སྣ་ཐག་གཉིས་ནས་རྔུབ། དགང་ཞེས་པས་རོ་རྐྱང་གཉིས་ནས་མར་སོང་བར་བསམ། གཞིལ་ཞེས་པས་རོ་རྐྱང་གཉིས་ནས་ལྟེ་བའི་འོག་དབུ་མའི་ནང་དུ་ཚུད་པར་བསམ། མདའ་ལྟར་འཕང་བ་ནི་རྩ་གསུམ་འདུས་པའི་ནང་ནས། རླུང་སེམས་འདུས་པའི་ཐིག་ལེ་དཀར་པོ་ཉུངས་དཀར་གྱི་འབྲུ་གུ་ཙམ་པ་ཞིག་དབུ་མའི་ནང་ནས་ཡར་སྤྱི་གཙུག་ཚངས་པའི་བུ་ག་ནས་ནམ་མཁའ་ལ་རྒྱངས་ཀྱིས་སོང་བ་དང་། རླུང་ཡང་སྔོ་ཕྱུར་གྱིས་སོང་བར་བསམ། དེ་ནས་རྩ་གསུམ་༼༦བ༽འདུས་པའི་དབུ་མའི་ནང་དུ་མར་མེ་སོར་བཞི་ཙམ་པ། ཁ་དོག་དམར་བ། རྩེ་མོ་རྣོ་བ། རེག་བྱ་ཚ་བ། ཉམས་མྱོང་བདེ་བ་གཅིག་ལ་དམིགས་པ་གཏད་ནས། སྟེང་རླུང་མནན། འོག་རླུང་ཐེན། གསུས་པ་སྒལ་པ་ལ་སྦྱར་ནས་ཐུབ་ཐང་དུ་མནན། མ་ཐུབ་ཙ་ན་སྣ་ནས་བཏང་། སྐྱར་ཞིང་སྐྱར་ཞིང་བསྒོམ་མོ། །དེ་ནས་འཕྲོ་གཅོད་ཙ་ན་རླུང་རང་སོར་གཞག །ཉིན་གུང་དང་མཚན་གུང་ལ་མི་བསྒོམ། ལྟོགས་གྲགས་པ་ལ་མི་བསྒོམ། འགྲངས་གྲགས་པ་ལ་མི་བསྒོམ་མོ། །དེ་ལྟར་བསྒོམས་པས་དང་པོ་ཙ་ཁ་དབྱེ། དེས་ཐིག་ལེ་འཕེལ། དེས་བདེ་བ་སྐྱེ། དེ་ནས་བདེ་གསལ་ལ་སོགས་པའི་རྟོགས་པ་སྐྱེ་བ་ནི་འབྲས་བུ་སྐྱེ་བའི་རིམ་པ་ཡིན་གསུང་ངོ་།། བླ་མ་མི་ལའི་ཉམས་མྱོང་གི་གཏུམ་མོ་ཞལ་གྱི་གདམས་པ།། ༈ །།ན་མོ་རཏྣ་གུ་རུ། གཏུམ་མོ་ཨ་ཐུང་གི་དབང་དུ་བྱས་ན། དེ་ཡང་བླ་མ་ཆེན་པོ་ནཱ་རོ་པས། བདེ་མཆོག་འཁོར་ལོའི་གསང་སྔགས་ནི། །འབུམ་ཕྲག་བདུན་ནི་བཟླས་པ་ཡི། །ས་རྣམས་གཡོས་ཤིང་ལུང་བསྟན་ཐོབ། །ཅེས་པ་ནས་ཁྱད་པར་གཏུམ་མོ་ཨ་ཐུང་ལ་སོགས་པ་ནཱ་རོའི་ཆོས་དྲུག་ཐུགས་ལ་ཤར་བ་ཡིན། ཞེས་པ་ཡན་ཆོད་གོང་དང་མཐུན་པར་གསུང་པ་ཡིན་ནོ། །དེ་ལ་གཏུམ་མོ་ཨ་ཐུང་ཉམས་སུ་ལེན་པ་ལ། གནད་རྣམ་པ་གསུམ་སྟེ། ལུས་ཀྱི་གནད། རྩའི་གནད། རླུང་གི་གནད་དང་གསུམ་མོ། །དང་པོ་ལུས་གནད་ནི་རྐང་པ་རེ་མིག་ལྟར་སྣོལ། སྒལ་པ་ཆུ་ཤིང་ལྟར་སྲང་། མགྲིན་པ་ལྕགས་ཀྱུ་ལྟར་དགུག །ཅེས་པས་ལུས་ཙོག་པུའི་འཁྲུལ་འཁོར་ལ་སོགས་པ། གོང་ལྟར་ལེགས་པར་བཅོས་པར་བྱའོ། །གཉིས་པ་རྩའི་གནད་ནི་རྩ་གསུམ་ལ་བརྟེན་པའི་གཏུམ་མོ་ཡིན་ཏེ། ལུས་ཀྱི་དཀྱིལ་དྲང་པོ་ན་ཡར། རྩ་དབུ་མ་ཁང་སྟོང་གི་ཀ་བ་ལྟ་བུ། མདུད་པ་དང་འཁྱག་འཁྱོག་མེད་པ་ཕྱི་དཀར་བ་ནང་དམར་བ། སྟོང་སང་ངེ་བ་སྦ་ལྕག་འབྲིང་པོ་ཙམ་པ། ཡར་སྣ་སྤྱི་བོའི་ཧཾ་ལ་ཟུག་པ། མར་སྣ་༼༧ན༽ལྟེ་བའི་འོག་སོར་བཞི་ཙམ་དུ་སླེབ་པའོ། །དབུ་མ་ལ་བཤད་ཚད་ཀྱི་དྷཱུ་ཏི་དང་། རང་བཞིན་གཉུག་མའི་དྷཱུ་ཏིའོ། །བཤད་ཚོད་ཀྱི་དྷཱུ་ཏི་ནི་སྒལ་འདབ་པའི་ནང་ངོས་སུ་གནས། དེའི་ནང་ན་མར་རང་བཞིན་གཉུག་མའི་དྷཱུ་ཏི་སེམས་ཀྱི་ངོ་བོར་རྟ་རྔ་ཉག་མ་བརྒྱར་བཤགས་པའི་ཆ་ཙམ་དུ་གནས་པ་ཡིན་གསུང་། རྩ་རོ་མ་དང་རྐྱང་མ་གཉིས་ཡར་སྣ་བུ་ག་གཉིས་ཡར་སྤྱི་བོ་ནས་མར་མགྲིན་པ་མ་འདྲེས་ཙམ་ནས། སྙིང་ཁར་ཕྲ་ལ་མ་འདྲེས་ཙམ། དེ་ནས་ལྟེ་བའི་འོག་ཏུ་དབུ་མ་དང་འབྲེལ་བར་བསམ། དེ་ཡང་མདའ་སྙུག་འབྲིང་པོ་ཙམ་པ་ལུག་རྗུད་ཀྱི་སྒྱུ་མ་ལྟ་བུ་རྔོ་རིད་དེ་བ་གཉིས་བསམ་མོ། །གསུམ་པ་རླུང་གི་གནད་ལ་སྦྱོར་བ་བཞིས་ཉམས་སུ་ལེན་པས་སྣ་བུག་གཉིས་ནས་རྔུབ། རྩ་གཉིས་ནས་མར་སོང་བར་བསམ་པ་དགང་བ། དབུ་མར་ཚུད་པར་བསམ་པ་གཞིལ་བ། རྩ་གསུམ་འདུས་པའི་ནང་ནས་རླུང་སེམས་འདུས་པའི་ཐིག་ལེ་དཀར་པོ་ཡུང་དཀར་ཙམ་པ་ཞིག །སྤྱི་གཙུག་ན་ཡར་རྒྱངས་ཀྱིས་འཕང་ཞིང་རླུང་ཡང་སྔོ་ནག་ཕྱུར་གྱིས་སོང་བར་བསམ་མོ། །དེ་ནས་སྟེང་རླུང་མནན། འོག་རླུང་འཐེན་པ་ཁ་སྦྱར་ལ་བསུས་པ་སྒལ་པ་ལ་བསྐུམ་བྱས་ནས་དམིགས་པ་ལྟེ་བའི་ཨ་ཤད་ནི་རྒྱ་གར་གྱི་ཡི་གེའི་ཤད་ལྟ་བུའི་མེའི་རང་བཞིན་ཁབ་ཙམ་པ་ཞིག་ལ་གཏད། རླུང་ཐུབ་ཙམ་མནན། མ་ཐུབ་ཙ་ན་སྣ་བུག་གཉིས་ནས་དལ་གྱིས་བཏང་ངོ་། །དེ་ལྟར་ཡང་དང་ཡང་དུ་བསྒོམ་མོ། །འཕྲོ་གཅོད་པའི་དུས་སུ་རླུང་རང་སོར་འཇོག་པ་གོང་དང་མཐུན་ནོ། །དེ་ལྟར་བསྒོམས་པས་འབྲས་བུ་ནི་ལུས་ལ་བདེ་དྲོད་ཤུགས་ཀྱིས་བྱུང་། སེམས་ལ་འོད་གསལ་ངང་གིས་འཆར་ཞེས་པ་ལ་སོགས་པ་གཞུང་དང་མཐུན་པར་འཆར་རོ། །སྤྱིར་གཏུམ་མོ་ལ་དམིགས་པ་བསམ་གྱིས་མི་ཁྱབ་ཀྱང་། ཨ་ལ་ལྔར་འདུས་པ་ཡིན་གསུངས་པས། ཨ་ཨ་ལེབ། ཨཾ་ཐིག་ལེ། ༼༧བ༽ཨོཾ་ཟླ་ཚེས། ཨཾ་སྦ་བཀུག་པ་ལྟ་བུ། ཨ་ཤད་ལྟ་བུ་འདི་ཨ་ཤད་ལ་དམིགས་པ་ཡིན་ནོ། །ཨ་ཐུང་དང་རྗེ་མི་ལའི་རྣལ་འབྱོར་བཞི་ལ། གཉིས་ལ་མར་མེ་དང་ཨ་ཤད་གཉིས་ལ་ཁྱད་མེད། བཤད་ཡམས་གཉིས་མཛད་པར་འདུག་གོ ། གཏུམ་མོ་ཨ་ཐུང་གི་ཞལ་གྱི་གདམས་པ།། ༈ །།ན་མོ་གུ་རུ། གཏུམ་མོ་འབར་འཛག་ཉམས་སུ་ལེན་པ་ལ། ལུས་གནད་གཏུམ་མོ་ལྟར་བཅོས་ལ། ཁོང་པ་རྐྱལ་པ་ཕུས་བཏབ་པ་ལྟར་སྟོང་སང་ངེ་བསྒོམ་པ་ནས། དེའི་ནང་དུ་རྩ་དབུ་མ་ཡར་སྣ་སྤྱི་བོའི་ཧྃ་ལ་ཟུག་པ། མར་སྣ་གསང་གནས་སུ་ཟུག་པ། སྦོམ་ཕྲ་སྦ་འབེར་འབྲིང་པོ་ཙམ་དུ་བསམ། དེ་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། དེའི་ལྟེ་བ་ལ་ཡི་གེ་ཨ་དམར་པོ་ཅིག །རྩ་འདབ་གདུགས་བདལ་བ་བཞིན་དུ་བསམ། དེ་བཞིན་དུ་སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག །སྤྱི་བོར་བདེ་བ་ཆེན་པོའི་འཁོར་ལོ་ལ་རྩ་འདབ་སུམ་ཅུ་རྩ་གཉིས་བསྒོམ། རྩ་རོ་མ་དང་རྐྱང་མ་གཉིས་སྣ་བུག་གཉིས་ནས་ཡར་ལ་སོང་། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ལ་འཁྱུད། མར་ལ་སོང་མགྲིན་པའི་འཁོར་ལོ་ལ་འཁྱུད། མར་ལ་སོང་སྙིང་ཁའི་འཁོར་ལོ་ལ་འཁྱུད། མར་ལ་སོང་ལྟེ་བ་ལ་འཁྱུད། ལྟེ་བའི་འོག་ཏུ་དབུ་མ་དང་འབྲེལ་བ་སྦོམ་ཕྲ་མདའ་སྙུག་ཙམ་དུ་བསམ་མོ། །དེ་ནས་རླུང་མནན་པས་ལྟེ་བའི་ཨ་ལས་མེ་འབར། ཡར་ལ་སོང་སྤྱི་བོར་ཧྃ་ལ་མེ་ལྕེ་ཕོག་པས། ཧྃ་ལས་བྱང་སེམས་བབས་སྤྱི་བོའི་འཁོར་ལོ་ཁེངས། དེ་བཞིན་དུ་རྩ་གསུམ་ན་མར་ལ་སོང་མགྲིན་པ་ཁེངས། མར་ལ་སོང་སྙིང་ཁ་ཁེངས། མར་ལ་སོང་ལྟེ་བ་ཁེངས། ཡང་མེ་འབར་བས་ཟངས་སུ་འོ་མ་ཁོལ་བ་ལྟར། ལྟེ་བའི་འཁོར་ལོ་ཁེངས། དེ་བཞིན་དུ་སྙིང་ཁ་དང་། མགྲིན་པ་དང་། སྤྱི་བོ་གང་བར་བསམ་༼༨ན༽མོ། །དེ་བཞིན་དུ་མར་འབབ་ཡར་བཟློག་བྱ་ཞིང་རླུང་མནན། མཐར་རྩ་ཡིད་ལ་མི་བྱེད་རླུང་ཡིད་ལ་མི་བྱེད། ཐིག་ལེ་ཡིད་ལ་མི་བྱེད་པར་ཕྱག་རྒྱ་ཆེན་པོ་མ་བཅོས་པའི་ངང་ལ་བཞག་གོ །དེ་ལྟར་བསྒོམས་པས་བདེ་བ་ཚན་ཆེན་པོ་སྐྱེ་བའི་དགོས་པ་ཡོད་པ་ཡིན། དེ་ཕྱག་རྒྱ་ཆེན་པོ་དང་བསྲེས་ཤིང་བསྒོམས་པས་གྲུབ་ཐོབ་འབྱུང་བ་ཡིན་གསུང་ངོ་། ། གཏུམ་མོ་འབར་འཛག་ཞལ་གྱི་གདམས་པ།། ༈ །།ན་མོ་རཏྣ་གུ་རུ། སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་བརྟེན་ནས་གཉིད་འོད་གསལ་དུ་འཇུག་པ་ནི། གཉིད་བྲོ་བ་དང་ལུས་ཀྱི་གཞོགས་གཡས་པ་འོག་ཏུ་བཅུག །སེང་གེའི་ཉལ་སྟབས་བྱས་ལ། རྨི་ལམ་མི་རྨི་བར་བྱ། འོད་གསལ་ཟིན་པར་བྱ་སྙམ་དུ་བསམ་ལ། མདུན་གྱི་ནམ་མཁའ་ལ་བླ་མ་བྱོན་པར་བསམ། མོས་གུས་བྱ་ཞིང་བླ་མ་རྗེ་བཙུན་རིན་པོ་ཆེ། བདག་གིས་གཉིད་འོད་གསལ་དུ་ཚུད་པར་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ། དེ་ནས་སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་པདྨ་འདབ་མ་བཞི་དབུས་དང་ལྔ་ལ། དབུས་སུ་ཧཱུཾ། མདུན་གྱི་འདབ་མ་ལ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར་བསམ་ལ། དང་པོ་མདུན་གྱི་ཨ་ལ་སེམས་བཟུང་། གཉིད་ཆེ་རུ་བྲོ་བ་ནས་གཡས་ཀྱི་ནུ་ནས་རྒྱབ་ཀྱི་ཏ་ལ། དེ་ནས་གཡོན་གྱི་ར་ལ། དེ་ནས་དབུས་ཀྱི་ཧཱུཾ་ལ་བཅུག་ནས་གཉིད་ལོག་པས་འོད་གསལ་མ་ཟིན་ན་གཉིད་ཉག་ཉོག་མཐུག་པོའམ་རྨི་ལམ་མང་པོ་རྨིའོ། །དེ་ནས་གཉིད་སད་པ་དང་ད་ཅི་ཡང་མ་ཟིན། ད་ཟིན་པར་བྱ། སྙམ་དུ་བསམ་ལ་གོང་བཞིན་དུ་བླ་མ་ལ་གསོལ་བ་བཏབ་ནས་སྙིང་ཁར་པད་འདབ་བཞི་ལྟེ་བ་དང་ལྔ་ལ། ཡི་གེ་ལྔ་པོ་བཀོད་པ་གོང་ལྟར་བསྒོམ་མོ། །འོད་གསལ་ཟིན་ན་ཧཱུཾ་དེ་མིག་གིས་མཐོང་བ་ལྟར་གསལ་བ་དང་། ཡང་ན་གཉིད་ཀྱི་རོ་བདེ་བར་ཤར་ནས། གཉིད་སད་ཙ་ན་རྩི་བའམ་འཕྲེང་སྐམ་༼༨བ༽མེ་བ་འོང་། ཡང་ན་མི་རྟོག་བཞིན་དུ་ཟླ་ཉི་མོའམ། མར་མེ་ལ་ཉལ་བ་ལྟ་བུ་ཐམས་ཅད་མི་སྒྲིབ་པར་ས་ལེ་མཐོང་བ་ཡོང་ངོ་། །དོན་ལ་རྨི་ལམ་དུ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡིན། སློབ་དཔོན་སྒོམ་པའི་ཞལ་ནས་གཉིད་འོད་གསལ་དུ་ལན་གཅིག་ཚུད་ཀྱང་འཆི་ཀར་མི་འོང་མི་སྲིད་གསུང་། འོད་གསལ་ཞལ་གྱི་གདམས་པ།། ༈ །།གུ་རུ་ན་མོ། རྨི་ལམ་ལ་དོན་བཞི་སྟེ། རྨི་ལམ་བཟུང་བ་དང་། སྦྱང་བ་དང་། སྒྱུ་མར་བྱིན་གྱིས་བརླབས་ཅིང་ཡ་ང་བ་སྤང་བ་དང་། དེ་ཁོ་ན་ཉིད་བསྒོམ་པའོ། །དང་པོ་རྨི་ལམ་བཟུང་བ་ནི། དེ་རིང་ནས་མིག་གིས་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཐོས་པ་ཡིད་ལ་དྲན་རྟོག་སྐྱེས་པ་ཐམས་ཅད་རྨི་ལམ་ཡིན་སྙམ་དུ་བསྒོམ་པ་ལ། དེ་ནས་ནུབ་གཉིད་བྲོ་བ་དང་གཞོགས་གཡས་པ་འོག་ཏུ་བཅུག་ལ། སྔས་ཅུང་ཟད་མཐོ་ཙམ་དུ་བྱ། བདག་གིས་རྨི་ལམ་ཟིན་པར་བྱ། དེ་ཡང་རྨི་ལམ་ངོ་མཚར་ཅན་མང་པོ་རྒྱ་གར་གྱི་ཡུལ་ཐམས་ཅད་བལྟ་བ་དང་། སུམ་ཅུ་རྩ་གསུམ་ལྷའི་གནས་ཐམས་ཅད་བལྟ་བ་དང་། སེམས་ལ་ཇི་ལྟར་འདོད་པ་བཞིན་བྱ། རྨི་ལམ་ལམ་དུ་ངོ་ཤེས་པར་བྱ། སྙམ་པའི་འདུན་པ་དྲག་པོ་བཏང་ལ། ལྕེའི་རྩ་བ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། །རྩ་པད་འདབ་བཞི་དམར་པོ། ཡིག་འབྲུ་དཀར་པོ་ལ། རྩ་འདབ་དམར་པོ་མ་ལས་ཐོབ་པ་བྱང་སེམས་ཡིག་འབྲུ་དཀར་པོ་ཕ་ལས་ཐོབ་པའི་ངོ་བོ་ཡིན་གསུང་། དེ་ལ་དབུས་སུ་ཨོཾ། མདུན་དུ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར། དང་པོ་མདུན་གྱི་ཨ་ལ་བཟུང་། དེ་ནས་གཉིད་ཆེར་བྲོ་བ་དང་། ཨ་དེ་ཁྱེར་ལ་ནུ་ལ་ཞུགས། དེ་བཞིན་དུ་ནུ་དེ་རྒྱབ་ཀྱི་ཏ་ལ། ཏ་དེ་གཡོན་གྱི་ར་ལ། ར་དེ་དབུས་ཀྱི་ཨོཾ་ལ་བཅུག་ནས་གཉིད་ལོག་པས། རྨི་ལམ་རྨིས་ཀྱང་རྨི་ལམ་དུ་མ་ཤེས་ན། མ་ཟིན་པ་ཡིན། དེ་ནས་གཉིད་སད་པ་དང་ད་ཅི་ཡང་མ་ཟིན། ད་རེས་ཟིན་པར་བྱ། སྙམ་དུ་བསམ་༼༩ན༽ནས་ཡང་མགྲིན་པར་པད་འདབ་དང་། ལྟེ་བ་ལ་གོང་ལྟར་ཡིག་འབྲུ་བཀོད་ལ། གོང་བཞིན་བསྒོམ། ཡང་ན་དང་པོ་ནས་ཨོཾ་གཅིག་པོ་ལ་སེམས་འཛིན་པ་ལུགས་གཅིག་ཡིན་ནོ། །དེ་ཡང་རྨི་ལམ་ཟིན་ན་རྨི་ལམ་ཅི་རྨིས་པ་དེ་རྨི་ལམ་ཡིན་འདུག་སྙམ་དུ་ཤེས་པ་འོང་ངོ་། །དེ་དག་ནི་རྨི་ལམ་བཟུང་བའོ། །དེ་ནས་གཉིས་པ་རྨི་ལམ་སྦྱང་བ་ནི། གཉིད་ཉལ་ཁར་རྨི་ལམ་ལ་རྨི་ལམ་དུ་ཤེས་པའི་ཚེ། རྨི་ལམ་སྦྱང་བར་བྱའོ་སྙམ་དུ་བསམ་ལ་རྨི་ལམ་ལ་ཆུ་རྨིས་པ་འདི་རྨི་ལམ་གྱི་ཆུ་ཡིན་འཇིགས་སུ་ཅི་ཡོད་སྙམ་དུ་ཤེས་པར་བྱས་ནས་ཆུའི་སྟེང་ན་ཕར་འགྲོ །ཆུའི་ནང་དུ་མཆོང་། གཡང་ལ་མཆོང་། ཁྱིས་རྨུག་ཏུ་གཞུག །དགྲས་རྡེག་ཏུ་གཞུག །ནམ་མཁའ་ལ་འཕུར་ནས་ལྷའི་ཡུལ་ཐམས་ཅད་བལྟ་བ་དང་། རྒྱ་གར་གྱི་ཡུལ་བལྟ་བ་ལ་སོགས་པ་སེམས་ལ་ཅི་སེམས་པ་ཐམས་ཅད་བྱའོ། །དེ་ལྟར་བྱུང་ན་རྨི་ལམ་སྦྱངས་པའོ། །དེ་ནས་གསུམ་པ་སྒྱུ་མར་བྱིན་གྱིས་བརླབ་ཅིང་ཡ་ང་བ་སྤང་བ་ནི། རྨི་ལམ་དུ་ཆུར་མཆོང་ཁར་འཇིགས་པ་ཕྲ་མོ་འདུག་ན། འདི་ལ་འཇིགས་སུ་ཅི་ཡོད་རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་དུ་ངེས་པ་བྱས་ལ། འཇིགས་པ་ཕྲ་མོ་དེ་རྦད་ཀྱིས་བཅད་ལ་མཆོང་། དེ་ལ་སོགས་པ་མེ་དང་། གཡང་དང་དགྲ་དང་འདྲེ་ཐམས་ཅད་ལ་ཤེས་པར་བྱའོ། །དེ་ལྟར་ཐོགས་པ་མེད་པར་འོང་ན་སྒྱུ་མར་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་ནས་བཞི་པ་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་ནི། དེ་ལྟར་རྨི་ལམ་སྒྱུ་མར་ཤེས་པ་ཐམས་ཅད་རང་གི་སེམས་སྐྱེ་བ་མེད་པར་བསྒོམ་མོ། །ཉིན་མོ་ཕྱག་རྒྱ་ཆེན་པོའི་བསྒོམ་དེ་མེད་ན་མགྲིན་པའི་ཨོཾ་ལ་དམིགས་པ་བཟུང་། དེ་ལ་སེམས་རྩིར་ཟིན་པ་དང་ཨོཾ་ཡང་རང་བཞིན་མེད་པ། ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་གོ །དེ་ནི་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པའོ། ། རྨི་ལམ་གྱིས་སངས་རྒྱས་ཞལ་གྱི་གདམས་པའོ།། ༈ ༼༩བ༽ན་མོ་གུ་རུ། དེ་ལ་སྒྱུ་ལུས་བསྒོམ་པར་འདོད་པའི་གང་ཟག་གིས་ལུས་གནད་བཅོས་ལ། རང་གི་མདུན་དུ་མེ་ལོང་ཞིག་བཙུགས་ལ། དེའི་ནང་དུ་ལུས་ཀྱི་དཀྱིལ་འཁོར་འདི་གསལ་བར་བྱས་ལ། དེ་ལ་རིགས་ངན་པ་ལ་སོགས་པ་ངན་གྱི་བྱེ་བྲག་མང་པོ་བརྗོད་པས་མི་དགའ་བ་འདུག་གམ་མི་འདུག་བལྟ། དེ་ལ་མི་དགའ་བ་མི་འོང་། ཡང་བསྟོད་ར་མང་པོ་བརྗོད་པས། དགའ་བའི་རྣམ་པར་རྟོག་པ་འདུག་གམ་མི་འདུག་བལྟ། དེ་ལ་དགའ་བ་མི་འོང་། མེ་ལོང་གི་གཟུགས་བརྙན་དེ་རང་བཅུག་ལ་རང་ལ་ངན་མང་པོ་བརྗོད་པས། མི་དགའ་བ་འདུག་གམ་མི་འདུག་བལྟ། མི་དགའ་བ་འདུག་ན་ཡང་མ་འབྱོངས་པ་ཡིན། དེ་ལྟར་མེ་ལོང་ནང་གི་དང་གཉིས་ཕར་སྤྲོས་ཚུར་བསྡུས་ཤིང་བསྒོམས་པས་རང་གཞན་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུར་ཝལ་བ་འབྱུང་ངོ་། །དེ་ནས་ཡི་དམ་ལྷའི་སྒྱུ་ལུས་ལ་བསླབ་པ་ནི། རང་གི་ཕྲག་གོང་དུ་ཡི་དམ་ལྷའི་ཐང་སྐུ་ཞིག་བཞུགས། དེ་མེ་ལོང་ནང་དུ་འཆར་བར་བྱས་ལ། བསྟོད་ར་དང་སྨད་ར་ལ་སོགས་བརྗོད་པས་དགའ་མི་དགའ་མི་འོང་། དེ་རང་ལུས་ལ་བཅུག་ལ། དགའ་མི་དགའ་འདུག་གམ་མི་འདུག་བལྟ། འདུག་ན་ཡང་ཡང་སྐྱར་ཞིང་བསྒོམ། དེ་ལྟར་བསྒོམས་པས་རང་བཞིན་ཐམས་ཅད་སྣང་ལ་རང་བཞིན་མེད་པ་ལྷའི་སྐུར་ཝལ་བ་འབྱུང་ངོ་། །དེ་ཙམ་ན་སྒྱུ་ལུས་འབྱོངས་པ་ཡིན། ཚོགས་ཐམས་ཅད་རྫོགས་པ་ལ་ཚེགས་མེད། སྒྲིབ་པ་ཐམས་ཅད་ཀྱང་འདག་པ་ལ་ཚེགས་མེད་དོ། །དེ་ལྟར་ཡང་ལུང་ལས། སྒྱུ་མ་ལྟ་བུའི་སེམས་འདི་ཡིས། །སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུར་བསྒོམས་བྱས་པས། །སྒྱུ་མ་ལྟ་བུར་སངས་ཡང་རྒྱ། །ཞེས་གསུངས་པའི་དོན་ཏོ། །སྒྱུ་ལུས་ཐུན་མཚམས་ཀྱི་ཆོས་ཡིན་གསུང་ངོ་། །སྒྱུ་ལུས་ཞལ་གྱི་གདམས་པ་རྫོགས་སོ།། ༈ ༼༡༠ན༽ །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྤྱིར་འཕོ་བ་ལ་གསུམ། རབ་འོད་གསལ་ནས་འཕོ། འབྲིང་སྒྱུ་ལུས་ནས་འཕོ། ཐ་མ་བསྐྱེད་པའི་རིམ་པའི་སྒོ་ནས་འཕོ་བའོ། །རབ་འོད་གསལ་གྱི་འཕོ་བ་ནི། ལུས་རྐང་པ་སྐྱིལ་ཀྲུང་ལ་སོགས་པ་ལེགས་པར་བཅོས་ལ་བྱང་ཆུབ་ཏུ་སེམས་བསྐྱེད། རང་གི་སྙིང་ཁར་ཉི་མ་ལ་ཧཱུཾ་གཅིག་བསམ་ལ། དེ་ལས། འོད་འཕྲོས་པས་ཕྱིའི་ས་རྡོ་དང་རི་བྲག་ཐམས་ཅད་གཞལ་ཡས་ཁང་དུ་གྱུར། ནང་བཅུད་ཀྱི་སེམས་ཅན་ལ་ཕོག་པས་ཡི་དམ་ལྷར་གྱུར་པར་བསམ། དེ་ནས་ཕྱི་གཞལ་ཡས་ཁང་འོད་དུ་ཞུ་བས་ལྷ་ཚོགས་ལ་ཐིམ། ལྷ་ཚོགས་འོད་དུ་ཞུ་ཚུར་རང་ལ་བསྡུ། བདག་ཉི་མའི་དཀྱིལ་འཁོར་ཧཱུྂ་དང་བཅས་པ་ལ་བསྡུ། ཉི་མ་ཧཱུྂ་ལ། ཧཱུྂ་གི་ཞབས་ཀྱུ་ཧ་ལ་བསྡུ། ཧ་མགོ་ལ། མགོ་ཟླ་ཚེས་ལ། ཟླ་ཚེ་ཐིག་ལེ། ཐིག་ལེ་ནཱ་ད་དེ་སྟོང་པར་ཕྱམ་གྱིས་བཏང་ལ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་གོ །ཡང་དང་ཡང་དུ་དེ་ལྟར་བསྒོམ་པར་བྱའོ། །ཕྱག་རྒྱ་ཆེན་པོའི་བསྒོམ་མ་སྐྱེས་པ་རྣམས་ལ་ཡང་དེ་བཞིན་དུ་བསྒོམས་ན་སེམས་ཟིན་འོང་བ་ཡིན་གསུང་ངོ་། །དེ་ནས་འཆི་བའི་དུས་སུ་ལུས་གནད་ལ་གོང་བཞིན་དུ་བསྒོམ་སྟེ། ནང་སྟོང་པར་བཏང་ནས་དེ་ལ་བསྒོམས་པའི་འོད་གསལ་བྱས། དབུགས་རྦད་ཀྱིས་ཆད་པ་དང་། རང་བཞིན་པ་དང་རང་བཞིན་གྱི་འོད་གསལ་འཆར་བ་དང་འདྲེས་མངོན་པར་རྫོགས་པར་སངས་རྒྱའོ། །དེ་ལྟར་ཡང་འོད་གསལ་བ་ནི་རྒྱུན་པར་གནས། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །ཞེས་གསུངས་སོ། །རབ་འོད་གསལ་གྱི་འཕོ་བའོ།། ༈ །།གང་ཟག་དབང་པོ་འབྲིང་། སྒྱུ་ལུས་ཀྱི་འཕོ་བ་ལ་གཉིས་ཏེ། སྦྱང་པ་དང་། འཕོ་བ་དངོས་བསྟན་པའོ། །དང་པོ་སྦྱང་བ་ནི། གཉིད་ལོག་ཀར་སུམ་ཅུ་རྩ་གསུམ་ཨར་མོ་ལིང་ཀའི་རྡོ་ལེབ་སྟེང་ན་འཕར་བ། མནན་ན་འབོལ་བ། རྡོ་རྗེ་༼༡༠བ༽འཆང་གི་བཞུགས་གནས་དེར་ཕྱིན་ལ། ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ་སྙམ་དུ་འདུན་པ་བཏང་ལ། རྨི་ལམ་དུ་དེ་ཉིད་ཁོ་ན་ལྟར་ཡང་དང་ཡང་དུ་སྦྱངས་ལ། དེ་ནས་འཕོ་བ་དངོས་ནི། འཆི་བའི་ཚེ་འབྱུང་བ་རྣམས་རིམ་གྱིས་བསྡུས་པའི་དུས་སུ། ཤེས་པ་ཨར་མོ་ལིང་ཀའི་སྟེང་དུ་འཕོས་ལ། དེ་རང་ཡི་དམ་གྱི་ལྷ་སྣང་ལ་རང་བཞིན་མེད་པ། མེ་ལོང་གི་གཟུགས་བརྙན་ལྟ་བུ་བསྒོམས་ལ་དག་པའི་སྒྱུ་ལུས་ཀྱི་ངང་ནས་འོད་གསལ་བསྒོམས་པས་འཚང་རྒྱའོ། །བར་དོ་ནས་འཕོ་བ་ཟབ་མོ་ཡོད་ཅེས་པ་ཡང་འདི་ལགས། བར་དོ་གཉིས་པར་ཟུང་འཇུག་ལ་གནས་མ་ནུས་ན། ཤེས་པ་ཡ་གིར་བཏང་བས་ངེས་པར་དེར་འགྲོ་སྟེ། དེར་ཕྱིན་ནས་ཕྱིར་ལ་མི་ལྡོག་དག་པའི་ས་ལ་སླེབ་པ་ཞེས་བྱ་བ་ཡིན་གསུང་། རྨི་ལམ་དུས་སུམ་ཅུ་རྩ་གསུམ་གསལ་པོར་མི་མཐོང་བར་གདའ་བ་དེ་ཅི་ལགས་ཞུས་པས། བླ་མ་རིན་པོ་ཆེའི་ཞལ་ནས། ཉིན་པར་གྱི་གནས་འདི་ཉིད་ཨར་མོ་ལིང་ཀ་ཡིན་པར་ཡང་ཡང་ཡིད་ལ་གྱིས་དང་མཐོང་འོང་གི་གསུངས་སོ།། ༈ གང་ཟག་དབང་པོ་ཐ་མ་བསྐྱེད་རིམ་གྱི་སྒོ་ནས་འཕོ་བ་ནི། རང་ལུས་ལྷ་སྐུ་སྒྱུ་མ་ལྟ་བུར་བསྒོམས་ལ། རང་གི་ལྟེ་བར་ཨ། སྙིང་ཁར་ཧཱུཾ། སྤྱི་གཙུག་ཏུ་ཀྵ་བསམ་ལ། རླུང་བུམ་པ་ཅན་དུ་བསྒོམས་ཏེ་ལྟེ་བའི་ཨ་སྙིང་ཁའི་ཧཱུཾ་ལ་ཐིམ། ཧཱུཾ་ཡར་ལ་སོང་བས་སྤྱི་བོའི་ཀྵ་འཕུལ་བ་བཞིན་བསམ། དེ་ནས་འཕྲོ་གཅོད་པའི་ཚེ་ཧཱུཾ་སྙིང་ཁར་དབབ། ཧཱུཾ་ལས་ཨ་ཕྱེ་ལ་ལྟེ་བར་བཞག་གོ །དེ་ལྟར་ཡང་ཡང་སླེབས་པས་འབྱོངས་པའི་ཚད་ནི། ལག་པ་པུས་མོ་ལ་མ་རེག་པར་ལན་གསུམ་བསྐོར་ཞིང་། སེ་གོལ་ལན་གཅིག་གཏོགས་པ། དེ་གཅིག་ཏུ་རྩིས་པའི་བརྒྱ་རྩ་བརྒྱད་ཐུབ་ན་རབ། བདུན་ཅུ་རྩ་གཉིས་ཐུབ་ན་འབྲིང་། སུམ་ཅུ་སོ་དྲུག་ཐུབ་ན་ཐ་མ་ཡིན་ནོ། །མངོན་སུམ་གྱི་རྟགས་སྤྱི་བོར་འོང་ངོ་། དེ་ནས་འཆི་བའི་དུས་སུ་འཕོ་བ་ནི། ལུས་གནད་༼༡༡ན༽བཅོས་ལ་མདུན་གྱི་ནམ་མཁའ་ལ་ཡི་དམ་མམ་བླ་མ་བསམ་སྟེ། ཚངས་བུག་གི་ཀྵ་ཡིད་ཀྱིས་ཕྱུང་ལ་དཀར་ཧར་གྱིས་བཏང་སྟེ། ལྟེ་བའི་ཨ་སྙིང་ཁའི་ཧཱུཾ་ལ་ཐིམ། ཧཱུཾ་ཚངས་བུག་ལ་སོང་བས་བླ་མའི་ཐུགས་ཁར་ཐིམ་པར་བསམ། བླ་མ་ཡང་རང་བཞིན་མེད་པའི་ངང་ལ་བཞག །དབུགས་ཆད་པ་དང་རང་བཞིན་གྱི་འོད་གསལ་དང་འདྲེས་ནས་སངས་རྒྱས་པར་འགྱུར་རོ། །བསྐྱེད་པའི་རིམ་པའི་འཕོ་བ་ཞལ་གྱི་གདམས་པ།། ༈ །།ན་མོ་གུ་རུ། དེ་ལ་བཙན་ཐབས་ཀྱི་འཕོ་བ་ནི། རྐང་པ་གཡོན་པའི་ཕྱི་རྟིང་གིས་བཤང་སྒོ་དགག །ལོང་བུ་གཉིས་ཀྱིས་ཆུ་སོ་མནན། མིག་ལ་སོགས་པའི་བུ་ག་རྣམས་སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱས་དགག །གྲུ་མོ་གཉིས་ཀྱིས་མཆན་འོག་གི་རྩིབས་ལོགས་གཉིས་བསྡམ། སྐེད་པ་ཉག་ཉག་པོར་བྱ། རླུང་དྲག་པོར་གྱེན་དུ་དྲང་ཞིང་ཚངས་བུག་ལ་ཕུལ་བ་བཞིན་བྱའོ། །དེ་ནས་དམིགས་པ་ནི་སྒོ་དགུ་ལ་ཧཱུཾ་སྒྲིལ་མ་རེ་རེས་བཀག་པར་བསམ། བླ་མའམ་ཡི་དམ་གང་རུང་ཞིག་སྤྱི་བོར་བསམ། ཚངས་བུག་དཀར་ཧར་གྱིས་ཕྱེ་བར་བསམ་ལ། སེམས་འདི་སྙིང་གི་ནང་ནས་ཧཱུཾ་མཐིང་ནག་ཅིག་ཚངས་བུག་ལ་སོང་བས། བླ་མའི་ཐུགས་ཀར་ཐིམ་པར་མྱུར་དུ་སོང་བར་བསམ་ནས། རླུང་བསྡམས་ནས་རླུང་བསྡམས་པས་འཕོ་བར་བྱའོ། །དེ་ནས་བླ་མ་ཡང་རང་བཞིན་མེད་པའི་ངང་ལ་བཞག །དེ་ལ་བསྒོམས་པའི་འོད་གསལ་བྱས་ནས། དབུགས་ཆད་པའི་དུས་སུ་རང་བཞིན་གྱི་འོད་གསལ་སྟོང་པའི་ཆོས་སྐུ་འཆར་བ་བསྲེས་ནས་སངས་རྒྱས་པར་འགྱུར་རོ། །སངས་མ་རྒྱས་ཀྱང་ལྷ་མིའི་ལུས་ཐོབ་པར་ཐེ་ཚོམ་མེད་དོ། །འཕོ་བ་འདི་འཆི་འཕོའམ། ནད་དྲག་པོས་ཉེན་པའམ། སྡིག་པོ་ཆེ་ཚོགས་མ་བསགས་པས་བྱ་ཡིས་གཞན་གྱིས་ནི་མ་ཡིན་ནོ། །ཞེས་གསུངས་སོ། ། ༼༡༡བ༽བཙན་ཐབས་ཀྱི་འཕོ་བ་ཞལ་གྱི་གདམས་པ།། ༈ །།གྲོང་འཇུག་གི་གདམས་པ་འདི་མ་བསྟན་ཏོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ཡང་ཞལ་སྔ་ནས་རིམ་གྱིས་འཇུག་པའི་གང་ཟག་གི་ཤེས་པའི་སྐྱེ་ལུགས་འདི་ལྟ་སྟེ། སྣང་བ་ཐིམ་དང་རྟོག་པ་ཐིམ། །རགས་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་དང་། །རང་བཞིན་གྱིས་ནི་འོད་གསལ་འབྱུང་། །དེའི་རྗེས་ལ་ཟུང་འཇུག་གི །སྐུ་ནི་རྣམ་པ་གཉིས་འབྱུང་སྟེ། སློབ་པ་དང་ནི་མི་སློབ་གཉིས། །མི་སློབ་པ་རུ་གྱུར་ཙམ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །ཞེས་གསུངས་པས་དེའི་དོན་བར་དོ་དམར་ཁྲིད་ལ་གསུམ་སྟེ། བར་དོ་དང་པོ་འོད་གསལ་ངོས་བཟུང་བ་དང་། གཉིས་པ་སྒྱུ་ལུས་ངོས་བཟུང་བ་དང་། གསུམ་པ་ལ་མངལ་གྱི་སྒོ་དགག་པའོ། །དང་པོ་ལ་གསུམ་སྟེ། ཡུལ་ལྔ་ཐིམ་པ་དང་། འབྱུང་བ་བཞི་ཐིམ་པ་དང་། སྣང་བ་གསུམ་ཐིམ་པའོ། །དེ་ལ་མི་ཞིག་འཆི་བ་ལ་རྟགས་འདི་རྣམས་འབྱུང་སྟེ། ཡུལ་ལྔ་ཐིམ་པའི་རིམ་པ་ནི། དང་པོ་གཟུགས་སྒྲ་ལ་ཐིམ་པས་མིག་གིས་གཟུགས་མི་མཐོང་། སྒྲ་དྲི་ལ་ཐིམ་པས་རྣ་བས་སྒྲ་མི་ཐོས། དྲི་རོ་ལ་ཐིམ་པས་སྣས་དྲི་མི་ཚོར། རོ་རེག་བྱ་ལ་ཐིམ་པས་ལྕེས་རོ་མི་ཚོར། རེག་བྱ་རྣམ་པར་ཤེས་པ་ལ་ཐིམ་པས་ལུས་ཀྱིས་རེག་བྱ་མི་ཚོར་རོ། །དེ་ནས་གཉིས་པ་འབྱུང་བ་བཞི་ཐིམ་པའི་རིམ་པ་ནི། དང་པོ་ས་ཆུ་ལ་ཐིམ་པའི་དུས་སུ་ལུས་ཟུངས་མི་ཐུབ། བྱིང་བའི་སྣང་བ་ཡོང་གདོང་ལ་ས་རྡུལ་ཆགས། སྣའི་གཤོག་དང་རྣ་བ་ཆག་ནས་འོང་ངོ་། །ཆུ་མེ་ལ་ཐིམ་པས་ཁ་ཆུ་སྣ་ཆུ་ལན་ཅིག་ཕྱིར་ལ་ཤར་གྱིས་བྱུང་ནས། དེ་ནས་ཁ་སྣ་སྐམ། ལྕེ་ཕུགས་སུ་འགྲོ། ༼༡༢ན༽།ནག་པོའི་ཐིག་ལེ་འོང་ངོ་། །མེ་རླུང་ལ་ཐིམ་པས་ཡན་ལག་གི་དྲོད་མཐའ་ནས་སྡུད། མིག་འབྲས་གྱེན་ལ་ལོག །རྐང་ལག་གཡོབ་ཤིང་འཕྲས་བྱེད་དོ། །རླུང་རྣམ་པར་ཤེས་པ་ལ་ཐིམ་པས་དབུགས་རྔོག་རྔོག་བྱེད། བཟང་དབུགས་ཆད་ངན་དབུགས་མ་ཆད། རྩེའུ་ཆུང་སྦྲིག་སྦྲིག་པའི་དུས་སུ་དབུགས་རྐྱང་པ་གཉིས་འོང་ངོ་། །གསུམ་པ་སྣང་བ་ཐིམ་པའི་རིམ་པ་ནི། དེ་ནས་རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པའི་ཚེ། ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། ནང་ཤེས་པའི་སྣང་བ་དུ་བ་ལྟ་བུ་ལང་ལོང་དུ་འཆར་རོ། །དེའི་དུས་སུ་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་རྩ་གསུམ་འགག་གོ །སྣང་བ་མཆེད་པ་ལ་ཐིམ་པའི་ཚེ། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་དུ་ཤེས་པ་ལ་སྲིན་བུ་མེ་ཁྱེར་ལྟ་བུ་དམར་སྐྱེམ་པ་ཞིག་འབྱུང་། དེའི་དུས་སུ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག་གོ །མཆེད་པ་ཐོབ་པ་ལ་ཐིམ་པའི་ཚེ། ཕྱི་རྟགས་མུན་པ་ལྟར་ནག་ཐིབ་པ་ཞིག་འབྱུང་། ནང་རྟགས་ཤེས་པ་མར་མེ་ལྟར་གསལ་ལྷག་པ་ཞིག་འབྱུང་སྟེ། དེའི་དུས་སུ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག་གོ །དེ་ལྟར་ན་གཏི་མུག་གིས་བདུན། ཞེ་སྡང་གིས་སུམ་ཅུ་རྩ་གསུམ། འདོད་ཆགས་ཀྱི་བཞི་བཅུ་སྟེ། རང་བཞིན་བརྒྱད་ཅུའི་རྟོག་པ་མ་ལུས་པར་འགག་པ་ཡིན་ནོ། །དེ་ནས་ཐོབ་པ་འོད་གསལ་ལ་ཐིམ་པའི་ཚེ། དབུགས་ཁྲོག་གིས་སོང་བའི་དུས་སུ་སེམས་ཅན་ཀུན་ལ་འོད་གསལ་སྟོང་པ་ཆོས་ཀྱི་སྐུ་ཇི་ལྟ་བ་ཞིག་འཆར་ཏེ། བསྒོམས་པའི་འོད་གསལ་དང་རང་བཞིན་གྱི་འོད་གསལ་གཉིས་ཆུ་དང་འོ་མ་འདྲེས་པ་ལྟ་བུའམ། བུམ་ནང་གི་ནམ་མཁའ་དང་། ཕྱི་རོལ་གྱི་ནམ་མཁའ་འདྲེས་པ་བཞིན་ཆོས་སྐུ་ཐོབ་པ་ཡིན་ཏེ། །དེ་ལྟར་གདན་བཞི་ལས། འོད་གསལ་བ་ནི་རྒྱུན་པར་གནས། །༼༡༢བ༽བར་དོའི་གྲོང་ཁྱེར་དེས་མི་མཐོང་། །ཞེས་པ་དང་། མཚན་བརྗོད་ལས་ཀྱང་། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །གསུངས་པ་སྟེ། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་ཡིན། གཟུགས་སྐུ་གཉིས་གཞན་སྣང་ལ་འཆར་རོ། །བར་དོ་དང་པོ་འོད་གསལ་ལ་ངོས་བཟུང་བའོ།། །།གཉིས་པ་སྒྱུ་ལུས་ངོས་བཟུང་བ་ལ་གཉིས་ཏེ། མ་དག་པའི་སྒྱུ་ལུས་དང་། དག་པའི་སྒྱུ་ལུས་སོ། །དེ་ལ་མ་དག་པའི་སྒྱུ་ལུས་ནི། འོད་གསལ་དེ་ལ་གནས་མ་ནུས་ན་བར་དོའི་སྣང་བ་འཆར་ཏེ། ཞག་ཕྱེད་དང་བཞི་ཚུན་ཆད་སྔར་མ་ཤི་བའི་ལུས་སུ་སྣང་སྟེ། དེས་གསོན་པོ་རྣམས་ཀྱི་ཐད་དུ་ཕྱིན་པས་གསོན་པོས་མི་མཐོང་ཁོས་མཐོང་། ཁོས་གཏམ་སྨྲས་པ་གསོན་པོས་མི་ཐོས། ཁོང་གིས་སྨྲས་པ་ཁོས་ཐོས་གསོན་པོ་ཐམས་ཅད་ཁོ་ལ་ཁྲོས་པའི་སྣང་བ་འོང་། རི་དང་རྩིག་པ་ལ་སོགས་པ་གང་ལ་ཡང་ཐོགས་པ་མེད། དྲན་ན་ལྷའི་འཇིག་རྟེན་གང་དུའང་དྲན་པས་ཆོག །ལྷའི་མིག་དང་བར་དོ་ནང་གིས་མཐོང་། ལས་ཀྱི་རྫུ་འཕྲུལ་དང་ལུས་ལ་འོད་ཤུགས་ལ་ཡོད། ཡུད་ཙམ་ཡུད་ཙམ་གྱ་གྱུའི་རྣམ་པ་ཤིན་ཏུ་མི་བརྟན་པ་ཞིག་འབྱུང་བས་དེ་ལ་ང་ཤི་བ་ཡིན་འདུག །འདི་བར་དོ་ཡིན་པར་འདུག་སྙམ་དུ་ཤེས་པ་གལ་ཆེའོ། །དེ་ནས་ཞག་ཕྱེད་དང་བཞི་ཕན་ཆོད་ཕྱི་མ་གར་སྐྱེ་བའི་ལུས་ཀྱི་སྣང་བ་འཆར་བ་ཡིན་ནོ། །དེའི་མཚན་ཉིད་ནི་མངོན་པ་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །སྲིད་པ་ཕྱི་མའི་ཤ་གཟུགས་ཅན། །ཞེས་གསུངས་པའི་དོན་ཏོ། །དེ་ནི་ཀུན་ལ་འབྱུང་སྟེ་མ་དག་པའི་སྒྱུ་ལུས་སོ། །གཉིས་པ་དག་པའི་སྒྱུ་ལུས་ནི། གོང་གི་མ་དག་པའི་སྒྱུ་ལུས་ངོ་ཤེས་པར་བྱས་ནས། སྔར་གོམས་པའི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་བསྒོམ་པ་དང་། ༼༡༣ན༽ཕྱག་རྒྱ་ཆེན་པོ་ལ་ཡང་དང་ཡང་དུ་བསྒོམ་པ་ན་སློབ་པའི་ཟུང་འཇུག་སྟེ། འོད་གསལ་གྱི་མེས་བག་ཆགས་ཐམས་ཅད་སྦྱོང་བ་ཡིན་ཏེ། ད་ལྟ་ལོ་བརྒྱ་བསྒོམ་པ་བས། དེར་སྐད་ཅིག་མ་གཅིག་བསྒོམས་པ་ལམ་འོལ་ཆེ་བ་ཡིན་གསུང་ངོ་། །དེ་ནས་རྣམ་རྟོག་ཐམས་ཅད་འོད་གསལ་གྱི་མེས་བསྲེགས་ནས་སྦྱང་གཞི་དང་སྦྱོང་བྱེད་མེད་པར་གོམས་པ་མཐར་ཕྱིན་ཏེ། ཆོས་སྐུ་གཉིས་སུ་མེད་པ་ཐོབ་ནས་གཟུགས་སྐུ་གཉིས་དུ་མ་ལ་ཁྱབ་པ་འབྱུང་བ་ནི་མི་སློབ་པའི་ཟུང་འཇུག་ཡིན་ཏེ། བར་དོ་གཉིས་པ་སྒྱུ་ལུས་ངོས་བཟུང་བའོ། །གསུམ་པ་མངལ་སྒོ་དགག་པ་ལ་གཉིས་ཏེ། མངལ་སྒོ་དགག་པ་དང་མངལ་གདམས་པའོ། །དང་པོ་ལ་ལྔ་སྟེ། དྲན་པ་དང་འདུན་པས་དགག་པ་དང་། བླ་མ་ཡབ་ཡུམ་གྱིས་དགག་པ། ཡི་དམ་གྱི་ལྷ་ཡབ་ཡུམ་གྱིས་དགག་པ། སྒྱུ་མ་ལྟ་བུས་དགག་པ། འོད་གསལ་གྱིས་དགག་པའོ། །དང་པོ་ནི། བར་དོ་གཉིས་པར་སངས་མ་རྒྱས་ན། མངལ་གྱི་སྣང་བ་འོང་སྟེ། ཕོར་སྐྱེ་ན་ཕ་ལ་ཞེ་སྡང་། མ་ལ་འདོད་ཆགས། མོར་སྐྱེ་ན་མ་ལ་ཞེ་སྡང་ཕ་ལ་འདོད་ཆགས་སོ། །རྐྱེན་དེས་བྱས་ནས་ཕའི་བཤང་ལམ་ནས་ཞུགས་ཏེ། ཕའི་ཁུ་བ་དང་འགྲོགས་ནས་མངལ་དུ་འགྲོ་བར་འགྱུར་ཏེ། དེ་ལ་སྔར་ཡང་འདི་ལྟ་བུའི་ལས་བསགས་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་འཁྱམས་པ་ཡིན། དེ་ལས་བཟློག་པ་ཏིང་ངེ་འཛིན་ལ་གཞོག །དང་པོ་ཁེགས་ནས་ཕྱིས་སྣང་ཡང་ཁེགས་པ་ལ་ཚེགས་མེད་དོ། །དེས་མ་ཁེགས་ན་བླ་མ་ཡབ་ཡུམ་གྱིས་དགག་པ་ནི། ཕོ་དེ་བླ་མར་བསྒོམ། མོ་དེ་བླ་མའི་ཡུམ་དུ་བསྒོམ། བླ་མ་ཡབ་ཡུམ་ལ་ཆགས་སྡང་སྐྱེ་མི་རུང་སྙམ་དུ་བསམས་ལ་མོས་གུས་བྱའོ། །དེས་ཀྱང་མ་ཁེགས་ན་ཕོ་དེ་ཡི་དམ་གྱི་ལྷ་ཡབ་ཏུ་བསྒོམ། མོ་དེ་ཡུམ་དུ་བསྒོམ་མོ། །ཡི་དམ་གྱི་ལྷ་ཡབ་ཡུམ་ལ་ཆགས་སྡང་མི་རུང་སྙམ་དུ་བསམ་ཞིང་། ཆགས་སྡང་༼༡༣བ༽མི་བྱའོ། །དེས་ཀྱང་མ་ཁེགས་ན་སྒྱུ་མ་ལྟ་བུས་དགག་པ་ནི། སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ། རང་སེམས་འཁྲུལ་པའི་སྣང་བ། བག་ཆགས་ཀྱི་གཟུགས་བརྙན། ཆུ་ནང་གི་ཟླ་བ། མེ་ལོང་ནང་གི་གཟུགས་བརྙན་དང་ཁྱད་ཅི་ཡོད། སྙམ་དུ་བསམ་པ་ལ་ཆགས་སྡང་གི་བློ་བཟློག་ལ། རང་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་རྟེན་བྱས་ལ་འོད་གསལ་བསྒོམ་མོ། །དེས་ཀྱང་མ་ཁེགས་ན་སྟོང་པ་ཉིད་ཀྱིས་དགག་པ་ནི། འདི་ལྟར་སྣང་བ་ཐམས་ཅད་རང་གི་སེམས་ཡིན། སེམས་ནམ་མཁའི་དཀྱིལ་ལྟ་བུ་ཟུང་འཇུག་གཉིས་སུ་མེད་པའི་དོན་ལ་བཞག་གོ །བདུན་ཕྲག་དང་པོའི་སྐྱེ་བ་དེས་ཁེགས་ནས། གཉིས་པ་ལ་སོགས་པ་ལ་ཚེགས་མེད་དོ། །དགེ་སྡིག་ཆ་སྙོམ་པ་ཞིག་བར་དོར་ཞག་བཞི་བཅུ་རྩ་དགུར་གནས་པས་དེར་ལམ་སྦྱངས་ནས་འཚང་རྒྱའོ། །རྫུས་སྐྱེས་དང་། དྲོད་བཤེར་ལས་སྐྱེ་བ་དང་། སྒོང་སྐྱེས་རྣམས་རང་ཉིད་ཡི་དམ་ལྷར་བསྒོམས་པས་ཁེགས་སོ། །གོང་གི་དེ་དག་གིས་མི་ཁེགས་པར་འདུག་ན། བར་དོའི་སེམས་ཅན་དེ་དག་ལ་དྲན་ན་གང་དྲན་པའི་སར་འགྲོ་བ་ལ་ཐོགས་པ་མེད་པས། སུམ་ཅུ་རྩ་གསུམ་ཨར་མོ་ལིང་ཀའི་རྡོ་ལེབ་ཏུ་རིག་པ་དེར་གཏད་པས། དེར་ཕྱིན་ནས་ལས་ཀྱི་ལྷག་མ་མ་ལུས་པར་སྦྱངས་ནས་མར་མི་ལྡོག་པར་སངས་རྒྱ་བ་ཡིན་གསུང་ངོ་། །བར་དོ་ཡེ་ཤེས་ཀྱི་ལྡེ་མིག་དེ་ཡིན་ནོ། །གཉིས་པ་མངལ་གདམས་པ་ནི། དེ་ལྟར་བསྒོམས་ཀྱང་མི་ཐུབ་པར་འདུག་ན་སྔར་གྱི་སྦྱངས་པ་ཆུང་བ་ཡིན་པས། ད་བྱང་ཆུབ་སེམས་དཔའ་ཤེས་བཞིན་དུ་འཇུག་པ་ཡིན་ཏེ། བར་དོའི་སེམས་ཅན་ལ་མངོན་ཤེས་ཡོད་པས། རྒྱལ་རིགས་སམ། རྗེའུ་རིགས་སམ། རིགས་བཟང་བ། འབྱོར་པ་ཆེ་བ། དད་པ་ཆེ་བ་ཆོས་ཡོད་པའི་ཕ་མའི་མངལ་དུ་ཞུགས་པར་བྱའོ། །གལ་ཏེ་བསོད་ནམས་ཆུང་བས་འཇུག་ཏུ་མ་འདོད་ན། མིའི་༼༡༤ན༽ས་བོན་ཡི་གེ་ཎྀ་ཞིག་ཏུ་བསམ་ལ་མའི་མངལ་དུ་འཕོ་བར་བྱའོ། །མངལ་འཕྲོག་པ་བསྲུང་བ་ནི། མངལ་གྱི་ཐ་མ་མཚོན་ཆའི་འཁོར་ལོས་བསྐོར་བར་བསྒོམ་མོ། །དེ་ནས་ཟླ་བ་བཅུ་ན་སྐྱེ་སྟེ། ཆུང་ངུ་ནས་དད་པ་ཆེ་བ་ཤེས་རབ་ཆེ་བ། ཡི་གེ་དང་ཆོས་ལ་སོགས་མ་བསླབས་པར་ཤེས་ཤིང་། བླ་མ་ཞིག་དང་མཇལ་བ་ཙམ་གྱིས་ཡོན་ཏན་སྐྱེས་ཏེ། ཚེ་དེ་ཉིད་ལ་སངས་རྒྱ་བར་འགྱུར་རོ། །དེ་ནི་སྐྱེ་བ་བརྒྱུད་ནས་སངས་རྒྱ་བ་ཡིན་ནོ། །བར་དོ་དམར་ཁྲིད་ཀྱི་ཞལ་གདམས་རྫོགས་སོ། །རྗེ་སྒམ་པོ་པའི་ཞལ་གྱི་གདམས་པ། རིན་པོ་ཆེ་སྤྱིལ་དཀར་བ་ལས་བརྒྱུད་དེ་འོངས་པའོ། །རང་འདོད་མེད་པས་མཁའ་འགྲོ་མི་མཉེས་མེད་ཅིང་དགྱེས་པར་ཞུའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །དགེའོ།། ལེགས་སོ།།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact