Only Dharma. Since 1992
/ Mahamudra / Gampopa

Gampopa's collected works (12)

༼༡ན༽རྣལ་འབྱོར་ཆོས་གཡུང་གི་ཞུས་ལན་བཞུགས་སོ། །

༼༡བ༽༄༅། །ན་མོ་གུ་རུ། སེམས་དང་སེམས་ཀྱི་འོད་གཉིས་མི་གདའ་བ་ཞུས་པས་དེ་ཀ་ལྟར་ཡིན། སྣང་བ་སེམས་སུ་ནན་ལྟར་འདུས་ན། སེམས་གཅིག་པུ་ལས་གཞན་མེད་པ་ཡིན་གསུང་། ཆོས་སྐུ་དང་ཆོས་སྐུའི་འོད་གཉིས་མི་གདའ་བ་ཞུས་པས། དེ་ཀ་ལྟར་ཡིན། ཆོས་གཅིག་ཆོད་ལ་སོང་བའི་དུས་ན་ཆོས་སྐུ་གཅིག་པུ་ལས་གཞན་མེད་པ་ཡིན་གསུང་། སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལྟ་བུ་རྣམ་སྨིན་གྱི་ལུས་ཀྱི་ལྷག་མ་མེད་པ་དོན་ཅིག་ཆོད་ལ་སོང་བ་ལགས་སམ་ཞུས་པས། དེ་ལྟར་ཡིན། སྐུ་མྱ་ངན་ལས་འདས་ནས་སྐྱེ་བ་དག་པས་རང་སྣང་ལ་མེད། གཞན་སྣང་ལ་གཟུགས་སྐུ་འཆར་བ་ཡིན་གསུང་། གཟུགས་སྐུ་གཉིས་རང་སྣང་ལ་མེད་པ་དེ། རང་སྣང་ལ་གཞན་དོན་བྱེད་བཞིན་དུ་བྱེད་པའི་རྟོག་པ་མེད་པ་ལ་ཟེར་རམ། འོན་ཏེ་རང་སྣང་ལ་གཏན་མེད་པ་ཡིན་ནམ་ཞུས་པས། དེ་ལ་ལུགས་གཉིས་ཡིན། དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་སྔ་མ་ལྟར་འདོད་པ་ཡིན། འོ་༼༢ན༽སྐོལ་གྱི་བླ་མ་ཕྱི་མ་ལྟར་འདོད་པ་ཡིན། གཞན་སྣང་ལ་སྣང་བ་དེ་ཡོ་མཐུན་པར་འདོད་གསུང་། དོན་ཐོག་ནས་མ་ཚོར་བར་ཡེངས་ནས་ཕྱིས་དྲན་པ་རྙེད་ཙ་ན། དོན་རྙེད་པ་དེས་བར་དུ་ཡེངས་པའི་རྗེས་ལ་བལྟས་པས་ཆོས་སྐུར་འགྲོ་བར་འདུག་ན་དེས་ཆོག་གམ་མི་ཆོག །བར་དེས་སྒྲིབ་པར་ནུས་སམ་མི་ནུས། གཏན་དུ་མ་ཡེངས་པ་དགོས་སམ་མི་དགོས་ཞུས་པས། རྗེས་ལ་བལྟས་པས་ཆོག་ན་དེས་ཆོག །བར་གྱི་རྣམ་རྟོག་གིས་སྒྲིབ་པར་མི་ནུས། གཏན་དུ་མ་ཡེངས་པ་མི་དགོས། ཡེངས་པ་བྱ་བ་མེད་པ་ཡིན། གནས་ལུགས་ལ་ཡེངས་མ་ཡེངས་འདྲ་བ་ཡིན་གསུང་། རྗེ་བཙུན་མི་ལ་དང་སངས་རྒྱས་ཀྱི་དགོངས་པ་ཡིན། འདི་ལས་ཕུལ་སའམ་བོགས་འདོན་རྒྱུ་མེད་པ་འདི་རང་ཡིན་བྱ་བ་ཞིག་ཞུ་ཞུས་པས། རང་གི་སེམས་ཉིད་གསལ་བ་དེ་ནམ་མཁའི་མཐའ་དང་མཉམ་པར་བསྒོམས་ན་ཡང་སྐྱེ་ཞིང་འདུག །འཕགས་པའི་གནས་སུ་བསྒོམས་ནའང་འོང་ཞིང་འདུག །འོད་གསལ་དེ་སུ་ཡིན་ན་༼༢བ༽ རང་གི་ཡིན། རང་རྟོགས་རང་རྟོགས་པས་ཐམས་ཅད་ལ་ཁྱབ། རང་གིས་རང་རིག་རང་གསལ། གསལ་ལ་མ་འགགས་ཏེ་འགྲོ་འོང་མེད་པར་འོད་གསལ། མཐའ་དབུས་མེད་པར་འོད་གསལ། རྣམ་རྟོག་ཡོད་མེད་མེད་པར་འོད་གསལ་དུ་འདུག་པས་དེའི་ངང་ལ་གནས་པ་དེ་འཇིག་རྟེན་ལས་འདས་པ་བྱ་བ་ཡིན། དེ་ལ་བོགས་འདོན་རྒྱུ་མེད། དེ་ལ་བོགས་འདོན་ན་འདོན་པར་རང་གི་སྐྱོན་ཡིན། དེ་ལས་བོགས་སམ་རྟོགས་པའམ། ཕུལ་ས་བྱུང་ན་དེ་ཡང་སྐྱོན་ཡིན་གསུང་། ངོ་བོ་སྐྱེས་ནས་ཡུན་རིང་ལོན་པའི་བསྒྲེས་པོ་ལ་བོགས་དང་དྲི་རྒྱུ་འོང་གིན་གདའ་འམ་མི་གདའ་ཞུས་པས། དྲི་རྒྱུ་ཡང་མེད་བོགས་འདོན་རྒྱུ་ཡང་མེད། ངའི་དྲུང་དུ་འོང་གིན་བླའོ་རེ་བཏང་གིས་འགྲོ་ཡིན་འདུག་གསུང་། ངོ་བོ་གཅིག་ཆོད་ལ་སོང་བ་ལ་རྨི་ལམ་དུ་ངོ་བོ་མི་ཟིན་པར་འདུག་ན། བར་དོར་ཟིན་ནམ་མི་ཟིན་ཞུས་པ་དང་། བླ་མ་ཀུན་ན་རེ་རྨི་ལམ་དུ་ཟིན་དགོས་གསུང་སྟེ། ངས་བལྟས་པས་རྨི་ལམ་དུ་མ་ཟིན་ཡང་བར་དོར་ཟིན་ཡོང་། ད་ལྟར་བསྒོམས་པས་རྨི་ལམ་དུ་མི་གསལ་དུ་འགྲོ་བས་མི་ཟིན། བར་དོར་ནི་ད་ལྟ་བས་ཀྱང་གསལ་བར་འོང་པས་ཟིན་ནས་འོང་གསུང་། ད་ལྟ་ངོ་བོ་ལྡང་འཇུག་པ་ཞིག་ཤི་ན། བར་དོར་ལྡང་འཇུག་གམ་ཆིག་ཆོད་ལ་འགྲོ་ཞུས་པས། ད་ལྟ་ངོ་བོ་རྒྱུན་ཆད་མེད་པ་ཡོད་ན་བར་དོར་ཡང་ཆིག་ཆོད་ལ་འགྲོ་གསུང་། ངོ་བོ་འབའ་ཞིག་བསྒོམ་པ་ལ་བསྐྱེད་རིམ་དང་སྔགས་བཟླས་དགོས་སམ་མི་དགོས་ཞུས་པས། སྔགས་བག་རེ་བཟླས་ན་ངག་བྱིན་གྱིས་བརླབས་པ་འབྱུང་བས་སྔགས་བག་རེ་བཟླ། ལྷ་བ་སྒོམ་མི་དགོས། འོད་གསལ་གྱི་ངང་ལས་སྔགས་བཟླས་པ་ཡིན་གསུང་། དོན་དམ་བྱང་ཆུབ་ཀྱི་སེམས་རྟོགས་ནས་རྒྱུན་དུ་གསལ་བས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དགོས་སམ་མི་༼༣ན༽དགོས་ཞུས་པས། དེ་ལ་གསུམ། གོམས་པ་ལས་བྱུང་བ། བསྒོམས་པ་ལས་བྱུང་བ། རྟོགས་པ་ལས་བྱུང་བ་གསུམ་ཡིན། གོམས་པ་ལས་བྱུང་བ་ནི་ཚེ་སྔ་མ་ཕན་ཆད་བསྒོམས་པས་འདི་ལ་བསྒོམ་མི་དགོས་པར་བྱང་ཆུབ་ཀྱི་སེམས་འབྱུང་བ་ཡིན། བསྒོམས་པ་ལས་འབྱུང་བ་ནི་ཚེ་འདི་ལ་བསྒོམས་པས་འོང་བ་ཡིན། རྟོགས་པ་ལས་བྱུང་བ་ནི། དོན་རྟོགས་པས་མ་རྟོགས་པའི་སེམས་ཅན་ལ་ཤུགས་ཀྱིས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱུང་བ་ཡིན། ལོགས་སུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་མི་དགོས། དོན་དམ་རྟོགས་ནས་བྱམས་སྙིང་རྗེ་གཞན་དོན་དུ་འབྱུང་བ་རྒྱུ་འབྲས་ཡིན། ཉོན་མོངས་པ་ཤུགས་ཀྱིས་བཟློག་པ་ཡིན། ངོ་བོ་རྟོགས་ཟེར་ཡང་མི་དགེ་བ་ལ་འཇུག །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཆུང་བར་འདུག་ན་ངོ་བོ་མ་སྐྱེས་པ་ཡིན་བྱ་བ་བླ་མ་མི་ལས་གསུང་པ་དེ་ལྟར་ཡིན་གསུང་། རྗེ་བཙུན་སྙུང་བའི་དུས་སུ་ཐུགས་མི་བདེ་བ་འོང་གིན་གདའ་ཞུས་པས། ན་དུས་སུ་སེམས་མི་བདེ་བ་དང་གནོད་པ་ཅི་ཡང་མི་འོང་བར་འདུག །གང་ན་བའི་སར་འོད་གསལ་དུ་ཕྲིལ་ལེ་མི་གནོད་པར་འདུག་གསུང་། འདྲེ་ཅན་གྱི་མི་ལ་སྔགས་བཏབ་པ་བས་གང་ན་བའི་སར་དམིགས་པ་གཏད་ནས་འོད་གསལ་བསྒོམས་ན་ཕན་པར་འདུག་གསུང་། ངོ་བོ་མཉམ་བཞག་རྗེས་ཐོབ་འདྲེས་པ་བྱ་བ་ཅི་ལ་ཟེར་བ་ལགས་ཞུས་པས། སློབ་དཔོན་སྒམ་པོ་པའི་ཞལ་ནས་སྤྱོད་ལམ་བཞི་གང་བྱེད་ཀྱང་འོད་གསལ་དང་མ་བྲལ་བར་རྟག་ཏུ་ངོ་བོར་འོང་ན་འདྲེས་པ་ཡིན་གསུང་། རེས་འགའ་དྲན་པ་ཤོར་ནས་རྣམ་རྟོག་གི་ཐོག་ཏུ་འགྲོ །དྲན་པ་རྙེད་ནས་ངོ་བོར་འོང་བ་དེ་མ་འདྲེས་པ་ཡིན་ནམ་ཞུས་པས། དེ་མ་འདྲེས་པ་ཡིན་གསུང་། ༼༣བ༽ འོ་ན་ངོ་བོའི་ཆ་གཅིག་མ་རྟོགས་པ་ལགས་སམ། བསྒོམ་ཡུན་ཐུང་བ་ལས་སམ་མ་བསྒོམས་པ་ལགས་སམ་ཞུས་པས། དེ་ངོ་བོ་མཐའ་དག་པར་མ་རྟོགས་པ་ཡིན། མ་བསྒོམས་པ་ཡང་ཡིན་ཏེ་དོན་ལ་བསྒོམ་ཡུན་ཐུངས་པ་ཡིན་གསུང་། འོ་ན་རྣམ་སྨིན་གྱི་ལུས་པོ་འདི་ཡོད་ཀྱི་བར་དུ་མཉམ་རྗེ་མེད་པར་འགྲོ་བ་ཅང་ལགས་སམ་ཞུས་པས། དེ་རྣམ་སྨིན་གྱི་ལུས་པོ་འདི་ཡོད་ཀྱང་ཡུན་རིང་དུ་བསྒོམས་པས། མཉམ་རྗེས་མེད་པར་འདི་ལ་ཕྲིལ་ལེ་ཚེ་འདི་རང་ལ་འགྲོ་བ་ཡིན་གསུང་། འོ་ན་ད་ལྟ་དྲན་པ་ཤོར་མ་ཐག་རྣམ་རྟོག་རང་ག་མར་འགྲོ་བ་ཅིས་ལན་ནམ་ཞུས་པས། འདི་གཟུང་འཛིན་མ་དག་པས་ལན། ཡུན་རིང་དུ་བསྒོམས་པས་གཟུང་འཛིན་དག་པས་རྣམ་རྟོག་དག་ནས། དྲན་པས་གཟུང་རྒྱུ་མེད་པས་མཉམ་རྗེས་མི་འོང་གསུང་། འོ་ན་མཉམ་རྗེས་མ་འདྲེས་པར་ཤི་ན་བར་དོར་སྐྱེ་བ་འདག་གམ་མི་འདག་ཞུས་པས། འདག་པ་ཡིན་ཐེ་ཚོམ་མེད་གསུང་། ད་ལྟར་དྲན་པས་མ་ཟིན་པའི་རྣམ་རྟོག་དེས་སྒྲིབ་པར་མི་འགྱུར་རམ་ཞུས་པས། དེས་སྒྲིབ་པར་མི་འགྱུར། རྣམ་རྟོག་རྣམས་ཀྱིས་ལས་གསོག་པར་མི་ནུས་ཏེ། ནམ་མཁའ་ལ་ས་བོན་བཏབ་པ་དང་འདྲ་སྟེ་འབྲས་བུ་འབྱིན་པའི་གནས་མེད། ཐམས་ཅད་སྐྱེ་མེད་རྟོགས་པའི་གནས་སུ་གསུང་། འོ་ན་གཉིད་མཐུག་པའི་རྨི་ལམ་གྱི་དུས་སུ་ངོ་བོ་མི་ཟིན་པར་འདུག་ན། བར་དོ་ངོ་བོ་ཟིན་ནམ་མི་ཟིན་ཞུས་པས། དེ་གཉིད་དང་རྨི་ལམ་གྱི་དུས་སུ་ངོ་བོ་མ་ཟིན་པ་ཡིན། གཉིད་དང་རྨི་ལམ་གྱི་དུས་སུ་ད་ལྟ་བས་ཀྱང་མི་གསལ་དུ་འགྲོ་བ་ཡིན། བར་དོར་ད་ལྟ་བས་ཀྱང་གསལ་དུ་འགྲོ་བས། ད་ལྟ་བས་བཟུང་པ་སླ་བར་འགྲོ་བ་ཡིན་གསུང་། འོ་ན་དྲན་པས་མ་ཟིན་ཙ་ན་ངོ་བོ་མི་འོང་བར། རྟོག་པ་རང་ག་མ་དེ་དྲན་པས་ཟིན་པ་༼༤ན༽དང་། སྔར་གྱི་རྣམ་རྟོག་ཚོ་འདག་གམ་མི་འདག །དྲན་པས་ཤི་མ་ཤི་མེད་པར་འཛིན་དགོས་སམ་མི་དགོས་ཞུས་པས། དྲན་པས་མ་ཟིན་པའི་རྣམ་རྟོག་རང་ག་རྣམས་དྲན་པས་ཟིན་མ་ཁད་ལ་སངས་ལ་དག །དྲན་པས་ཤི་མ་ཤི་མེད་པར་འཛིན་མི་དགོས། འོན་ཀྱང་དྲན་པས་མ་ཡེངས་པར་བྱེད་ན། མཉམ་རྗེས་འདྲེས་སྐྱེན་པ་ལ་ཕན། དྲན་པས་མ་ཟིན་ཀྱང་རྣམ་རྟོག་གིས་གནོད་པ་དང་། སྒྲིབ་པ་དང་བར་དུ་གཅོད་པ་གཏན་མེད་གསུང་། འོ་ན་དྲན་པས་བཟུང་གིན་མ་ཡེངས་པར་བྱ་བ་ལས། གཞན་ཉམས་སུ་བླང་རྒྱུ་མེད་དམ་ཞུས་པས། དྲན་པས་སྐུལ་བ་ཙམ་ལས། གཞན་ཉམས་སུ་བླང་རྒྱུ་ཅི་ཡང་མེད་གསུང་། ཞུས་ལན་ཐག་ཆོད་པ་ཕུལ་དུ་མེད་པ། བླ་མ་རིན་པོ་ཆེ་ལྷ་རྗེ་ལ། གྲུབ་པ་ཐོབ་པའི་བུ་སློབ་བསམ་གྱིས་མི་ཁྱབ་པ་ཡོད་ནའང་། དེ་རྣམས་ཀྱི་ནང་ནས། ཐུགས་ཀྱི་སྲས་བཞིའམ། གྲུབ་པ་ཐོབ་པ་བཞི་ནི། ཤོར་མ་འཕགས་པ། ཟིམ་ཤི་ཡེ་ཤེས་སྙིང་པོ། གསེར་སྒོམ་ཡེ་ཤེས་སྙིང་པོ། རམ་ཉི་ཆོས་ཀྱི་གཡུང་དྲུང་ངོ་། །བརྒྱུད་པ་འཛིན་པའི་སྲས་བཞི་ནི། དྭགས་པོ་སྒོམ་ཚུལ། རྗེ་ཕག་མོ་གྲུ་པ། འབའ་རོམ་པ་ཆེན་པོ། དུས་གསུམ་མཁྱེན་པའོ། །ཉེ་བའི་སྲས་བཞི་ནི། མཁན་པོ་འདུལ་བ་འཛིན་པ། འགར་སྒོམ་ཞིག་པོ། ལ་ཡག་ཇོ་སྲས། སྐྱེས་བུ་ཡེ་ཤེས་རྡོ་རྗེ། ཉེ་གནས་བཞི་ནི། ཇོ་གདན་ལེགས་མཛེས། སྒོམ་པ་ཤེར་གཞོན། ཉེ་གནས་གསལ་བྱང་། གསལ་ཡེས་རྣམས་སོ། །ཁྱད་པར་ཅན་གྱི་གྲུབ་ཐོབ་གཉིས་ནི། གསལ་སྟོང་ཤོ་སྒོམ། རྣལ་འབྱོར་ཆོས་གཡུང་སྟེ། དེ་རྣམས་ལ་གྲུབ་ཐོབ་བཅོ་བརྒྱད་དོ། །འདི་བྲིས་དགེ་བའི་རྩ་བ་ཡིས། །༼༤བ༽ བདག་དང་འགྲོ་བ་མ་ལུས་པ། །ཉེས་པའི་སྐྱོན་དང་ཡོངས་བྲལ་ནས། །མགོན་པོ་ཟླ་འོད་གཞོན་ནུ་ཡིས། །སྲས་ཀྱི་ཐུ་བོར་གྱུར་ནས་ཀྱང་། །བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག །བསྐལ་བཟང་འགྲོ་བ་ཀུན་གྱི་གཉེན་གཅིག་པོ། །མན་ངག་བདུད་རྩི་ཀུན་གྱི་རོ་གཅིག་པོ། །དམ་ཆོས་མདོ་རྒྱུད་ཀུན་གྱི་མིག་གཅིག་པོ། །ཁྱེད་ཀྱི་ཐུགས་རྗེས་བདག་སོགས་འཛིན་གྱུར་ཅིག། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact