| / Mahamudra / Gampopa |
Gampopa's collected works (10)
༼༡ན༽དུས་གསུམ་མཁྱེན་པའི་ཞུས་ལན་བཞུགས་སོ། །
༼༡བ༽བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རིན་པོ་ཆེ་ལ་ཕྱིས་ཁོ་བོས་གདམས་ངག་ཅིག་ཞུས་ནས། བསྒོམས་པས་ཞག་འགའ་ལོན་པ་དང་གང་ནས་བྱུང་ཆ་མེད་པའི་གསལ་སིང་ངེ་བའི་ཉམས་ཤིག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས། དེ་དཀར་པོ་ཅིག་ཐུབ་བྱ་བ་ཡིན་པས། སང་གནངས་དང་ཕྱིས་རྟག་ཏུ་དེ་ཙུག་འོང་བ་ཡིན་པས་རྒྱབ་ཡོལ་དྲོ་བར་གྱིས། གོས་སྲབ་པར་གྱིས་ལ་སྒོམས་དང་། ཤེས་པ་བཀོལ་དུ་བཏུབ་པར་འདུག་གིས་གསུང་། དེ་ནས་བཟའ་མེད་ནས་བཟའ་འཚོལ་དུ་ཕྱིན་པས། ཟླ་བ་གསུམ་དུ་མ་མཇལ། དེ་ནས་འོལ་ཀ་སྲུབ་ན་བཞུགས་ནས་འདུག །དེར་ཕྱིན་ནས་ཞག་འགའ་བསྒོམས་པས། བདེ་གསལ་མི་རྟོག་པའི་ཉམས་གཤའ་མ་ཞིག་བྱུང་ནས། ཞུས་པས། ཧུ་རེ་མཛད་ནས་ད་ལྟ་སྒོམ་བཟང་བར་འདུག་སྟེ། དེ་རྩ་བ་གང་ནས་བྱུང་གསུང་། མ་ཤེས་བྱས་པས་འོ་ན་ད་རུང་དེ་ཀ་ཙུག་བསྒོམ་དགོས་པ་ཡིན་གསུང་། ཡང་ཞག་འགའ་བསྒོམས་པས་བདེ་གསལ་དེ་འགྲོ་བའི་ལམ་ཀུན་ཏུ་ཡང་དེ་སེམས་ཡིན་སྙམ་༼༢ན༽པ་ཞིག་བྱུང་། རྣམ་རྟོག་ཡང་སེམས་སུ་ཤེས་པ་བག་རེ་ཡོང་བར་འདུག་ཞུས་པས། རིན་པོ་ཆེའི་ཞལ་ནས། བདེ་གསལ་དང་དྲོད་ལ་སོགས་པ་ཅི་བྱུང་ཡང་ཡུན་མི་རིང་བར་ཡང་ཡང་བསྒོམ་པ་ཡིན་གསུང་། ཡང་ཞག་འགའ་རེ་བསྒོམས་པས། ལྟེ་བའི་འོག་ཏུ་ཚ་བ་མི་བཟོད་པ་ཞིག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས་རླུང་བག་རེ་ཚུད་པར་འདུག་སྟེ། རྩ་ནང་དུ་རླུང་བྱུང་བས་དེར་རྣམ་རྟོག་ཞུགས་པ་ཡིན་པས་ཞག་འགའ་གཏུམ་མོ་རང་མ་བསྒོམ་གསུང་། མ་བསྒོམས་ཀྱང་གཏུམ་མོ་རང་དྲན་པ་ཙམ་གྱིས་ཀྱང་དེ་ཙུག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས་དེ་ཐམས་ཅད་རྣམ་རྟོག་ཡིན་པས་ལྟེ་བ་མན་ཆད་དུ་འཇམ་རླུང་བཟུང་ལ། ཕྱག་རྒྱ་ཆེན་པོ་རང་བསྒོམ། རླུང་རང་འགྲོར་ཐོང་གསུང་། ཡང་ཐེབས་ཅིག་བསྒོམ་བྱ་སྒོམ་བྱེད་ཀྱི་སྣང་གྲགས་འདི། ཅི་ཡང་མ་མཐོང་བར་རིག་པ་གསལ་སིང་ངེ་བ་ཞིག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས། ལྐུག་པས་རྨི་ལམ་རྨིས་པ་དང་། གཞོན་ནུ་མའི་བདེ་བ་ལྟ་བུ་ཟེར་བ་སྟེ། བཤད་པས་མི་ཤེས་༼༢བ༽པ་ཡོད། ཁྱོད་རང་བསྒོམ་ཞིག་ཅི་ཤེས་པ་བྱེད་པ་ཡིན་པས། དྲི་རྒྱུ་མ་བདེ་བ་ཅི་བྱུང་ཡང་མཚམས་དམ་ཡང་ཤོག་གསུང་། ཡང་ནུབ་ཅིག་རྨི་ལམ་ན། དགེ་སློང་གཅིག་གིས་སྔར་མ་ཐོས་པའི་ཆོས་ཅིག་བཤད་པ་རྨིས། དེ་གསལ་བ་ཞིག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས། དེ་ལ་ཁྱོད་དགའ་བར་འདུག་གམ་གསུང་། འདུག་བྱས་པས་བཀའ་བཀྱོན་དྲག་པོ་ཞིག་མཛད་ནས། ཁོ་དེ་མངོན་སུམ་དུ་ཡང་ཆོ་འཕྲུལ་སྣ་ཚོགས་བྱུང་བ་ལས། དེ་ཐམས་ཅད་སྒྱུ་མར་ཤེས་ན་ལམ་དུ་འགྲོ་བ་ཡིན། བདེན་པར་བཟུང་ན་བར་ཆད་ཡིན་པས། སེམས་ལ་ཅི་བྱུང་བ་ཐམས་ཅད་བཟང་ཡང་དང་དུ་མི་བླང་། ངན་པ་བྱུང་ཡང་མི་སྤང་། དེ་ཐམས་ཅད་གཉིས་མེད་དུ་ཤེས་པར་བྱེད་པ་ཡིན། དེ་ལྟར་མ་ཤེས་ན་མི་འདོད་པ་ཞིག་བྱུང་བའི་དུས་སུ། དེ་བར་ཆད་དུ་འགྲོ་བ་ཡིན་གསུང་། ཡང་གཏུམ་མོ་བསྒོམས་པས་དྲོད་སྐྱེས་པའི་དུས་སུ། ཉོན་མོངས་པའི་འཆིང་བར་སོང་ཞུས་པས། རིན་པོ་ཆེའི་ཞལ་ནས། དེ་བྱང་སེམས་རྒྱས་པ་ཡིན་པས། དེ་བདེ་བར་འཁྱེར་བ་ཡིན། རྡོ་རྗེ་ནོར་བུ་ནས་ཡར་བཀྲམ་ནས། སྤྱི་བོ་མན་ཆད་བདེ་ལྟེམ་ལྟེམ་སོང་བར་བསྒོམ་པ་ཡིན། དེ་ནས་མར་ལ་ཐིག་ལེ་འཆོར་འཆོར་འདྲ་ན། རང་གི་སྤྱི་བོར་མ་དམར་སེར་ཞིག་བསམ། རང་གི་མིག་གཉིས་ལྟེ་བར་བསམས་ནས། དེ་ལ་ཡར་བལྟ་བར་བསམ་པ་ཡིན། དེ་ལ་ཡང་ཤེས་པ་མ་ཡེངས་བདེ་གསལ་དུ་འདུག་པ་ལ། རྣམ་རྟོག་རེ་བྱུང་ཡང་སེམས་སུ་ཤེས་པ་འབྱུང་བས། རྣམ་རྟོག་དེ་འཕྲོར་མ་བཏུབ། སྣང་གྲགས་སེམས་སུ་ཤེས་ཏེ་ཡང་འཕྲོར་མ་བཏུབ་ཞུས་པས། རིན་པོ་ཆེའི་ཞལ་ནས་རྣལ་འབྱོར་མ་ག་གཱ་ངྷ་རས། རྣལ་འབྱོར་པ་བཛྲ་ཤྲཱི་ལ། རིགས་ཀྱི་བུ་ཡུལ་ལ་མ་བལྟ་སེམས་ལ་ལྟོས། །བྱ་བ་མ་མང་ཞེ་འདོད་ཀུན་དང་ཕྲོལ། །ཉམ་ང་མ་བྱེད་དོགས་པས་བདག་མ་འཆིང་། །སེམས་ནི་༼༣ན༽གང་དགའ་ཉིད་དུ་ཐོང་ལས་ཐོང་། །ཞེས་གསུངས་པས། བཛྲ་ཤྲཱིས་གྲུབ་པ་ཐོབ་སྐད། གཉིས་མེད་ཤེས་པ་ཆུ་དང་འོ་མ་འདྲེས་པ་འདྲ། །ཉམས་མྱོང་སྤྲིན་ལྟར་ཇི་ལྟར་འགྱུར་ཡང་རུང་། །རྣལ་འབྱོར་ཤེས་པ་གླང་པོ་ལྟ་བུར་གང་རྟོགས་པ། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པ་ཡིན། །རིག་པ་རྣམ་རྟོག་ཕྱིར་འབྲང་མ་ཤོར་བར། །རྣམ་རྟོག་ཅི་བྱུང་སེམས་སུ་ཤེས་པར་གྱིས། །བྱ་བ་ཡིན་པས་རིག་པ་གསལ་སིང་ངེ་བ། ནམ་མཁའ་བཞིན་དུ་སེམས་སུ་ཤེས་དགོས་པ་ཡིན། ཐམས་ཅད་སེམས་སུ་ཤེས་པ་བྱུང་བ་ལ། མཛོ་བོ་བྱང་དུ་སོང་ཡང་སྣ་ཐག་ལག་པར་ཡོད་བྱ་བ་ཡིན། རྣམ་རྟོག་སྤྲིན་དང་འདྲ་བ་ཡིན། རེས་ཅི་ཙུག་ཡོད། རེས་གང་འདྲ་ཡོང་མ་ངེས། དེ་ཐམས་ཅད་ཉམས་བྱ་བ་ཡིན། ཅི་བྱུང་ཡང་ཐམས་ཅད་སེམས་སུ་ཤེས་པར་གྱིས་ལ་སྒོམས་གསུང་། ཡང་ངའི་རིག་པ་གསལ་སིང་ངེ་འདུག་པ་སྟེ། རེས་སྲིད་པའི་རྩེ་མོ་མན་ཆད་རླུང་གི་དཀྱིལ་འཁོར་ཡན་ཆད་པ་ཐམས་ཅད་རང་གི་སེམས་མ་ཡིན་པ་ཅི་ཡང་མི་འདུག་སྙམ་པ་ཞིག་བྱུང་ཞུས་པས། ཀྱཻ་རྡོ་རྗེ་ལས་ངོ་བོ། གཟུགས་མེད་མཐོང་བ་པོ་ཡང་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །ཅེས་པ་དགྱེས་པ་རྡོ་རྗེའི་ལུང་ལས་གསུངས་པས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །བྱ་བ་ཡིན་པས་ལུས་སེམས་ཁོང་གློད་ལ་ཞོག །སྲིད་པ་གསུམ་མན་ཆད། རླུང་གི་དཀྱིལ་འཁོར་ཡན་ཆད་རང་རིག་པ་སེམས་ཡིན། རང་བཞིན་གྲུབ་པ་མེད་གསུང་། ཡང་འོད་གསལ་བྱ་བ་དེ་ཆོས་ཐམས་ཅད་སེམས་སུ་ཤེས་པ་ལ་ཟེར་བ་ལགས་སམ་ཞུས་པས་ཀུན་དེ་ཙུག་ཡིན། གོ་ཙ་ན་འོ་སྐོལ་ལ་རང་གི་རིག་པ་དེ་གསལ་ལ་མ་འགགས་པ། སྐྱེ་འགག་མེད་པ་དེ་འོད་གསལ་བྱ་བ་༼༣བ༽ཡིན་གསུང་། ཡང་གཅིག་པོར་སྡོད་དུས་སུ་དགོད་སྙིང་ཁ་ནས་འདོད། གཉིད་གུང་དུ་དགོད་པ་འོང་བས་མིའི་རྩར་ཉལ་མི་བཏུབ་པར་འདུག་ཞུས་པས། དེ་བདེ་བ་རྒྱས་པ་ཡིན་པས་བཟང་བ་ཡིན་གསུང་། ཡང་ཉིན་གཅིག་ཐབས་ལམ་ཞུ་བྱས་པས། དེ་ཀོ་ཀུན་ཏུ་བཤད་པ་དེས་ཆོག །མ་བསྒོམས་ན་བར་དོ་གདམས་ངག་ཤེས་ཀྱང་མི་ཕན། ཁྱེད་རང་ཡང་ད་རུང་བསྒོམ་ནུས་ན་དེ་བསྐྱངས་པས་ཆོག་པར་འདུག །བར་དོའི་དུས་ཚོད་དུ་ཡང་བསྒོམ་འོད་གསལ་དེའི་རྗེས་སུ་འབྲང་། རང་བཞིན་གྱི་འོད་གསལ་གྱིས་སྔུན་བསུ་བ་ཡིན་གསུང་། བསྒོམ་ནུས་ན་དེས་ཆོག་གམ་ཞུས་པས། རིན་པོ་ཆེའི་ཞལ་ནས་དཀར་པོ་གཅིག་ཐུབ་དེ་ལ་བྱེད་པ་ཡིན། ང་ལ་ཡང་དེ་ལས་མེད་གསུང་། འོ་ན་ངའི་བདེ་བ་གསལ་སིང་ངེ་འདུག་པ་དེ། རེས་ཡེངས་ཐབས་སུ་འབྱུང་། ཉིན་ལ་གསལ་མཚན་ལ་མི་གསལ་ཞུས་པས། རིན་པོ་ཆེའི་ཞལ་ནས་ཁྱོད་ལ་ད་རུང་སྐྱོན་གཅིག་འདུག་པ། གསལ་ན་དགའ་མི་གསལ་ན་མི་དགའ་བའི་སྐྱོན་གཅིག་འདུག །དེ་ཙུག་བྱེད་པ་མིན། རང་གི་རིག་པ་དེ་གསལ་སིང་ངེ་བཞག་ནས་རྣམ་རྟོག་གི་ཕྱིར་མི་འབྲང་རྣམ་རྟོག་ཅི་བྱུང་ཡང་སེམས་སུ་ཤེས། སེམས་སྐྱེ་མེད་ཤེས་པར་བྱེད་པ་ཡིན། སེམས་ལ་ཅི་བྱུང་ཡང་གཉིས་མེད་དུ་ཤེས་དགོས་པ་ཡིན། ཉིན་ལ་གསལ་བ་དེ་རིག་པ་དང་སྣང་བ་འདྲེས་པ་ཡིན། ནུབ་མོ་ཡང་ཅི་ཡང་མ་ཡིན་པའི་བདེ་སིང་ངེ་བ་ཞིག་ཡོད་པ་ཡིན། མི་མང་སར་ཁ་རོག་སྡོད་ལ་སྒོམས། འགྲོ་བའི་ལམ་ཀུན་ཏུ་ཡང་བསྒོམ་བྱུང་ངམ་ལྟོས་གསུང་། དེ་གཉིས་ཀ་ལ་ཁྱད་མེད་པ་འོང་བར་འདུག་ཞུས་པས། འོ་དེ་ཡིན་གསུང་། སྔར་ངས་སྡིག་པ་བག་ཙམ་འཕྲ་བ་ཞིག་བྱས། ལས་འབྲས་བསྒོམ་པའི་དུས་སུ་དེ་དྲན་ཙམ་གྱིས་སྡུག་བསྔལ་ཆེ་བར་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས་དེ་ཀུན་ཐམས་ཅད་༼༤ན༽སྟོང་ཉིད་ཐུན་ཅིག་གིས་འདག་པ་ཡིན། དཔེར་ན་སོག་མ་ཕུང་པོ་ཞིག་ལ་མེ་སྟག་ཅིག་བཏབ་པས་ན་ཐམས་ཅད་དངོས་མེད་ལ་འགྲོ །དེ་བཞིན་དུ་སྔ་མའི་སྡིག་པ་བྱས་པ་ཕྲ་མོ་དེ་རྣམ་རྟོག་ཡིན། སེམས་ཡིན་སེམས་དེ་སྐྱེ་མེད་དུ་བྱས་པས་འདག་པ་ཡིན་གསུང་། ཡང་སྣང་གྲགས་ཐམས་ཅད་སེམས་ཡིན་པར་འདུག །གཞན་ལོགས་ན་མེད་སྙམ་པ་ཞིག་བྱུང་། སེམས་ཀྱི་ངོ་བོ་དེ་ལ་བལྟས་པས་ཐུག་པ་མི་འདུག །ནམ་མཁའ་ལ་མདུང་སྐོར་བ་བཞིན་དུ་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས། སེམས་འདི་རྣམ་རྟོག་གི་ཕྱིར་མ་འབྲང་བར་བཅས་བཅོས་མ་བྱེད་པར་རང་དག་རང་གསལ་དུ་ཞོག་ལ། རྣམ་རྟོག་ལ་མི་འཐད་པ་ཅི་བྱུང་ཡང་། མི་དགའ་བ་མ་བྱེད་པར་དེ་རང་ལ་ལྟོས་དང་། དེ་ལ་ཁ་དོག་མེད། དབྱིབས་མེད། ངོས་བཟུང་མེད། དེ་རིག་པ་རང་གི་ངོ་བོ་ཡིན་པས། གསལ་ལ་མ་འགག་པ་དེ་རང་ཡིན་གསུང་། འོ་ན་བདེ་གསལ་མི་རྟོག་པའི་དུས་སུ་ཡུན་མི་རིང་གསུང་བ་ཞུས་པས། རིན་པོ་ཆེའི་ཞལ་ནས་དེ་མ་ཡིན་བྱས་པ་ལ། ད་རེས་འདི་གསལ་མི་ཟེར་ལུས་བདེ་བ་ཆེ་ལ་གསལ་ལ་མི་རྟོག་པའི་དུས་སུ་དེར་ཡུན་རིང་ན། ཤེས་པ་ལུས་ཀྱི་བདེ་བ་ལ་ཡེངས་ནས། རླུང་བ་སྤུའི་བུ་ག་ནས་ཕར་ཤོར་ནས། ཕྱིས་གྲང་བ་ཅན་དུ་འགྲོ་བ་ཡིན། དགེ་བཤེས་སྤྱན་སྔ་བའི་ལོ་རྒྱུས་ཀྱང་གསུང་། ཡང་ང་ལ་བདེ་གསལ་མི་རྟོག་པ་གསུམ་ལས་གསལ་བ་ཤས་ཆེ། སྐབས་སུ་ངའི་ཤེས་པ་དེ་ཡེངས་ན་དངོས་པོ་ཕྱི་ནང་འདྲེས་ནས། ནམ་ཕྱེད་ཅི་ཡང་མི་དྲན་པ་ཞིག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས་རིག་པ་གསལ་སིང་ངེ་འདུག་པ་དེ། རྩ་བ་སེམས་ཡིན་པས་དེ་མ་ཤོར་བར་གྱིས་ལ། དྲན་ཚད་ཅི་བྱུང་ཡང་རྩ་བ་སེམས་སུ་གྱིས། བཅས་བཅོས་མ་བྱེད་རྟོག་དཔྱོད་མ་བྱེད་པར། ལུས་སེམས་ཁོང་གློད་ལ་གླེན་སྒོམ་རང་༼༤བ༽གྱིས་དང་། དེ་ཡང་ཆུ་མ་རྙོགས་ན་དྭངས་པའི་རང་བཞིན། སེམས་མ་བསླད་ན་གསལ་བའི་རང་བཞིན་བྱ་བ་ཡིན་པས། རྟོག་དཔྱོད་བྱས་བཅས་བཅོས་བྱས། ཆགས་སྡང་བྱས་ན་མི་གསལ་དུ་འགྲོ་བ་ཡིན་གསུང་། ཡང་ཐེངས་ཅིག་ངའི་བདེ་བ་དེ་ཆུང་དུ་སོང་། གསལ་བ་དང་མི་རྟོག་པ་མཉམ་པར་འདུག་ཞུས་པས། ཅི་ཡང་མི་ཉེས་སྔར་བདེ་བ་ཆེ་དུས་སུ། བསྒོམ་ཡུན་རིང་བས་ཡལ་བ་ཡིན་གསུང་། ཡང་ཐེངས་ཅིག་གཉིད་ཐུང་གཅིག་གི་ནང་དུ་ཡང་ཐམས་ཅད་བཙིར་བཏུབ་པ་ཅིག་བྱུང་། དེའི་དུས་སུ་ཡི་དྭགས་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས་དེ་རླུང་སྐྱོན་ཡིན་ཏེ་འོང་། སྐྱོན་ཐམས་ཅད་འདིས་སེལ་བ་ཡིན་གསུངས་ནས། འཁྲུལ་འཁོར་ཟབ་པ་ཞིག་བསྟན་པ་དེས་སེལ། ནང་ཅིག་སྤྱན་སྔར་འབོད་དུ་བྱུང་ནས་ཕྱིན་པ་དང་། རིན་པོ་ཆེའི་ཞལ་ནས་འོ་སྐོལ་གཉིས་རླུང་གིས་ཁྱེར་བས། ཁྱོད་ཀྱིས་ཆོས་ཉན་ནས་བཤད་པ་ལ་གང་གིས་ཀྱང་དེ་མ་ཤེས། ཁྱོད་ཀྱིས་ཆོས་གཤའ་མ་ཞིག་ད་གཟོད་རྙེད་པ་ཡིན་གསུང་། སྔར་གྱི་ཡི་དྭགས་ཀྱི་སྣང་བ་བྱུང་བ་དེ་འདོད་པ་ཡིན་ཏེ། གཞན་གང་ནས་ཀྱང་མ་བྱུང་རང་གི་སེམས་ལས་བྱུང་བ་ཡིན། རང་སེམས་དེ་སྐྱེ་མེད་ཆོས་སྐུ་ཡིན་པས་དེ་བཞིན་དུ་སྒོམས་གསུང་། ཡང་འོད་གསལ་ངོ་ཤེས་པ་དེ་ཞབས་སུ་ཏིམ་ཏིམ་འགྲོ་བ་འདྲ་བ་ཞིག་བྱུང་། དེའི་དུས་སུ་རྟོག་པ་གཅིག་ཀྱང་མི་འཕྲོ་བ་འདྲ་བ་ཞིག་བྱུང་ཞུས་པས། རླུང་བག་རེ་ཨ་བ་དྷཱུ་ཏིར་ཚུད་པ་ཡིན་གཏན་དུ་དེ་མི་འོང་གསུང་། ཡང་ཐེངས་ཅིག་སའི་གཏིང་དུ་འཛུལ་བ་ཞིག་རྨིས། ཉམས་རང་ཡང་དེ་ཙུག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས། འོ་ཅག་རྣམ་རྟོག་ལམ་དུ་འཁྱེར་བ་ལ། རྣམ་རྟོག་ཆུང་ཆུང་སེམས་སུ་ཤེས་པས་མི་འོང་། འོ་ན་ངན་སོང་གསུམ་གྱི་སྡུག་བསྔལ་ལམ། མེར་མཆོངས་པའམ། ཆུར་མཆོངས་པའམ་༼༥ན༽སྡུག་བསྔལ་ཆེན་པོ་ཞིག་ཉམས་སུ་མྱོང་བ་ཞིག་རྨིས་པའམ། ཉམས་སུ་མྱོང་བ་ཞིག་འབྱུང་ན། དེ་ལ་འདོད་ཐོག་ཏུ་བྱེད་ལམ་དུ་བྱེད་པ་ཡིན། ཆོས་གཤའ་མ་ཞིག་གཟོད་ཡོང་བ་ཡིན། དེ་ལ་ནན་ཆགས་ཆེར་གྱིས་ལ། ད་ལྟའི་སྡུག་བསྔལ་དེ་ལ་བལྟས་པས་ཁ་དོག་མེད་དབྱིབས་མེད། དེ་ཐམས་ཅད་རང་སེམས་ལས་མ་འདས། ཐམས་ཅད་སེམས་ཡིན་སེམས་སྐྱེ་མེད་ཡིན་པས་དེ་ཙུག་སྒོམ་དགོས་པ་ཡིན། ཡང་ཞག་འགའ་བསྒོམས་པས་ཉམས་ལ་དམྱལ་བའི་སྣང་བ་བྱུང་ཏེ། སེམས་སུ་ཤེས་པ་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས། སྤྱིར་ཐེག་པ་ཆེན་པོ་གསང་སྔགས་འདི་བདེན་པ་ཟབ་པ་ཡིན། དམྱལ་བ་ཉན་ཐོས་པ་ལྟར་བདེན་བཞིན་པ་མེད། དེའི་ཡུལ་མེད་སེམས་ཀྱི་འཁྲུལ་སྣང་ཡིན་པས། རྣམ་རྟོག་ལམ་དུ་འཁྱེར་བ་འདི་ལས་ཟབ་པ་མེད་པས། ད་རུང་དམྱལ་བའི་ཉམས་བྱུང་བ་དང་། དེ་སེམས་སུ་ཤེས་པར་གྱིས་ལ་སེམས་སྐྱེ་མེད་དུ་ཤེས་པར་གྱིས། དེ་ལ་གོམས་པས་སང་གནངས་ཕྱིས་བར་དོར་དམྱལ་བའི་སྣང་བ་བྱུང་ཡང་སེམས་སུ་ཤེས་པས་དར་གྱི་ཕོ་ལོང་བརྡབས་པ་ཙམ་ཞིག་བྱུང་། སློབ་དཔོན་ཏོག་རྩེ་པའི་ཞལ་ནས། ཤེས་པ་འདི་ལ་བརྟེན་ནས་ནི། །བག་ཆགས་ངན་པའི་སྣང་བ་ཡིས། །དམྱལ་བ་དག་ཏུ་སྐྱེ་སྲིད་ཀྱང་། །དམྱལ་བ་རང་ཡང་བདེ་བ་ཅན། །བྱ་བའི་དོན་ཡང་དེ་ཡིན་གསུང་། །ཡང་སྐབས་ཤིག་ན་སྔོན་རྩ་གསུམ་འདུས་པའི་སར་ནད་ཅིག་བྱུང་། ད་ལྟ་དེའི་ཐད་སོར་སྐྲངས་ནས་འདུག །ཚངས་བུག་ཀྱང་སྐྲངས། ཟས་ཀྱང་མི་འདོད་པ་ཅིག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས། འབྱུང་བའི་ནད་ཀྱང་བག་རེ་ཡིན། སྒོམ་ཆེན་པའི་ནད་ཕལ་ཆེར་ཆོས་བསམ་པ་དང་སྒོམ་པ་མ་ལགས་པ་རྣམ་རྟོག་ནད་དུ་སོང་བ་ཡིན། གཉིས་མེད་བསྒོམས་༼༥བ༽པས་གཉིས་སུ་ཤོར་བྱ་བ་ཡིན་གསུང་། ནད་ཐམས་ཅད་རེ་དྭོགས་རང་ཡིན། རེ་བས་འཕུང་དོགས་པས་འགག་བྱ་བ་ཡིན་པས་ནད་དེ་རང་ལ་ལྟོས་དང་། ཁ་དོག་མེད་དབྱིབས་མེད་ཐམས་ཅད་སེམས་ཡིན་པས། ནར་སོང་གིས་དོགས་པའི་དོགས་པ་མ་བྱེད། སོས་སུ་རེ་བ་མ་བྱེད། འདིས་གོ་བཅད་པ་ཡིན་སྙམ་དུ་བྱ་གསུང་། ཡང་མཉམ་བཞག་ལ་གསལ་སིང་ངེ་འདུག །དེའི་དུས་སུ་ཉིན་ཅིག་བྲག་ཁ་ཞིག་ན་ཕར་སོང་བ་ལ་རྨི་ལམ་ཡིན་སྙམ་ནས་གཡང་དེ་ལ་དེའུ་སོང་ཞུས་པས། རིན་པོ་ཆེའི་ཞལ་ནས་དང་པོའི་སྣང་བ་དེ་བན་བུན་དུ་སོང་བ་ཡིན། གཉིས་པ་དེ་འོད་གསལ་གྱིས་ཁྱབ་པ་ཡིན། གསུམ་པ་དེ་སེམས་ནང་དུ་གནས་པ་ཡིན། དེ་ཀུན་ལ་བཅོས་རྒྱུ་མེད་གསུང་། ཡང་ཐེངས་ཅིག་རིག་པ་རང་གསལ་ཅི་ཡང་མ་རྡུགས་པ་ཞིག་བྱུང་། གཞན་ཅི་ཡང་མཐོང་བ་མེད་པ་རེ་རེ་ཙམ་བྱུང་། དེ་ལ་གོམས་པར་བྱས་ན་འབྱུང་བའི་རིམ་གྱིས་བསྡུས་ནས། ཡུལ་འདི་དོར་ནས་རིག་པའི་ངོ་བོ་དེ་ཆོས་ཀྱི་སྐུ་ཡིན་ནམ་ཞུས་པས་ཅི་ཡང་ལུས་སེམས་གཉིས་སུ་བྱས་ཀྱང་གཉིས་སུ་མ་སོང་། ཐམས་ཅད་འོད་གསལ་དུ་སོང་ནས་དངོས་པོ་དང་མཚན་མ་མེད་པ་ཞིག་ལ་སངས་རྒྱས་ཟེར་བ་ཡིན་གསུང་། ཡང་ཐེངས་ཅིག་དྲོ་སྐད་རེ་རེ་ཙམ་དུ་དྲན་པ་མེད་པར་སོང་བ་ཞིག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས། འོ་དེ་མི་འདོད་ཤོས་ཅིག་པོ་དེ་ཡིན། སྔོན་ཡང་དེ་འདྲ་བ་ཞིག་གིས་མགོ་སྐོར་མང་དུ་བྱུང་གསུང་། ཞི་གནས་རབ་ཅིག་ལྷ་མིའི་རྒྱུ་ཙམ་ཡིན། ད་ལྟ་བསྒོམས་བཟང་བ་དེ་སང་གནངས་ཡལ་ནས་འགྲོ་བ་ཡིན། རིག་པ་འདི་རྣམ་རྟོག་གི་ཕྱིར་བྲེང་བྲེང་མ་བཏང་བར། རྣམ་རྟོག་ཅི་བྱུང་སེམས་སུ་ཤེས་པར་གྱིས། གཉིས་བྱུང་སེམས་སུ་ཤེས་པར་གྱིས། རྣམ་རྟོག་ཅི་ཙམ་མང་བ་ཡིན་ན། རྣམ་རྟོག་མི་འདོད་པ་རེ་རེ་བྱུང་བའི་དུས་སུ། རིག་པ་དེ་ལ་གཏོད་ལ་སེམས་སུ་ཤེས་པར་གྱིས། ཡང་མ་ནུས་ན་གློད་ལ་ཞོག་༼༦ན༽གསུང་། ཡང་བསྒོམས་པས་མགོ་དང་རོ་སྟོད་ན་བ་ཞིག་བྱུང་སྟེ་སེམས་སུ་ཤེས་པ་རང་གིས་ཕན་ནམ་ཞུས་པས། དེ་ལ་གནད་ཅིག་ཡོད། ན་བ་དེ་རང་གི་སེམས་སུ་ཤེས་པར་བྱས་ལ་དེ་ནས་ནད་དེ་སོས་པར་བྱ་སྙམ་པ་ཅི་འབྱུང་ན། དེ་སྟོང་པ་ཉིད་ཉོན་མོངས་པའི་གཉེན་པོར་ཤོར་བྱ་བ་ཡིན། ནད་དེ་རང་ལ་བལྟས་པས་ཁ་དོག་དང་དབྱིབས་གང་གིས་ཀྱང་ངོ་བོར་མ་གྲུབ་པ་དེ་ཡང་སེམས་ཀྱི་རང་བཞིན་དུ་ཤེས་པས། ནད་ཞི་བ་ཆོས་ཉིད་ཡིན་གསུང་། ཡང་ཐེངས་ཅིག་སྔར་དང་མི་འདྲ་བ་ཞིག་བྱུང་། གནས་པ་དེ་ཡང་ཆུང་དུ་སོང་། རིག་པ་སིང་ངེ་གཏད་པའི་དུས་སུ་རྣམ་རྟོག་ཅི་བྱུང་དེའི་ངང་དུ་སོང་། རྣམ་རྟོག་རེ་རེ་བྱུང་ཉམས་དེ་བས་བཟང་དུ་སོང་། དེར་རིག་པ་ལྷོད་དེ་བྱས་པའི་དུས་སུ་ནང་དུ་ཡང་གསལ་སྟོང་གི་ཉམས་ཅི་ཡིན་ཆ་མེད་པ་ཞིག་བྱུང་། རྗེས་ཐོབ་ལ་འབྲས་བུ་སེམས་སུ་འདུག །སེམས་ལས་ཕྱི་རོལ་གང་ཡང་གྲུབ་པ་མེད་པར་འདུག་ཞུས་པས། རིན་པོ་ཆེའི་ཞལ་ནས། འོ་ན་དེ་རང་ཡིན། སྤྱོད་འཇུག་ལས། གཉའ་ཤིང་གང་ལ་བལྟ་ཞེས་བཤད་དེ་ཤེས་པ་རྒོད་པར་འདུག་པས། ཁྲུ་གང་ཙམ་དུ་དངོས་པོ་ཆུང་བ་ཞིག་ལ་རིག་པ་ལྷན་ནེ་བཏང་ནས་རྣམ་རྟོག་གང་མི་འདོད་པ་ཅི་བྱུང་ཡང་དེ་ལ་རིག་པ་གཏོད་པ་ཡིན། བྱིང་བ་འདྲ་ན་ཡང་གཏོད་པ་ཡིན། དེ་ནས་ཤེས་པ་རུང་དུ་སོང་ནས་ཐག་རིང་དུ་ཡང་གཏད་པས་ཆོག །ཞི་གནས་དང་སེམས་ཉིད་ཀྱི་དོན་ལ་གནས་པ་གཉིས་མི་གཅིག །ཞི་གནས་ནི་ཅི་ཡང་དྲན་པ་དེ་ཡིན། སེམས་ཉིད་ཀྱི་དོན་ལ་གནས་པ་རིག་པ་གཏད་པའི་དུས་སུ། རྣམ་རྟོག་ཅི་བྱུང་གསལ་སྟོང་གི་ཉམས་སུ་སོང་བ་དེ་ལ། བག་ཡུན་རིང་ཡང་མི་ལྟོ། དེ་རིག་པ་སྒོར་ཏོན་བཏོན་པ་བྱ་བ་ཡིན། ལར་རིག་པ་ཀུན་ཁྱབ་པ་བྱ་བ་ཡིན་གསུང་། ཡང་འཇམ་རླུང་མནན་པའི་དུས་སུ་གཤའ་མ་མནན་རྒྱུ་ནི་མེད། དྲོད་ནི་ཆེ་བར་འདུག་ཞུས་པས། རིན་པོ་ཆེའི་ཞལ་༼༦བ༽ནས། རླུང་དག་པར་འབྱོངས་བྱ་བ་ཡིན། བཟང་དེ་ཀ་བཞིན་བསྒོམས་པས་ཆོག །དེ་བས་ཀྱང་རིག་པ་རང་མ་ཡེངས། ཚན་ཅིག་ན་ད་རེས་ང་ལ་ཅིས་ཀྱང་མི་གནོད་པས་བསྡད་པ་བས་འགྲོ་བ་རང་འཕེལ་ཟེར་ཏེ། དེ་ཙ་ན་གནོད་བདོ་བ་ཡིན་ནོ། །འོ་ན་ད་རུང་འོ་སྐོལ་གཉིས་གཏམ་པས་སྡུག་པར་འདུག་སྟེ་ཡང་གོམས་པས་ཡིན་གསུང་། འོ་ན་རིག་པ་གཏད་པའི་དུས་སུ་དངོས་པོ་གང་ལ་མཐོང་བ་མེད་པར་གསལ་སྟོང་དེ་ལ་ཡུན་རིང་ཡང་སྐྱོན་ཅང་འོང་ངམ་ཞུས་པས། རིན་པོ་ཆེའི་ཞལ་ནས། དེ་ལ་ཡུན་རིང་དྲགས་ན་ཡང་ལྟེངས་པ་དང་། རྨུགས་པའི་ཞད་ཅིག་ཡོད་པས། ཤིགས་ཀྱིས་བཤིགས། ལྷོད་ཀྱིས་གློད་ནས། ཕྱི་ནང་མེད་པར་གསལ་སྟོང་གི་ཉམས་འབྱུང་བ་ཡིན་པས། ཡང་ཡང་བསྒོམ་པ་ཡིན་གསུང་། དེའི་དུས་སུ་གསལ་སྟོང་གི་ཉམས་ཅི་ཡིན་ཆ་མེད་པ་ཞིག་བྱུང་ཞུས་པས། དེ་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བྱ་བ་ཡིན། འོ་སྐོལ་གྱིས་དེ་ག་ནས་ཤེས་གསུང་། ཡངས་ཐེངས་ཅིག་གསལ་ཡང་གཏད་པ་མེད་པ་དེ་གཞི་མེད་དུ་འགྲོ་བར་འདུག་ཞུས་པས། དེ་དོན་དམ་གཉུག་མ་རང་གི་ངོ་བོ་བྱ་བ་ཡིན། དེ་བཞིན་དུ་ནད་ཀྱི་དངོས་པོ་ཅི་བྱུང་ཡང་། དེ་ལ་རིག་པ་གཏད་པས་གཞི་མེད་དུ་འགྲོ་བ་ཆོས་ཉིད་ཡིན། དེ་བཞིན་དུ་གདོན་དང་ཆོ་འཕྲུལ་ལ་སོགས་པ་གང་ཅི་བྱུང་ཡང་། དེ་རང་ལ་རིག་པ་གཏོད་པ་ཡིན་གསུང་། ཡང་དངོས་པོ་ལ་སོགས་པ་རིག་པ་གཏོད་པ་དེ་ལ། ཐག་ཉེ་རིང་ལ་ཁྱད་ཅི་ཡོད་ཞུས་པས། ཤེས་པ་རྒོད་པ་ལ་ཐག་ཉེ་བ་དངོས་པོ་ཆུང་བ་ལ་ཤེས་པ་གཏོད་པ་ཡིན། བྱིང་ན་ལག་མཐོན་པོའི་དངོས་པོ་ཆུང་བ་ལ་ཤེས་པ་གཏོད་དགོས་པ་ཡིན། ཡང་ཐེངས་ཅིག་སྒོམ་པའི་དུས་སུ། རྗེད་ཐབས་ལ་དངོས་པོ་ཅི་ཡང་མེད་པས་སྟོང་པ་ཙམ་ཙམ་པ་རེ་བྱུང་ཞུས་པས་དེ་ཀུན་ཐམས་ཅད་ཉམས་ཀྱི་ཁྱད་པར་ཡིན། སྟོན་པ་རྣམས་ཀྱི་༼༧ན༽དབུ་མའམ། སེམས་ཙམ་ཕ་རོལ་ཕྱིན་པའམ། སྔགས་སམ་གྲུབ་མཐའ་མི་འདྲ་བ་རེ་རེ་འདོད་པར་འདུག་སྟེ། བསམ་ཕུགས་གཅིག་ཡིན། ཆོས་ཐམས་ཅད་སེམས་སུ་མ་འདུས་པ་གཅིག་ཀྱང་མེད། བསམས་པས་བདེ་གསལ་དུ་སིང་ངེ་འདུག་པ་དེ་གཅིག་པོ་བསྐྱངས་པས་ཀྱང་ལྷར་སྐྱེ་ངེས་སྙམ་པ་ཞིག་བྱུང་ནས། འོ་སྐོལ་རང་གི་ལྷན་ཅིག་སྐྱེས་སྦྱོར་འདི་གདམས་ངག་ཟབ་པར་འདུག །རྣམ་རྟོག་བྱུང་བ་གང་བྱུང་། གང་མི་འདོད་པ་ཅི་བྱུང་ཡང་སེམས་སུ་ཤེས་པར་བྱེད། ཅི་དང་ཅི་བྱེད་པ་ཐམས་ཅད་རྨི་ལམ་སྒྱུ་མ་ཙམ་ལ་སེམས་སྦྱོང་བ་ཡིན་ནོ་གསུང་། ཡང་ཐེངས་ཅིག་དངོས་པོ་རེ་རེ་ལ་རིག་པ་དྭངས་ཏེ་ཧྲིག་གེ་གཏད་པའི་རྗེས་ལ། ལྷོད་ཀྱིས་གློད་ནས་བཞག་པས། དངོས་པོ་གང་ཡང་མེད་པར་གསལ་སྟོང་ངང་དུ་ཆམ་ཆམ་འདུག །དེའི་དུས་སུ་གང་འདོད་པའི་སར་སོང་ཡོང་། རྩིག་པ་དང་རི་ལ་ཡང་རྡུགས་རྡུགས་མི་འདྲ་བ་ན་ཞུས་པས། འོ་དེ་ཁྱོད་ཀྱི་དེ་ཉམས་བཟང་པོ་དཔེ་མེད་ཅིག་ཡིན། ལྟ་བ་ནི་དངོས་པོ་རིག་པ་གསལ་སིང་ངེ་བ་དེ་ཡིན། དེ་སངས་རྒྱས་ཀུན་གྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་ཡིན་ཏེ། དེ་ལ་བརྟེན་ནས་བསྒོམས་པས་ད་རུང་འགྲོ་བའི་སྐས་ཀྱི་རིམ་པ་བཞིན་དུ་འོང་བ་ཡིན། ད་རུང་དེ་འདྲ་བ་བརྒྱ་དང་སྟོང་འོང་གསུང་། རིན་པོ་ཆེ་སྒམ་པོ་པ་དང་། རིན་པོ་ཆེ་མཚུར་ཕུ་བ་གཉིས་ཀྱི་ཞུ་བ་ཞུས་ལན།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བྱིན་རླབས་ཅན་གྱི་རླན་གྱི་དགོན་པ་རུ། །བདག་ཉིད་དབུ་མའི་གནས་སུ་རླུང་ཚུད་པས། །མི་རྟོག་བདེ་གསུམ་དབྱེར་མེད་དོན་མཐོང་ནས། །དེ་ཡི་དོན་རྟོགས་བླ་མ་རྗེ་ལ་ཞུས། །ཞུས་ལན་བརྗེད་འཇིགས་ཅུང་ཟད་ཡི་གེར་བྲིས། །བདག་གིས་བསྒོམས་པས་རྣམ་རྟོག་ཐམས་ཅད་དང་བྲལ་བ། རང་བཞིན་གྱིས་འོད་༼༧བ༽གསལ་བ། ངོ་བོ་བདེ་བ་དེ་གསུམ་དབྱེར་མེད་པ། བརྗོད་དུ་མ་བཏུབ་པ་ཞིག་བྱུང་བའི་དུས་སུ། ནམ་མཁའ་ལ་བྱང་ཆུབ་སེམས་དཔའ་མང་པོའི་གཟུགས་རོལ་མོའི་སྒྲ་སྒྲོགས་ཤིང་། བི་རི་ཏི་རི་གསུང་གིན་གདའ་ན། དེ་ཅི་ལགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་རླུང་དབུ་མར་ཚུད་པ་ཡིན། ཅུང་རང་རླུང་བཅུན་དྲག་པས། རྩུབ་རླུང་དུ་སོང་བ་ཡིན། རྩུབ་རླུང་དང་འཇམ་རླུང་གི་ཁྱད་ཅི་ལགས་ཞུས་པས། རྩུབ་རླུང་ནི་སྟེང་འོག་གི་རླུང་གཉིས་ཀ་ཟུག་དང་བཅས་ནས་ཐུབ་ཚད་དུ་འཛིན་པ་ཡིན་ཏེ། དཔེར་ན་ཡུར་བ་ཆུས་བརྒྱངས་ནས་འབོ་ཞིང་འདྲལ་བ་དང་འདྲ་བར། ལོག་པ་མང་པོ་འོང་བས། མཛེ་ལ་སོགས་པ་སྐྱོན་ཅན་དུ་འགྲོ་ཉེན་ཡོད་གསུང་། འཇམ་རླུང་གི་སྟེང་རླུང་སུམ་ཆ། འོག་རླུང་སུམ་གཉིས་བཟུང་ནས་ལྟེ་བའི་བར་དུ་འཛིན། ཟུག་རྔུ་བྱུང་ཙ་ན་དལ་གྱིས་གཏོང་བ་ཡིན་ཏེ་ལོག་པ་མི་ཡོང་བས་དེ་ལེགས་པ་ཡིན་གསུང་། དེ་གཉིས་ཀྱི་དམིགས་པ་གཏད་ལུགས་ཞུས་པས་འདྲ་གསུང་། འོ་ན་རླུང་དབུ་མར་ཚུད་པ་ལ་དུས་དུ་ཡོད་ཞུས་པས། རང་བཞིན་གྱིས་ཚུད་པ་ལ་བཞིའམ་བརྒྱད་ཡོད་དེ། བཞི་ནི་དང་པོར་སངས་རྒྱས་པའི་དུས་ཚུད། ར་རོ་བ་དང་བརྒྱལ་བ་དང་། ཕོ་མོའི་སྙོམས་འཇུག་དུས་སུ་ཚུད། བརྒྱད་ནི་དེའི་འཁོར་ཡིན། རླུང་གཡས་གཡོན་དུ་འཕོ་བ་དང་། ཞེ་སྡང་དྲག་པོ་སྐྱེས་པ་དང་། གཉིད་མཐུག་པོ་དང་། མིག་གིས་གཟུགས་མཐོང་ནས་འཛིན་པ་མེད་པའི་དུས་དང་བརྒྱད་ལ་འཇུག་སྟེ་ཇི་ལྟ་བའི་དོན་མ་རྟོགས་པས་ཡེ་ཤེས་བྱི་པོ་བྱ་བ་ཡིན། འདིར་བླ་མའི་གདམས་ངག་གིས་ལྷན་ཅིག་སྐྱེས་པའི་རྐྱེན་བྱས་ནས་དུས་གསུམ་དུ་འཇུག་སྟེ། བུམ་པའི་དབང་གི་དུས་དང་། རྨི་ལམ་འོད་གསལ་ཟིན་པ་དང་། རླུང་ལ་སོགས་པ་བསྒོམས་པའི་སྟོབས་ཀྱིས་ཚུད་པའི་དུས་སུ། ཇི་ལྟ་བུའི་དོན་མ་བཅོས་པ་དེ་རྟོགས་པ་ཡིན་གསུང་། ༼༨ན༽འོ་ན་ཙནྜཱ་ལི་ལ་དམིགས་ནས་རླུང་བཅུན་པ་དང་། མི་རྟོག་པ་བསྒོམས་ནས་རླུང་བཅུན་པ་སྟོབས་གང་ཆེ་ཞུས་པས། ཙནྜཱ་ལི་ཆེ་སྟེ་ཙནྜཱ་ལི་ལ་དམིགས་པ་རྣོན་པོས་མ་ཡེངས་པར་བཟུང་ན། དང་པོ་དྲོད་འུར་གྱིས་སྐྱེ། དེ་ནས་བདེ་བ་སྐྱེ། དེ་ནས་མི་རྟོག་པ་ཤུགས་འབྱུང་དུ་འོང་བས་ན། ཙནྜཱ་ལི་བོགས་ཆེ་བ་ཡིན་གསུང་། དང་པོར་དྲོད་སྐྱེས་པར་ཤེས་ནས། བདེ་བ་དང་མི་རྟོག་པའི་གོ་བ་ཇི་ཙམ་ཞིག་ལ་འཇོག་པ་ལགས་ཞུས་པས། ཚད་བཟུང་དུ་མི་བཏུབ་དཔེ་དཔྱིད་ཀྱི་དུས་སུ་ཆུ་དྲོས་པས། འཁྱག་པ་ཀུན་ཞུ་ནས་མྱུ་གུ་སྐྱེ། དེ་ལས་ལོ་མ་དང་། སྡོང་བུ་དང་། མེ་ཏོག་དང་འབྲས་བུ་སྨིན་པ་ལྟར། རླུང་དང་ཙནྜཱ་ལི་ལས་དྲོད་སྐྱེ། དེ་ནས་བདེ་བ་ཟུག་རྔུ་དང་བཅས་པ་ལྟེ་བར་ཅག་གིས་འོང་། དེའི་དུས་སུ་བདེ་བ་དེ་འཁོར་ལོ་བཞི་རུ་སེམས་བཟུང་ནས། སྡོད་པའི་བདེ་བ་ལུས་ཐམས་ཅད་ལ་ཁྱབ་ནས། རྟོག་པ་ཐམས་ཅད་ཤུགས་ཀྱིས་འགགས་ནས། ཟག་པ་མེད་པའི་བདེ་བ་ཆེན་པོ་ཞེས་བྱ་སྟེ། འོག་མ་འོག་མ་ནི་རྣམ་རྟོག་གོང་མ་གོང་མའི་ཤུགས་ལས་འབྱུང་བ་ལས། འདི་ལྟ་བུ་ཡིན་ཞེས་བསྟན་དུ་མི་བཏུབ། བསྟན་པས་རླུང་དབུ་མར་ཚུད་པ་དེ་རང་ཡིན་གསུང་། འོ་ན་རླུང་བཅུན་པའི་མི་རྟོག་པ་དང་། རླུང་མ་བཅུན་པའི་མི་རྟོག་པ་འདྲའམ་ཞུས་པས། མི་འདྲ། རླུང་མ་བཅུན་པའི་མི་རྟོག་པ་དེ་ཚོར་བ་བཏང་སྙོམས། མི་རྟོག་པ་ལྟེངས་པོ་བྱ་བ་ཡིན། རླུང་གིས་བྱིང་རྒོད་ལ་སོགས་པའི་སྐྱོན་བསལ་ནས། མི་རྟོག་པ་རང་གི་མཚན་ཉིད་མངོན་སུམ་དུ་སྐྱེ་བ་ཡིན་གསུང་། འོ་ན་ཚོགས་དྲུག་བཀག་ནས་ནང་དུ་མི་འཇུག་པ་དང་། ཚོགས་དྲུག་མ་བཀག་པར་འཛིན་མེད་དུ་ལྷུག་པར་འཇོག་པ་གཉིས། གང་ལགས་ཞུས་པས། ནང་དུ་འཇོག་པ་དེ་ཀུན་གཞི་དྲན་པའི་ས་བོན་ལ་བསྡུས་ནས། མི་རྟོག་པར་འཇོག་པ་༼༨བ༽ཡིན། ཡང་དག་པ་མ་ཡིན། དེ་ཉན་ཐོས་དང་། མུ་སྟེགས་ལ་སོགས་པ་ལ་ཡང་ཡོད། ཚོགས་དྲུག་འཛིན་མེད་ལྷུག་པར་འཇོག་པ་ཡིན་གསུང་། འོ་ན་ཆོས་ཐམས་ཅད་ཀྱི་འབྲས་བུ་འཆི་བའི་དུས་སུ་དགོས་པ་ཡིན་ལགས་པས། སྒོམ་ཆེན་པ་འཆི་བའི་ཚེ། གནད་གཅོད་ཀྱི་སྡུག་བསྔལ་ལམ། ཤེས་པ་མ་རྙོགས་པའི་གོང་དུ་འཕོ་ན། འཕོ་བ་གང་རྣོ། ཧི་ཀ་ཉི་ཤུ་རྩ་བརྒྱད་དང་བསམ་དུ་མི་རུང་བའི་འཕོ་བ་བྱ་གསུང་། དེ་གཉིས་ཅི་ལྟར་བགྱི་ཞུས་པས། གཞི་སཾ་བུ་ཊི་ནས་བཤད་པ་ལྟར། སྒལ་ཚིགས་ནང་ན་ཡར་པདྨ་འདབ་མ་བཞི་པ་ཉི་ཤུ་རྩ་བདུན་བརྩིགས་པའི་ལྟེ་བར། པདྨ་ཀུན་ལ་རང་གི་ཤེས་པ་ཨས་འཁྲིས་ནས་ཡོད་པར་བསམས་ལ། དཔའ་བོའི་གོ་ཆས་སྨད་ཀྱི་སྲིན་པོ་ལ་སོགས་པའི་སྒོ་བཀག །དཔའ་མོའི་གོ་ཆས་ཁ་ལ་སོགས་པ་སྟོད་ཀྱི་སྒོ་བཀག་ལ། རླུང་ཧིཀ་དྲག་ཏུ་དྲངས་ལ། ཧིཀྐ་ཞེས་བརྗོད་པས། དེ་ལྟེ་བའི་ཨ་དེ་སྐུད་པ་ལ་འཁྲིས་ནས། པདྨ་རེ་རེའི་ནང་དུ་ཐོན་པར་བསམ་པ་ལ་འཕོ་བ་སྦྱོང་དུས། བཅུན་བྱས་ལ། ཡང་ཀ་ཧིཀ་ཅེས། སྟེང་རླུང་ཡང་ནང་དུ་དྲངས། ཨ་ཡང་ཐུར་ལ་དབབ་བོ། །རྒས་ནས་འཕོ་བ་ནི་མ་ནུས། ཉེར་གཅིག་གི་ཧི་ཀས་གྱེན་ལ་དྲངས་ལ། ཀ་ཧིཀ་གིས་མར་མི་དབབ་པར་ཡང་དང་ཡང་དུ་བྱ། འཕོ་བའི་ཚེ་ཉི་ཤུ་རྩ་བརྒྱད་ཀྱིས་དྲངས་ལ། ཤེས་པ་རང་གང་འདོད་ཀྱི་གནས་སུ་བཏང་གསུང་། དེ་ཕར་འཕོའམ་ཞུས་པས། དེས་ཅུང་མི་འོང་སྙིང་འགུལ་བས་སྙིང་འདར་དུ་འོང་། དེའི་རྗེས་ལ་བསམ་དུ་མི་རུང་བའི་འཕོ་བ་བྱ། དེས་ཐེ་ཚོམ་མེད་པར་འོང་གསུང་། འོ་ན་མི་རྟོག་པ་བསྒོམ་པའི་སྒོམ་ཆེན་ཡིན་ན། དེ་ལྟར་བགྱིའམ་ཞུས་པས། ངའི་བླ་མ་ཆེན་པོའི་ཞལ་ནས། འཆི་བའི་དུས་སུ་གནད་གཅོད་ཀྱི་སྡུག་བསྔལ་གྱིས་འཚེར་ན། གོང་དུ་འཕོ་བ་ཡིན་ཏེ། དེ་མི་དགའ་བར་འདུག་གསུང་། ༼༩ན༽འོ་ན་ཇི་ལྟར་བགྱི་ཞུས་པས། འཆི་བའི་དུས་སུ་སེང་གེའི་ཉལ་སྟབས་སུ་གཞོགས་གཡས་པ་འོག་ཏུ་བཅུག་ལ་བློས་ཉལ་ཏེ། ལུས་དང་སེམས་ཕྲལ་ལ་སེམས་དགའ་ལྡན་ལ་སོགས་པར་རང་གང་འདོད་ཀྱི་གནས་སུ་བཏང་སྟེ། དེར་མི་རྟོག་པར་བཞག་པ་རང་དགའ་བ་ཡིན་གསུང་། དེས་འཕོའམ་ཞུས་པས་དགུན་གྱི་མེ་ཏོག་བསྡུས་པ་བྱ་བ། སྟོན་ཀ་སྨིན་པའི་མེ་ཏོག་ལ་རེག་པས་སྤུངས་ཀྱིས་འགྲོ་བ་དང་འདྲ་བར། འཆི་ཀའི་དུས་སུ། འབྱུང་བ་བསྡུས་པའི་གནད་ཀས་ལུས་སེམས་འབྲེལ་བས། གནད་གཅོད་ཀྱི་སྡུག་བསྔལ་ཡང་མི་ཡོང་བར་མྱུར་དུ་འཕོ་བ་ཡིན་གསུང་། འོ་ན་བཙན་ཐབས་ཀྱི་འཕོ་བ་དང་། སྦྱངས་ཏེ་འཕོ་བའི་གོ་བ་ཅི་ཙུག་ལགས་ཞུས་པས་བཙན་ཐབས་སྡིག་པོ་ཆེའམ། མི་ཐ་མལ་པའི་ལུས་སེམས་དབྱུག་པ་ལ་འགྱེལ་བ་ལ་སོགས་པ་ཡིན། སྦྱངས་ཏེ་འཕོ་བ་སྒོམ་ཆེན་པས། ཧིཀྐ་བཅུ་བདུན་པའམ། འཁྲུལ་འཁོར་དྲུག་པའམ། བསྲེ་བ་གོང་ནས་སྦྱོང་བ་དེ་ཡིན་མོད་གསུང་། འོ་ན་འཕོ་བས་བར་དོ་ཇི་ལྟར་འབྱུང་ཞུས་པས། བར་དོ་ལ་རྣམ་པ་གསུམ་ཡོད་དེ། ད་ལྟར་རང་སྐྱེ་ཤི་བར་དོ་བྱ་བ་བར་དོ་རང་ཡིན། རྨི་ལམ་དང་འདྲ་མོད། རྨི་ལམ་བར་དོའི་གདམས་ངག་ད་ལྟ་བསྒོམས་པས་རྨི་ལམ་དུ་འོད་གསལ་ཟིན། དེ་ལམ་ཡིན། སྲིད་པ་བར་དོར་འབྲས་བུའི་འོད་གསལ་དང་བསྲེ་བ་ཡིན་གསུང་། རྨི་ལམ་ཟིན་ནས་རྗེས་སད་པའི་དུས་སུ། ཇི་ལྟར་བསྒོམ་ཞུས་པས་རྗེས་སད་པའི་དུས་སུ། མདང་གི་རྨི་ལམ་དང་ད་ལྟའི་སྣང་བ་འདི་ཁྱད་ཅི་ཡོད་སྙམ་དུ་བསྒོམས་ཏེ། ཁྱད་མེད་པ་རང་ཡིན་གསུང་། འོ་ན་རྔོག་ཇོ་སྲས་པས། གཉིད་ལ་ཆོས་སྐུར་བསྒོམ། རྨི་ལམ་ལ་ལོངས་སྐུར་བསྒོམ་གསུང་བ་དེ་ལགས་སམ་ཞུས་པས། གཉིད་མ་རིག་པ་ཡིན་པས་ཆོས་སྐུར་བསྒོམ་དུ་ག་ལ་བཏུབ། ༼༩བ༽བསྒོམས་ཉམས་མེད་པར་བཤད་པའི་ཆོས་བྱ་བ་ཡིན། རྨི་ལམ་ཟིན་ནས་ཆོས་སྐུ་འོད་གསལ་ངོས་བཟུང་ནས་བསྒོམ་པ་ཡིན་མོད། དེའི་དུས་སུ་རྨི་ལམ་དང་སྒྱུ་ལུས་དང་འབྲས་བུ་འོད་གསལ་བསྲེ་བ་ན་བསྲེ་བ་ཡིན་མོད། འོ་ན་འཆི་བའི་དུས་སུ་འབྱུང་བའི་སྡུད་ལུགས་སམ། སྣང་བ་དང་། མཆེད་པ་དང་། ཐོབ་པ་དང་། འོད་གསལ་གྱི་རྟགས་ཇི་ལྟར་འོང་ཞུས་པས། འཆི་བའི་དུས་སུ་ས་ཆུ་ལ་ཐིམ་པས་ལུས་མི་ཐེག །ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ། དེའི་དུས་སུ་སྣང་བའི་རྟགས་ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང་། རྣམ་རྟོག་བརྒྱད་ཅུ་ལས་ཞེ་སྡང་ལས་གྱུར་པ་སུམ་ཅུ་རྩ་གསུམ་འགགས། མེ་རླུང་ལ་ཐིམ་པའི་དུས་སུ། ལུས་ཀྱི་དྲོད་སྡུད། སྣང་བ་མཆེད་པ་ལ་ཐིམ་པའི་རྟགས། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་རྟགས་མར་མེ་ལྟ་བུ། འདོད་ཆགས་ལས་གྱུར་པ་བཞི་ཅུ་ཐམ་པ་འགག །སྒོམ་ཆེན་པ་ལ་མཁའ་སྤྱོད་ནས་བསུ་བ་འོང་། སྡིག་ཅན་ལ་གཤིན་རྗེའི་ཕོ་ཉ་འོང་། རླུང་གི་འཁོར་བ་ཞིག་ཙ་ན། ཕྱི་དབུགས་རིང་ནང་དབུགས་ཐུང་ལ་གཅོད། སྣང་བ་ཐོབ་པའི་ཕྱི་རྟགས་མུན་པ་ལྟ་བུ། ནང་རྟགས་མར་མེ་ལྟ་བུ། གཏི་མུག་ལས་གྱུར་པ་བདུན་འགག །དེར་ནང་དུ་དབུགས་ཙམ་ལ་གནས་པའི་དུས་སུ། སྤྱི་བོའི་ཕ་ལས་ཐོབ་པའི་ཧཾ་རྡིབ། ལྟེ་བའི་མ་ལས་ཐོབ་པའི་གཏུམ་མོའི་རང་བཞིན་དང་ཨ་ཤད། ཐབས་ཤེས་རབ་ཀྱི་ཡི་གེ་གཉིས་སྙིང་གར་ཕྲད་པས་རོ་མདངས་ས་ལེ་ཞག་གཅིག་གམ་གཉིས་སམ་གསུམ་མམ་བཞིའམ་ལྔ་དྲུག་ཏུ་འོང་། དེའི་རྗེས་ལ་འབྲས་བུའི་འོད་གསལ་ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུའམ། ནང་རྟགས་ནམ་མཁའ་ལ་སྤྲིན་དེངས་པ་ལྟ་བུ་འབྱུང་། དེར་ལམ་གྱི་འོད་གསལ་དང་། འབྲས་བུའི་འོད་གསལ་འདྲེས་པས། ༼༡༠ན༽འོད་གསལ་དེ་ཡང་རང་བཞིན་གྱིས་གསལ་བ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། ཟག་པ་མེད་པའི་བདེ་བས་གང་བ་སྟེ། སྣང་བ་ཡང་བདེ་བའི་རང་བཞིན་དུ་འཆར་བ་ཡིན། དམྱལ་བ་ལ་སྣང་བས་གནོད་པ་མ་བསྐྱལ་ཏེ། སྣང་བ་སྡུག་བསྔལ་དུ་མཐོང་བས་བཅིངས། སངས་རྒྱས་ལ་སྣང་བས་ཕན་མ་བཏགས་ཏེ་སྣང་བ་བདེ་བར་ཤར་བས་གྲོལ་གསུང་། །འོ་ན་ད་ལྟའི་ལམ་གྱི་འོད་གསལ་དང་། རླུང་དབུ་མར་ཚུད་པའམ། དབང་གསུམ་པའི་དུས་སམ། རྨི་ལམ་འོད་གསལ་ལམ་དེ་རྣམས་དང་། འབྲས་བུའི་འོད་གསལ་ངོ་བོ་འདྲའམ། འབྲས་བུའི་འོད་གསལ་དེ་ཡུན་ཇི་ཙམ་མཆིས་ཞུས་པས། ངོ་བོ་འདྲ། ད་ལྟ་ཡང་ལམ་དང་འབྲས་བུ་རླུང་དབུ་མར་ཚུད་པའི་དུས་སུ་འདྲ་སྟེ་ཡུན་ཐུང་། དཔེ་ཚེས་གཅིག་གི་ཟླ་བ་ལྟ་བུ་འོང་། འབྲས་བུའི་འོད་གསལ་དང་འདྲེས་ཙ་ན་ཡུན་རིང་སྟེ། ཐ་མ་ཞག་ཕྱེད་དང་བཞི་འོང་། དཔེ་ཉའི་ཟླ་བ་ལྟ་བུ་ཡིན་གསུང་། དེའི་དུས་སུ་གདམས་པ་ཅན་ལ་བདེ་བ་ལོངས་སྐུ། གསལ་བ་སྤྲུལ་སྐུ། མི་རྟོག་པ་ཆོས་སྐུ། དེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་དང་བཞི་ཚང་བས། ཡོན་ཏན་ཐམས་ཅད་རྫོགས་པའི་བར་དོ་བྱ་བ་ཡིན་ཏེ། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །ཅེས་པ་དང་། དོ་ཧ་ལས། མཁྱེན་པའི་སྐད་ཅིག་གཅིག་ཉིད་ལ། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ལྟར། །རྣམ་རྟོག་མི་མངའ་ཅི་ཡང་ས་ལེ་མཁྱེན། །ཞེས་པ་དེ་ཡིན་གསུང་། འོ་ན་དེ་ལ་གཟུགས་སྐུ་གཉིས་ཀྱི་འགྲོ་དོན་ཇི་ལྟར་འབྱུང་ཞུས་པས། བྱ་བ་དང་བྱེད་པའི་བསམ་པ་མི་མངའ་ཡང་། ལས་དག་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་སྣང་མཚན་དཔེས་བརྒྱན་པར་སྣང་། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ལ་སོགས་༼༡༠བ༽པར་ཐུབ་པ་དྲུག་ཏུ་སྣང་བས་དོན་བྱེད་པར་ཡིན་གསུང་། དེ་རྣམས་སློབ་དཔོན་གང་གི་བཞེད་པ་ལགས་ཞུས་པས། ནཱ་རོ་པའི་བརྒྱུད་པ། བླ་མ་ཏི་ཕུ་པ། བླ་མ་ཨ་དུལ་བཛྲ་དང་། ངའི་འདོད་པ་ལ་ཡང་ད་ལྟའི་ལམ་གྱི་འོད་གསལ་དང་། བར་དོར་ལམ་དང་འབྲས་བུ་བསྲེ་བར་འདོད་པ་ཡིན། བླ་མ་བལ་པོས་ད་ལྟ་རང་འབྲས་བུ་ཡིན་གསུང་བ་ལ། དེའི་ཕྱིར་ཉིན་གྱི་རིངས་ལ་ང་དང་གཉིས་རྩོད་པ་ཡང་ཡང་བྱས་པའི་ལོ་རྒྱུས་གསུང་། འོ་ན་འབྲས་བུའི་འོད་གསལ་དེ་ལ་མ་ཟིན་ན་ཇི་ལྟར་མཆི་ཞུས་པས། བླ་མའི་ལྷན་ཅིག་བྱེད་པའི་གདམས་ངག་གིས། ད་ལྟར་རླུང་དབུ་མར་ཚུད་པའི་དུས་སུ། ལམ་གྱི་འོད་གསལ་ངོ་ཤེས་པས། འབྲས་བུའི་འོད་གསལ་མི་ཟིན་མི་སྲིད། གདམས་ངག་མེད་པ་རྣམས་འོད་གསལ་ལ་བྲེད་ནས། ལུས་ཀྱི་ཚང་འཚོལ་བས་འཁོར་བར་འཁྱམས་པ་ཡིན། གལ་ཏེ་འོད་གསལ་མ་ཟིན་ན། འབྲས་བུའི་འོད་གསལ་ལས་དག་པའི་སྒྱུ་ལུས་བྱ་བ་ཡི་དམ་གྱི་ལྷ་མཚན་དཔེས་བརྒྱན་པར་ལྡང་། མཚུར་སྟོན་དབང་ངེ་ན་རེ། སྡུག་པ་སྙིང་རེ་རྗེ། གཞན་ཀུན་སེམས་ལ་རྟེན་མི་འདོད། ངའི་ལྷ་རྗེ་མར་པ་སེམས་ལ་རྟེན་འདོད། བར་དོ་རུ་སེམས་ཉིད་འདི་ངོ་བོ་ལྷ། ཉམས་མྱོང་བདེ་བ། དོན་སྐྱེ་མེད་བྱ་བ་འབྲས་བུའི་མཐར་ཐུག་ཡིན། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་བདུན་ལྡན་གྱིས་ཟེར། མཐར་ཐུག་གི་འབྲས་བུ་སངས་རྒྱས་གཟུགས་སུ་འདོད། དེ་ལ་བདག་དང་རྩོད་པ་ཡང་བྱས་ཏེ་དེ་མིན། དེ་དག་པའི་སྒྱུ་ལུས་བྱ་བ་ཡིན་ཏེ། དེས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ལ་དབང་བསྐུར་བ་དང་། ཆོས་ཞུས་ནས་མཐར་ཐུག་ས་བཅུའི་བྱང་ཆུབ་སེམས་དཔའ་ཐོབ་པ་ཡིན་གསུང་། འོ་ན་འཕོ་བའི་འབྲས་བུ་དུ་བདོག་ཞུས་པས། སྡིག་པོ་ཆེ་མཚམས་མེད་པ་ལྔ་བྱེད་པ་ལ་བཙན་ཐབས་སུ་འཕོས་ནས་གཟུགས་མེད་དུ་སྐྱེ་བ་དང་གཅིག །༼༡༡ན༽ལྷ་དང་མིའི་འཁོར་ལོས་སྒྱུར་བའི་མངལ་བདམས་ནས་འཕོ་བ་དང་གཉིས། སྦྱངས་ཏེ་འཕོས་པས་འབྲས་བུ་འོད་གསལ་ངོས་བཟུང་ནས་སངས་རྒྱས་པ་དང་གསུམ། འོད་གསལ་ཟིན་པ་དག་པའི་སྒྱུ་ལུས་སུ་ལངས་ནས་འབྲས་བུ་ས་བཅུའི་བྱང་ཆུབ་སེམས་དཔའ་ཐོབ་པ་དང་བཞི་ཡིན་གསུང་ངོ་། །འོ་ན་འོད་གསལ་ལས་རིགས་དྲུག་ཏུ་ཇི་ལྟར་འཁྱམས་ལགས་ཞུས་པས། གདམས་ངག་མེད་པ་རྣམས་འོད་གསལ་ལ་བྲེད་ནས་ལུས་འཚོལ་ཏེ། སྲིད་པ་བར་དོར་ཡིད་ཀྱི་ལུས་ལེན། དེ་ལ་མ་དག་པའི་སྒྱུ་ལུས་ཤེས་བྱ་སྟེ། དེའི་མཚན་ཉིད་ནི། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །ཞེས་གསུངས་པས། འབྲས་བུའི་འོད་གསལ་ལས་སྔར་གྱི་ཡིད་ཀྱི་ལུས་སུ་ལྡང་། གཞན་གྱིས་གང་ལེན་གྱིས་ལྡང་བར་འདོད་པ་ཡང་ཡོད། དབང་པོ་ཀུན་ཚང་ཐོགས་མེད་ལྡན། །ཞེས་གསུངས་པས། སྔར་བས་ཚོར་བ་རགས་པ། ཐོགས་པ་མེད་པ་ནི་ཆོས་ཀྱི་དབྱིངས་དང་། མའི་མངལ་མིན་པ་གཞན་ལ་མི་ཐོགས། གཞན་ལ་རྡུགས་ཟེར་ཏེ་མི་རྡུགས། རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་གསུངས་པས། བར་དོ་ནང་དང་ལྷས་མཐོང་། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །ཞེས་གསུངས་པས། ཡེ་ཤེས་ཀྱི་རྫུ་འཕྲུལ་མིན། སྲིད་པ་བར་དོར་ཚེ་ཇི་ཙམ་ཐུབ་ན། ཞག་བདུན་ནམ་བཅུ་བཞིའམ། ཉི་ཤུ་རྩ་གཅིག་གམ། རྩ་བརྒྱད་དམ། སོ་ལྔའམ། ཞག་གཉིས་སམ། མཐར་ཐུག་ན་ཞེ་དགུ་ཐུབ། དེ་ནས་ཚེ་འཕོ་བས་རྐྱེན་ཕ་མ་ལ་འདོད་ཆགས་ཤིང་མངལ་དུ་འཇུག་པས་ཞེ་སྡང་ངོ་། །འོ་ན་བར་དོར་གསང་སྔགས་གསེབ་ལམ་གྱི་གདམས་ངག་བགྱི་བ་བདོག་སྐད་པ་དེ་གང་ལགས་ཞུས་པས། སྲིད་པ་བར་དོ་ལ་རང་སེམས་མ་ཡེངས་པར་བྱ་བ་དང་གཅིག །ཕ་མའི་མངལ་དུ་མི་འགྲོ་བར་བྱའོ་སྙམ་པས་མངལ་དུ་མི་འགྲོ་བ་དང་གཉིས། འབྲས་བུའི་འོད་གསལ་ངོ་ཤེས་པར་བྱས་༼༡༡བ༽པས། བདེ་བ་ལ་གནས་པ་དང་གསུམ་ཡིན་གསུང་། ཞུས་ལན་ཨྠི་།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་རིན་པོ་ཆེ་ལ། དང་པོར་ཆོས་ཇི་ལྟར་གསན་པ་དང་། བར་དུ་ཇི་ལྟར་གྲུབ་པ་དང་། ཐ་མར་ཐུགས་རྒྱུད་ལ་ཇི་ལྟར་འཁྲུངས་པ་དང་། དང་པོ་ནས་ད་ལྟར་ཡན་ཆད་དུ་སྐུ་ཉམས་ལ་ཁྱད་ཅི་གདའ། རྟོགས་པ་ལ་ཁྱད་ཅི་གདའ། ཕྱིའི་སྣང་བ་འདི་ཇི་ལྟར་གཟིགས། ཐམས་ཅད་སྦ་གསང་མི་མངའ་བ་ཞིག་གསུང་པར་ཞུ་ཞུས་པས། རྗེ་མཉམ་པ་མེད་པའི་ཞལ་ནས་སྤྱིར་ནི་གསང་བར་བཤད་པ་ཡིན། གནས་པའི་ཉམས་སྨྲས་པས་གནོད་ཀྱིན་འདུག །ངོ་བོ་སྐྱེས་ནས་བཟླར་རུང་ནི་མི་རུང་བར་འདུག་སྟེ། གནོད་ནི་མི་གནོད་པར་འདུག །ངས་ནི་ཕན་དུ་རེ་ནས་དེ་སྔ་ཡང་མ་གསང་། ཚོགས་སུ་ཡང་བཟླས། ད་ཡང་ཁྱེད་ལ་བཤད་ན་དང་པོར་སྨན་བསླབས། དེ་ནས་མངའ་རིས་བ་ལ་སྔགས་མང་དུ་ཉན། དེ་ནས་ངའི་གྲོགས་པོ་འགོངས་སྟོན་བྱ་བ་ན་རེ། སློབ་དཔོན་བྱང་ཆུབ་སེམས་དཔའ་ལ་བླ་མ་མི་ལའི་གདམས་ངག་ཡོད་པར་འདུག །མི་ལ་གྲུབ་ཐོབ་ཡིན་གསུང་། འོ་ཅག་སློབ་དཔོན་ལ་ཞུ་ཟེར་བ་ལ། ཅང་གནང་ངམ་བྱས་པ་ལ། ཞུ་དང་གཞན་ཞོར་ལ་འོང་གིས་ཟེར་ནས་ཞུས་པས། ང་ལ་ཞག་བདུན་གནས་པ་བཟང་པོ་བྱུང་ནས་དྲིས་པས། སྒོམ་ཡིན་གསུངས་ནས། སློབ་དཔོན་དང་གཉིས་ཀས་བསྒོམ་དུ་བྱས། འགོང་སྟོན་ན་རེ་ཁྱེད་ལ་ཅིག་བྱུང་བྱུང་འདྲ་ན་ང་ལ་བཟློས་དང་ཟེར། ང་ལ་སྒོམ་ཞིག་བྱུང་བྱས་པ་ལ། ཁོ་ན་རེ་ང་ལ་ཡང་ན་སྒོམ་ཞིག་བྱུང་བའམ། ཡང་ན་མལ་འདི་ཉིད་དུ་ཤི་བ་ཞིག་ལས་མེད་ཟེར་ནས་བསྒོམས་པས་ཁོང་ལ་ཡང་གནས་པ་བྱུང་ནས་མལ་ནས་ཡི་གེ་བྲིས་ནས། འགོང་སྟོན་གྱི་འཁོར་བ་དེར་ཟད་དོ་ཟེར་ནས་འདུག །དེ་ནས་མངའ་རིས་པ་ལ་མཁན་པོ་ཞུས་ནས་ལོ་ཉི་ཤུ་རྩ་དྲུག་ལ་ཆིག་རྫོགས་རབ་ཏུ་བྱུང་། ལོ་ཉི་ཤུ་རྩ་༼༡༢ན༽བརྒྱད་ལ་འགོང་སྟོན་དང་གཉིས་དབུ་རུར་ཕྱིན། དགེ་བཤེས་སྙུག་རུམ་པ་ལ་བཀའ་གདམས་ཀྱི་གདམས་ངག་ཞུས། སེམས་བསྐྱེད་ཀྱང་ཞུས། དུས་ད་ལྟ་ཕན་ཆད་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དང་འབྲལ་མ་མྱོང་། དེར་མི་མང་པོའི་གསེབ་ཏུ་བསྡད་པས་སྔར་གྱི་སྒོམ་ངན་དུ་སོང་བས། བློ་མ་བདེ་ནས་རྒྱ་ཡོན་བདག་ཅན་དུ་བསྒོམ་ཟེར་ནས་དེར་ཕྱིན། དེ་ན་མི་ཉུང་བས་གནས་པ་ལ་སྐྱེད་བྱུང་། དེར་ལམ་རིམ་གྱི་ཁྲིད་ནས་མི་རྟག་པ་དང་ལས་འབྲས་འཁོར་བའི་ཉེས་དམིགས་བསྒོམས་པས་སྔར་གྱི་ཉམས་འགྱུར། སྔར་བདེ་སྟོང་གི་ཉམས་ཡོད་པ་ལ་ཕྱིས་བློ་སྣ་ཐུང་དུ་སོང་། སྐྱོ་བ་ཡིད་འབྱུང་བ་ཤས་ཆེ་བར་བྱུང་། འགོང་སྟོན་ན་རེ་ཅི་ལྟར་བྱུང་ཟེར། ང་ལ་དེ་ལྟར་བྱུང་བྱས་པ་ལས། ང་ལ་ཡང་འདི་ལྟར་བྱུང་བཀའ་གདམས་འདི་ཀུན་ཅིག་གཅིག་ཡོད་ཡོད་འདྲ་ཟེར། དེར་ལོ་གསུམ་བསྡད་ཙ་ན་བླ་མ་མི་ལ་དེ་གྲུབ་ཐོབ་ཡིན་པར་འདུག །ད་ལྟ་ཞལ་བཞུགས་པ་ལ་ཡུད་ཅིག་མ་སྐོར་ན་ཕྱིས་འགྱོད་ཡོང་བསམ་ནས། འགོང་སྟོན་དང་གཉིས་ཡར་འགྲོ་བའི་ཞུ་བ་བྱས་པ་ལ། འདིར་བསྡད་ན་ཐབས་ལམ་གྱི་སྟེང་དུ་སྐྱེལ་བ་ཡིན་ཏེ། ཁྱེད་འགྲོ་ན་ཡས་མ་རང་ཅན་དུ་ཤོག་ཅིག་གསུངས་ནས། དེ་ནས་ཕྱིན་པས་མགུར་མོར་སླེབ་དུས། འགོང་སྟོན་ན། ཁོའི་རོགས་བྱས། ཨེ་ན་མགོ་ཐེག་པ་རང་བཞག་ནས་ཕྱིན། བླ་མ་དང་དེ་རིང་མཇལ་ཏེ་འོང་བའི་ད་ནང་། བླ་མའི་ཞལ་ནས་དི་རིང་ངའི་འདིར་དབུས་པ་སྟོན་པ་གཅིག་འོང་བ་འགྲོ་བ་ལ་ཕན་ཐོགས་པ་ཞིག་འོང་བར་འདུག་གསུང་། ནག་པོ་ཆར་དུ་བྱས་པའི་ཁ་ཡར་འདུག་པ་ཞིག་ཏུ་ཕྱིན་ནས། ང་ཐག་རིང་བས་ལུས་སེམས་དུབ་ནས་འདུག་ཙ་ན། ཁོང་ན་རེ་ཨ་རེ་སྐྱིད་ཟེར། སྐྱིད་པ་ཇི་ལྟར་ཡིན་བྱས་པས། ད་ནང་བླ་མ་འདི་སྐད་གསུང་བྱས་པ་ལ། སྔར་གྱི་དུབ་པ་ཀུན་སིང་གིས་སོང་། དེ་ན་འདུག་༼༡༢བ༽ཙ་ན་བླ་མའི་ཉེ་གནས་སེ་བན་སྟོན་ཆུང་བྱ་བ་གཅིག་བྱོན། ཡས་ཀྱི་ཆོས་ཞུ་རོགས་ངས་བྱེད་པ་ཡིན། བླ་མའི་སྤྱན་སྔར་ལོ་སུམ་ཅུ་རྩ་གཅིག་ལ་གཤེགས་ཟེར་ནས་ཕྱིན། ཕྱག་མང་པོ་ཡང་དག་པར་འཚལ་ནས། ཟླ་བ་བཞིའི་ལམ་ནས་ཡོང་བས་ཐུགས་ལ་བཏགས་པར་ཞུ་བྱས་པ་ལ། ཁྱོད་ཀྱི་ཟླ་བ་བཞི་བས་ངའི་གན་དུ་རྒྱ་གར་ནས་ཀྱང་འོང་གསུང་། ངེད་གཉིས་འོངས་ནས་ཟླ་བ་གཅིག་ན་ནས་ལུས་བྱས་པ་ལ། ང་དང་ལས་འབྲེལ་མེད་པ་ཞིག་འདུག་གསུང་། བཀའ་གདམས་པའི་དགེ་བཤེས་ཀུན་ཐུགས་ལ་འདོགས་པར་འདུག་པ་ལ་མ་ཆགས་པར་མདའ་བཏང་བ་བཞིན་བླ་མའི་སྤྱན་སྔར་ཕྱིན། ལས་འབྲེལ་ཚན་ཆེན་པོ་ཡོད་པར་འདུག །དེར་གདམས་ངག་ཞུས་ཙ་ན། བླ་མ་བྱང་ཆུབ་སེམས་དཔའི་གདམས་ངག་ཡག་པར་མ་ཐོབ་པར་འདུག །བླ་མ་ལ་སྔར་གྱི་བསྒོམས་སྟངས་ཕུལ་བས་ཡགས་པར་འདུག་སྟེ་དེ་ཚོད་ཙམ་ཡིན་གསུང་། ལན་ཅིག་ཆོས་འདྲི་མ་ཡག་པ་ཞིག་ལ་ལྟེང་ལྟེང་པོ་དེ་འདྲ་མ་བསྒོམས་པར། སྲོག་རྩོལ་སྒོམས་གསུང་། ལན་ཅིག་ཙ་ན་སེ་བན་སྟོན་ཆུང་དང་། བླ་མ་ཆོས་གཏམ་ཤོར་བས། ངས་སེ་བན་སྟོན་ཆུང་གི་ཞོར་བཀྱགས་པས། ཁྱོད་རང་ཡང་སྒོམ་འབུལ་བའི་ལུགས་འདི་སྐད་ཟེར་བ་ཡིན། ང་ཁྱོད་ལྟར་བསྒོམ་ཙ་ན་ཅིག་གནང་བ་གསུང་། བླ་མ་དེ་ལ་བསྒོམ་དུ་མི་བྱེད་པར་འདུག་སྙམ། ངས་ཆོས་དྲི་མ་མཁས་པས། བླ་མའི་ཞལ་ནས་གླེན་པ་ཁྱོད་ལས་ཀྱང་འདྲི་མང་བ་མ་བྱུང་གསུང་། དགུན་སྨད་ཙ་ན་ཁྱོད་སྒོམ་རེམ་པོ་འདུག་པས། རས་ཐུབ་ཏུ་རུང་བ་ཡིན་ཏེ་གསུང་། རས་ཤིག་གོན་ནས་བསྒོམས་པ་ལ་ཡག་རབ་ཏུ་འདུག་པ་ལ། གཉིད་ཐུན་ཅིག་ལོག་ནས་སད་ཙ་ན་ལུས་པོ་རྡོ་བ་བཞིན་དུ་སོང་ནས་མི་ཡོང་བར་འདུག །དབྱར་དེ་བསྒོམས་པས་སྟོན་དྲོད་དེ་དུས་གཅིག་ཏུ་བྱུང་ནས། ༼༡༣ན༽ལུང་པ་སུམ་ཤོར་གྲོང་མོ་ཞིག་གི་མདོར་བསྐྱས། དེར་རས་ཧྲུལ་པོ་ཞིག་གོན་ནས་འདུག་ཙ་ན། བླ་མ་བྱོན་ནས་དེས་དྲོས་སམ་གསུང་། ད་ལྟ་དྲོ་བར་གདའ་སྟེ། དགུན་ཀྱང་དྲོས་སམ་ཞུས་པས། དེ་ནས་དྲོར་འགྲོ་བ་ཡིན། ད་ལྟ་ང་བས་ཁྱོད་བཟང་བར་འདུག་གསུང་། ལོ་སུམ་ཅུ་རྩ་གཉིས་ལ་མར་ཡོང་། ལར་ཟླ་བ་བཅུ་གསུམ་ལས་མ་བསྡད། མར་འོངས་ཙ་ན་བར་ཆད་ལ་གཟོབས་ཤིག་གསུང་བ་ལ། སྐབས་སུ་ཡི་དྭགས་ཀྱིས་གཙེས་ནས་བཟླས་པ་མང་བར་བྱས། བླ་མ་མཁྱེན་གདའ། དེ་ནས་རྒྱ་ཡོན་བདག་ཅན་དུ་ཕྱིན་པས་ཁྱོད་དེ་ཙམ་དུ་གདའ། དེ་ཚོད་ན་ང་རང་བླ་མའི་སྤྱན་སྔར་སྡོད་པ་ཡིན་པ་ལ་སྙམ་པ། སྲོག་མཐའ་ཡིན་པ་ནས་མ་རྙེད་ནས་སྦྱངས། ནད་པ་གཅིག་གསོས་པ་ལ་ནས་ཁལ་ཕྱེད་དང་གཉིས་བྱིན་པ། ངེད་གཉིས་ལ་ཡོད་པས་ཚགས་མ་བྱུང་། དེ་ནས་འོལ་ཀར་འོངས་པས་ཀྱང་ནས་མ་རྙེད། དྭགས་པོར་ཕྱིན་པས་ཞེད་པའི་འཕྲོ་ལ་གསར་བྱུང་། དྲོད་ཀྱང་རེས་བཟང་རེས་ངན་པ་ལས་མ་བྱུང་། སྔར་སྒོམ་བཟང་པོ་ཡོད་པ་ཡང་བཀའ་གདམས་པའི་གྲྭ་སར་མི་མང་པོའི་གསེབ་ཏུ་བསྡད་པས་ཤོར། དབེན་པར་བསྡད་དགོས་བྱ་བ་ཡང་དེ་ལྟར་ཡིན། དཀའ་ཐུབ་བྱས་པས་ལུས་སྐམ། ཏིང་ངེ་འཛིན་ཤོར། བླ་མའི་ཞལ་ནས་བྱེ་མ་ལ་མར་མི་འོང་། ཡུངས་ཀར་ལ་མར་ཡོད་པ་ཡིན། ལུས་བཅུད་མེད་པ་ལ་ཏིང་ངེ་འཛིན་མི་འོང་གསུང་། བླ་མའི་ཞལ་ནས་ངའི་གཏུམ་མོ་འདི་མ་བཞག་ཅིག །གསུང་བ་དྲན་ནས་བསྒོམས་པ་དང་། སེ་བ་ལུང་དུ་བཟའ་ཡང་ཆེ་བར་བྱུང་ནས། ཡང་ཏིང་ངེ་འཛིན་བྱུང་སྒོམ་པ་ལ་ཡང་བཟའ་ཆེར་དགོས་པར་གདའ། བླ་མའི་སྤྱན་སྔ་ནས་ལོག་ནས་ལོ་གསུམ་ན་དྲོད་ཀླུངས་སུ་ཚུད། དབྱར་དེ་ཙམ་མ་བསྒོམས་ཀྱང་འོང་ཡིན་འདུག །ན་མོ་ཤོད་ན་འདུག་ཙ་ན། ཏིང་༼༡༣བ༽ངེ་འཛིན་ལ་ཇི་ཙམ་བཏང་རླུང་སེམས་ནང་དུ་བཟུང་བ་ཙམ་གྱིས་འོང་བ་ཡིན། བཏང་འོང་བ་བྱུང་། གཉིད་ཐུན་གཅིག་མིན་པ་རྒྱུན་མ་ཆད་པར་བྱུང་བས། ཅི་ཙམ་འོང་བལྟས་པས་ཞག་བཅུ་གསུམ་དུ་རྒྱུན་མ་ཆད་པར་བྱུང་། དེ་ནས་བག་ངན་དུ་སོང་། རྩ་གུད་པ་འདྲ། ཉོན་མོངས་པ་ཐམས་ཅད་མགོ་ནོན་ནས་ངོས་མི་ཟིན་པ་ཡང་བྱུང་། ཏིང་ངེ་འཛིན་གྱི་བདེ་བས་བློ་ཕྲོགས་ནས་འདོད་པའི་ཡོན་ཏན་ལྔ་ཡིད་ལ་མི་འགྱུ་བ་ཡང་བྱུང་། སྤྲང་སྟོན་ན་རེ་ཁྱོད་ལ་ཅི་ཙུག་བྱུང་ཟེར། ང་ལ་ནི་འདོད་པ་འདི་ཁོ་ན་ཐུ་བར་བྱུང་ཟེར་བ་ལ། ང་ལ་འདོད་པའི་ཡོན་ཏན་ངོས་མ་ཟིན་པ་བྱུང་། ཡས་ལ་ཇི་ལྟར་བྱུང་བྱས་པས། ང་ལ་བུད་མེད་ལ་བདེ་བ་ཡོད་སྙམ་དེ་ལ་བརྟེན་ནས་ཆགས་པ་སྐྱེ་ཡིན་འདུག་ཟེར། ཁོ་དེ་ཙུག་སྙམ་པའི་འཕྲོ་ལ་ཡང་ཡིད་ལ་འགྱུ་བ་ངོ་མ་ཤེས་པ་བྱུང་། དགེ་བཤེས་སྒྲེ་པའི་ཞལ་ནས། ཁྱེད་ཏིང་ངེ་འཛིན་བཟང་ཟེར་བ་ཇི་ལྟར་ཡོད་ཟེར་བ་ལ། ནེའུ་ཐང་བདེ་མོ་ལ་གོམ་པ་འདོར་བ་དང་། ངའི་རྒྱུད་ཀྱི་ཏིང་ངེ་འཛིན་སྐྲུན་པ་ལ་ཁྱད་མེད། ཐང་ལ་བསྡད་སྐྱིལ་མོ་ཀྲུང་བྱས། མཉམ་བཞག་གི་ཕྱག་རྒྱ་བྱས་རླུང་ནེམས་བྱས་པས། རླུང་ནང་དུ་པུར་གྱིས་སོང་ནས་བདེ་བ་མི་རྟོག་པ་འོང་བ་ལ་དཀའ་སླ་མེད། བླ་མའི་སྤྱན་སྔ་ནས་འོངས་ནས་ལོ་བདུན་ན་སེ་བ་ལུང་དུ་སེམས་ཀྱི་ངོ་བོ་ཨེན་ཙམ་མཐོང་། དེ་ང་ལ་ནི་སྐྱེད་དཀའ་བར་བྱུང་། ད་ལྟར་ཁྱེད་ལ་ནི་ཚེགས་མེད་དུ་སྐྱེ་ཡིན་འདུག །ང་ལ་ནི་རྨི་ལམ་བཟང་བ་ཞིག་རྨིས་པ་དང་གདོད་དགེ་སྦྱོར་སྐྱེས། གསེར་བརྐོས་པས་གཞོང་པ་གང་རྙེད། ང་ཡང་བརྒྱད་སྟོང་པ་གཅིག་འབྲི་དགོས་སྙམ་པ་ཞིག་རྨིས། དེ་ནས་ཆེར་མ་ལོན་པར་ངེས་ཤེས་ཤིག་སྐྱེས། དང་པོ་ནི་སེམས་ས་ཆོད་པ་ཞིག་བྱུང་། ལྷན་ཅིག་སྐྱེས་སྦྱོར་མིན་པ་ན། བསྒོམ་པ་གཏུམ་མོ་ཁོ་ན་བསྒོམས། ཐམས་ཅད་རྟོག་པར་འདུག །རྟོག་པ་གློ་བུར་བར་འདུག །དེ་ཐམས་ཅད་སེམས་སུ་འདུག་༼༡༤ན༽སྙམ་པ་ཞིག་ནང་ནས་ཤུགས་འབྱུང་དུ་བྱུང་། དེ་ནས་ཤེས་པའི་ངོ་བོ་དེ་ལ་སྔར་འདྲིས་ཀྱི་མི་དང་ཕྲད་པ་འདྲ་བ་ཞིག་བྱུང་། རང་གི་ངོ་བོ་དེ་ཡེར་གྱིས་མཐོང་། སྔ་མའི་སྒོམ་དེ་དང་མི་འདྲ་བར་སིང་ངེ་ཡེར་རེ་བ་ཁ་ན་ཡེ་རེ་བ་ཞིག་བྱུང་། དེ་ནས་སྔར་གྱི་ཆོས་ཀུན་དང་བླ་མའི་མགུར་ཀུན་དང་། ཡོ་བློ་ལ་བཅུག་པ་བཞིན་བཀྲ་ལམ་གྱིས་བྱུང་། རེས་ཀ་ནི་སྣང་བ་ཡང་སྒྱུ་མ་ལྟ་བུར་ཝལ་ཝལ་བྱུང་། རེས་ནི་ཅོག་གེ་བ་ལྟ་བུ་ཡང་བྱུང་། རེས་ནི་ཤེས་པ་རང་གི་ངོ་བོ་གཅིག་པུར་སོང་། དེ་རང་བསྒོམ་དུ་སོང་ནས་བསྒོམ་རྒྱུ་མི་འདུག །བསྒོམ་མཁན་མི་འདུག་སྔར་གྱི་ཆོས་ཐམས་ཅད་ཕྱི་ཤུན་དུ་སོང་ནས། རིག་པའི་ངོ་བོ་རྟེན་མེད་དུ་སོང་ནས་སྣང་བ་ལ་བློ་གཏད་མ་དགོས་པ་ཞིག་བྱུང་། རེས་ནི་སྟོང་པ་རེས་ནི་སྒྱུ་མ་ལྟར་འཆར་ཡིན་འདུག །སྣང་བ་ལ་རྟོགས་དཔྱོད་བྱ་མ་དགོས། རེས་ནི་ཉམས་ལ་རྒྱངས་རྒྱངས་སོང་བ་སྙམ་བྱེད་པ་སྟེ། དེ་ཉམས་རང་དུ་འདུག །རྟོགས་པ་བརྟན་དུ་སོང་བ་ལས། བོགས་འདོན་རྒྱུ་ཆེར་མི་གདའ། བར་སྐབས་སུ་རོང་ཕུའི་གནས་བརྟན་མཁར་ཕུར་ནི། རྟོགས་པ་ལ་བོགས་ཤིག་བྱུང་། ཇི་ལྟར་ན་སྔར་ཀུན་གྱི་རྟོག་པ་བན་བུན་བྱུང་ཙ་ན། མེད་ན་དགའ་སྙམ་བྱེད་པ་བྱུང་བ་ལ། དེ་ནས་རྟོག་པ་འོད་གསལ་འབའ་ཞིག་ཏུ་སོང་ནས། དེར་རྟོག་པས་མི་གནོད་པ་ཞིག་བྱུང་། ད་ཡང་གང་གིས་ཀྱང་མི་གནོད་སྙམ་པ་ཞིག་བྱུང་། དེ་ནས་འོད་གསལ་འབའ་ཞིག་ཏུ་སོང་ནས། དུས་ད་ལྟ་ཡན་ཆད་དུ་རྒྱུན་ཆད་མེད། དེ་ནས་ཉིན་མཚན་མེད་པར་རྒྱུན་མ་ཆད། རྣལ་འབྱོར་པ་ལ་ཤི་མ་ཤི་མེད། བར་དོ་མེད་སྙམ་པ་ཞིག་བྱུང་། ཕྱིས་ནི་སྐྱིད་དུ་ཚོར་བ་ཞིག་བྱུང་། སྔོན་ཙ་ན་བཟླས་པ་མང་པོ་བྱས་ཀྱང་འདྲེས་ཚུར་གནོད། ད་ལྟ་བཟླས་པ་རྡོག་གཅིག་མ་བྱས་ཀྱང་འདྲེས་གནོད་པ་གཅིག་ཀྱང་མི་ནུས་པར་འདུག །སྔོན་ཆོས་མཁས་དགེ་བཤེས་ཀུན་དང་ཕྲད་༼༡༤བ༽ཙ་ན། ཉམ་ང་བ་སེམས་བྱེད། ད་ལྟ་ནི་སངས་རྒྱས་བྱོན་ཀྱང་ཉམ་མི་ང་། ད་ལྟ་ཇི་ལྟར་མཁས་པ་ཞིག་དང་བླའོ་ཟེར་ཡང་ཤེས་རབ་ཀྱི་གོ་ཕྱེ་ནས་ཉམ་ང་མེད། རྨི་ལམ་ན་བསེའི་གའུ་གཅིག་རྙེད་པ་ལ། སྒོམ་པ་བཀྲས་གཡུང་ན་རེ། ང་ལ་སྟོན་ཟེར་བ་ལ། མི་སྟོན། འདི་ན་ཇོ་བོ་རྗེའི་གདུང་རིང་བསྲེལ་དང་བཀའ་གདམས་ཀྱི་མན་ངག་ཡོད་པ་ཡིན་བྱས་པ་ལ། ཁོ་ནན་ཆེ་བས་ཁ་ཕྱེ་བ་ཞིག་རྨིས་ཏེ། ད་ལྟ་མི་ལ་བག་རེ་ཕན་པ་འདི་བཀའ་གདམས་ལ་བརྟེན་ནས་ཕན་ཐོགས་པ་ཡིན། ནཱ་རོའི་གདམས་ངག་བཤད་པ་མང་སྟེ། བཀའ་གདམས་དང་མ་འབྲེལ་བར་ཕན་པ་བག་ཉུང་། ནུབ་གཅིག་གི་རྨི་ལམ་ན་མི་གཉིས་ལ་ཟངས་དུང་གཏད་ནས། འབུད་དུ་བཅུག་པ་ལ་སྦོམ་ཕྲ་གདུང་མ་ཙམ་དུ་འདུག་ནས། ད་ལྟ་ཡང་དབུས་གཙང་གི་རྒྱལ་ཁམས་ན་ཟངས་དུང་འདི་ཙམ་ཡོད་དེ་མི་ཡོང་། བྱས་པ་ཞིག་རྨིས་ཏེ་དེ་ཁོ་ན་བཞིན་དུ་བྱུང་། འོལ་ཀ་སྲུབ་ན་བཞུགས་ཙ་ན་མི་ནག་པོ་གཅིག་བསད་པ་ཞིག་རྨིས། ང་ཡང་བདུད་ལ་སོགས་པའི་བར་ཆད་ཀྱིས་མི་ཚུགས་སྙམ་པ་ལ་དེ་ཁོ་ན་བྱུང་། ནུབ་གཅིག་རྨི་ལམ་ན་བུ་གཅིག་ཡོད་པའི་མགོ་བཅད་པ་ཞིག་རྨིས། འཇིག་རྟེན་ན་བུ་ལས་གཅེས་པ་མེད་པ་སྟེ། དེ་ལ་ཡང་མ་ཆགས་བྱ་བ་ཡིན་ནམ་སྙམ་པ་ལ། དེ་ཁོ་ན་བཞིན་བྱུང་། དེ་ཚུན་ཆད་རྒྱབ་པ་དང་བསད་པ་རྨི་མ་མྱོང་། བཀའ་གདམས་པ་ཀུན་གྱི་ཞལ་ནས། སྟོང་པ་ཉིད་རྟོགས་ན་ལས་འབྲས་ལ་འཛེམ་དུ་འགྲོ་གསུང་བ་ལ། དེ་མེད་པར་འདུག །ད་ལྟ་ཉམས་སུ་བབས། བཀའ་གདམས་པ་ལ་ཆོས་ཀྱི་བབས་ཤིག་འདུག་གསུང་ངོ་།། །།ན་མོ་གུ་རུ། བྱ་ལོའི་དབྱར་ཟླ་འབྲིང་པོ་ཡི། །བཅུ་བཞི་ནུབ་མོ་བག་ཙམ་སྙུང་། །ད་ནི་ང་སྨན་མི་ཟ་གསུང་། །རྐྱེན་གྱི་བག་ཙམ་ལ་བརྟེན་ནས། །ཡང་ཡང་དུ་ནི་བཞད་པར་མཛད། །བཅོ་ལྔའི་ཉི་མ་རྩེ་ལ་འདས། །མཆོད་ཁང་ཆེན་མོར་པུར་༼༡༥ན༽མཆོད་བྱས། །བཅོ་བརྒྱད་ནང་པར་པུར་སྦྱངས་ཚེ། །གུང་ཐང་རྩེ་མོར་འོད་ཕུང་མཐོང་། །གཉལ་བ་ཅིག་གིས་འཇའ་མདུང་མཐོང་། །འཇའ་ཚོན་མི་འདྲ་ལན་མང་བྱོན། །ཐུགས་ནི་མ་ཚིག་ངོ་མཚར་སྐྱེས། །རྗེ་འོད་གསལ་གྱི་ཐུགས་ལ་ཕྱག་འཚལ་ལོ། །བླ་མ་རིན་པོ་ཆེའི་ཞལ་ནས། ངས་དང་ལུག་ལོ་ལ་འཁྲུངས། པོ་ལོ་བཅུ་དྲུག་ལོན་ནས། དགེ་བཤེས་ཁྱི་ལོ་ལ། ཟངས་དཀར་བའི་དྲུང་དུ་ཕྱིན་ནས། ཡོ་ག་དང་བདེ་མཆོག་ལ་སོགས་པའི་རྒྱུད་སྡེ་རྣམས་ཤེས་པར་བསླབས། ལོ་ཉི་ཤུ་རྩ་སྤྲེའུ་ལོ་ལ། དྲུག་ལ་དབྲོང་ཀར་རབ་ཏུ་བྱུང་ནས་ཆིག་རྫོགས་བྱས། བླ་མ་མར་ཡུལ་བ་དང་བྱང་ཆུབ་སེམས་དཔའ་གཉིས་ལ་གསང་སྔགས་ཀྱི་དབང་མང་དུ་ཞུས་ནས་བསྒོམས་པས། ཞི་གནས་ཀྱི་ཉམས་བཟང་པོ་བྱུང་། སྣང་བ་བན་བུན་འཇའ་ཚོན་ལྟ་བུར་ཤར། མི་རྟོག་པ་ཉིན་མཚན་ངོ་མི་ཤེས་པ་བྱུང་། ཇི་ཙམ་འོང་བལྟས་པས་ཉིན་ཞག་བཅུ་གསུམ་དུ་བར་མ་ཆད་པར་བྱུང་། དེ་ནས་སྒོམ་ནི་ང་རང་བཟང་། དབུ་རུ་བྱང་གི་བཀའ་གདམས་པའི་དགེ་བཤེས་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་འགྲོས་བལྟ་སྙམ་ནས། དགེ་བཤེས་སྙུག་རུམ་པ་དང་རྒྱ་ཡོན་བདག་གཉིས་ཀྱི་སྤྱན་སྔར་ཕ་རོལ་ཏུ་ཕྱིན་པའི་ལམ་རིམ་ཉན། མཐར་ཕྱིན་མཁྱེན། སྐུ་ཉམས་སུ་བཞེས་པས། བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་མངའ་བ་དེ་གཉིས་ཀྱི་བཀའ་དྲིན་ཡིན་གསུང་། དེ་ནས་བླ་མ་མི་ལའི་མཚན་ཐོས་ནས་སེམས་ཤིན་ཏུ་དད་པར་གྱུར་ནས། དགེ་བཤེས་པ་ལ་ཞུ་བ་བྱས། གཙང་དུ་ཉི་མ་བཞི་བཅུའི་ལམ་ལ་ཕྱིན། ལོ་སུམ་ཅུ་རྩ་གླང་ལོ། གཅིག་ལ་བླ་མ་མི་ལ་དང་མཇལ། སྔར་གྱི་སྒོམ་ཉམས་ཕུལ་བས། ཁྱོད་ཀྱི་དེ་སྒོམ་ཡིན། འཚང་རྒྱ་བའི་ལམ་མིན་གསུང་། ཡང་དུས་གཅིག་གི་ཚེ་ན། ལྟེང་ལྟེང་པོ་དེ་འདྲ་བ་མ་བསྒོམ་པར་སྲོག་རྩོལ་སྒོམས་གསུང་། ལོ་༼༡༥བ༽གཅིག་ཏུ་སྲོག་རྩོལ་བསྒོམས་པས་རླུང་གི་ཡོན་ཏན་ཐམས་ཅད་རྫོགས་པར་བྱུང་། བདེ་དྲོད་དང་ཏིང་ངེ་འཛིན་རྒྱུད་ལ་སྐྲུན་པ་ལ་ཚེགས་མེད་སྙམ་པ་བྱུང་གསུང་། ཟླ་བ་བཅུ་གསུམ་བླ་མའི་སྤྱན་སྔར་བསྡད་ནས་མར་འབྱོན་སྟག་ལོ་ལ། ཀར་གཏོར་མ་ཆེན་པོ་ཞིག་དབུ་ཐོག་ཏུ་བཞག་ནས། མཁའ་འགྲོ་དང་ཆོས་སྐྱོང་གི་དབང་བསྐུར། ཁྱོད་ཀྱིས་སེམས་ཅན་གྱི་དོན་མང་པོ་འོང་བར་འདུག་གི་གསུང་། ཅི་ཙུག་གདའ་ཞུས་པས། ཁྱོད་འོང་ཀར་སེམས་ཅན་གྱི་དོན་ཡོང་བའི་མཚན་མ་ཞིག་བྱུང་། འདི་ན་བཞུགས་ཙ་ན་ང་དང་ཁྱེད་གཉིས་བང་འགྲན་པས། ཁྱོད་སྔོན་ལ་སོང་། སེམས་ཅན་གྱི་དོན་ང་བས་ཁྱོད་ཆེ་བར་འོང་བར་འདུག་བྱས་པ་ཞིག་རྨིས། ཡང་དུས་གཅིག་ན་ཕ་བོང་སྦྲ་བས་ཆེ་བ་གཅིག་ཡུལ་གཞན་ན་ཕར་བསྐྱུར་བ་དང་། ཕྱག་གཉིས་ཀྱིས་ཕ་འོང་བརྡབས་པས་རྡུལ་ཕྲ་རབ་ཏུ་སྤུངས་ཀྱིས་འགྲོ་ཡིན་འདུག །སྐུ་ལུས་ཀྱང་བཟང་ན་ནུས་པ་ལ་ཚེགས་མི་འདུག །ཕྱི་རོལ་ཡུལ་གྱི་འཇིགས་པ་དང་བྲལ་བ་ཞིག་འདུག་བྱས་པ་ཞིག་རྨིས་གསུང་། དེ་ནས་མར་བྱོན་ནས་དགེ་བཤེས་སྒྲེ་པ་དང་། ལྕགས་རི་བ་དང་། བྱ་ཡུལ་བ་ལ་སོགས་པ་ལ། དཔལ་མར་མེ་མཛད་ཀྱི་གདམས་ངག་རྣམས་ཤིན་ཏུ་ཞིབ་པར་གསན་གསུང་། དེ་ནས་གྲྭ་པ་རྣམས་ཀྱིས་ཐུགས་ལ་འཁྲུངས་ལུགས་ཤིག་གསུང་བར་ཞུ་ཞུས་པས། གནས་པའི་ཉམས་ནི་བདེ་བ་དང་གསལ་བ་དང་མི་རྟོག་པ་གསུམ་བསྒོམས་ཙ་ན་འོང་ལ་མ་བསྒོམས་ཙ་ན་མི་འོང་། རྩེ་གཅིག་གི་ཉམས་ནི་སྤྱོད་ལམ་རྣམ་བཞི་ལ་ཁྱད་ཡོད། གསལ་སིང་བ་ནམ་དྲན་དྲན་གྱིས་འོང་། འདི་རང་ཡིན་སྙམ་པའི་དང་བ་འདྲེན་ནུས། རེས་འགའ་ནི་ཤེས་པ་རླན་དང་བྲལ་ནས་སྒོམ་ཡེ་མེད་དམ་སྙམ་པའོང་། རེས་འགའ་ནི་མ་བསྒོམས་ཀྱང་འོང་། རེས་འགའ་ནི་བསྒོམས་ཀྱང་མི་འོང་། རྟོགས་པ་མ་ཐོབ་སྟེ། ངེས་ཤེས་བག་ཙམ་སྐྱེས། ༼༡༦ན༽རྩ་བ་སེམས་ཡིན་པས་ཚེས་གཅིག་གི་ཟླ་བ་དང་འདྲའོ། །ཡེ་ཤེས་ཀྱི་མགོ་ཚུགས་པས་ལམ་སྣ་ཟིན་པ་ཡིན་ནོ། །དེ་ནས་ཡེ་ཤེས་གཤའ་མ་འཆར་ཏེ། ང་ལ་རྨི་ལམ་བཟང་པོ་ཞིག་རྨིས་ནས། དེ་ནས་ཆེར་མ་ལོན་པར་རིག་པ་རང་གི་ངོ་བོ་ཡེར་གྱིས་མཐོང་། སྔར་འདྲིས་པའི་མི་དང་ཕྲད་པ་འདྲ་བ་ཞིག་བྱུང་། ཤེས་པ་རང་སྒོམ་དུ་སོང་ནས་བསྒོམ་རྒྱུ་མི་འདུག །སྒོམ་མཁན་མི་འདུག །སེམས་རྟེན་མེད་གསལ་སྟོང་ཞིག་ཏུ་ཤར། འདི་དང་པོ་ནས་ངོ་ཤེས་སུ་ཐང་པ་ཞིག་འདུག་པ་ལ་སྙམ། ཆོས་ཐམས་ཅད་ཕྱི་ཤུན་དུ་སོང་། འོན་ཀྱང་རྣམ་རྟོག་འབྱུང་ན་མི་དགའ། རྟོག་པ་འདི་མེད་ན་རུང་བ་ལ་སྙམ། རྣམ་རྟོག་མེད་ན་གསལ་སྟོང་རྒྱུན་ཆད་མེད། འོ་དེ་བྱུང་སྙམ། དེ་ཚོ་གཉལ་གྱི་སེ་བ་ལུང་དུ་ཤོར། དབྲོང་ཕུར་བསྐྱས་ནས་རྟོགས་པ་ལ་སྐྱེད་ཅིག་བྱུང་། སྔར་ནི་རྣམ་རྟོག་བྱུང་ཙ་ན་མི་དགའ། རྟོག་པ་མ་བྱུང་ཙ་ན་དགའ་བ་དེ། དབྲོང་ཕུར་རྣམ་རྟོག་འོད་གསལ་དུ་ཤར་ནས། རྟོག་པ་བྱུང་བའི་ཚེ་འོད་གསལ་འོད་ཆད་པ་བཞིན་དུ་སོང་། གསང་སྔགས་ཀྱི་རྣལ་འབྱོར་པ་ལ་ཤི་མ་ཤི་མེད་སྙམ་པ་ཞིག་བྱུང་། བར་དོའི་སྣང་བ་ཡང་མི་འཆར། བླ་མ་རྗེ་བཙུན་གྱི་ཞལ་ནས། འོད་གསལ་བར་ཡང་རྒྱུན་པར་གནས། བར་དོའི་གྲོང་ཁྱེར་དེས་མི་མཐོང་གསུང་པ་དེ་ང་ལ་ཤར་བསམ། རྣམ་རྟོག་གིས་མ་གནོད་པས་འོད་གསལ་ལ་གང་གིས་ཀྱང་མི་ཆོད་པར་འདུག །འོད་གསལ་གྱི་རྒྱུན་འཁྲིགས་ནས། གསལ་སྟོང་དེ་ལ་ཆུ་བོའི་རྒྱུན་བཞིན་དུ་བྱུང་། ཕྱིས་བྱར་ལྐོག་ཏུ་བསྐྱལ་ནས། འོད་གསལ་གྱི་འཛིན་པ་དང་བྲལ་བློའི་བྱེད་པས་ཅུང་ཟད་ཀྱང་མ་གོས། སེམས་ཉིད་ཆོས་སྐུར་སོང་། ཕྱིས་ཟངས་ལུང་དུ་བསྐྱལ་ནས་འདའ་བའི་བདུན་ཅུ་རྩ་ལྔ། ལོ་ལ་སྐུ་གསུམ་གྱི་འཆར་ལུགས་ངོ་ཤེས་གསུངས་སོ། །རྡོ་རྗེ་འཆང་གིས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་ནི། །༼༡༦བ༽ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཏཻ་ལོ་པས། ཀྱཻ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་བློ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །དེ་བཞིན་ཁོ་ན་ཉིད་ཀྱི་ཡེ་ཤེས་ནི། །ཏཻ་ལོ་ང་ཡིས་ཅི་ཡང་བསྟན་དུ་མེད། །ནཱ་རོ་པས། སྣང་བའི་མཚན་ཉིད་སྐྱེ་བ་མེད། །འཁོར་བའི་མཚན་ཉིད་གཞི་རྩ་བྲལ། །སེམས་ཀྱི་མཚན་ཉིད་ཟུང་དུ་འཇུག །བླ་མའི་མཚན་ཉིད་བརྒྱད་པར་ལྡན། །མར་པས། ལྟ་བ་རླུང་སེམས་གཉིས་སུ་མེད། །མི་ལས། ཕྱོགས་ནི་གང་དུའང་མ་ལྷུང་བྱ་བ་ལ་རྩོལ་དང་། །སྲོག་རྩོལ་གནད་དུ་ཆུད་པས་དགོས་དགུ་རང་ལ་འཆར། །ཁ་དོག་དབྱིབས་དང་བྲལ་བས་དབང་པོའི་ཡུལ་ལས་འདས། །ཚིག་དང་ཐ་སྙད་མེད་པས་བརྗོད་པའི་སྒྲ་ལས་འདས། །ཤེས་པ་དང་། ཡང་། བསྐུར་ཐོབ་མེད་པའི་དོན་རྟོགས་ན། །དབང་གི་མཆོག་ནི་དེ་ལ་བྱ། །འདུ་འབྲལ་མེད་པའི་དོན་རྟོགས་ན། །གྲོགས་ཀྱི་མཆོག་ནི་དེ་ལ་བྱ། །སྐྱེ་ཤི་མེད་པའི་དོན་རྟོགས་ན། །ཚེ་ཡི་མཆོག་ནི་དེ་ལ་བྱ། །གཉིས་སུ་མེད་པའི་དོན་རྟོགས་ན། །ལྟ་བའི་མཆོག་ནི་དེ་ལ་བྱ། །གསུང་ངོ་། །རྗེ་སྒམ་པོ་པས། རང་སེམས་ལ་བལྟ་ན་ལྟ་བ་ཡིན། །ཆོས་རྣམས་སེམས་སུ་རྟོགས་ན་རྟོགས་པ་ཡིན། །དེ་ལ་གོམས་པར་བྱེད་པ་སྒོམ་པ་ཡིན། །ངོ་བོ་ཉམས་སུ་མྱོང་ན་ཉམས་མྱོང་ཡིན། །དེའི་ངང་ལ་རྒྱུན་མི་ཆད་པ་སྤྱོད་པ་ཡིན། །མངོན་དུ་གྱུར་ན་འབྲས་བུ་ཡིན། །གཞན་ལ་སྟོན་ན་འཕྲིན་ལས་ཡིན། །གསུང་ངོ་། །བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ཆོས་ལ་བྱེད་ལུགས་གཉིས་ཡིན་ཏེ། མཚན་ཉིད་ཤེས་པར་བྱེད་པ་དང་། རྟོགས་པ་ཐོབ་པར་བྱེད་པ་གཉིས་ཡིན། ཐོས་བསམ་བྱེད་པ་ཡང་ཐབས་ཡིན། ཉོན་མོངས་པའི་གྲོགས་སུ་མ་སོང་བ་ཞིག་དགོས། ཤེས་པའི་འབྲས་བུ་འཆད་པ་ཡིན་ཏེ། གཏིང་ནས་ཕན་པར་མི་འདུག་གསུང་། ཐོས་༼༡༧ན༽བསམ་གྱི་ཤེས་རབ་ཀྱི་ལམ་མ་སྦྱངས་ཀྱང་བླ་མ་དམ་པ་གཅིག་དང་ཕྲད་ནས། དེའི་གདམས་ངག་སྒྲུབ་པ་ཡིན། རྒྱུད་ལ་རྟོགས་པ་བསྐྱེད་པར་ནུས་པ་ཡིན། སྒྲུབ་པ་བྱེད་པའི་དུས་སུ། འཇིག་རྟེན་པའི་རྟོག་པ་སྤོང་བ་དག་ཨ་ཅང་ཆེས་ཏེ། བསྟན་བཅོས་ཀྱི་ཐ་སྙད་ཐམས་ཅད་ཀྱང་བརྗེད་དགོས་པ་ཡིན། ཐོས་པ་རྒྱ་ཆེ་བ་ཡང་ཚིག་ལ་རྣོ་སྟེ། དོན་ལ་བརྟུལ་བ་ཡིན། ཡོན་ཏན་སྐྱོན་དུ་འགྱུར་བ་ཡིན། སྒྲུབ་པ་རྣལ་མར་བྱེད་ན། ཆོས་ལྔ་ལ་གནས་དགོས་པ་ཡིན་ཏེ། བླ་མའི་བྱིན་རླབས་ཞུགས་པ་དང་། འཇིག་རྟེན་འདི་ལ་གདོས་ཐག་བཅད་པ་དང་། འགྲོ་བ་རིགས་དྲུག་གར་སྐྱེས་ཀྱང་སྡུག་བསྔལ་དུ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཕ་མར་ཤེས་པས་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་ཞིག་དགོས་པ་ཡིན་གསུང་། ཞི་གནས་དང་ལྷག་མཐོང་གི་ལམ་རྒྱུད་ལ་སྐྱེ་དགོས། དེ་ལ་ཡང་མདུང་བྱི་ཁུང་དུ་འཇུག་པ་དང་། ནམ་མཁའ་ལ་སྐོར་བའི་དུས་གཉིས་ཡིན། སྒྲུབ་པའི་ལུང་ཞུས་པའི་བླ་མ་དེ་དང་མཉེས་ཤིང་ཐུགས་ཡིད་འདྲེས་པ་ཞིག་དགོས་པ་ཡིན། བཀའ་བརྒྱུད་འདི་ནི་ཟབ་པས་བཀའ་རྒྱ་ཡོད་པ་ཡིན། བསྒྲུབ་མི་ནུས་པ་ལ་མི་སྦྱིན་གསུང་བ་ཡིན། དམ་ཚིག་ཉམས་ན་མཁའ་འགྲོའི་ཆད་པ་འོང་བ་ཡིན། དེ་བས་བླ་མ་མཉེས་པར་བྱས་ནས་དམ་ཚིག་མ་ཉམས་ན། གདམས་ངག་ཚིག་ཏུ་མ་གསུངས་ཀྱང་། བྱིན་རླབས་ཀྱིས་རྟོགས་པ་ནང་ནས་འཆར་བ་ཡིན། བླ་མ་དང་ནི་རྡོ་རྗེ་འཛིན། །གང་གིས་ཐ་དད་མེད་པར་མཐོང་། །དེ་ལ་དངོས་གྲུབ་འབྱུང་བ་ཡིན། །གསུང་ངོ་།། །།བཀའ་གདམས་ཀྱི་ལམ་རིམ་སྐྱེས་བུ་གསུམ་ལ་བློ་སྦྱོང་བ་འདི་རྩིས་སུ་ཆེ། འདི་མེད་ན་གཉུག་མ་རབ་རིབ་སྐྱེས་ཀྱང་ཉེ་དུ་འབྲེལ་བ་ཡུལ་ནོར་རྫས་ལ་ཆགས་ནས་མར་ལ་འགྲོ་བ་ལས་ཡར་ལ་མི་འགྲོ །དེ་བས་ན་ཚེ་འདི་བློས་བཏང་། ༼༡༧བ༽སྣང་གྲགས་ཀྱི་ཆོས་ཐམས་ཅད་ལ་རྨི་ལམ་སྒྱུ་མ་ལྟ་བུར་ངེས་པ་བྱས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱངས་ན། གཉུག་མ་མེད་ཀྱང་། ཁོ་ཡར་འགྲོ་བ་ལས་མར་མི་འགྲོ་གསུང་། གཉུག་མ་རྣལ་མ་ཞིག་རྒྱུད་ལ་སྐྱེས་ན་དེ་གཅིག་པུས་ཆོག །དེ་ལ་ལྔ་སྟེ། གཉུག་མའི་ངོ་བོ་ནི་མེད་པ་མ་ཡིན་པའི་དོན་སྐྱེ་འགག་དང་བྲལ་བ་དེ་ཡིན། མཚན་ཉིད་ནི་རྒྱུ་རྐྱེན་གྱིས་མ་བསྐྱེད། སངས་རྒྱས་ཀྱིས་མ་མཛད་སེམས་ཅན་གྱིས་མ་བཅོས་པ་དེའོ། །འབྲས་བུ་ནི་སྐྱེ་འགག་དང་བྲལ་བ་དེ་ཉིད་ཆོས་སྐུ་ཡིན། དེའི་བྱིན་རླབས་དང་བསོད་ནམས་བསགས་པ་ལས། གཟུགས་སྐུ་གཉིས་ཀྱི་སྣང་བ་འབྱུང་། ཉམས་མྱོང་ནི་བདེ་བ་དང་གསལ་བ་མི་རྟོག་པ་དཔེས་མཚོན་དུ་མེད་པ་འབྱུང་། རྒྱུ་ནི་ཉམས་མྱོང་དེ་གཏུམ་མོ་ལས་འབྱུང་བས། གཉུག་མ་འབྱུང་བའི་རྒྱུ་གཏུམ་མོ་ཡིན། གཉུག་མ་སྐྱེས་ཀྱང་གཏུམ་མོ་མེད་པར་ཤེས་རབ་རྐྱང་པ་ཡིན། བོགས་ཆུང་། གཏུམ་མོ་ཡོད་ན་ཐབས་ཤེས་རབ་ཡ་མ་བྲལ་བ་ཡིན་གསུང་། རྣལ་འབྱོར་བཞི་ལ། རྩེ་གཅིག་གི་རྣལ་འབྱོར་ནི་གསལ་ལ་མ་འགགས་པ་སྐད་ཅིག་མའི་ཤེས་པ་དེ་ཡིན། སྤྲོས་བྲལ་གྱི་རྣལ་འབྱོར་ནི་རིག་པའི་ངོ་བོ་སྐྱེ་མེད་དུ་མཐོང་བས། ཡར་སངས་རྒྱས་ལ་མི་རེ། མར་འཁོར་བ་ལ་མི་དོགས། བར་དུ་སྣང་བ་ལ་མི་འཛིན་གཞན་གྱིས་སྒྱུར་དུ་མི་བཏུབ་པའོ། །རོ་གཅིག་གི་རྣལ་འབྱོར་ནི་སྣང་སྟོང་དབྱེར་མེད་དུ་རྟོགས་པའོ། །བསྒོམ་དུ་མེད་པའི་རྣལ་འབྱོར་ནི། ཅི་སྣང་ཅི་སྐྱེས་ངོ་བོ་གཅིག་ཏུ་ཤར་བས་དྲན་པའི་དུས་ན་ཐམས་ཅད་བསྒོམ་དུ་འོང་བའོ། །བར་དོ་ནི། དབང་པོ་རབ་ལ་བར་དོ་མེད། འབྲིང་བར་དོ་ལམ་དུ་བྱེད། ཐ་མ་སྐྱེ་བ་ལེན་པ་ཡིན། རབ་ནི་རྟོགས་པ་རྣལ་མར་ཤར་བ་སྟེ། ལུས་སེམས་ཅན་ཡིན་ཡང་སེམས་སངས་རྒྱས་ཡིན། དེའི་ཡོན་ཏན་མི་སྣང་ཞེ་ན། མེད་ཀྱང་ཡིན་ཏེ་ཚེས་གཅིག་གི་ཟླ་བ་ལྟ་བུའོ། །ཡོན་ཏན་༼༡༨ན༽ཐམས་ཅད་ནམ་མངོན་དུ་བྱེད་ཅེ་ན། ལུས་རྒྱ་དང་བྲལ་བའི་དུས་སུའོ། །འབྲིང་བར་དོ་ལམ་དུ་ཇི་ལྟར་བྱེད་ཅེ་ན། ད་ལྟའི་ཤེས་པ་དང་། རྨི་ལམ་གྱི་ཤེས་པ་དང་། འཆི་ཁའི་ཤེས་པ་དང་གསུམ་བར་དོ་དང་བསྲེས་པའོ། །སེམས་ཀྱི་ངོ་བོ་མཐོང་ན། རང་རིག་པའི་ཡེ་ཤེས་ཤེས་བྱ། བདེན་པ་མཐོང་བ་ཞེས་བྱ། ལུས་སེམས་ཅན། སེམས་སངས་རྒྱས་ཡིན་པར་གསུངས་ཏེ། ཐམས་ཅད་གཉིས་མེད་རྟོགས་གྱུར་ན། །ས་དང་ལམ་གྱི་ཁྱད་པར་ཡང་། །རིམ་པར་དབྱེ་ཞིང་འབྱེད་དུ་མེད། །དུག་གསུམ་དང་ནི་མ་བྲལ་བར། །མྱ་ངན་འདས་པའི་ས་ལ་གནས། །སྒྲིབ་པ་རྣམ་པར་མ་དག་པར། །ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ། །ཅེས་སོ། །འོ་ན་སངས་རྒྱས་དང་ཁྱད་པར་ཅི་ཡོད་ཅེ་ན། ཟླ་བ་ཚེས་པ་དང་ཟླ་བ་ཉ་བ་གཉིས་ཟླ་བར་གཅིག་ཀྱང་། ཡོན་ཏན་མི་མཉམ་པ་བཞིན་དུ། ཆོས་ཉིད་རྟོགས་པའི་ཕྱིར་སངས་རྒྱས་ཡིན་པར་འདྲ་ཡང་། ཡོན་ཏན་མི་མཉམ་སྟེ། རྣལ་འབྱོར་པས་ད་རུང་དུ་རྣམ་རྟོག་མ་སྤངས་ཏེ། དེས་བསྐྱེད་པའི་བདག་ཏུ་འཛིན་པ་དང་། ཉོན་མོངས་པ་དང་། བདེ་སྡུག་ལ་སོགས་པ་ཡོད་པས། སངས་རྒྱས་ཀྱི་ཡོན་ཏན་གང་ཡང་མངོན་དུ་མ་གྱུར་རོ། །སེམས་དེ་མཉམ་བཞག་ལ་སྣང་བ་ཙམ་མོ། །འོ་ན་བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་པ་ཅིའི་ཕྱིར་ཞེ་ན། རྟོགས་པར་ནི་སླའི། རྣལ་མར་རྟོགས་པ་འབྱོར་པ་ཤིན་ཏུ་དཀའོ། །རྣམ་རྟོག་དང་སྒྲིབ་པ་རིམ་པས་སྦྱངས་སམ་ཅིག་ཅར་སྦྱངས་ཞེ་ན། མདོ་དང་བསྟན་བཅོས་ཕལ་ཆེ་ལས། གྲངས་མེད་པ་གསུམ་གྱིས་སྦྱངས་ཞེས་བྱའོ། །ཅིག་ཅར་དུ་དག་པ་ཡང་ཡོད་དོ། །གང་ཟག་བསགས་པ་རྒྱ་ཆེ་བ། སྐལ་པ་དང་ལྡན་པ། ཤེས་རབ་ཆེ་བ། ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་ནི། མཚན་མ་མེད་པའི་ཏིང་༼༡༨བ༽འཛིན་བསྒོམས་པས་ཅིག་ཅར་དུ་སྦྱངས་ཏེ། ཆོས་དང་གང་ཟག་བདག་མེད་དང་། །ཁྱོད་ཀྱི་ཉོན་མོངས་ཤེས་བྱ་རྣམས། །མཚན་མ་མེད་པས་རྟག་ཏུ་དག །ཅེས་པ་དང་། སྒྲོན་མེ་ཆུང་ངུས་མུན་པ་ཆེན་པོ་དུས་ཅིག་ལ་སེལ་བ་བཞིན་དུ། བསྐལ་པ་མང་པོར་བསགས་པའི་ལས་དང་ཉོན་མོངས་པ་ཡང་རྟོགས་པ་གཅིག་གིས་སེལ་ལོ། །ཞེས་པ་དང་། དགེ་བསྙེན་བཙུན་པ་ང་ལུས་མ་རབས་ཀྱང་། སེམས་སངས་རྒྱས་སོ། །གནས་ངན་ལེན་གྱི་སྒྲིབ་པ་ནི། བསྐལ་པ་གྲངས་མེད་པ་གཅིག་གམ། ཚེ་གཅིག་གམ། ལོ་གཅིག་གམ། ཟླ་བའམ། ཞག་གམ། ཐོ་རངས་སམ། ཐུན་གཅིག་གམ། སྐད་ཅིག །ཐེངས་གཅིག་གིས་སྦྱངས་ཞེས་གསུང་ངོ་། །བླ་མ་རྟོགས་ལྡན་ཞིག་གིས་སློབ་མ་སྐལ་ལྡན་ཚེ་འདི་བློས་བཏང་བ་གཅིག་འཁྲིད་ན། དང་པོར་དབང་གིས་སྨིན་པར་བྱེད། དེ་ནས་སྨིན་པ་གྲོལ་བར་བྱེད་པའི་ཐབས་བསྐྱེད་རྫོགས་གཉིས་ལ་སློབ་པ་ཡིན་ཏེ། བསྐྱེད་རིམ་ནི་ལྷའི་སྒྱུ་མ་ལྟ་བུ་བསྒོམ་པ་ཡིན། རྫོགས་རིམ་ནི་སྤྲོས་བཅས་རྩ་རླུང་ཡིན། སྤྲོས་མེད་ནི་འོད་གསལ་བའི་སེམས་སྟོང་པ་ཉིད་ཡིན། དེ་ལ་མ་ཡེངས་པར་བསྒོམས་པས་རང་ལ་ངེས་ཤེས་སྐྱེས། སེམས་ཀྱི་ངོ་བོ་མ་ཤོར་ན་རྣམ་རྟོག་ཕྲ་མོ་བྱུང་ཡང་མི་ལྟོ། །ནམ་མཁའི་སྤྲིན་ལྟར་རང་ཞིར་འགྲོ། །གནས་པ་ཡུན་རིང་བ་ལ་ཡོན་ཏན་དུ་མི་བལྟ། གཟུགས་མེད་དུ་སྐྱེ་ཉེན་ཡོད། དེ་ལྟར་དབེན་པར་བསྐྱེད་རྫོགས་གཉིས་བསྒོམས་པས་ཡོན་ཏན་བརྒྱད་འབྱུང་སྟེ། རྟགས་དུ་བ་ལྟ་བུ་འབྱུང་ན། རླུང་དང་སྣང་བ་འགགས་ནས་རླུང་དྷཱུ་ཏིར་ཚུད་པ་ཡིན། ལུས་ཐམས་ཅད་བདེ་བ་དང་སེམས་དགའ་བ་འབྱུང་། ལུས་ཁོལ་བུར་བདེ་བ་དང་། གཞོག་ཕྱེད་བདེ་བ་དང་། བདེ་བ་མི་སྙོམས་པ་ནི་རྩ་གནས་གཞན་དུ་རླུང་ཟིན་པ་ཡིན། རྟགས་གཉིས་པ་ཤར་ན། སྣང་བ་ཉམས་སུ་མྱོང་བ་འོང་སྟེ། ཕྱིར་སྣང་༼༡༩ན༽བ་འདི་ལ་མི་ཟེར། སེམས་ཉིད་ཉམས་སུ་མྱོང་བ་ཡིན། རྟགས་གསུམ་པ་འབྱུང་ན་གསལ་ལ་མི་རྟོག་པའོང་སྟེ། རླུང་སེམས་སུ་ཆུད་པ་ཡིན། རྟགས་བཞི་པ་ཤར་ན། ལྟ་བ་འདི་དོན་དང་ཆོས་ཐམས་ཅད་རིག་ཅིང་གསལ་བ་དང་། ཕྲིན་ལས་བཞི་འགྲུབ། ལྟ་བའི་དོན་ནི་སེམས་ཉིད་ལ་བློ་ངེས་པའོ། །རིག་ཅིང་གསལ་བ་འཁོར་འདས་ཐམས་ཅད་འོད་གསལ་དུ་འཆར་བའོ། །ཕྲིན་ལས་བཞི་འགྲུབ་པ་ནི། བསྙེན་པ་བྱ་མི་དགོས་པར་ཚེགས་མེད་དུ་འགྲུབ་པའོ། །བཞི་པ་ཞི་གནས་མཐར་ཕྱིན་པ་སྟེ། རླུང་འོད་གསལ་དུ་ཚུད་པའོ། །ལྔ་པ་འབྱུང་ན་ལྷག་མཐོང་གི་ཤེས་རབ་སྐྱེས་པ་ཡིན་ཏེ། ཡེ་ཤེས་ཀྱི་རྟགས་ལུས་འཇའ་ཚོན་ནམ། འོད་ཀྱི་གོང་བུར་མཐོང་བའམ། བལྟ་བྱ་དང་ལྟ་བྱེད་མེད་པར་སྟོང་པར་འོང་བའོ། །སྤྱིར་ཐེག་པ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་གཉིས་ཡིན། ཕ་རོལ་ཏུ་ཕྱིན་པའི་ལམ་ནི། དང་པོར་སྐྱབས་སུ་འགྲོ་བ་ཐུན་མོང་བ་བླངས་ནས། བསླབ་བྱ་བརྒྱད་ལ་སློབ། དེ་ནས་སྐྱབས་འགྲོ་ཁྱད་པར་ཅན་སྔོན་དུ་སོང་བས། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བསླབ་བྱ་ལྔ་ལ་སློབ་སྨོན་པ་སྒྲུབ་ཐབས་སུ་བྱས་ནས། ཡན་ལག་བདུན་གྱི་སྒོ་ནས་སྦྱོང་བ་ཡིན། དེ་ནས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བསླབ་བྱ་ཚུལ་ཁྲིམས་གསུམ་ལ་སློབ། སེམས་དྲུག་གི་སྒོ་ནས་བསླབ་བྱ་རྣམ་པ་གསུམ་སྦྱོང་བ་ཡིན། དེ་ལྟར་བསླབ་པ་གསུམ་ལ་བསླབས་པས་རྣམ་སྨིན་དང་རྒྱུ་མཐུན་བརྒྱུད་ནས་འགྲོ་བ་ཡིན་ཏེ། ཚོགས་ལམ་དང་སྦྱོར་ལམ་དུ། རྣམ་སྨིན་འབྲས་བུས་དལ་འབྱོར་གྱི་ལུས་བརྒྱུད། མཐོང་ལམ་འཛམ་བུ་གླིང་གི་བདག་པོར་འགྱུར། སྒོམ་ལམ་ནས་ལྷའི་ལུས་བརྒྱུད། ས་བཅུ་པར་དབང་ཕྱུག་ཆེན་པོ་སྐྱེ། གཞན་སྣང་ཡིན། བྲལ་བའི་འབྲས་བུ་ཚོགས་ལམ་དུ་འཇིག་རྟེན་ཆོས་བརྒྱད་༼༡༩བ༽དང་འབྲལ། སྦྱོར་ལམ་དུ་གཟུང་འཛིན་གཉིས་དང་འབྲལ། མཐོང་ལམ་དུ་མཐོང་སྤང་དང་འབྲལ། སྒོམ་ལམ་དུ་བསྒོམས་སྤང་དང་འབྲལ། ས་བཅུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་ནས། ལས་སྲིད་པའི་ས་བོན་ཀུན་གཞི་རྣམ་ཤེས་ལ་འགགས་ནས། སྐད་ཅིག་མ་གཉིས་ལ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་དུས་ཐམས་ཅད་དུ་ཆད་པ་མེད་པ། ནམ་མཁའ་ལྟར་ཐམས་ཅད་ལ་ཁྱབ་པ་མངོན་དུ་གྱུར། སྨོན་ལམ་གྱི་དབང་གིས་གདུལ་བྱ་ལས་དག་པ་ལ་གཟུགས་སྐུའི་སྣང་བ་འཆར་རོ། །གཉིས་པ། གསང་སྔགས་ཀྱི་ལམ་དེ་ཇི་འདྲ་ཡིན་ཞེ་ན། དང་པོར་མ་སྨིན་པ་སྨིན་པར་བྱེད་པ་ལ་དབང་བསྐུར་ཏེ། བུམ་པའི་དབང་གིས་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་སུ་བསྐྱེད། ཉོན་མོངས་པ་ལྔ་ཡེ་ཤེས་རྣམ་པ་ལྔར་བསྐྱེད། ལུས་དབེན་པ་བསྒྲུབ། གསང་བའི་དབང་གིས་རང་ལ་ཡོད་པའི་བདེ་བ་བསྐྱེད་པར་བྱེད། ངག་དབེན་པར་བསྒྲུབ། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཟག་པ་མེད་པའི་བདེ་བ་བསྐྱེད་པར་བྱེད། སེམས་དབེན་པར་བསྒྲུབ། བཞི་པ་རིན་པོ་ཆེ་ཚིག་དབང་གིས་སེམས་ཀྱི་སྟོང་ཉིད་ཆོས་སྐུ་སྤྲོས་པའི་དྲ་བ་མཐའ་དག་དང་བྲལ་བ། བདེ་བ་ཆེན་པོའི་སྐུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ངོ་སྤྲོད་པར་བྱེད་པ་ཡིན། དེ་ནས་རྩ་ལྟུང་དང་བླ་མ་ལྔ་བཅུ་པ་ཉན། དེ་ནས་གྲོལ་བར་བྱེད་པའི་ལམ་དང་པོ་བསྐྱེད་རིམ་སྟོན། དེ་ནས་རྫོགས་རིམ་སྤྲོས་བཅས་རྩ་རླུང་ལ་སོགས་པ་སྟོན། དེ་ནས་རྫོགས་རིམ་སྤྲོས་མེད་མཐར་ཐུག་སྟོན། དེ་བསྒོམས་པས་ཏིང་ངེ་འཛིན་འབྱུང་། ནང་རྟགས་བཞི་འཆར་ལ། ཞི་གནས་མཐར་ཕྱིན་པ་འཇིག་རྟེན་པའི་བསམ་གཏན་ཡིན། རྟགས་ལྔ་པ་ཤར་བས་ཞི་གནས་དང་ལྷག་མཐོང་ཟུང་འཇུག་ཏུ་འབྲེལ་བ་ཡིན། དྲོད་རྟགས་གསུམ་འབྱུང་སྟེ། ཕྱིའི་དྲོད་ལུས་ཡོད་པ་མི་ཚོར་བ་དང་། ནང་གི་དྲོད་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་། གསང་བའི་དྲོད་རྟོག་མེད་༼༢༠ན༽ཀྱི་བདེ་བ་འབྱུང་བའོ། །དེ་བསྒོམ་པའི་འོད་གསལ་ཡིན། འཆི་ཁར་བར་དོ་འཛིན་པའི་གདམས་ངག་ལ་བརྟེན་ནས། བསམ་གཏན་གྱི་འོད་གསལ་དང་རང་བཞིན་གྱི་འོད་གསལ་བསྲེས་ཏེ། བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པ་ཡིན་གསུང་། ཆོས་དང་ཆོས་ཉིད་དང་བློའི་དོན་ཅི་ཞེ་ན། ཆོས་ཇི་ལྟ་བ་ནི་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་སོ། །ཆོས་ཉིད་ཇི་ལྟ་བ་ནི་དེ་ཐོག་མ་རྒྱུས་མ་བསྐྱེད། ཐ་མ་རྐྱེན་གྱིས་མི་འཇིག་པ། ཡེ་ནས་རྣམ་པར་དག་པ། མ་བཅོས་རང་བྱུང་ཡེ་ཤེས་སོ། །བློ་ཇི་ལྟ་བ་ནི། ལྟ་བ་ཇི་ལྟ་བར་རྟོགས་པ་བཞིན་དུ། གང་དུ་ཡང་མི་སེམས་མི་རྟོག་པར། མཉམ་པ་ཆེན་པོའི་ངང་དུ་མ་བཅོས་པར་བཞག །བཅོས་ཤིང་བསྒོམ་དུ་མེད། ཡེ་ཤེས་ངང་ལ་གནས་པའོ། །དེ་ལས་མཚན་མའི་ཆོ་འཕྲུལ་ཅི་བྱུང་ཡང་། དོན་ལ་གཡོས་པ་དང་འགྱུར་བ་མེད་པས། དགག་སྒྲུབ་མི་བྱེད། རང་བྱུང་དུ་ཤེས་པ་མ་ཡེངས་པར་གནས་པར་བསྒོམ་པའོ། །བྱིང་རྒོད་འབྱུང་ན་ཡང་མཉམ་ཉིད་ངང་དུ་ཚོར་བའོ། །ནམ་ཞིག་གདོན་ལ་རིག་གྱུར་ན། །རང་རིག་ཁོ་ན་ཙམ་དུ་ཟད། །རང་རིག་དེ་ཡང་འདི་སྙམ་དུ། །གཞན་ལ་བསྟན་ཅིང་བརྗོད་དུ་མེད། །ཅེས་སོ། །ངོ་སྤྲོད་ལྔ་སྟེ། གཉིད་དང་རྨི་ལམ་གྱི་དཔེས་སྣང་བ་སེམས་སུ་ངོ་སྤྲད། ཆུ་དང་ཆབ་རོམ་གྱི་དཔེས་སྣང་སྟོང་དབྱེར་མེད་དུ་ངོ་སྤྲད། ནམ་མཁའ་སྟོང་པའི་དཔེས་སེམས་ཉིད་སྟོང་པར་ངོ་སྤྲད། བུ་རམ་རིལ་བུའི་དཔེས་དུ་མ་རོ་གཅིག་ཏུ་ངོ་སྤྲད། ཆུ་བོ་རྒྱུན་ཆགས་ཀྱི་དཔེས་ཆོས་སྐུ་རྒྱུན་ཆགས་པར་ངོ་སྤྲད་དོ། །སངས་རྒྱས་ཀྱི་དགོངས་པ་ཡང་ལྔ་ལ། རྟོགས་པ་ཡེ་ཤེས་སུ་ལྡང་བའི་དགོངས་པ་ནགས་ལ་མེ་མཆེད་པ་ལྟ་བུ། མཚན་མ་རང་སར་གྲོལ་བའི་དགོངས་པ་མཚོ་ལ་འཁྱག་པ་ཞུ་བ་ལྟ་བུ། སྣང་སྟོང་དབྱེར་མེད་ཀྱི་དགོངས་པ་སྔར་འདྲིས་ཀྱི་མི་དང་ཕྲད་པ་ལྟ་བུ། ཡེ་ཤེས་སྤྱི་སྤུངས་ཀྱི་དགོངས་པ་ཉི་མའི་སྙིང་པོ་ལྟ་བུ། ཏིང་ངེ་འཛིན་ལྡང་འཇུག་མེད་པའི་དགོངས་པ་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུའོ། །ཇོ་༼༢༠བ༽བོ་རྗེའི་བཀའ་བརྒྱུད་འཛིན་པ་རྣམས། གསལ་བ། མི་རྟོག་པ། ཕྲ་བ། ཞི་བ་དང་བཞི་ལྡན་ལ་རྩིས་ཆེ། བདེ་བ་ལ་རྩིས་ཆུང་། ཞེན་གྱིས་དོགས་སོ། །གསང་སྔགས་པ་ཐབས་ཀྱིས་བདེ་བ་བསྒྲུབ། དེ་ལས་མི་རྟོག་པ་སྐྱེ། རྩ་དང་རླུང་ལ་སྦྱངས་ན་ཤེས་པ་ལ་དབང་ཐོབ། ཕྲི་བསྣན་བཏུབ་པའོ། །བདེ་བ་གསལ་བ་མི་རྟོག་པ་འབྱུང་། རྗེ་བཙུན་མི་ལ་ལ་དྲིས་པས། དེ་ཙུག་འོང་བ་ཡིན། རྩ་རླུང་བསྒོམ་པ་ཁོང་གསུང་བ་དེ་ལ་དེས་ཀྱང་ཉོན་མོངས་པ་མགོ་ནོན་ཙམ་འོང་སྟེ། དེས་ལམ་མི་ཆོད་གསུང་། དེ་ལ་རྩིས་སུ་མི་མཛད། སེམས་ཉིད་ཀྱི་ངོ་བོ་ངེས་པ་ལ་རྩིས་ཆེ། སེམས་ཀྱི་ངོ་བོ་བདེ་བ་གསལ་བ་མི་རྟོག་པ། སྟོང་པ། འགྱུར་བ་མེད་པ། རྒྱུན་ཆད་པ་མེད་པར་ཤེས་ན་སྣང་ལ་ངེས་པ་ཡིན། སེམས་སུ་མ་ཤེས་ན་སྣང་ལ་མ་ངེས་པ་འཇིག་རྟེན་པའི་ལྟ་བ་ཡིན། གལ་ཏེ་ཡིད་དུ་འོང་ངོ་སྙམ་པའི་སེམས། །སྙིང་ལ་འཕངས་པ་གཅེས་པར་བྱས་པ་ཡི། །ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །འགྲོ་རྣམས་སྡུག་བསྔལ་འབའ་ཞིག་སྐྱེད་པར་ཟད། །ཅེས་གསུངས། བདེ་བ་ལ་མཆོག་ཏུ་བཟུང་ནས་རྒྱུན་བསྲིང་ན་འདོད་ཁམས་ཀྱི་ལྷར་སྐྱེ། གསལ་བ་ལ་ཆགས་ན་གཟུགས་ཁམས་སུ་སྐྱེ། མི་རྟོག་པ་ལྟེངས་པོས་གཟུགས་མེད་དུ་སྐྱེ། ཉན་ཐོས་བདེ་ལ་གཞི་བྱས་ཏེ། མཚན་མ་ཉམས་མྱོང་གི་ཆོས་ཡིན། མཆོག་འཛིན་མི་བྱེད་སྟོང་པར་ལྟ། བྱང་ཆུབ་སེམས་དཔའ་དེ་ལ་གཞི་བྱས། ཏིང་ངེ་འཛིན་གྱི་རྩལ་སྦྱོང་། ཉམས་སུ་མྱོང་བ་དེ་རྣམ་པར་རྟོག་པ་ཡིན། རྣམ་རྟོག་རང་གི་སེམས་ཡེ་ཤེས་སུ་འཁྱེར་བ་ཡིན། གནས་པ་རྐྱང་པས་ལམ་མི་ཆོད། དེ་ནི་བརྒྱལ་བ་དང་ཆང་གིས་ར་རོ་བ་ལ་ཡང་ཡོད་དེ། རྟོག་པ་དཀར་དམར་སྣ་ཚོགས་ཅི་སྣང་ཡང་། རིག་པ་ཡིན། གསལ་བར་ཉམས་སུ་མྱོང་བ་ཡིན། རང་གི་རིག་པ་རང་བཞིན་གྱིས་མ་གྲུབ་༼༢༡ན༽པར་ངེས་ན་རྟོགས་པའོ། །གནས་པ་འབྱུང་ན་བསྒོམ་པ་ཡང་རྟོག་མེད་དུ་རྒྱུན་བསྲིང་བ་ཡིན། ངོ་བོ་མཐོང་ནས་དེའི་རྒྱུན་བསྲིང་ན་ཆོད་མ་ཆོད་གནད་མ་གོ་བ་ཡིན། གདོད་མ་ནས་རྒྱུན་ཆད་མ་མྱོང་བ་ཡིན། རྟོགས་པ་དང་ལྡན་པའི་ཚུལ་སྣང་བ་སེམས་སུ་ཤེས་པ་དང་། སེམས་ནི་ངོས་བཟུང་དང་བྲལ་བ་ནམ་མཁའི་དཀྱིལ་ལྟར་ཕྱམ་མེ་བའི་ཉམས་ལ་བརྟེན་ནས་བརྟན་པར་བྱེད། དེ་ནས་མཚན་བཅས་བསྒོམ་མི་དགོས། སེམས་ཀྱི་གླང་པོ་རྙེད་ཕྱིར་རོ། །འཁོར་འདས་ཀྱི་རྩད་དེ་གང་དུ་ཆོད་ཅེ་ན། རྟོགས་ལྡན་གྱི་བླ་མ་དམ་པས། སྐལ་ལྡན་གྱི་སློབ་མ་ལ་རིག་པ་དང་མི་རིག་པ་གཉིས་སུ་ངོ་སྤྲོད་པ་ཡིན་ཏེ། དེ་བསྒོམས་པས་ཉམས་སུ་མྱོང་བའི་དོན་ལ་རྟོགས་པ་སྐྱེའོ། །ཉམས་སུ་མྱོང་བ་ནི་རིག་པ་སྤྲོས་བྲལ་དུ་ཤར་བ། ཟག་པ་མེད་པའི་བདེ་བ་དང་ལྡན་པ་འབྱུང་བའོ། །དོགས་པ་ནི་སེམས་ཅན་ལ་མ་རིག་པ་ཉིད་ངེས་པ་ཐོབ་པའོ། །སེམས་ཀྱི་སྒྱུ་མ་མཐོང་བ་དེ་ཡོད་པ་མ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གཟིགས། མེད་པ་མ་ཡིན་ཏེ། ཉམས་སུ་མྱོང་བ་དེ་སངས་རྒྱས་ཀྱིས་ཀྱང་མི་ཁེགས་པའོ། །མཚན་ཉིད་དང་། རང་བཞིན། ངོ་བོ་གསུམ་ནི། མཚན་ཉིད་སྣ་ཚོགས་སུ་སྣང་བའོ། །རང་བཞིན་རིག་པ་གསལ་ལ་མ་འགགས་པའོ། །ངོ་བོ་ནི་དེའི་དོན་ཉམས་སུ་མྱོང་བའི་ཡེ་ཤེས་སོ། །རྒྱུད་ཆེན་ཅིག་ནས་ཐབས་གཙོ་ཆེར་བཤད། ཚན་ཅིག་ནས་ཤེས་རབ་གཙོ་ཆེར་བཤད་དེ། བློ་དམན་པའི་དུས་སུ་ཐབས་གཙོ་ཆེ་བ་མན་ངག་ཡིན་ཏེ། བློ་ཡར་སོང་ནས་ཤེས་རབ་གཙོ་ཆེ་བ་ཡིན། དེ་ཡང་ཐབས་ལ་བརྟེན་ནས་ཤེས་རབ་གཙོ་ཆེ་བར་ཤུགས་ཀྱིས་འགྲོ། སྣང་བ་དང་རྣམ་རྟོག་མ་བཅད་པར་རང་ཤུགས་ཀྱིས་འགགས་ནས་འགྲོ། །བཀའ་གདམས་པ་ལྟ་བ་ལ་རྩིས་ཆེ་སྟེ། གྲུབ་མཐའི་ལྟ་བ་འདི་ལྟར་ལགས་ཟེར་བ་དེ་ལ་༼༢༡བ༽རྩིས་མི་ཆེ། ལྟ་བས་བལྟས་པས་སྟོང་པར་མཐོང་བ་ལ་རྩིས་ཆེ། བླ་མ་མི་ལ་ཡང་ལྟ་བ་གྲུབ་མཐའ་འདི་ལྟར་ལགས་ཟེར་བ་ལ་རྩིས་མི་ཆེ། རང་ཤར་ལ་རྩིས་ཆེ། བསྒོམས་པ་ལས་མ་བྱུང་བའི་ལྟ་བ་དཀའ་གསུང་། ལྟ་བ་གཏན་ལ་དབབ་ཐབས་ནི། རྩ་རླུང་འཁོར་ལོ་རྩིས་སུ་ཆེ་གསུང་། ཆོས་ཐམས་ཅད་ནང་ནས་ཉམས་ཐོག་ནས་སྨྲ་བ་ཞིག་དགོས་གསུང་། ནང་ཉམས་ཐོག་ནས་བལྟས་ན་གྲུབ་མཐའ་གང་གིས་ཀྱང་མ་ཕོག །སེམས་ཙམ་པ་རང་རིག་རང་གསལ་དུ་འདོད་པ་དང་། དབུ་མ་པའི་སྐྱེ་མེད་དང་། སྔགས་ཀྱི་སྟོང་པ་ཉིད་ཀྱིས་ཀྱང་མ་ཕོག །ཕྱི་ནས་བལྟས་ནས་ངག་ཏུ་བརྗོད་ན། གྲུབ་ཐོབ་ཀྱིས་གསུངས་པའི་གྲུབ་པ་སྡེ་བདུན་དང་། རྡོ་རྗེ་འཆང་གིས་གསུངས་པའི་རྒྱུད་དང་མི་འགལ་བ་ཡིན། རྒྱུ་ལམ་འབྲས་བུ་གསུམ་གྱི་དོན་ནི། བསྐྱེད་དང་འཕེལ་བྱེད་རྫོགས་པ་སྟེ། རིག་པ་བྱང་ཆུབ་སེམས་དང་བསྐྱེད་རྫོགས་དང་སྐུ་གསུམ་ཡིན་ནོ། །མ་རིག་པ་དང་སྡིག་པའི་ལས་དང་། ངན་སོང་གསུམ་ཡིན་གསུང་། རྣམ་པར་རྟོག་པ་ལ་ཕྲ་བ་དང་རགས་པ་གཉིས་ཡིན་ཏེ། རགས་པ་ནི་སྣོད་བཅུད་ཨ་འཐས་སུ་འཛིན་པ་ཡིན། ཕྲ་བ་སྐད་ཅིག་སྣ་ཚོགས་སུ་འགྱུར་བའོ། །དེ་ཉིད་ངོ་བོ་གཅིག་ལ་མཚན་ཉིད་བཞི་སྟེ། ཡིད་དང་། རིག་པ། སེམས། རླུང་དང་བཞི་ཡིན། ཡུལ་འཛིན་པས་ན་ཡིད། དེ་གོ་ཞིང་རྟོགས་པར་བྱེད་པས་ན་རིག་པ། དེའི་དོན་གསལ་ལ་མ་འགགས་པས་སེམས། རྩ་རླུང་ལ་རྟེན་ཅིང་སྡུད་པས་ན་རླུང་ཡིན། སྤྱིར་གསང་སྔགས་ཟབ་མོ་འདི་གདམས་ངག་ཉམས་སུ་བླངས་པ། ཉམས་མྱོང་། རྣལ་འབྱོར་པའི་ལུས་གསུམ་པོ་འདི་སྦས་ན་ལེགས་པ་ཡིན། གསང་སྔགས་གསང་བར་བཤད་པ་ཡིན། མ་གསང་ན་དངོས་གྲུབ་འཆོར་བ་ཡིན། ཉམས་མྱོང་ཡང་བླ་མ་ལ་སྨྲ་བ་ཡིན། ༼༢༢ན༽གྲོགས་བློ་འདྲེས་པ་དམ་ཚིག་གཙང་མ་ལ་སྨྲས་ཀྱང་མི་སྟོ་བ་ཡིན་གསུང་། ཡང་རིན་པོ་ཆེའི་ཞལ་ནས། ངས་ནི་དེ་སྔ་ཡང་མ་གསང་། ད་ཡང་མི་གསང་། ངེས་པའི་ཤེས་པ་ཨེན་ཙམ་པ་འདི་ཅིག་ཀྱང་འཆར་འཆོར་མི་འདྲ། ཉམས་མྱོང་འཆོར་ཡང་མི་སྲིད་དེ། ཁྱོད་རང་གར་འགྲོ་བ་སོང་གསུང་། བླ་མ་རྣམས་ཀྱིས་སྐུ་ཉམས་སུ་བསྟར་ནས་གསུངས་པ་དང་། བླ་མའི་བྱིན་རླབས་ཀྱིས་རང་ལ་ངེས་པའི་ཤེས་པ་ཨེན་ཙམ་པ། བླ་མའི་ཡོན་ཏན་བ་སྤུ་བརྒྱར་བཤགས་པའི་ཚོད་ཙམ་པ་དེ་ལ་བརྟེན་ནས། ཁྱེད་ལ་ཤེས་པ་ངོ་སྤྲོད་པ་ཡིན། འོ་ཅག་འཁོར་འདས་དང་སངས་རྒྱས་སེམས་ཅན་ཁོ་ན་ཟེར་བ་དེ། རིག་པ་ངོ་ཤེས་མ་ཤེས་ཡིན། སངས་རྒྱས་ལྔ་འདྲིལ་གང་ཡིན་ལག་པའི་ལྟོ་རྒྱབ་ཡིན། དེ་བས་ན་ནང་དུ་བལྟས་པས་དང་པོར་རིག་པ་གསལ་སིང་ངེ་བ་འབྱུང་། དེ་རྩེ་གཅིག་གི་རྣལ་འབྱོར་ཡིན། དེ་བླ་མ་ལ་གསོལ་བ་དྲག་ཏུ་བཏབ་ཅིང་བསྒོམས་པས། སྡིག་པ་ཟད་ནས་རིག་པ་སྤྲོས་བྲལ་དུ་འཆར་ཏེ། དགའ་རྒྱུ་མེད་པར་དགའ་བ་ཡིན། སྔོན་མ་རྙེད་པ་རྙེད། དབུལ་པོས་གཏེར་རྙེད་པ་དང་འདྲ། བློ་མ་བཏང་བར་སྣང་བ་སེམས་སུ་ཆོད་པའོ། །སྣང་བ་དགག་སྒྲུབ་དང་ཕྲལ་བ་ལུང་མ་བསྟན་དུ་འགྲོ། སྣང་བ་ལ་རྗེས་ཐེར་བ་མིན་པ་ཉམས་ལ་རྒྱུན་ཆད་མེད། བསྒོམས་ཀྱང་འོང་། མ་བསྒོམས་ཀྱང་འོང་། དོན་ལ་མཉམ་བཞག་དང་རྗེས་ཐོབ་མེད་པ་ཡིན། ཨེན་ཙམ་བརྟན་པ་ཐོབ་ནས། སྣང་བ་རེས་སྟོང་པ། རེས་སྒྱུ་མར་འཆར། རེས་འགག །རྟོག་པ་སྤྲ་སྤྲོ་འོང་སྟེ། དྲན་པ་རང་གར་སོང་ཆ་མེད་དུ་འགྲོ་གསུང་ངོ་།། །།མར་ཡུལ་པ་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་དང་། གསང་སྔགས་ཀྱི་ལམ་ཐམས་ཅད་ཇི་ལྟར་མཆིས་ཞུས་པས། ཕ་རོལ་ཏུ་ཕྱིན་པའི་རྣམ་ཐར་ཚོགས་ལམ། ཟད་༼༢༢བ༽པར་སྦྱོར་ལམ། ཟིལ་གནོན་མཐོང་ལམ། དེ་དང་གསང་སྔགས་ཀྱི་ལམ་སྟོན་པ་རབ་འབྲིང་ཐ་མ་རྣམ་པ་གསུམ་ཐད་སོ་ཡིན། རྒྱལ་པོ་གཞོན་ནུའི་སྤྱོད་པ་རྣམ་སྨིན་ལ་འཛེམ། ཞི་བ་དུལ་བ། སྤྱོད་ལམ་མཛེས་པ། གཞན་ཅི་དང་ཅི་བྱེད་པ་དང་ཚོགས་ལམ་ཐད་སོ་ཡིན། དེ་ནས་བསྐྱེད་རིམ་ལ་བརྟན་པ་ཅུང་ཟད་ཐོབ་ནས། གསང་བ་སྔགས་ཀྱི་སྤྱོད་པ་བྱེད་པ་དྲོད་ཅུང་ཟད་ཐོབ་པ་ན། དེའི་ཚེ་གསང་བའི་སྤྱོད་པ་བྱ། དེའི་ཚོགས་དང་དགོན་པ་བོགས་གང་ཐོན་ལྟ་བ་རེས་འཇོག་སྤྱོད་པ་བྱེད་པ་ཡིན། ཚོགས་སུ་འགྲོ་བའི་ཚེ་མིང་ལ་སོགས་པ་གསང་ནས་བྱེད་པ་སྟེ། གསང་སྤྱོད་དང་སྦྱོར་ལམ་ཐད་སོ་ཡིན། རང་རིག་གཞན་རིག་གཉིས་སུ་མེད་པར་རིག་པ་འཇིག་རྟེན་པའི་རྣམ་རྟོག་བརྟུལ་ནས། གཞན་དོན་དུ་འགྱུར་ན་བསད་གསོ་དང་། འགུགས་བྱེད་མཁའ་ལ་འགྲོ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱེད་པ་ནི། ས་དང་པོའི་ཐད་སོ་ཡིན། མཉམ་བཞག་ཆེན་པོའི་སྤྱོད་པ་དང་། མཐོང་ལམ་ཐད་སོ་ཡིན་གསུང་ངོ་། །བྱང་ཆུབ་སེམས་དཔའི་ལམ་དང་ཐད་སོ་བལྟས་རྩི་ཞུས་པས། བསྒོམས་པའི་དོན་ཕུལ་ཞིག་གསུང་། དབེན་པར་སེམས་རྩེ་གཅིག་པ་ལ་དཀའ་བ་མེད་ན་ཚོགས་ལམ་ཐད་སོར་ཡིན། ཚོགས་ཀྱི་ནང་དུ་སེམས་རྩེ་གཅིག་པ་ལ་དཀའ་བ་མེད་ན་སྦྱོར་ལམ་ཐད་སོ་ཡིན། མཉམ་བཞག་དང་རྗེས་ལ་ཁྱད་མེད་ན་ས་དང་པོའི་ཐད་དུ་ཉེ་བ་ཡིན་གསུང་། ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཁྱད་ཅི་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད་པ་ཡིན། ཆོས་ཐམས་ཅད་གཏན་ཚིགས་ཀྱིས་གཞིགས་ནས་མ་གྲུབ་པར་བྱེད། ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟར་སྟོང་པར་བྱས་དེ་ལ་བློ་འཇོག་པ་ཡིན། གསང་སྔགས་པ་ནི་དོན་དངོས་ལམ་དུ་བྱེད་པ་ཡིན་ཏེ། ཐབས་ལམ་དྲག་ཏུ་བཅུན་པས་རླུང་དྷཱུ་ཏིར་༼༢༣ན༽ཚུད་པ་འོང་། རླུང་སེམས་གཉིས་སུ་མེད་པའི་གནད་ཀས། དེའི་དུས་སུ་གསལ་ལ་མི་རྟོག་པ་བདེ་བ་འབྱུང་། དེ་ཙ་ན་བླ་མས་ཁྱོད་ཀྱི་ཤེས་པ་འདི་རང་སེམས་རང་རིག་པ་སྟོང་པ་ཉིད་རང་འདི་ཡིན་ནོ་ཞེས་ངོ་སྤྲད་པས། སློབ་མས་ཀྱང་དེ་ལྟར་བསྒོམས་པས་སྔ་མའི་ཉམས་མྱོང་ལ་མཆོག་འཛིན་དང་བྲལ་ཏེ། དེས་རང་གི་སེམས་གཉུག་མར་ངེས་པ་འོང་། རིག་པ་གསལ་བ་བདེ་སྟོང་ཡིན་ལ། དེ་ལས་མ་ཡེངས་པ་དེ་ཏིང་ངེ་འཛིན་ཡིན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མཐར་ཕྱིན་པ་ནི་ཆོས་ཀྱི་སྐུའོ། །ཡང་ཕ་རོལ་ཏུ་ཕྱིན་པ་ནི་སྒྲོ་འདོགས་གཅོད་པ་སྟེ། ཕྱི་གཟུང་བའི་ཡུལ་གཅིག་དང་དུ་བྲལ་གྱིས་གཞིགས་ནས་སྟོང་པར་བྱེད། གཟུང་བ་མེད་ན་དེར་འཛིན་མེད་ཟེར་ནས། གཟུང་བའི་ཡུལ་རྩད་ཆོད་ནས་འཛིན་པ་སྒྲོག་རང་བརྡལ་དུ་འགྲོ་ཟེར་ནས། ནང་འཛིན་པ་སེམས་ལ་རྟོག་དཔྱོད་མི་གཏོང་ངོ་། །གསང་སྔགས་པས་སྒྲོ་འདོགས་ནང་ནས་གཅོད་པ་སྟེ། ཡུལ་ལ་རྟོག་དཔྱོད་མི་གཏོང་། རྒྱས་འདེབས་བྱེད་པའོ། །ནང་འཛིན་པའི་སེམས་ལ་བལྟ། དེ་བལྟས་པས་དང་པོ་མ་སྐྱེས། ཐ་མ་མི་འཇིག །ད་ལྟར་གང་ན་ཡང་མི་གནས། རང་བཞིན་ཅིར་ཡང་མ་གྲུབ་པར་ངེས་པ་འོང་། དེ་ཡང་ཡེ་ཤེས་ཀྱི་ཡུལ་ཡང་མ་ཡིན་ན། རྣམ་རྟོག་གི་བློས་ག་ལ་མཐོང་། དོན་གསལ་སིང་ངེ་བ་བློའི་གཏིང་ནས་ཤར་བ་ནི་ཉམས་མྱོང་། དེ་ལས་མ་ཡེངས་པ་གནས་པ། དེ་དང་པོ་ནས་མི་སྐྱེ་བའི་ངོ་བོར་ཤེས་པ་རྟོགས་པ་ཡིན། བླ་མས་ངོ་མ་སྤྲད་ན་ཉམས་དེ་རྒྱུན་བསྲིངས་པས་སྟོང་ཕྱམ་ཕྱམ་ལ་འགྲོ་སྟེ། སྟོང་པ་ཧད་པོ་ཡེ་ཤེས་ཕྱལ་པོ་ཡིན་པས་ལམ་དུ་མི་འགྲོ །ཞེན་པ་འབྲལ་བ་ལ་དུམ་རེ་ཙམ་ཕན་པ་ཙམ་འོང་། དེ་བས་ན་ཐར་པའི་ལམ་དུ་འཁྲིད་པ་དེ་ལ། བླ་མ་ཉམས་རྟོགས་ཅན་དགོས་པ་ཡིན་གསུང་། ཕ་རོལ་ཏུ་ཕྱིན་པ་མོས་པ་ལམ་དུ་བྱེད། གསང་སྔགས་༼༢༣བ༽པས་བྱིན་རླབས་ལམ་དུ་བྱེད། གཟུང་བའི་ཡུལ་ལ་མི་བལྟ། ནང་འཛིན་པའི་སེམས་རྩད་གཅོད་པ་ཡིན། དེ་ཡང་བླ་མས་ངོ་སྤྲད་ན་སྒྱུ་མ་དང་། གཟུགས་བརྙན་ལ་སོགས་པ་ཡུལ་བཞི་དང་བྲལ་བ་བཞིན་དུ། རང་ལ་ཡེ་ནས་ཡོད་པའི་སེམས་ཉིད་ཡོད་མེད་ཐམས་ཅད་དང་བྲལ་བར་ངོ་སྤྲད་ནས། རང་གིས་བསྒོམས་པས་ངེས་པའི་ཤེས་པ་སྐྱེ། དེའི་དོན་ལ་རྒྱུན་བསྲིངས་པས་སེམས་ཀྱི་སྟོང་པ་ཉིད་མཐོང་བ་ཡིན། ངེས་པ་དང་མ་ངེས་པ་གཉིས་ཡིན། རྟོགས་པ་བརྟན་ན་དེ་རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེ་ཡེ་ཤེས་ཡིན། དེ་ནི་རྡོ་རྗེ་སློབ་དཔོན་ཡིན་ཏེ་མི་སླུ་བ་ཡིན། མཆོག་ཏུ་གྱུར་པའི་དོན་རྙེད་པས་གྲུབ་མཐའི་ཆོས་ལ་འདོད་པ་མི་འོང་། ཡིད་བཞིན་གྱི་ནོར་བུ་རྙེད་པས་བན་ང་ལ་འདོད་པ་མི་ཡོང་བ་དང་། འཁོར་བའི་གཞི་རྩ་ཆོད་པ་ཡིན། མ་རིག་པ་རང་སར་གྲོལ་བས་འདུ་བྱེད་ལ་སོགས་པ་ཐམས་ཅད་འགག་པ་ཡིན་ནོ། །སྤྱིར་ལམ་གསུམ་ལ་རྗེས་དཔག་ལམ་དུ་བྱེད་པ་ནི། ཆོས་ཐམས་ཅད་གཅིག་དང་དུ་བྲལ་གྱིས་གཞིགས་ནས། རང་བཞིན་མེད་པར་བྱས་ནས་འགྲོ་ས་འདི་ལས་མེད་ཟེར་ནས་དེ་བསྒོམ་པའོ། །བྱིན་རླབས་ལམ་དུ་བྱེད་པ་ནི་ལྷའི་སྐུ་བསྐྱེད་པའི་རིམ་པ་ལ་བརྟེན་ནས། རྩ་རླུང་ལ་སོགས་པ་སྦྱངས་པའོ། །མངོན་སུམ་ལམ་དུ་བྱེད་པ་གཉུག་མ་ཕྱག་རྒྱ་ཆེན་པོའོ། །ཡང་ལམ་གསུམ་ལ། གཞི་སྤོང་བའི་ལམ་ནི། ཕ་རོལ་ཏུ་ཕྱིན་པ་སྟེ་སྤང་བྱ་དང་གཉེན་པོ་ཐ་དད་དུ་བྱས་ནས་སྤོང་བ་ཡིན། གཞི་སྒྱུར་བའི་ལམ་ནི་གསང་སྔགས་པ་སྟེ། རྟེན་སྒྱུར་བ་ལུས་ལྷར་བསྐྱེད། བརྟེན་པ་སྒྱུར་བ་དབང་པོ་རྡོ་རྗེ་དང་པདྨར་བྱེད། ཆོས་ཐམས་ཅད་སྒྱུར་བ་ཉོན་མོངས་པ་ལམ་དུ་བྱེད། རྟོག་པ་ཡེ་ཤེས་སུ་བྱེད། དྲི་མས་དྲི་མ་འཁྲུད། རྟོག་པས་རྟོག་པ་གཅོད་པའོ། །གཞི་ཤེས་པའི་ལམ་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། སྤང་བྱ་མེད་གཉེན་པོ་མེད་བསྒྱུར་དུ་མེད། སྒྱུར་བྱེད་མེད་༼༢༤ན༽དེ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་ལ། སེམས་ཉིད་གདོད་མ་ནས་སྐྱེ་བ་མེད་པའི་དོན། ཆོས་སྐུ་རང་ཆས་སུ་ཡོད་པ་ངོ་ཤེས་མཐོང་བ་གོམས་པར་བྱེད་པས་སངས་རྒྱས་པའོ། །ཡང་གསུམ་སྟེ་དབང་པོ་བརྟུལ་པོ་དད་པ་ཅན་ཚོགས་ཀྱི་ལམ་དུ་འཇུག་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །འབྲིང་རྟོག་པ་དང་ཉོན་མོངས་པ་ཅན་ཐབས་ཀྱི་ལམ་དུ་འཇུག་པ་ནི་གསང་སྔགས་སོ། །དབང་པོ་རྣོན་པོ་ཤེས་རབ་ཅན་དེ་ཁོ་ན་ཉིད་ལ་འཇུག་པ་ནི་ཕྱག་རྒྱ་ཆེན་པོའོ། །ཞི་གནས་དང་ལྷག་མཐོང་ནི། ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་གསུངས་པས། དེ་གཉིས་ལ་དོན་ལྔ་སྟེ། རྒྱུ་དང་། ལས་དང་། གེགས་དང་། སྒྲིབ་པ་དང་། ལམ་ཡོངས་སུ་དག་པའོ། །ཞི་གནས་ཀྱི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ། ལྷག་མཐོང་གི་རྒྱུ་ཐོས་བསམ་གྱི་ཤེས་རབ་བོ། །ཞི་གནས་ཀྱི་ལམ་ནི་མཚན་མའི་འཆིང་བ་ལས་གྲོལ་བར་བྱེད་པ། ལྷག་མཐོང་གི་ལམ་ནི་གནས་ངན་ལེན་གྱི་འཆིང་བ་ལས་གྲོལ་བར་བྱེད་པའོ། །ཞི་གནས་ཀྱི་གེགས་ནི་ལུས་དང་ལོངས་སྤྱོད་ལ་བལྟ་བའོ། །ལྷག་མཐོང་གི་གེགས་ནི་འཕགས་པའི་གཏམ་གྱིས་ཚིམ་པ་མ་ཐོབ་པའོ། །འདུ་འཛིར་གནས་པ་དང་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ནི་གཉིས་ཀའི་གེགས་སོ། །སྒྲིབ་པ་ནི། རྒོད་པ་དང་འགྱོད་པ་དང་། ཐེ་ཚོམ་གྱིས་ཞི་གནས་ལ་སྒྲིབ། གཉིད་དང་རྨུགས་པས་ལྷག་མཐོང་ལ་སྒྲིབ། འདོད་འདུན་དང་གནོད་སེམས་ཀྱིས་གཉིས་ཀ་ལ་སྒྲིབ་པའོ། །རྨུགས་པ་དང་གཉིད་ལེགས་པར་ཆོམས་པ་ནི་ཞི་གནས་ཀྱི་ལམ་ཡང་དག་པའོ། །རྒོད་འགྱོད་ལེགས་པར་ཆོམས་པ་ནི་ལྷག་མཐོང་གི་ལམ་ཡོངས་སུ་དག་པའོ། །དེ་གཉིས་ཀྱིས་སྒྲིབ་པ་གཉིས་ལེགས་པར་ཆོམས་པས་འབྲས་བུ་ཆོས་ཀྱི་སྐུ་རྣམ་དག་ཐོབ་པའོ། །སྟོང་པ་ཉིད་བསྒོམ་སྔས་པའི་སྐྱོན་ལྔ་ལ། ཟབ་མོའི་ཆོས་སྤྱོད་༼༢༤བ༽སྤོང་བ་དང་། ཚིག་གི་ལྟ་བ་ལ་བརྟེན་ནས་ལས་རྒྱུ་འབྲས་ཁྱད་དུ་གསོད་པ་དང་། སྟོང་པ་ཧད་པོས་ང་རྒྱལ་དང་ཁྱད་གསོད་སྐྱེ་བ་དང་། ཐབས་དང་འབྲལ་བས་ཉན་ཐོས་ཀྱི་ལམ་དུ་འགྱུར་བས། དོ་ཧ་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེ་ཡིས་ལམ་མཆོག་རྙེད་པ་མ་ཡིན་ནོ། །ཞེས་གསུང་། སྟོང་པ་ཉིད་བསྒོམ་ཕྱིས་པའི་སྐྱོན་ནི་འཁོར་བའི་གཞི་རྩ་མི་ཆོད་པས། འབྲོས་པའི་ས་མི་རྙེད། དོ་ཧ་ལས། འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་། །འཁོར་བ་ལ་གནས་ཐར་པ་ཐོབ་མི་འགྱུར། །ཞེས་དང་། ལྷ་ལ་མཆོད་པ་ཁྲི་ཕྲག་ཕུལ་བྱས་ཀྱང་། །དེ་ཡིས་བདག་ཉིད་འཆིང་འགྱུར་ཅི་ཞིག་བྱ། །དེ་འདྲས་འཁོར་བ་འདི་ནི་ཆད་མིན་ཏེ། །ཞེས་པའོ། །བསྒོམ་པའི་དུས་ཚོད་མི་ཤེས་པའི་སྐྱོན་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཚད་དུ་ཕྱིན་ནས། དོན་དམ་བྱང་ཆུབ་ཀྱི་སེམས་མ་བསྒོམས་ན། ས་བོན་མ་བཏབ་པའི་ཆོས་སྐུ་ཡེ་ཤེས་མི་འཆར་བ་ཡིན། སྟོང་པ་ཉིད་བསྒོམ་པ་མ་ཤེས་པའི་སྐྱོན་རྒྱས་འདེབས་སུ་ཤོར་བ་ལ་སོགས་པ་ཡིན། སྟོང་པ་ཉིད་ཀྱི་གོལ་ས་མ་ཤེས་པའི་སྐྱོན། ལྟ་བའི་གོལ་ས་དང་སྒོམ་པའི་གོལ་ས་ལ་སོགས་པའོ། །རྗེ་བཙུན་མི་ལའི་ཞལ་ནས། ལྟ་བ་དྲིས་པས་ང་ལ་ལྟ་བ་མེད་གསུང་། ཁྱེད་ལྟ་བའི་ཕྱིར་མ་འབྲང་ཉམས་སུ་ལེན་པའི་ཕྱིར་འབྲོངས། སྟོང་པ་ལ་ནོར་ས་ཡོད་པ་ཡིན་གསུང་། ནོར་ས་ལྔ་ལས་སྟོང་པ་ཉིད་རྒྱས་འདེབས་སུ་ཤོར་བ་ནི། ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོ་ཉིད་དུ་ཤོར་བས་དང་པོ་ནས་ཟུང་འཇུག་ཏུ་མི་བྱེད་པར། དང་པོར་ཡོད་པར་བཟུང་ནས་ཆོས་སྤྱོད་ཉམས་སུ་ལེན། དེ་ནས་སྟོང་པས་རྒྱས་འདེབས་པ་རྟག་ཆད་དོ། །གཉེན་པོར་ཤོར་བ་ནི། ཉོན་མོངས་པ་སྐྱེས་པའི་དུས་སུ། དེ་རང་སྐྱེ་མེད་དུ་ཤེས་པ་གཉེན་པོ་ཡིན་པ་ལ། དེ་ལྟར་མི་བྱེད་པར་ཉོན་མོངས་པ་སྤང་བྱར་བྱས་༼༢༥ན༽ནས། དེའི་གཉེན་པོར་སྟོང་པ་ཉིད་བསྒོམ་པའོ། །ལམ་དུ་ཤོར་བ་ནི། རིག་པ་སྟོང་པ་སྐྱེ་མེད་ཆོས་སྐུ་རང་ཆས་སུ་ཡོད་པ་བཞག་ནས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པས་ཆོས་སྐུ་ཐོབ་པར་འདོད་པའོ། །ཤེས་བྱའི་གཤིས་ལ་ཤོར་བ་ནི། ཆོས་ཐམས་ཅད་རང་སེམས་ཡིན། སེམས་ལ་བལྟས་པས་ཆོག་པ་དེ་ལ་མི་བལྟ་བར། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡེ་དག་ཡེ་གྲོལ་ཡེ་སངས་རྒྱས་པ་ཡིན། བསྒོམ་རྒྱུ་ཅི་ཡང་མེད་ཟེར་ནས་སྟོང་པ་ཉིད་ལ་བློ་ཕྱལ་གྱིས་འཇོག་པའོ། །སྟོང་པ་ཉིད་བློས་བྱས་སུ་ཤོར་བ་ནི། སེམས་སྐྱེ་མེད་ཀྱི་ངང་ལ་མ་བཅོས་པར་བཞག་པས་ཆོག་པ་ལ། དེ་མ་ཤེས་པར་ཆོས་ཐམས་ཅད་རིག་པས་གཞིགས་ནས། ནམ་མཁའི་དཀྱིལ་ལྟར་བྱས་ནས་དེ་ལ་སྟོང་པར་བློ་འཇོག་པ་ཡིན་ཏེ། ཤེས་པ་སྟོང་ཕྱམ་པ་ལ་བློ་འཇོག་པ་ཡིན་གསུང་། འོ་ན་སྟོང་པ་ཉིད་མ་ནོར་བ་རྣལ་མ་དེ་གང་ཡིན་ན། སེམས་ཉིད་གཉུག་མ་མ་བཅོས་པ། རྟེན་གང་ཡང་མ་བཅས་པ། སྒོ་གར་ཡང་མ་འགགས་པ། མཐའ་གར་ཡང་མ་ལྷུང་བ། ཕུགས་གར་ཡང་མ་གཏད་པ། དམིགས་ཡུལ་མེད་པས་རེ་དྭོགས་མེད་པ། ཞེ་འདོད་དང་བྲལ་བ་སྟེ། དཔེ་གང་གིས་མཚོན་དུ་མེད། བརྗོད་པ་གང་གིས་ཀྱང་ཐོག་ཏུ་མི་ཕེབས། སངས་རྒྱས་ལ་གསལ་བར་སྣང་། རྣལ་འབྱོར་པ་ལ་ཐབས་དཔག་ཏུ་མེད་པ་ལ་བརྟེན་ནས་རང་བཞིན་གྱིས་བྱུང་སྟེ། དེའི་ཚེ་རྟོག་པ་རང་ཤུགས་ཀྱིས་ཆོད། ཉོན་མོངས་པ་ངང་གིས་འགག །ཡེ་ཤེས་ཤུགས་ཀྱིས་འཆར། ལྟ་བ་རང་ཤུགས་ཀྱིས་རྟོགས། ཐ་སྙད་གང་དུ་ཡང་མི་ཐོགས། སེམས་ལ་ཉམས་སུ་མྱོང་བ་ལས་ངག་ཏུ་བརྗོད་དུ་མ་བཏུབ་སྟེ། གཞོན་ནུ་མའི་བདེ་བ་མྱོང་བའམ། ལྐུགས་པའི་རྨི་ལམ་ལྟ་བུའོ། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཡི། །ཡེ་༼༢༥བ༽ཤེས་སེམས་ཅན་ཀུན་ལ་ཡོད། །དབུལ་པོའི་གཏེར་བཞིན་ཕན་མ་ཐོགས། །རྟོགས་པར་སླ་སྟེ་དྲུང་ན་འདུག །དཀའ་སྟེ་ངོས་བཟུང་ཐམས་ཅད་བྲལ། །བསམ་པའི་ཡུལ་ལས་འདས་པས་སོ། །རྟོགས་པའི་ཐབས་ནི་གང་ཞེ་ན། །ཚོགས་བསགས་གསོལ་བ་གདབ་པའོ། །ན་མོ་གུ་རུ། སེམས་དང་སེམས་ཀྱི་འོད་གཉིས་མི་གདའ་ན་ཞུས་པས། དེ་ལྟར་ཡིན། སྣང་བ་སེམས་སུ་འདུས་ཙ་ན། སེམས་གཅིག་པུ་ལས་གཞན་ཅི་མེད་པ་ཡིན་གསུང་། ཆོས་སྐུ་དང་ཆོས་སྐུའི་འོད་གཉིས་སུ་མི་གདའ། ཆོས་སྐུ་གཅིག་པུ་ལས་མི་གདའ་ན་ཞུས་པས། དེ་ལྟར་ཡིན། ཆོས་སྐུ་གཅིག་ཆོད་ལ་སོང་བའི་དུས་སུ་ཆོས་སྐུ་གཅིག་པུ་ལས་མེད་པ་ཡིན་གསུང་། སྤྲུལ་སྐུ་སངས་རྒྱས་ཤཱཀ་ཐུབ་ལྟ་བུ་དེ་རྣམ་སྨིན་གྱི་ལུས་ལྷག་མ་ཡོད་པ་དོན་གཅིག་ཆོད་ལ་སོང་བ་ཡིན་ནམ་ཞུས་པས། དེ་ལྟར་ཡིན། སྐུ་མྱ་ངན་ལས་འདས་ནས་སྐྱེ་བ་དག་པས་རང་སྣང་ལ་མེད་གཞན་སྣང་ལ་གཟུགས་སྐུ་འབྱུང་བ་ཡིན་གསུང་། གཟུགས་སྐུ་གཉིས་རང་སྣང་ལ་མེད་པ་སྟེ། རང་སྣང་ལ་གཞན་དོན་བྱེད་བཞིན་དུ་བྱེད་པའི་རྣམ་རྟོག་མེད་པ་ལ་ཟེར་རམ། འོན་ཏེ་རང་སྣང་ལ་གཏན་མེད་པ་ཡིན་ཞུས་པས། དེ་ལ་ལུགས་གཉིས་ཡིན། དགེ་བཤེས་བཀའ་གདམས་པ་རྣམས་སྔ་མ་ལྟར་འདོད་པ་ཡིན། འོ་སྐོལ་གྱི་བླ་མ་ཕྱི་མ་ལྟར་འདོད་པ་ཡིན། གཞན་སྣང་ལ་སྣང་བ་དེ་ཡོ་མཐུན་པར་འདོད་པ་ཡིན། གསུང་། དོན་ཐོག་ནས་མ་ཚོར་བར་ཡེངས་ནས། ཕྱིས་དྲན་པ་རྙེད་ཙ་ན། དོན་རྙེད་པ་དེའི་བར་དུ་ཡེངས་པའི་རྗེས་ལ་བལྟས་པས་ཆོས་སྐུར་འགྲོ་འདུག་ན། དེས་ཆོག་གམ་མི་ཆོག །བར་དེར་བསྒྲིབ་པར་ནུས་སམ་མི་ནུས། རྟག་ཏུ་མ་ཡེངས་པར་བསྒོམ་མམ་མི་བསྒོམ་ཞུས་པས། རྗེས་ལ་བལྟས་པས་ཆོས་སྐུ་ཆོས་སྐུར་འགྲོ་ན་དེས་ཆོག །བར་གྱི་རྣམ་རྟོག་གིས་བསྒྲིབ་པར་མ་༼༢༦ན༽ནུས། གཏན་དུ་མ་ཡེངས་པ་མི་དགོས། ཡེངས་པ་བྱ་བ་མེད་པ་ཡིན། གནས་ལུགས་ལ་ཡེངས་མ་ཡེངས་མེད་པ་ཡིན་གསུང་། བླ་མ་རྗེ་བཙུན་དང་སངས་རྒྱས་ཀྱི་དགོངས་པ་འདི་ཡིན། འདི་ལས་འཕུལ་སའམ་བོགས་འདོན་རྒྱུ་མེད་པར་འགྲོ་བས། འོ་ན་བྱས་པ་ལ། ཤེས་རབ་ཀྱི་ནི་མིག་གིས་དེ་མཐོང་འགྱུར། །བྱ་བ་ཡིན། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །རིག་པ་དང་པོར་ངོས་ཟིན་པ་ནི། ཉམས་སུ་བླང་བའི་ཐབས། སོ་མ་ལྷུག་པ་མ་བཅོས་པར་བཞག་པ་དང་། དེ་ནས་ཉམས་སུ་མྱོང་བ་ནི། རྣམ་རྟོག་ཆོས་ཉིད་དུ་རོ་གཅིག་ཏུ་མྱོང་བ་དང་། དེ་ནས་རྟོགས་པ་ནི། ཁྱབ་བདག་རྡོ་རྗེའི་སྐུ་ཉིད་དང་། །མི་འགྱུར་དུས་ནི་ཐམས་ཅད་པའོ། །ཞེས་གསུངས་པས། ཁྱབ་པ་ནམ་མཁའ་དང་འདྲ་སྟེ། སྐྱེ་མེད་ཀྱིས་ཕྱི་ནང་སྣོད་བཅུད་ཡོ་ལ་ཁྱབ། རྡོ་རྗེའི་སྐུ་ནི་མི་འཇིག་པ་ཡིན། མི་འགྱུར་བ་ནི་གདོད་མ་ནས་རང་བཞིན་གྱིས་ལྷུན་གྲུབ་ཡིན་པས། སྐྱེ་འགག་མེད་པའོ། །དུས་ཐམས་ཅད་པ་ནི་འདས་པ་དང་། མ་འོངས་པ། ད་ལྟར་བ་ལྟ་བུ་མ་ཡིན་ཏེ། རྒྱུན་ཆད་པ་མེད་པའོ། །རྟོགས་པ་ནམ་མཁའ་ལྟ་བུར་ཅིར་ཡང་ཁྱབ། །ཉམས་མྱོང་སྤྲེའུ་དང་འདྲ་སྟེ་གར་ཡང་འགྱུར། །གཉིས་མེད་ཤེས་པ་ཆུ་དང་འོ་མ་འདྲ། །རང་བཞིན་རྣལ་མ་གླང་པོ་ལྟ་བུར་བསྒོམ། །འགྱུར་ངོ་བོ་ཉིད་ལ་ བ་མེད་པ་ཡིན། དང་ཞེས་གསུངས་ པོར་རྟོགས་པ། བར་མ་ཡེངས་པ་ དུ་འདྲིས། ཐ་ཡེ་ཤེས་ཉིད་ མར་དེ་ཀློང་དུ་གྱུར་ནས་སངས་རྒྱས་པ་ཡིན་གསུང་། གཉིས་མེད་དུ་རྦད་ཀྱིས་ཆོད་པའི་དུས་སུ། རྩེ་གཅིག་ལ་སོགས་པ་ཡིན། མ་རིག་པ་ལ་སོགས་པ་གཅིག་ཡིན་གསུང་། བསྒོམ་དུ་ཡོད་བྱས་ཀྱང་འགལ་བ་མེད། ངོ་ཐམས་ཅད་གཅིག་ཏུ་ བོ་རྒྱུན་ཆད་མེད། བསྒོམ་དུ་མེད་བྱས་ཀྱང་༼༢༦བ༽འགལ་བ་མེད། ངོ་བོར་གྲུབ་པ་མེད། ལར་ནང་གི་རྟེན་འབྲེལ་གྱིས་ཕྱིའི་སྣང་བ་འཇིག་དགོས་པ་ཡིན། འགྲོ་དྲུག་གི་སེམས་ཅན་གྱི་ངོ་བོ་དང་། འཕགས་པ་གསུམ་གྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་ཐུགས་གསུམ་གཅིག་ཡིན། དེ་ལ་རྟོགས་ན་སེམས་ཅན་དང་འཕགས་པ་གསུམ་གནས་གྱུར་པ་ཡིན། ངོ་བོ་ལྷན་ཅིག་སྐྱེས་པའི་ཉམས་མ་གཏོགས་པ། ཉམས་མྱོང་ཐམས་ཅད་འཇིག་པ་ཡིན། འདི་དང་ཕྱི་མ་བར་དོ་གསུམ་མཉམ་པ་ཉིད་དུ་ཤེས་ན། བར་དོའི་གདམས་ངག་མི་དགོས། འོད་གསལ་བ་ནི་རྒྱུན་པར་གནས། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །ཞེས་གསུངས་པས། སངས་རྒྱས་སེམས་ཅན་གཉིས་མེད་དུ་རྟོགས་ན་འཕགས་པ་སྡུད་པའི་དེ་ཡིན། སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད། ངོ་བོའི་ཉམས་རྒྱུན་ཆད་མེད་པ་འདི་ཀུན་རྫོབ་ཡིན་ན། འཇིག་པའི་སྐྱོན་ཡོད། དོན་དམ་ཡིན་ན་བདེན་པ་མཐོང་བའི་སྐྱོན་ཡོད། རྗེ་བཙུན་དོན་དམ་དུ་བཞེད། བདེ་བ་ཆེན་པོ་དབྱེར་མེད་དུ་བཞེད། བྱ་ཡུལ་བས་ཀུན་རྫོབ་ཏུ་བཞེད། བཞེད་ཀྱང་དེ་ལས་ལོགས་ནས་དོན་དམ་མི་འཚོལ་བས། དོན་མཐུན་དུ་འདུག །རྒྱུ་འབྲས་གཅིག་ཡིན་པའི་གནད་ཀས། རྒྱུ་ཡོད་པ་ཞིག་ལ་འབྲས་བུ་མེད་པ་ཞིག་འདོད་ན་ཆད་ལྟ་ཡིན། མུ་སྟེགས་རྟག་ཆད་གཉིས་དང་ཁྱད་མེད། གསང་སྔགས་ཚེ་གཅིག་ལུས་གཅིག་གིས་འཚང་རྒྱ་བ་ཡིན། རྟེན་ལ་བཟང་ངན་མེད་སྡིག་ལ་ཆེ་ཆུང་མི་རྩི། ངོ་བོ་མ་ཤར་ན་སྡིག་པ་སྦྱང་དགོས། སེམས་ལ་སྡིག་པ་ཡོང་བ་ཡིན། ངོ་བོ་ཤར་བ་ལ་སྡིག་པ་མེད་པ་ཡིན། སེམས་ཙམ་རིག་པ་རྟོག་གེའི་ཡུལ་ལས་འདས་པ་གསལ་བ་ལ་འཛིན་པ་ཡོད་པར་འདོད་པ་ཡིན། སྔགས་པ་རིག་པ་སྐྱེ་མེད་དུ་འདོད་པ་དང་། གསལ་ལ་འཛིན་པ་མེད་པ་ཡིན། ངོ་བོ་དུས་གསུམ་གྱི་༼༢༧ན༽སངས་རྒྱས་ཀྱིས་ཀྱང་མ་གཟིགས། གཟིགས་པར་མི་འགྱུར། མཐོང་བ་མེད། དངོས་པོ་དང་མཚན་མའི་ངོས་ནས་ངོ་བོ་སྐྱེ་འགག་དང་བྲལ་བ། རྒྱུན་ཆད་པ་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་བ་ཆེན་པོ་ནི་གཟུགས་ཤིག་ཡིན་ན་ནམ་མཁའི་ཁམས་སུ་མི་ཤོང་བ་ཡིན། ལན་ཅིག་དབུགས་ཆད་ནས་ལུས་བོར་བའི་དུས་ན། མི་རྣམས་ཤི་ཟེར་ཡང་རང་ཅག་ངོ་བོ་དང་མ་བྲལ་བས། ཤི་བ་མེད་པ་ཡིན་གསུང་། ཉམས་ཀྱི་ཕྱིར་ངོ་བོ་ཤོར་ནས་བདེ་གསལ་འབྱུང་ན་དགའ། མ་འབྱུང་ན་མི་དགའ་ན། ཉམས་ཕྱིར་ཤོར་བ་ཡིན། ཉམས་ངན་ཡང་ངོ་བོ་མ་འགགས་ན་ཉམས་ཏེ་རྟོགས་པས་ཐོབ་པ་ཡིན། གཉིད་ལོག་ཙ་ན་ཡང་ངོ་བོ་རྒྱུན་ཆད་མེད། རྟོག་པ་འཕྲོ་བ་ཡིན། ཉམས་རྒྱུན་ཆད་ཀྱང་ངོ་བོ་ལ་རྒྱུན་ཆད་མེད་པ་ཡིན། སྣང་གྲགས་ཐམས་ཅད་གཅིག་ཏུ་ཤར་ནས། དེའི་ངང་ལས་མ་ཡེངས་པར་བསྒོམས་པ་ཡང་ངོ་བོ་ཡིན། ཡེངས་མ་ཡེངས་མི་རྩི། ཆོད་ཆེ་ཤོས་ཡིན། མཉམ་པ་ཉིད་ཡིན་གསུང་། ལྷན་ཅིག་སྐྱེས་པའི་ངོ་བོ་གཞི་གཅིག་པའི་ངོས་ནས་ཐམས་ཅད་ལ་ཁྱབ་པ་ཞིག་འདུག །ངོ་བོ་ཡོད་མེད་གཉིས་ལས་འདས་པའི་ངོས་ནས་ཁྱབ་བྱ་ཁྱབ་བྱེད་མེད་པ་ཞིག་འདུག །དེ་གཉིས་ཀ་ཡིན་གསུང་། སྐྱེ་མེད་ཀྱིས་ཐམས་ཅད་ལ་ཁྱབ་པ་ཞིག་འདུག་གསུང་། ངོ་བོ་མཐོང་བ་མེད་པས་ཁྱབ་པ་མེད་པ་ཡིན་གསུང་། རང་གསལ་རྒྱུན་ཆད་མེད་པ་འདི། རྣམ་སྨིན་གྱི་ལུས་སྤངས་ནས་གསལ་བ་དག་པ་རྒྱ་ཆེར་འགྲོ་བ་ཡིན། ད་ལྟ་རྣལ་འབྱོར་པ་ལུས་རྒྱ་མ་ཞིག་པ་ཡིན། ཞི་གནས་ད་ལྟ་བས་བརྒྱ་ལོག་གིས་གསལ་ལ་རྒྱ་ཆེར་འགྲོ་བ་ཡིན། ཕ་རོལ་ཏུ་ཕྱིན་པ་དང་།མྱོང་བ་མི་འདོད་ གསང་སྔགས་ཉམས་མྱོང་འདོད་ གཉིས་ཀྱི་ཁྱད་ཅི་ཡོད་ན། ལམ་ཐམས་ཅད་ཀྱི་ཁྱད་ཕྱེད་པ་ཡིན་ ཉེ་རིང་ལ་ཁྱད་༼༢༧བ༽ཡོད། ནཱ་རོ་པའི་ལུགས་ཀྱི་བསྒོམ་ཡོད་ཡིན། མཻ་ཏྲཱི་པའི་ལུགས་ཀྱི་བསྒོམ་མེད་ཡིན། ལམ་གྱི་དུས་ན་བསྒོམ་ཡོད་ཡིན། འབྲས་བུའི་དུས་སུ་བསྒོམ་མི་བསྒོམ་གྱི་རྩིས་གདབ་མེད། ཆོས་ཐམས་ཅད་གཅིག་ཡིན། ཉམས་དང་རྟོགས་པ་གཅིག་ཏུ་འདོད་པ་ཡིན། ཡོད་པ་བཞིན་དུ་མེད། མེད་པ་ཙམ་དུ་མེད་པ་ཡིན། སོ་སོ་རང་ལ་ངེས་ཤེས་ཡོད་ཀྱང་རྟོགས་པ་ཅན་ལ་དྲིས་པས། ནམ་མཁའ་དང་འདྲ་བར་སྟོང་པ་ཞིག་འོང་བ་ཡིན། སེམས་ཀྱི་ངོ་བོའི་དོན་རྟོགས་ན་ལུས་བོར་མ་བོར་མེད་པར་མཆོག་གི་དངོས་གྲུབ་ཐོབ་པ་ཡིན། ལུས་བོར་བས་བཟང་དུ་མི་འགྲོ་བ་ཡིན། གསང་སྔགས་པ་ལ་མ་རྩི་བ་མེད་པ་ཡིན། གཟུགས་སྐུ་གཉིས་ཀྱི་རྟོགས་པ་རྒྱུན་མ་ཆད་ཀྱི་རིང་ལ། སྐད་ཅིག་གིས་རང་ཡི་དམ་ལྷར་བསྐྱེད་པ་དེ་ལས་འབྱུང་། རྟོགས་པ་རང་གིས་ཀྱང་འོང་བ་ཡིན་གསུང་། དགེ་བ་ཡང་བྱར་མེད། སྡིག་པ་ཡང་ཤུགས་ཀྱིས་མི་བྱེད་པ་ཡིན། ད་ལྟའི་ལུས་དང་པོའི་མ་རྟོགས་ཙ་ནའི་ལུས་ཡིན་པས། བསོད་ནམས་ཚོགས་གསོག་དགོས་པ་ཡིན། བྱམས་པ་སྙིང་རྗེ་བློས་སྐུལ་དགོས་རིང་ལ་བསྒོམ་མཉམ་ཉིད་ངང་ལས་མ་ཡེངས་པ་ལམ་ཡིན། འབྲས་བུ་ལ་ཡེངས་མ་ཡེངས་ཀྱི་རྟོག་དཔྱོད་མེད་པ་ཡིན། ལས་དང་པོ་པ་ལ་སྣང་བ་དགྲར་འཆར་བ་ཡིན། སྒོམ་ཆེན་འབྲིང་ལ་སྣང་བ་གྲོགས་སུ་འཆར་བ་ཡིན། སྒོམ་ཆེན་རབ་ལ་སྣང་མི་སྣང་གི་རྩིས་གདབ་མེད་པ་ཡིན། དབུ་མ་རིག་པས་སྒྲུབ་པ་བྱ་བ་སྣང་སེམས་གཅིག་ཏུ་འདོད་པ་ཡིན་ཏེ། ཀུན་རྫོབ་ཡོད་མེད་གཉིས་དང་བྲལ་བའི་སྣང་བ་ཙམ། མིང་ཙམ་དེ་ཉིད་ཉམས་སུ་ལེན་པ་ཡིན། དེ་ནས་རྒྱུན་ཆད་ན་འཚང་རྒྱ་བར་འདོད། དེ་བས་བླ་མའི་མཐོ་འདུག་གསུང་། མཐུན་སྣང་གི་སྐབས་སུ་སྒྱུ་མ་ཙམ། མིང་ཙམ་ལ་རྩི་བ་ཡིན་པས། ཡ་ཀི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བདེ་༼༢༨ན༽བ་ཅི་ཡོད་པ་དང་། མ་ཀི་དམྱལ་བའི་སྡུག་བསྔལ་གཉིས་མཉམ་པ་མིན་ནམ་བྱས་པ་ལ་ཡིན་ཟེར། འོ་ན་ཡར་ཚོགས་གཉིས་གསོག་གམ་མི་གསོག །མར་སྒྲིབ་གཉིས་སྦྱོང་ངམ་མི་སྦྱོང་བྱས་པས་ལན་མ་ཐེབས། སྒྲིབ་གཉིས་སྦྱོང་ན་ཁྱད་བྱུང་བ་ཡིན། ད་ཅིའི་མཉམ་པའི་དམ་བཅའ་ཞིག་པ་ཡིན། ལོངས་སྐུ་ཡང་མིང་ཙམ་ཡིན། དམྱལ་བ་ཡང་མིང་ཙམ། ཡར་ཚོགས་གཉིས་གསོག་པ་དང་། མར་སྒྲིབ་གཉིས་ཀྱང་མིང་ཙམ་ཡིན། རང་གི་སེམས་ཀྱི་སྣང་བ་ཙམ་ཡིན། དེ་ཙམ་དུ་མཉམ་གསུང་། སྔགས་ཀྱི་དབང་དུ་བྱས་ན་ཕྱག་རྒྱ་ཆེན་པོ་རྟོགས་པ་དང་གཅིག །ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ན་མཐོང་ལམ་སྐྱེས་པ་ལས་ཡར་སྐྱེད་པ་དོན་རྒྱུ་མེད། ཡར་ལ་འཕུལ་ན་ཇི་འདྲ་མ་ཞིག་གིས་འཕུལ། ཐབས་ཅི་འདྲ་བ་ཞིག་གིས་འཕུལ་རྒྱུ་མེད་ན་གནད་ཀ་ཅི་འདྲ་མ་ཞིག་གིས་མེད། དབང་པོ་ཡང་རབ་ལ་གསང་སྔགས། ཕ་རོལ་ཏུ་ཕྱིན་པ་གང་ལ་ཡང་རྟེན་མེད་ཡིན། རྣལ་འབྱོར་པ་ཡང་རབ་ཅིག་ལ་རྟོགས་པ་སངས་རྒྱས་དང་ཁྱད་མེད་པ་ཡིན་ཀྱང་། ཡོན་ཏན་ལ་ཁྱད་ཡོད་པ་ཡིན། དབུ་མ་དང་ཕྱག་རྒྱ་ཆེན་པོ་མན་ཆད་ནས། མུ་སྟེགས་ཡན་ཆོད་ཅིག་ཆོད་དུ་སོང་བ་ཞིག་ལ་དགག་སྒྲུབ་མེད་པ་ཡིན། ངོ་བོ་ཡོད་པ་ཞིག་ལ་ཅིས་ཀྱང་བར་དུ་མི་ཆོད་པ་ཡིན། རང་གི་འཛིན་སྟངས་མ་གཏོགས་པ་ཕ་རོལ་ཏུ་ཕྱིན་པའི་ལམ་རྟགས་བཤད་ཀྱང་བྱུང་བ་མེད་པས་དྲང་དོན་ཡིན་གསུང་། བསྐྱེད་རིམ་མཆོག་དང་ཐུན་མོང་གཉིས་ཀའི་རྟེན་ཡིན་གསུང་། གཉིད་རྨི་ལམ་ཐབས་ཤེས། འོད་གསལ་ཤེས་རབ་ཡིན། སྣང་བ་ཐབས་ཡིན། ངོ་བོ་བསྒོམས་པས་བསམ་གྱིས་མི་ཁྱབ་པའི་སྙིང་རྗེར་འགྲོ་བ་ཡིན། སྣང་བ་རིག་པ་བྱང་ཆུབ་ཀྱི་སེམས་ཤོར་བ་ཡིན་པས། རང་སྣང་དུ་ངོ་ཤེས་པས་ཆོག །ཅང་བྱ་མི་དགོས། དམ་༼༢༨བ༽ཚིག་ཧྲིལ་གྱིས་དྲིལ་ན་རྟོགས་པ་ཅིག་པུར་འདུས་པ་ཡིན། གདོད་མ་ནས་གནས་པའི་ཆོས་ཉིད་འགྱུར་བ་མེད་པ་ཡིན། ངོ་བོ་ཆོས་སྐུ་ཡིན། སངས་རྒྱས་པས་བཟང་དུ་མི་འགྲོ་བ་ཡིན། དམྱལ་བར་སོང་བས་ངན་དུ་མི་འགྲོ་བ་ཡིན། ངོ་བོ་རྣལ་མར་སྐྱེས་པའི་ཤུགས་ལ་གསལ་ལ་མི་ཁེགས་པ་ཡིན། བར་དུ་མི་ཆོད་པ་ཡིན། ངོ་བོ་སྐྱེས་པ་ལ་ཉམས་ཡོད་པ་ཡིན། མྱོང་བྱེད་འགགས་པ་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ན་བསམ་བརྗོད་ལས་འདས་པ་ཡིན། སྡོམ་པ་དང་དམ་ཚིག་ཐམས་ཅད་སེམས་སུ་འདུས་པ་ཡིན། སྤོང་བའི་ལམ། སྤྱོད་པའི་ལམ། སྒྱུར་བའི་ལམ། གཞི་ཤེས་པའི་ལམ་མོ། །སྒྲེ་པའི་ཞལ་ནས། ལས་རྒྱས་སྡོམ་པ་ཤོར་བ་མེད། སྡིག་པ་སྦྱོང་དགོས་སོ། །བླ་མའི་ཞལ་ནས་བྲེའི་ནང་དུ་ཕུལ་བཅུག་པ་དང་འདྲ། བླ་མ་མར་པའི་ལུགས་ཀྱིས་སྡོམ་པ་གཅིག་ཡིན། རིན་པོ་ཆེའི་ཞལ་ནས། ས་དང་པོའི་བདེན་པ་མཐོང་ནས་ཟག་མེད་ཀྱི་སྡོམ་པ་བྱ་བ་ཡིན། དགེ་མི་དགེ་བྱེད་མཁན་རང་གཅིག་པུ་ཡིན། ངོ་བོ་རྟོག་མེད་རང་གསལ་ཡིན། མི་འགག་པ་ཡིན། གདོད་ནས་ཞི་ཞིང་མ་སྐྱེས་དང་ཤེས་རབ་སྙིང་པོའི་ཟབ་མོ་རྣམ་བརྒྱད་ཀྱིས་ཕོག་པ་ཡིན། ངོ་བོ་རྟོག་མེད་དེས་ཐམས་ཅད་ལ་ཁྱབ་པ་ཡིན། གཉིད་ལོག་པའི་དུས་དང་། ར་རོ་བའི་དུས་དང་། བརྒྱལ་བའི་དུས་དང་། འཆི་བའི་དུས་ན་ཡང་རྒྱུན་ཆད་མེད་པ་ཡིན། སྔགས་ནས་གཉིད་ཆོས་སྐུར་བཤད། རྨི་ལམ་སྤྲུལ་སྐུར་བཤད། གཉིད་མ་ལོག་པ་ལོངས་སྐུར་བཤད་ཀྱང་། དོན་ལ་རྨི་ལམ་རྣམས་རྟོག་པ་ཡིན། རྟོགས་ནས་གཏུམ་མོ་ལ་སོགས་པ་བསྒོམས་པས་ངོ་བོ་རང་ཡིན། ངོ་བོ་མ་རྟོགས་བར་དུ་གང་བསྒོམས་ཀྱང་རྟོག་པ་ཡིན། ཉམས་ཐོག་ཏུ་ངོ་བོ་ཤོར་བ་སྐྱོན་ཆུང་ཤོས་ཡིན། དེ་ལྟར་སྦྱངས་༼༢༩ན༽པས་ངེས་ཤེས་སྐྱེས་ནས་གྲོལ། རྟོགས་པའི་ཐོག་ཏུ་ཉམས་ཤོར་བ་སྐྱོན་ཆེ་ཤོས་ཡིན། སོ་སོར་ཐར་པའི་རྩ་བ་བཞི་བྱུང་ཡང་གསང་སྔགས་ཀྱི་དམ་ཚིག་ལ་ཤོར་བ་མེད། གལ་ཏེ་ལས་ཀྱི་དབང་གིས་འཆི་གྱུར་ན། རང་བྱུང་ཡེ་ཤེས་ཡོད་མ་ཡིན། ས་ཆུ་ལ་ཐིམ་པས་དུ་བ་ལྟ་བུ་ཟླ་བ་ཤར་བ་ལ་སོགས་པ་བསྒོམ་མི་དགོས། སྣང་བ་གསལ་ལ་མཆེད་པ་ཐོབ་པ་ངོ་བོ་རང་ཡིན། རྟོག་པ་ཐམས་ཅད་འུབས་ཀྱིས་འདུས་པ་ཡིན། དྲན་རིག་རྒྱུན་ཆད་ནས་འགྲོ་བ་ཡིན་ནོ།། །།ན་མོ་རཏྣ་གུ་རུ། བར་དོ་རབ་འོད་གསལ་གྱིས་འཚང་རྒྱ་བ་ཡིན། འབྲིང་སྒྱུ་ལུས་ཀྱིས་འཚང་རྒྱ་བ་ཡིན། ཐ་མ་མངལ་སྒོ་བཀག་ནས་འཚང་རྒྱ་བ་ཡིན། འགེགས་པ་ལ་ཐབས་མང་ཡང་འུབས་ཀྱིས་བསྡུས་ན་བསྐྱེད་རྫོགས་གཉིས་ཡིན། ཡང་ན་དག་པའི་སྒྱུ་ལུས་དང་མ་དག་པའི་སྒྱུ་ལུས་ཀྱི་སྒོ་ནས་བར་དོ་ངོས་བཟུང་། མངལ་སྐྱེས། རྫུས་སྐྱེས། སྒོང་སྐྱེས། དྲོད་གཤེར་ལས་སྐྱེ་བ་རྣམས་བསྐྱེད་རིམ་ལྷ་བསྒོམས་པས། ལུས་གཞན་མི་ལེན་ནོ། །འོད་གསལ་ཆོས་སྐུ་སེམས་ཅན་ཐམས་ཅད་ལ་འཆི་བའི་དུས་སུ་ཡང་ཡོད་དེ། ངོ་མ་ཤེས་ན་འཁོར་བ་ལུགས་དང་མཐུན་པར་འབྱུང་ངོ་། །འོད་གསལ་ལ་སྣང་བ། སྣང་བ་ལས་མཆེད་པ། མཆེད་པ་ལས་རྣམ་རྟོག་སྤྲ་ཡས་འབྱུང་བ་དེ་ལ་འཁོར་བ་ཞེས་བྱ། རིགས་དྲུག་ཏུ་མི་འཁོར་བའི་ཐབས་ནི། བདག་འཆི་བ་ཡིན་པས་འོད་གསལ་ཆོས་སྐུ་ལ་ལོ་བརྒྱའམ། སྟོང་དུ་བསྒོམ། འོད་གསལ་ཆོས་སྐུ་ངོ་ཤེས་ན་འཁོར་བར་མི་འཇུག །གཉིས་མེད་ཀྱི་ངང་ལས་མ་ཡེངས་པས། བར་དོར་ལུས་གསུམ་དག་ནས་འོད་གསལ་འབའ་ཞིག་ཏུ་འགྲོ་བ་ཡིན། འཁོར་བ་ལ་སྲེད་པ་མེད་པས་ལེན་པ་མེད་དོ། །འཁོར་བ་ལུགས་ཀྱི་བར་དོ། །སྐྱེ་ཤི་བར་དོར། ༼༢༩བ༽འདོད་ཆགས་འཁོར་བ་ཡིན་པས་བདེ་བ་དང་བསྲེ། སྲིད་པ་བར་དོར་ཕ་མ་ཡབ་ཡུམ་འཁོར་བ་ཡིན་པས་བླ་མ་ཡབ་ཡུམ་དུ་བསྒྱུར། ཡོན་ཏན་ཐམས་ཅད་རྫོགས་པའི་བར་དོར་མ་དང་བུར་བསྲེ་བས། ནམ་མཁའ་དང་སེམས་སུ་བསྲེ་བ། སེམས་ཉིད་ཆོས་ཉིད་དུ་བསྲེ་བ་འདི་ལམ་ཡིན། འབྲས་བུ་ལ་བསྲེ་བྱ་དང་སྲེ་བྱེད་ལས་འདས་པ་ཡིན་གསུང་།། ༈ །།བླ་མ་དམ་པའི་ཞལ་ནས། དལ་འབྱོར་རྙེད་དཀའ་བ་ནས་མགོ་ཚུགས་ནས། སྟོང་པ་ཉིད་རྣལ་མར་སྟོན་པའི་དགེ་བའི་བཤེས་གཉེན་གཅིག་འཚོལ་བ་གལ་ཆེ། །ཆོས་བྱ་རྒྱུ་བསགས་སྦྱང་གཉིས་ལས་མེད། སྡིག་པ་སྦྱང་། བསོད་ནམས་བསག །བསོད་ནམས་བསགས་པས་སྡིག་པ་སྦྱང་། སེམས་ཉིད་ལྷན་ཅིག་སྐྱེས་པ་འོད་གསལ་བ་འདི་རྒྱུ་ལས་མ་བྱུང་སྟེ། ལམ་རིམ་ལ་བརྟེན་ནས་བསོད་ནམས་བསག །བྱང་ཆུབ་ཀྱི་སེམས་བསྒོམས་པས་འདི་མཐོང་སྟེ་འོང་བས། རྒྱུ་ལས་བྱུང་བར་ཡང་འདུག །འདི་རྐྱེན་ལས་མ་བྱུང་སྟེ། ཚོགས་གཉིས་བསགས་པས་འདི་མཐོང་སྟེ་འོང་བས་རྐྱེན་ལས་བྱུང་བའི་ཚུལ་དུ་ཡང་འདུག །འདི་ཐབས་ལས་མ་བྱུང་སྟེ། བསགས་སྦྱངས་རྣམ་པ་གཉིས་ལ་བརྟེན་ནས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམས་པས་འདི་མཐོང་སྟེ་འོང་བས། འདི་ཐབས་ལས་བྱུང་བའི་ཚུལ་དུ་ཡང་འདུག །ཐབས་བསྒོམ་དབང་གིས་བདག་ཉིད་ཀྱིས། །གང་ཞིག་ཤེས་རབ་རྣམས་བསྒོམས་ན། །དེས་ནི་བྱང་ཆུབ་མྱུར་དུ་ཐོབ། །བདག་མེད་གཅིག་པུར་བསྒོམས་པས་མིན། །ཞེས་པས་དེ་བས་ན་བསོད་ནམས་བསགས་པ་གལ་ཆེ། བསོད་ནམས་གསོག་པ་ལ་བོགས་གང་ཆེ་ན། བླ་མ་ལ་བསྙེན་བཀུར་བྱེད་པ་བོགས་ཆེ་གསུང་། པོ་ཏོ་བ་དང་སྤྱན་སྔ་བ་དང་། རྗེ་བཙུན་གསུམ་གསུང་སྒྲོས་རེ་༼༣༠ན༽རེ་གདའ་སྟེ། རྗེ་བཙུན་ནི་སྒྲུབ་པའི་མཆོད་པ་བསོད་ནམས་ཆེ་གསུང་བར་གདའ། དང་པོ་ཞི་གནས་སྐྱེ་བའི་རྒྱུ་བཞི་ལ། བླ་མའི་བྱིན་རླབས་ཀྱིས་སྐྱེ་བ་དང་། རྟེན་འབྲེལ་གྱིས་སྐྱེ་བ་དང་། ཚོགས་བསགས་པ་ལས་སྐྱེ་བ་དང་། སྡིག་པ་སྦྱངས་པ་ལས་སྐྱེ་བའོ། །སེམས་ཉིད་ཀྱི་ངོ་བོ་མ་བཅོས་མ་བསླད་པ་རྣལ་མ་དེ་གསལ་ལ་དག་པ། དུས་ཐམས་ཅད་དུ་རྒྱུན་ཆད་པ་མེད་པ་དེ་ཡིན་ཏེ། དེ་ལ་ཡང་གཉིས་ལས། སྣང་ལ་ངེས་པ་དང་སྣང་ལ་མ་ངེས་པའོ། །སྟོན་ཀའི་ནམ་མཁའ་ལྟ་བུ་དང་སེམས་ཉིད་གཉིས་སུ་མེད་པར་རྟོགས་པ་དེ་སྣང་ལ་ངེས་པ་ཡིན་ཏེ། ཡར་སངས་རྒྱས་ལ་མི་རེ། མར་འཁོར་བར་སོང་གིས་དོགས་པ་མེད། གཞན་གྱིས་བསྒྱུར་ཡང་མི་འགྱུར་བ་དེ་སྣང་ལ་ངེས་པ་ཡིན། མ་ངེས་པ་ལ་ཡང་ཉམས་མྱོང་འོང་སྟེ། ཞི་གནས་ཀྱིས་བདེ་བ་དང་མི་རྟོག་པ་འོང་ཡང་། ཉམས་ལ་རེས་ཡིན་ནམ་སྙམ། རེས་མིན་ནམ་སྙམ་པ་དེ་མི་རྟོག་པས་རྒྱུ་བྱས་ནས་མར་ལ་ལྡོག་པའི་ཉེན་ཡོད། གཟུགས་ཁམས་སམ། གཟུགས་མེད་དམ་འགོག་པའི་རྒྱུར་ཡང་འགྲོ་ཉེན་ཡོད་གསུང་ངོ་། །དང་པོར་སློབ་པའི་དུས་སུ་རིག་པ་གསལ་སིང་ངེ་བ་ལ་བསླབ། དེ་ཡང་རིག་པའི་ངོ་བོ་མ་ཡེངས་པ་ལ་བསླབ། དེ་ལ་གོམས་ཙ་ན་རང་ལ་ངེས་ཤེས་སྐྱེ་བ་ཡིན་གསུང་། སེམས་ཉིད་ཀྱི་ངོ་བོ་དེ་མ་ཤོར་བར་བྱས་ནས། རྣམ་རྟོག་ཅི་ཙམ་འཕྲོ་བ་ཡིན། རྣམ་རྟོག་ཡང་ཆོས་སྐུ་ཡིན། དཔེར་ན་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་། སྤྲིན་དང་ན་བུན་དང་། ཁུག་སྣ་ལ་སོགས་པ་ཅི་ཙམ་འོང་ཡང་། ནམ་མཁའ་རང་ལ་དེངས་ནས་འགྲོ་བ་དང་འདྲ། དེ་ཡང་རྣམ་རྟོག་གྲོགས་སུ་འགྲོ་བ་ཡང་ཡིན་གསུང་། རྣམ་རྟོག་འཕྲོར་མི་བཏུབ་ན་སླར་ཐུབ་ཡིན། གཟུགས་མེད་༼༣༠བ༽དུ་སྐྱེ་ཉེན་ཡོད། ཡི་དམ་ལྷའི་བསྐྱེད་རིམ་རྫོགས་པར་ཡང་རེས་འགའ་བསྒོམ་གསུང་། སྐད་ཅིག་དྲན་རྫོགས་ཀྱིས་ཡི་དམ་གྱི་ལྷར་བསྐྱེད་ནས། འོད་གསལ་འབའ་ཞིག་བསྒོམ་པ་ཡིན་གསུང་། དེ་ཡང་གསལ་སིང་ངེ་བ་དེ་ཉམས་མྱོང་ཡིན། དེ་ལ་མ་ཡེངས་པ་དེ་གནས་པ་ཡིན། ཤེས་རབ་ཀྱིས་བལྟས་པས་ཅིའི་ངོ་བོར་ཡང་མ་གྲུབ་པ་དེ་རྟོགས་པ་ཡིན་གསུང་། འཁོར་བའི་མཚན་ཉིད་མྱ་ངན་འདས། །སེམས་ཉིད་ཡོངས་སུ་ཤེས་པ་སྟེ། །འཁོར་བ་ཡོངས་སུ་ཤེས་གྱུར་ན། །དེ་ནི་མྱ་ངན་འདས་པ་ཡིན། །འཁོར་བའི་རྩ་བ་མ་རིག་པ་ཡིན་པས་དེ་ངོ་ཤེས་ན་མྱ་ངན་ལས་འདས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་གི་ཞལ་ནས། བསྒོམ་མེད་སྒོམ་པ་པོ་ཡང་མེད། །གསུང་། རྣལ་འབྱོར་པ་ན་རེ། ང་སངས་རྒྱས་ལ་མི་ཉན་སྒོམ་པ་པོ་ཡོད། ཇི་ལྟར་ཡོད་ན་རིག་པ་ང་རང་ཡིན། ངའི་ངོ་བོ་གསལ་ལ་གོ་མ་འགགས་པ། རྒྱུན་ཆད་པ་མེད་པ་འདི་སྒོམ་པ་པོ་ཡིན། ངའི་ངོ་བོ་འདི་སངས་རྒྱས་ཀྱིས་གཅོད་པར་མི་ནུས། བསྒོམ་པ་ཡང་ང་རང་ཡིན། བསྒོམ་པར་བྱ་བ་ཡང་ཡོད། ང་ལ་ཉམས་སུ་མྱོང་བ་ཨེན་ཙམ་ཡོད། འོ་ན་ཡང་སངས་རྒྱས་བདེན། ང་སངས་རྒྱས་ཀྱི་རྗེས་སུ་འབྲང་། སྒོམ་པ་པོ་མེད། ཇི་ལྟར་མེད་ན་ང་ངོས་བཟུང་མཐའ་དག་དང་བྲལ་བས། དེ་དཔེ་དང་ཚིག་གང་གིས་ཀྱང་མཚོན་དུ་མེད། མཚན་མའི་ངོས་ནས་དུས་གསུམ་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར། དེའི་ངོ་བོ་ལ་སྒོམ་པར་བྱ་བའི་ཡུལ་མེད། འདི་ལྟར་ཉམས་སུ་མྱོང་བྱ་བ་མེད་པས། བསྒོམ་པར་བྱ་བ་ཅུང་ཟད་མེད། ང་བདེ་གསལ་མི་རྟོག་གསུམ་ཀ་མི་འདོད། དེ་ལྟར་འདོད་པ་ཟུག་རྔུ་ཡིན། དཔེ་གང་གིས་ཀྱང་མཚོན་དུ་མེད། ཚིག་གང་གིས་ཀྱང་ཐོག་ཏུ་མི་ཕེབས། ང་བཅས་བཅོས་མི་བྱེད་རང་གར་འཇོག་གསུང་ངོ་། །གསང་སྔགས་༼༣༡ན༽ཀྱི་ལམ་ནི་བསྐྱེད་རྫོགས་གཉིས་ཡིན་ཏེ། དེ་ཡང་བསྐྱེད་རིམ་རབ་ཀྱིས་ཟུང་འཇུག་གི་རྟོགས་པ་སྒྲུབ། འབྲིང་དང་ཐ་མ་གཉིས་ཀྱིས་ཐ་མལ་པའི་ཞེན་པ་བཟློག །ཡང་ན་རབ་ཀྱིས་རང་ཡི་དམ་གྱི་ལྷར་མཐོང་། འབྲིང་གིས་སྒྱུ་མར་ངེས། ཐ་མས་མོས་པ་བྱེད། རྫོགས་རིམ་རབ་ཀྱིས་རང་ཡིད་སངས་རྒྱས་སུ་མཐོང་། སྣང་བ་རེས་སྒྱུ་མ། རེས་སྟོང་པ། རེས་རང་ལས་སྣང་བ་ལོགས་སུ་མ་མཐོང་སྟེ། རོ་གཅིག་གི་རྣལ་འབྱོར་ཞེས་བྱ། འབྲིང་གིས་ངོ་བོ་སྐྱེ་མེད་དུ་རྟོགས། སྣང་བ་རང་སར་བཀྲ་ལམ་མེ་བ་སྟེ། དེ་སྤྲོས་བྲལ་གྱི་རྣལ་འབྱོར་ཞེས་བྱ། ཐ་མས་སྤྲོས་བཅས་ལ་བརྟེན་ནས་རྩེ་གཅིག་སྦྱོང་། གསལ་ལ་མ་འགགས་པའི་སྐད་ཅིག་མའི་ཤེས་པ། རྩེ་གཅིག་ཅེས་བྱའོ། །བློ་ལ་མ་ངེས་ན་ཆོས་གང་བཤད་ཀྱང་མི་ཟབ། བློར་ངེས་ནས་ཆོས་གང་བཤད་ཀྱང་ཟབ། བཀའ་གདམས་པ་དེ་རྣམས་ཀྱིས་གསང་སྔགས་མང་དུ་མཁྱེན་ཀྱང་། སྐྱེས་བུ་གསུམ་ལ་བློ་ངེས་པས་སངས་རྒྱས་ཀྱི་བསྟན་པ་ཁོང་གིས་བཟུང་། སྐྱེས་བུ་གསུམ་ལ་བློ་ངེས་ནས་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་མན་ངག་ཏུ་གོ་ནས། ཉམས་སུ་བླངས་པ་ལས་བྱུང་བ་ཡིན། དེ་བས་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རང་བས་གཞན་གཅེས་པ་འདི་གལ་ཆེ། འདི་དང་པོར་མཁོ་སྟེ། འདི་མེད་ན་ཐེག་པ་ཆེན་པོའི་ལམ་དུ་མི་ཆུད། བར་དུ་མཁོ་སྟེ་འདི་མེད་ན་ཉན་ཐོས་པར་ལྟུང་། ཐ་མར་མཁོ་སྟེ་འདི་མེད་ན་གཞན་དོན་སྐུ་གཉིས་མི་འབྱུང་། དེ་བཞིན་དུ་མི་རྟག་པ་བསྒོམ་པ་འདི། དང་པོར་མཁོ་སྟེ་འདི་མེད་ན་ཚེ་འདི་ལས་བློ་མི་ལྡོག །བར་དུ་མཁོ་སྟེ་འདི་མེད་ན་རྟག་པར་བཟུང་བས་ཉན་ཐོས་ལ་སོགས་པར་གོལ། ཐ་མར་མཁོ་སྟེ་མི་རྟག་པ་དང་སྟོང་པ་དོན་གཅིག་ཡིན། ལས་དང་འབྲས་བུ་འདི་ཡང་དང་པོར་མཁོ་སྟེ། ཚུལ་ཁྲིམས་རྣམ་༼༣༡བ༽དག་ངན་འགྲོ་འགེགས་བྱེད་ཡིན། བར་དུ་མཁོ་སྟེ་སྒྱུ་མ་རྨི་ལམ་ཚོགས་གཉིས་རྫོགས་བྱེད་ཡིན། ཐ་མར་མཁོ་སྟེ་ཀུན་རྫོབ་མཐར་ཕྱིན་གཟུགས་སྐུ་རྣམ་གཉིས་ཡིན། དེས་ན་ལམ་རིམ་རྩིས་སུ་ཆེ། དེ་ཚོ་རྒྱུད་ལ་མ་སྐྱེས་ན་གཉུག་མ་རབ་རིག་ཅིག་སྐྱེས་ཀྱང་། ཡུལ་དང་ཉེ་འབྲེལ་དང་རྫས་ཡོ་བྱད་ལ་ཆགས་ནས་གཉུག་མ་དེས་མི་ཕན། མར་ལ་འགྲོ་བ་ལས་ཡར་ལ་མི་འགྲོ །དེ་བས་ན་ཚེ་འདི་ལ་ཆགས་པར་མི་བྱེད། སྣང་གྲགས་ཀྱི་ཆོས་འདི་སྒྱུ་མ་རྨི་ལམ་ལྟ་བུར་བློ་ངེས་སུ་ཆུག །བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས། དེ་ལྟར་ངེས་ན་གཉུག་མ་མེད་ཀྱང་། ཁོ་ཡར་ལ་འགྲོ་བ་ལ། མར་ལ་མི་འགྲོ །གཉུག་མ་རྣལ་མ་ཞིག་རྒྱུད་ལ་སྐྱེས་ན། གཉུག་མའི་ངོ་བོ། གཉུག་མའི་འབྲས་བུ། གཉུག་མའི་རྒྱུ་གསུམ། ངོ་བོ་ནི་མེད་པ་མ་ཡིན་པའི་དོན་སྐྱེ་འགག་ཐམས་ཅད་དང་བྲལ་བ་དེ་ཡིན། གཉུག་མའི་འབྲས་བུ་ནི་སྐྱེ་འགག་མེད་པར་དེ་ཉིད་ཆོས་ཀྱི་སྐུ་ཡིན། དེ་ལས་གཟུགས་སྐུ་གཉིས་འབྱུང་། དེ་ཡང་གཉུག་མའི་ཉམས་མྱོང་བདེ་བ་གསལ་བ་མི་རྟོག་པ་གསུམ་ལས་བྱུང་བའི་སྐུ་གསུམ་གཉུག་མའི་འབྲས་བུ་ཡིན། བདེ་བ། གསལ་བ། མི་རྟོག་པ་དེ། གཏུམ་མོ་ལས་འབྱུང་བས་ན་གཉུག་མའི་རྒྱུ་ཡིན། གཉུག་མ་སྐྱེས་ཀྱང་། གཏུམ་མོ་མེད་ན་ཤེས་རབ་རྐྱང་པ་ཡིན། གཏུམ་མོ་ཡོད་ན་ཐབས་ཤེས་རབ་ཡ་མ་བྲལ་བ་ཡིན། བླ་མ་མི་ལའི་ཞལ་ནས་བསྒོམས་ལས་མ་བྱུང་གི་ལྟ་བ་དཀའ། གསུང་བས་གཏུམ་མོ་ལ་འབད་པ་གལ་ཆེ་གསུང་།། །།ཡེ་ཤེས་རྣམ་པ་གསུམ་ནི། འདི་ཀ་ལྟར་བསྒོམས་པས་ཞི་གནས་འོང་། དེའི་དུས་སུ་ནང་རྟགས་དུ་བ་ལྟ་བུའམ། སྲིན་བུ་མེ་ཁྱེར་ལྟ་བུ་འོང་། དེ་ཡེ་ཤེས་ཅུང་ཟད་ལ་དབང་བ་བྱ་བ་ཡིན། དེ་ནས་ཞི་གནས་ལྷག་མཐོང་ཟུང་དུ་༼༣༢ན༽འབྲེལ་བ་འོང་སྟེ། ཞི་གནས་མཐར་ཕྱིན་པའི་དུས་ནང་རྟགས་མར་མེ་ལྟ་བུ་འོང་སྟེ། ཡེ་ཤེས་ལ་དབང་བ་བྱ་བ་ཡིན། དེ་ནས་སྤྲིན་མེད་པའི་ནམ་མཁའི་དཀྱིལ་ལྟ་བུ་བྱུང་ཙ་ན། ལྷག་མཐོང་གི་ཤེས་རབ་ཅེས་བྱ་སྟེ། ཡང་དག་པའི་ཡེ་ཤེས་ལ་དབང་བ་ཡིན། ལུས་དཔག་བསམ་གྱི་ཤིང་ལ་རྩ་ཨ་བ་དྷཱུ་ཏིར་གནས། དེ་ལ་འཁོར་ལོ་རྣམ་བཞི་ཡོད་པའི་ལྟེ་བ་སྤྲུལ་པའི་འཁོར་ལོ་ན་ཡེ་ཤེས་ཀྱི་རྩ་འདབ་མ་དྲུག་ཅུ་རྩ་གཉིས་ཡོད། དེའི་གྲོང་ཁྱེར་ན་སེམས་ཀྱི་རྒྱལ་པོ་ཏི་ལ་ཀ་བྱ་བ་བཞུགས། དེ་ཞལ་ལྟ་བར་འདོད་ན་སྐྱེས་བུ་དད་ལྡན་བསོད་ནམས་བསགས་པས། ཤེས་རབ་ཀྱི་ལྡེ་མིག་གིས་རྣམ་རྟོག་གི་སྒོ་ལྕགས་དཀྲོགས་ནས་སྒོ་དེ་ཕྱེ་ནས་ཞལ་མཐོང་སྟེ་འོང་། མཐོང་ན་ཐུན་མོང་གི་དངོས་གྲུབ་དང་མཆོག་གི་དངོས་གྲུབ་གཉིས་ཀ་འདུག །སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་མ་བརྒྱད་ཡོད། དེ་ལ་སེམས་ཀྱི་རྒྱལ་པོ་བ་སནྟ་བཞུགས། གཞན་གོང་མས་འགྲེ །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན། རྩ་འདབ་མ་བཅུ་དྲུག་ཡོད། དེ་ན་ཡིད་ཀྱི་ཐིག་ལེ་བཞུགས། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན། རྩ་འདབ་མ་སུམ་ཅུ་རྩ་གཉིས་ཡོད། དེ་ན་ཡེ་ཤེས་ཀྱི་ཐིག་ལེ་བཞུགས། འཁོར་ལོ་བཞི་ལ་གནད་བཞི་ཡོད། ལྟེ་བ་གཏུམ་མོའི་གནད། སྙིང་ཁ་གཉིད་ཀྱི་གནད། མགྲིན་པ་རྨི་ལམ་གྱི་གནད། སྤྱི་བོ་སྙོམས་འཇུག་གི་གནད། རྡོ་རྗེ་ནོར་བུ་དང་སྨིན་མཚམས་གཉིས་ཏེ་དྲུག་གོ །དེ་རྣམས་གནད་དུ་འོང་བ་ཅི་སྟེ་ཞེ་ན། དེ་ལ་ཤེས་པའི་རྟེན་ཡོད་པས་གནད་ཡིན། དམིགས་པ་གཏད་ཐབས་ནི། ལྟེ་བའི་མེ་ལ་ཤེས་པ་གཏད་པས། རླུང་སེམས་གཉིས་སུ་མེད་པའི་གནད་ཀས། རླུང་གིས་དཀྲུགས་པས་རྩ་སྒོ་ཕྱེ་བས་རླུང་ཨ་བ་དྷཱུ་ཏིར་ཚུད། རླུང་དྷཱུ་༼༣༢བ༽ཏིར་ཚུད་པས་རྟོག་མེད་ཀྱི་ཡེ་ཤེས་འབར། དེ་ཡང་ཡུལ་ལ་དམིགས་པ་ནི་ཤེས་རབ་ལ། རླུང་གིས་རྩ་སྒོ་ཕྱེད་པ་ནི། ཤེས་རབ་ཀྱིས་རྣམ་རྟོག་གི་ལྕགས་ཕྱེད་པ་ཡིན། རྟོག་མེད་ཀྱི་ཡེ་ཤེས་འཆར་བ་ནི། སེམས་ཞལ་མཐོང་བའོ། །སྙིང་རྗེ་རྣམ་པ་གསུམ་ནི། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ། །སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི། སོ་སོ་སྐྱེ་བོ་རྣམས་ཀྱི་སྡུག་བསྔལ་མ་བཟོད་ནས། དེ་རྣམས་ཀྱི་དོན་དུ་བདག་སངས་རྒྱས་ཐོབ་པར་འདོད་པའོ། །ཆོས་ལ་དམིགས་པ་ནི། ས་དང་པོ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་གཟུང་འཛིན་གཉིས་མེད་དུ་རྟོགས་པའོ། །དམིགས་པ་མེད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྐུ་ཐོབ་པའོ། །དེ་ཕྱིའི་རྣམ་པ་ཡིན། རང་ལ་འཆར་བའི་དུས་སུ། ལས་དང་པོར་སེམས་ཅན་གྱི་སྡུག་བསྔལ་མ་བཟོད་པ་ནི་སེམས་ཅན་ལ་དམིགས་པའོ། །དེ་ནས་ཡང་དག་པའི་ཀུན་རྫོབ་རྨི་ལམ་དུ་ཆོད་ནས། ཆོས་འདི་ལྟར་ཡིན་པ་ལ་འདི་ལྟར་མ་རྟོགས་པ་དང་། དངོས་པོ་དང་མཚན་མར་འཛིན་པ་སྙིང་རེ་རྗེ་སྙམ་པ་ནི་ཆོས་ལ་དམིགས་པའོ། །དེ་ནས་རང་གི་སེམས་ཀྱི་དེ་ཁོ་ན་ཉིད་མཐོང་ནས། སྨོན་ལམ་གྱི་སྟོབས་ཀྱི་ཤུགས་ཀྱིས་སེམས་ཅན་གྱི་དོན་འབྱུང་བ་ནི་དམིགས་པ་མེད་པའོ། །སྟོང་པ་སྙིང་རྗེའི་སྙིང་པོ་ཅན་ནི། དང་པོར་སྟོང་པ་བསྒོམས་ནས་དེ་འཕྲོ་ལ་སྙིང་རྗེ་བསྒོམས་པས། སྟོང་པ་ཕྱི་ལ་མ་ལུས་སམ་ཞེ་ན། མ་ལུས་ཏེ། སྟོང་པ་སྒོམ་མཁན་ཡང་རིག་པ་ཡིན། སྙིང་རྗེ་སྒོམ་མཁན་ཡང་རིག་པ་ཡིན་པས་ཐ་དད་མེད་པའོ། །དང་པོར་སྟོང་པ་བསྒོམས་ནས། དེ་ནས་སྙིང་རྗེ་བསྒོམས་པས། སྟོང་པ་སྙིང་རྗེའི་སྙིང་པོ་ཅན་ཞེས་བྱའོ། །དང་པོ་སྙིང་རྗེ་བསྒོམས་ནས་དེ་འཕྲོ་ལ་སྟོང་པ་བསྒོམ་པ། སྙིང་༼༣༣ན༽རྗེ་སྟོང་པའི་སྙིང་པོ་ཅན་ནོ། །ཐ་དད་མེད་པ་གོང་དང་འདྲའོ། །དངོས་པོ། ངོ་བོ། མཚན་ཉིད་གསུམ་ནི། དངོས་པོ་གཟུགས་སུ་གྲུབ་པ་ཐམས་ཅད་དོ། །ངོ་བོ་ནི་དེའི་རང་བཞིན་སྟོང་པའོ། །མཚན་ཉིད་ནི་དབྱིབས་དང་ཁ་དོག་ལ་སོགས་པའོ། །ཡང་སྣང་ལ་ངེས་པ་དང་མ་ངེས་པའོ། །སྣང་བ་ནི། བདེ་བ། གསལ་བ། མི་རྟོག་པ་སེམས་ཀྱི་ངོ་བོ་ཡིན་ཏེ། སྣང་བ་ཞེས་བྱ་དེ་ཉིད་སེམས་ཀྱི་ངོ་བོ་རྒྱུན་མ་ཆད་པར་ཤེས་པ་ནི་སྣང་ལ་ངེས་པའོ། །བདེ་བ་གསལ་བ་མི་རྟོག་པ་སྣང་ཡང་དེ་ཉིད་སེམས་སུ་མ་ཤེས་ན་མ་ངེས་པའོ། །མ་ངེས་པ་དེ་འཇིག་རྟེན་གྱི་མཐར་ཐུག་གི་ལྟ་བ་ཡིན་ཏེ། བདེ་གསལ་མི་རྟོག་པ་གསུམ་ལ་མཆོག་འཛིན་བྱས་པས། ཁམས་གསུམ་དུ་གོལ། ཉན་ཐོས་ཀྱིས་གཞི་དེ་ལ་བྱས་ནས། དེ་མཚན་མ་ཡིན་པས་དེ་ཉམས་མྱོང་ཡིན་པས་མཆོག་འཛིན་དུ་མི་ལྟ་བར་སྟོང་པ་ཉིད་དུ་འདོད། བྱང་ཆུབ་སེམས་དཔའ་དེ་ལ་གཞི་བྱས་ནས་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བ་ཡིན། དེ་ལ་མ་ཞེན་པར་འདོད་ཁམས་ཀྱི་རྟོག་པ་ཡར་བླངས་ནས། རྣམ་རྟོག་དེ་ཉིད་རིག་པར་ཁྱེར། རིག་པ་དེ་སེམས་སུ་འཁྱེར་བ་ནི་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བའོ། །ཐ་མལ་གྱི་ཤེས་པ། མ་བཅོས་པ། གཉུག་མ་གསུམ་གང་ཞེ་ན། ཐ་མལ་གྱི་ཤེས་པ་ནི། དང་པོའི་ཤེས་པ་གྲུབ་མཐའ་གཞན་གྱིས་བློས་མ་བསྒྱུར་བའོ། །མ་བཅོས་པ་ནི་བཅས་བཅོས་མི་བྱ་བར་རང་གར་གཏོང་བའོ། །གཉུག་མ་ནི་དེའི་དོན་མ་སྐྱེས་ཤིང་མི་འགག་ལ་རྒྱུན་ཆད་པ་མེད་པས་ན་གཉུག་མའོ། །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པའི་སྐྱེ་བོ་རྣམས་ལ་ངས་མ་བསྟན། །ཟབ་པ་ནི་གཏིང་དཔག་༼༣༣བ༽དཀའ་བས་ན་ཟབ། ཡང་ན་རྒྱུ་འདི་ལས་འབྲས་བུ་འདི་འབྱུང་གི་ལས་འབྲས་ཤིན་ཏུ་ཕྲ་བས་ན། ཐམས་ཅད་མཁྱེན་པས་མཁྱེན་པ་ལས་གཞན་གྱིས་མི་ཤེས་པས་ན་ཟབ། ཕྲ་བ་ནི་མི་མཐོང་བའོ། །ས་བོན་ཆུ་བོ་བཞིན་དུ་འབབ་པ་ནི། བག་ཆགས་ཀྱི་ས་བོན་རྣམས་དང་པོ་གང་ལས་འབྱུང་ན། རྣམ་པར་ཤེས་པ་ལས་བྱུང་། ཡུལ་གར་བཏབ་ན་རྣམ་པར་ཤེས་པ་ལ་བཏབ། འབྲས་བུ་གར་སྨིན་ན་རྣམ་པར་ཤེས་པ་ལ་སྨིན། ཇི་ལྟར་གནས་ན་དཔེར་ན་གྲོ་ག་ལ་ར་དཀར་མོའི་འོ་མས་ཡི་གེ་བྲིས་ན་གྲོ་ག་དང་ཡི་གེ་ཐ་དད་མེད། རྐྱེན་དང་ཕྲད་ན་ཡི་གེ་ལམ་གྱིས་འོང་བ་བཞིན་དུ། བག་ཆགས་ཀྱི་ས་བོན་རྣམ་པར་ཤེས་པ་ལ་བཏབ་ན། རྣམ་ཤེས་དང་བག་ཆགས་ཐ་དད་མེད། དགེ་སྡིག་གི་རྐྱེན་དང་ཕྲད་པའི་དུས་སུ་སྔར་གྱི་བག་ཆགས་ལངས་ཏེ་འབྲས་བུ་བདེ་སྡུག་འོང་ངོ་། །དེ་ཡང་འཁྲུལ་པའོ། །དབྱིངས་དང་ཡེ་ཤེས་གཉིས་གང་ཞེ་ན། དབྱིངས་ཤེས་བྱ་བ་ནི་འཁོར་འདས་ཐམས་ཅད་ཀྱི་མཚན་ཉིད་དོ། །ཡེ་ཤེས་ཤེས་བྱ་བ་ནི་སེམས་ཉིད་རྣམ་པར་དག་པ་འོད་གསལ་བའོ། །ཆོས་ཆོས་ཅན་ཆོས་ཉིད་གསུམ་ནི། ཆོས་ནི་འཁོར་བའི་བློའི་ཡུལ་དུ་གྱུར་པའོ། །ཆོས་ཅན་ནི་དེར་འཛིན་པའི་ཤེས་པའོ། །ཆོས་ཉིད་ནི་གདོད་མ་ནས་མ་གྲུབ་པའི་རྣམ་པར་དག་པའོ།། །།རིན་པོ་ཆེའི་ཞལ་ནས། དད་པ་གལ་ཆེ་གསུང་། དགེ་བའི་བཤེས་གཉེན་འཚོལ་བ་ཡང་དད་པ་ཡིན། དད་པ་ལ་རྣམ་པ་གསུམ་ཡིན་ཏེ། རབ་ཀྱིས་ཡིད་ཆེས་པའི་དད་པ་བསྒོམ། འབྲིང་གིས་འདོད་པའི་དད་པ་བསྒོམ། ཐ་མས་དང་བའི་དད་པ་བསྒོམ་གསུང་། ཡིད་ཆེས་པའི་དད་པ་ནི། རྒྱུ་འབྲས་ལ་ཡིད་ཆེས་པའོ། །འདོད་པའི་དད་པ་ནི། བདེན་པ་བཞི་ལ་བརྟེན་ནས་སྐྱེ། དང་བའི་དད་པ་ནི་༼༣༤ན༽ཡུལ་ཁྱད་པར་ཅན་ལ་བརྟེན་ནས་སྐྱེ། དད་པ་བརྟན་པར་བྱེད་པ་ཡང་དགེ་བའི་བཤེས་གཉེན་ཡིན་གསུང་། དགེ་བའི་བཤེས་གཉེན་མེད་ན་དད་པས་སྡིག་པའི་གྲོགས་པོ་དང་འཕྲད་པ་ཡིན། དེ་བས་དགེ་བའི་བཤེས་གཉེན་གལ་ཆེ་བའི་ཚུལ་དུ་འདུག །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱུད་དཀྲུགས། ལུང་བཅུགས། མན་ངག་ཐུགས་ལ་གབ་པ། རྒྱུད་ཀྱི་ནང་ན་མར་དང་པོ་བརྗོད་བྱ་བསྟན་ནས། དེ་ནས་བསྐྱེད་རིམ་འཆད། དེ་ནས་རྫོགས་རིམ་འཆད། དེ་ནས་ཡན་ལག་བདུན་པ་འཆད་དེ། རྒྱུད་དཀྲུགས་པ་བྱ་བ་ཡིན། སློབ་དཔོན་མཁས་པ་རྣམས་ཀྱིས་ལུང་བསྡུ་བའི་བསྟན་བཅོས་དང་། ལུང་བཀྲོལ་བའི་བསྟན་བཅོས་བྱ་བ་གསུངས་ཏེ། ལུང་བཀྲོལ་བའི་བསྟན་བཅོས་བྱ་བ་འགྲེལ་བ་དང་། ཊཱི་ཀཱ་ལ་སོགས་པ་ཡིན། ལུང་བསྡུ་བའི་བསྟན་བཅོས་བྱ་བ་སྒྲུབ་ཐབས་ཡིན་ཏེ། སྒྲུབ་ཐབས་ཀྱང་མན་ངག་གབ་པ་ཡིན་གསུང་། སངས་རྒྱས་ཀྱིས་ཇི་སྐད་གསུངས་པ་བཞིན་ཉམས་སུ་བླངས་ཀྱང་བླ་མ་མེད་ན་བྱིན་རླབས་མི་འབྱུང་གསུང་། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་ལ་ཡང་ཕྱག་འཚལ་ལོ། །ཕྱག་ཀྱང་སྔོན་ལ་བླ་མ་ལ་འཚལ། མཆོད་པ་ཡང་སྔོན་ལ་བླ་མ་ལ་འབུལ། བླ་མ་དང་སངས་རྒྱས་ཐ་དད་པ་མ་ཡིན་ཏེ། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ཡང་མི་བརྟག་གོ །དེ་ཡང་ཆོས་ཐམས་ཅད་བསྡུ་ན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གལ་ཆེ་གསུང་། དེ་ཡང་གོམས་པ་ལས་སྐྱེ་བ་དང་། བསྒོམས་པ་ལས་སྐྱེ་བ་དང་། རྟོགས་པ་ལས་སྐྱེ་བ་གསུམ་ཡིན་གསུང་། གོམས་པ་ལས་སྐྱེ་བ་བྱ་བ་ཚེ་སྔ་མ་ཕན་ཆད་སྦྱངས་པ་ལས་སྐྱེ་བ་ཡིན། བསྒོམས་པ་ལས་སྐྱེ་བ་དང་། རྟོགས་པ་ལས་སྐྱེ་བ་གཉིས་༼༣༤བ༽འདྲ་གསུང་། རྟོགས་པ་ལས་སྐྱེ་བ་བྱ་བ་སྦྱངས་པ་ཅན་གྱི་གང་ཟག་ལ། ས་ཧ་ཛ་འོད་གསལ་བ། ཟག་མེད་ཀྱི་སྟོང་ཉིད་མངོན་སུམ་དུ་མཐོང་བྱ་བ་ཡིན་གསུང་སྟེ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཕན་ཚུན་ལྟོས་པའི་ཆོས་ཅན་ཡིན་གསུང་། དགེ་བཤེས་རྒྱ་ཡོན་བདག་གི་ཞལ་ནས། བོད་ན་ནོམ་བུ་ཁ་ན་མངར་བའི་ཆོས་པ་མང་པོ་ཞིག་ཡོད་དེ། རྫོགས་པ་ཆེན་པོ་བ་ཟེར་བ་གཅིག །ནང་རྟོགས་ན་ནང་འཚང་རྒྱ། །ནུབ་རྟོགས་ན་ནུབ་འཚང་རྒྱ་ཟེར་བ་ཚན་གཅིག་ཡོད། མཚན་ཉིད་པ་ཟེར་བ་གཅིག །གཅིག་དང་དུ་བྲལ་གྱིས་གཞིགས་ནས་ངའི་འདིས་འཚང་རྒྱ་ཟེར་བ་ཚན་གཅིག་ཡོད། ཕ་རོལ་ཏུ་ཕྱིན་པ་ཟེར་བ་ཐབས་དང་ཤེས་རབ་ལ་བརྟེན་ནས་ངའི་འདིས་འཚང་རྒྱ་ཟེར་བ་ཚན་གཅིག་ཡོད། སྔགས་པ་ཟེར་བའི་རྩ་རླུང་ཐིག་ལེ་དང་། བསྐྱེད་རྫོགས་ལ་བརྟེན་ནས་ངའི་འདིས་འཚང་རྒྱ་ཟེར་བ་ཚན་གཅིག་ཡོད། བཀའ་གདམས་པ་ཟེར་བའི་སྐྱེས་བུ་རབ་འབྲིང་རྣམ་པ་གསུམ་ལ་བརྟེན་པའི་གདམས་ངག་ངའི་འདིས་འཚང་རྒྱ་ཟེར་བ་ཚན་གཅིག་ཡོད་དེ། དེ་ཚོ་ཡོ་ལོག་ནས་ཅི་བྱེད་ང་ལ་ཟློས་དང་གསུང་། དེ་ཚོ་ཡོ་ལོག་ནས་མི་དགེ་བ་བཅུ་དགེ་བ་བཅུར་བསྒྱུར་བ་ལས་གཞན་མེད་གསུང་། བློ་ཆེ་བ་རྣམས་ཀྱིས་ཟག་བཅས་ཀྱི་དགེ་བ་ཟག་མེད་དུ་བསྒྱུར་བ་ཡིན་གསུང་། མི་དགེ་བ་བཅུས་ང་ལ་མི་གོས་ཟེར་བ་ཚན་གཅིག་ཡོད་དེ། དེ་སྡིག་པའི་གྲོགས་པོ་ཡིན་གསུང་ངོ་། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་ཀྱང་། འུབ་ཀྱིས་བསྡུས་ན་ལུས་ངག་ཡིད་གསུམ་དུ་འདུས། དེ་ཡང་ལུས་ངག་གཉིས་ཀྱང་འཁོར་ཡིན། གཙོ་བོ་སེམས་ཡིན་གསུང་། མི་དགེ་བ་སྐད་ཅིག་ཀྱང་མི་རྒྱུ་བར་བྱ། གཉེན་པོའི་སྒོ་ནས་ལུང་མ་བསྟན་དུ་ཡང་མ་ཤོར་བར་བྱ་གསུང་ངོ་། །རིན་པོ་ཆེའི་ཞལ་ནས་ལམ་རྣམ་པ་གསུམ་དུ་འགྲོ་དགོས་གསུང་ངོ་། །༼༣༥ན༽རྗེས་དཔག་ལམ་དུ་བྱེད་པ་དང་། བྱིན་རླབས་ལམ་དུ་བྱེད་པ་དང་། མངོན་སུམ་ལམ་དུ་བྱེད་པ་གསུམ་ཡིན་གསུང་། མཚན་ཉིད་དམ་ཕ་རོལ་ཏུ་ཕྱིན་པ་ནི་རྗེས་དཔག་ལམ་དུ་བྱེད་པ་བྱ་བ་ཡིན། ཐེག་པ་ཆེན་པོ་གསང་སྔགས་ནི་བསྐྱེད་རྫོགས་གཉིས་ལ་བརྟེན་ནས་བྱིན་རླབས་ལམ་དུ་བྱེད་པ་ཡིན། མངོན་སུམ་ལམ་དུ་བྱེད་པ་ནི་ལྷན་ཅིག་སྐྱེས་པ་འོད་གསལ་བྱ་བ་ཡིན་གསུང་། ལམ་གསུམ་ལ་འཇུག་པའི་གང་ཟག་ནི་གཉིས་ཏེ། རིམ་གྱིས་པ་དང་། ཅིག་ཆར་བའོ། །ཅིག་ཆར་བ་ནི་ཉོན་མོངས་པའི་བག་ཆགས་སྲབ་པ། ཆོས་ཀྱི་བག་ཆགས་འཐུག་པའི་སྦྱངས་པ་ཅན་གྱི་གང་ཟག་ལ་ཟེར་བ་ཡིན་ཏེ། ཤིན་ཏུ་དཀའ་བ་ཡིན་གསུང་། བླ་མའི་ཞལ་ནས་ང་ནི་རིམ་གྱིས་པར་འདོད་པ་ཡིན་གསུང་། ངས་བླ་མ་མི་ལའི་དྲུང་དུ་མི་མང་རབ་ཅིག་ཡོང་བའི་དུས་སུ། རྫོགས་ཆེན་འདི་ཅི་ཙུག་ལགས་ཞུས་པས། བླ་མ་མར་པའི་ཞལ་ནས་ཆོས་མིན་པ་སྐད་ཟེར་ཏེ། ཆོས་མིན་པ་མི་འདུག །ས་དྲུག་པ་བདུན་པ་ཡན་ཆད་ཀྱི་ཆོས་སུ་འདུག་གསུང་། དེ་ནས་བྱིས་པ་ལོ་ལྔ་ཙམ་ལོན་པ་ཞིག་ལ་མཛུབ་མོ་བཙུགས་ནས། རྫོགས་ཆེན་པ་རྣམས་འདི་དང་འདྲ་བ་ཡིན་ཏེ། བྱིས་པ་འདི་ན་རེ་ང་ལ་སྐྱེས་བུ་ལོ་ཉི་ཤུ་རྩ་ལྔ་ལོན་པའི་ནུས་པ་ཡོད་ཟེར་བ་དང་འདྲ་བ་ཡིན། རྫོགས་ཆེན་པ་རྣམས་ཀྱང་ད་ལྟ་སངས་རྒྱས་པ་སྐད་ཟེར་ཏེ། དོན་དང་མི་ལྡན་གསུང་། འཁོར་བ་ལས་ཐར་པར་འདོད་ན། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཤིག་མེད་ན་ཐར་པའི་ཐབས་མེད་གསུང་། དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་ཤིན་ཏུ་དཀའ། རང་ཅག་ལ་འཁྲིས་མེད་ན་སླ་བ་ཡིན་ཏེ། དགེ་བཤེས་ཡོན་བདག་གི་ཞལ་ནས། སངས་རྒྱས་དང་སྔ་འདྲིས་གང་ན་ཡོད། སངས་རྒྱས་ལག་པའི་ལྟོ་རྒྱབ་དང་འདྲ་བ་ཞིག་ཡིན་ཏེ་གསུང་། འོ་ཅག་༼༣༥བ༽བཞིན་དུ་ཕར་འཁྲིས་ཚུར་འཁྲིས་པ་ལ། དོན་དམ་བྱང་ཆུབ་སེམས་ག་ན་མཆི། འཁྲིས་དེ་ཉིད་འཁོར་བ་ཡིན་པའི་གནད་ཀས་གསུང་། སྤྱིར་ཆོས་གཤའ་མར་བྱེད་པ་ལ། ཡིན་པ་དང་མ་ཡིན་པ་དང་། ལེགས་པ་དང་ཉེས་པ་དག་བརྩིས་པས་ག་ན་མཆི། དེ་ཀུན་གང་ལ་ཡང་མི་བལྟ་བར་རང་གི་ཤེས་པ་སྐད་ཅིག་མ་ལ་བལྟ་བ་ལགས། འཇིག་རྟེན་པ་དང་འཛོལ་ལེ་བ་ཞིག་དགོས་པ་ཡིན། འཇིག་རྟེན་པ་རྣམས་འཕྱས་སེ་བ་ཞིག་དགོས་པ་ཡིན། དེ་ལྟར་ལེགས་ཚུལ་དུ་གདའ། རང་ཅག་ཀྱང་དེ་ལྟར་བགྱི་འཚལ། ཚེ་འདིའི་སོ་ནམ་ཟུང་བཞི་ཡ་བརྒྱད་བྱེད་ཀྱང་། མི་བྱེད་དགུ་བྱེད་བྱས་པས་འཁོར་བ་འབྲེལ་ཐག་ཆོད་པ་གར་མཆི། དགོངས་མཛོད་དང་། མ་བསྒྲལ་བ་རྣམས་བསྒྲལ་བར་བྱའོ། །ཟེར་བ་ནི་སོ་སོའི་སྐྱེ་བོ་ལ་ཟེར་བ་ཡིན། མ་གྲོལ་བ་རྣམས་གྲོལ་བར་བྱའོ། །བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཟེར་བ་ཡིན། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་བྱ་བ་ནི། ས་དང་པོ་ནས་བཅུ་པ་མན་ཆོད་ལ་ཟེར་བ་ཡིན། ཁས་ནི་དེ་ཙམ་བླངས་ཏེ་གསུང་ངོ་། །རྗེ་སྒམ་པོ་པས་གསུངས་པའོ། །རྫོགས་སོ།། །།བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས། བྱང་ཆུབ་ཀྱི་སེམས་དང་། སྒྱུ་མ་ལྟ་བུ་དང་། སྟོང་པ་གསུམ་ལ་བརྟེན་ནས་རྟོགས་པ་རྒྱུད་ལ་འཁྲུངས། སྔགས་ཀྱི་ལུགས་ཀྱིས་ལུས་ལྷ། ངག་བཟླས་པ། ཡིད་ཆོས་ཉིད་གསུམ་ལ་བརྟེན་ནས་རྟོགས་པ་རྒྱུད་ལ་འཁྲུངས། མ་རྟོགས་ན་འཚང་མི་རྒྱ། ཡུ་བུའི་ལུགས་ཀྱིས། ཆོས་ཀྱི་འཁྱེར་ལུགས་འདིས། ཡར་ལ་འགྲོ་བ་ལས་མར་ལ་མི་འགྲོ་བ་ཡིན། དབང་པོ་རབ་འཚང་རྒྱ་བ་ཡིན། འབྲིང་འཕགས་པའི་གནས་ལྔར་སྐྱེ་བ་ཡིན། ཐ་མ་ཡང་ལྷར་སྐྱེ་གསུང་། བདེན་༼༣༦ན༽པ་གཉིས་ཀྱི་དབང་དུ་བྱས་ན་དྲན་རིག་སྣ་ཚོགས་ཀུན་རྫོབ་ཡིན། སེམས་ཀྱི་ངོ་བོ་དོན་དམ་ཡིན། ད་ལྟ་ཡོད་པའི་ངོ་བོའི་ཉམས་འདི་སངས་རྒྱས་ནས་ཀྱང་ཡོད་པ་ཡིན། ཤེས་པ་སྣ་ཚོགས་སུ་ཤར་ཡང་ལོངས་སྤྱད་དུ་བཏུབ་པ། ཆབ་རོམ་ལ་ཆུ་འབྱུང་བ་བཞིན་ནོ། །སྟོང་པ་སྙིང་རྗེ་དབྱེར་མི་བྱེད་པ་ནི་འོད་ལས་འོད་ཆད་པ་བཞིན་དུ་འདོད། རྟོག་པ་ཐམས་ཅད་འོད་ལས་འོད་ཆད་པ་བཞིན་དུ་འདོད། གཉིད་ཆེ་ཡང་མི་སྟོ། ངོ་བོ་སྐྱེ་འཇིག་དང་བྲལ་བར་རྟོགས་ནས་མི་འཇིག་པས་ཆོག་པ་ཡིན། ཆོས་ཐམས་ཅད་ཧྲིལ་གྱིས་དྲིལ་ན་རྟོག་པ་དང་། རྟོག་མེད་གཉིས་སུ་འདུས། རྟོག་པ་རང་ཡང་ཆོས་ཀྱི་སྐུ་ཡིན། གཅིག་ཏུ་རྟོགས་པས་ཐམས་ཅད་ཚུར་ཐོབ་ནས་འོང་བ་ཡིན། ཁྱེད་ཅག་ལ་བཤད་རྒྱུ་ཡང་མེད་དེ། འོན་ཀྱང་དོན་དམ་དེ་བླ་མའི་གསུང་གིས་ཀྱང་ཐོག་ཏུ་མི་ཕེབས། རྟོག་གེའི་ཡུལ་ལས་འདས་པ་ཡིན། རྟོག་གེ་བས་མཐོང་ན་ཀུན་རྫོབ་ཀྱིས་དོན་དམ་མཐོང་བས། དོན་དམ་ཡང་འཇིག་པར་འགྱུར། དོན་དམ་གྱིས་མཐོང་ན་རྟོག་པ་དང་བཅས་པ་འདི་ཡིན་བྱ་བ་གཅིག་པུས་རང་གི་སེམས་ཉིད་འོད་གསལ་བ་དེ་ནམ་མཁའི་མཐའ་དང་མཉམ་པར་བསྒོམས་ན་ཡང་དེ་ལྟར་སྐྱེ་ཞིང་འདུག །འཕགས་པའི་གནས་གཞན་དུ་བསྒོམས་ནའང་འོང་ཞིང་འདུག །འདུག་ས་ཡང་འདི་རང་དུ་བསྒོམས་ན་ཡང་འོང་ཞིང་འདུག །འོད་གསལ་དེ་སུ་ཡི་ཡིན་ན་རང་གི་ཡིན། རྟོགས་པ་དང་མ་རྟོགས་པས་ཐམས་ཅད་ལ་ཁྱབ། རང་གིས་རང་རིག །རང་གསལ་གསལ་ལ་མ་འགགས། སྟེང་འོག་མེད་པར་འོད་གསལ། མཐའ་དབུས་མེད་པར་འོད་གསལ། རྣམ་རྟོག་ཡོད་མེད་མེད་པར་འོད་གསལ་དུ་འདུག་ལ། དེའི་ངང་ལ་གནས་པ་དེ་འཇིག་རྟེན་ལས་འདས་པ་བྱ་བ་ཡིན། དེ་ལ་བོགས་འདོན་༼༣༦བ༽རྒྱུ་མེད། དེ་ལས་རྟོགས་པ་བོགས་འདོན་ན། འདོན་པ་རང་སྐྱོན་ཅན་ཡིན། དེ་ལས་བོགས་སམ་རྟགས་སམ་དེ་ལས་འཕུལ་ས་འབྱུང་ན། དེ་རང་སྐྱོན་ཅན་ཡིན་གསུང་ངོ་། །ངོ་བོ་སྐྱེས་ནས་ཡུན་རིང་བསྒོམས་པའི་རྒད་པོ་ཀུན་ལ་བོགས་སམ། དྲི་རྒྱུ་འོང་ཞིང་འདུག་གམ་མི་འདུག་ཞུས་པས། དྲི་རྒྱུ་ཡང་མེད། བོགས་འདོན་རྒྱུ་ཡང་མེད། ངའི་དྲུང་དུ་འོངས་ཀྱིན་བླའོ་འདྲ་དེ་བཏང་འགྲོ་ཡིན་འདུག་གསུངས། ངོ་བོ་གཅིག་ཆོད་དུ་སོང་བ་ལ་ཡང་རྨི་ལམ་དུ་ངོ་བོ་མི་ཟིན་པར་འདུག །བར་དོ་ཟིན་ནམ་མི་ཟིན་ཞུས་པས། བླ་མ་ཀུན་ན་རེ་རྨི་ལམ་དུ་ཟིན་དགོས་གསུང་སྟེ། ངས་བལྟས་པས་རྨི་ལམ་དུ་མ་ཟིན་ཡང་། བར་དོར་ཟིན་འོང་། ད་ལྟ་བསྒོམ་པ་བས་རྨི་ལམ་མི་གསལ་དུ་འགྲོ་བས་མི་ཟིན། བར་དོར་ད་ལྟ་བས་ཀྱང་གསལ་དུ་འགྲོ་བས་ཟིན་འོང་གསུང་། ད་ལྟ་ངོ་བོ་ལྡང་འཇུག་པ་ཞིག་ཤི་ན། བར་དོར་ལྡང་འཇུག་འོང་ངམ། ཅིག་ཆོད་ལ་འགྲོ་ཞུས་པས། ད་ལྟ་ངོ་བོ་རྒྱུན་ཆད་མེད་པར་ཡོད་ན་བར་དོར་ཡང་ཅིག་ཆོད་ལ་འགྲོ །ལྡང་འཇུག་པ་དེ་བར་དོར་ཡང་ལྡང་འཇུག་འོང་སྟེ། དེར་བསྒོམས་པས་འདི་བས་བོགས་ཆེ་བས་ཅིག་ཆོད་ལ་འགྲོ་གསུང་། དོན་དམ་བྱང་ཆུབ་སེམས་རྒྱུན་དུ་རྟོགས་ནས་གནས་པས། ཀུན་རྫོབ་བྱང་སེམས་བསྒོམ་དགོས་སམ་མི་དགོས་ཞུས་པས། གོམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། རྟོགས་པ་ལས་བྱུང་བ་གསུམ་ཡིན། གོམས་པ་ལས་བྱུང་བ་ནི་ཚེ་སྔ་མ་ཕན་ཆད་བསྒོམས་པས། འདི་རང་ལ་བསྒོམ་མི་དགོས་པར་བྱང་ཆུབ་ཀྱི་སེམས་འོང་བ་ཡིན། བསྒོམས་པ་ལས་བྱུང་བ་ནི་ཚེ་འདི་ལ་བསྒོམ་ལ་སོང་བ་ཡིན། རྟོགས་པ་ལས་བྱུང་བ་ནི། དོན་རྟོགས་པས་མ་རྟོགས་པའི་སེམས་ཅན་ལ་ཤུགས་ཀྱིས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱུང་བ་ཡིན། ༼༣༧ན༽ལོགས་སུ་ཀུན་རྫོབ་བྱང་ཆུབ་སེམས་དང་། དོན་དམ་གཉིས་བསྒོམ་མི་དགོས། དོན་དམ་རྟོགས་ན་བྱམས་སྙིང་རྗེ་གཞན་དོན་དུ་འབྱུང་བ་རྒྱུ་འབྲས་ཡིན། ཉོན་མོངས་པ་ཤུགས་ཀྱིས་ལྡོག་པ་ཡིན། ངོ་བོ་རྟོགས་ཟེར་ཡང་མི་དགེ་བ་ལ་འཇུག །བྱམས་སྙིང་རྗེ་བྱང་ཆུབ་སེམས་ཆུང་བར་འདུག་ན། ངོ་བོ་མ་སྐྱེས་པ་ཡིན། བླ་མ་རྗེ་བཙུན་གསུང་བ་དེ་ཡིན་གསུང་ངོ་། །རྗེ་བཙུན་སྙུང་བའི་དུས་སུ་ཐུགས་མི་བདེ་བ་འོང་ཡིན་གདའ་འམ། མི་གདའ་ཞུས་པས། ན་དུས་སུ་ཡང་སེམས་མི་བདེ་བ་དང་། གནོད་པ་ཅང་མི་ཡོང་བར་འདུག །གང་ན་སར་འོད་གསལ་དུ་བསྒོམས་པས། འོད་གསལ་དུ་ཕྲི་ལེ་འོང་ཞིང་མི་གནོད་པར་འདུག །འདྲེས་ན་བའི་མི་ལ་སྔགས་བཏབ་པ་བས། གང་ན་སར་དམིགས་པ་གཏད་ནས་འོད་གསལ་བསྒོམས་ན་ཕན་པ་འདུག་གསུང་། ངོ་བོ་དང་མཉམ་བཞག་འདྲེས་པ་བྱ་བ་ཅི་ལ་ཟེར་བ་ལགས་ཞུས་པས། བསྒོམ་པ་ཞེས་པ་ནང་སྤྱོད་ལམ་རྣམ་བཞི་གང་བྱེད་ཀྱང་། འོད་གསལ་དང་མ་བྲལ་བར་དུས་རྟག་ཏུ་ངོ་བོར་སོང་ན་འདྲེས་པ་ཡིན་གསུང་། རེས་འགའ་དྲན་པ་ཤོར་ནས་རྣམ་རྟོག་ཐོག་ཏུ་འགྲོ །དྲན་པ་རྙེད་ནས་ངོ་བོར་འོང་བ་དེ་མ་འདྲེས་པ་ཡིན་ནམ་ཞུས་པས། དེ་མ་འདྲེས་པ་ཡིན་གསུང་། འོ་ན་ངོ་བོ་དེ་ཆ་གཅིག་མ་རྟོགས་པ་ཡིན་ནམ། བསྒོམ་ཡུན་ཐུང་ནས་མ་གོམས་པ་ཡིན་ཞུས་པས། དེ་ངོ་བོ་མཐའ་དག་མ་རྟོགས་པ་ཡིན། མ་གོམས་པ་ཡང་ཡིན་ཏེ། དོན་ལ་བསྒོམ་ཡུན་ཐུང་པ་ཡིན་གསུང་། འོ་ན་རྣམ་སྨིན་གྱི་ལུས་པོ་འདི་ཡོད་ཀྱི་བར་དུ། མཉམ་བཞག་དང་རྗེས་ཐོབ་མེད་པར་མི་འགྲོ་བ་ཅང་ལགས་སམ་ཞུས་པས། དེ་མིན། རྣམ་སྨིན་གྱི་ལུས་ཡོད་ཀྱང་། ཡུན་རིང་དུ་བསྒོམས་པས་མཉམ་བཞག་དང་རྗེས་༼༣༧བ༽ཐོབ་མེད་པར་འཕྲལ་ལ་ཚེ་འདི་རང་ལ་འགྲོ་བ་ཡིན་གསུང་། འོ་ན་དྲན་པ་ཤོར་མ་ཐག་ཏུ་བག་ཆགས་རང་ག་མར་འགྲོ་བ་འདི་ཅིས་ལན་ཞུས་པས། འདི་གཟུང་འཛིན་མ་དག་པས་ལན། ཡུན་རིང་དུ་བསྒོམས་པས་གཟུང་འཛིན་དག་ནས་དྲན་པས་བཟུང་རྒྱུ་མེད་པར་མཉམ་རྗེས་མེད་པར་འགྲོ་གསུང་། འོ་ན་ངོ་བོ་སྐྱེས་ནས་མཉམ་རྗེས་མ་འདྲེས་པར་ཤི་ན། བར་དོར་སྐྱེ་བ་འདག་གམ་མི་འདག་ཞུས་པས། དེ་འདག་པ་ཡིན་ཐེ་ཚོམ་མེད་པ་ཡིན་གསུང་། འོ་ན་ད་ལྟ་དྲན་པས་མ་ཟིན་པའི་རྣམ་རྟོག་དེ་སྒྲིབ་པར་མི་འགྱུར་རམ་ཞུས་པས། དེ་སྒྲིབ་པར་མི་འགྲོ །རྣམ་རྟོག་དེ་རྣམས་ཀྱིས་ལས་གསོག་པར་མི་ནུས་ཏེ། ནམ་མཁའ་ལ་ས་བོན་བཏབ་པ་དང་འདྲ། འབྲས་བུ་འབྱིན་པའི་གནས་མེད། ཐམས་ཅད་སྐྱེ་མེད་དུ་རྟོགས་པའི་གནད་ཀས་གསུང་། འོ་ན་གཉིད་མཐུག་པོའམ་རྨི་ལམ་གྱི་དུས་སུ་ངོ་བོ་མ་ཟིན་པར་འདུག་ན། བར་དོར་ངོ་བོ་ཟིན་ནམ་མི་ཟིན་ཞུས་པས། དེ་གཉིད་དང་རྨི་ལམ་གྱི་དུས་སུ་ངོ་བོ་མ་ཟིན་ཀྱང་། བར་དོར་ཟིན་པ་ཡིན། གཉིད་དང་རྨི་ལམ་དུས་སུ་ད་ལྟ་བས་མི་གསལ་དུ་འགྲོ་བ་ཡིན། བར་དོར་ད་ལྟ་བས་གསལ་དུ་འགྲོ་བ་ཡིན། ད་ལྟ་བས་བཟུང་སླ་བ་ཡིན་གསུང་། འོ་ན་དྲན་པས་མ་ཟིན་ན་ངོ་བོ་མི་འོང་བར་རྣམ་རྟོག་རང་ག་མ་དེ་དྲན་པས་ཟིན་པ་དང་། སྔར་གྱི་རྣམ་རྟོག་དེ་ཚོ་འདག་གམ་མི་འདག །དྲན་པས་ཤི་མ་ཤི་མེད་པར་འཛིན་དགོས་སམ་མི་དགོས་ཞུས་པས། དྲན་པས་མི་ཟིན་པའི་རྣམ་རྟོག་རང་ག་མ་རྣམས་དྲན་པས་ཟིན་མ་ཐག་ཏུ་སངས་ལ་འདག །དྲན་པས་ཤི་མ་ཤི་མེད་པར་བཟུང་མི་དགོས། འོ་ན་ཡང་དྲན་པས་མ་ཡེངས་པར་བྱས་ན། མཉམ་རྗེས་འདྲེས་སྐྱེན་པ་ལ་ཕན། དྲན་པས་མ་ཟིན་ཀྱང་རྣམ་རྟོག་གིས་གནོད་པ་དང་། སྒྲིབ་པ་དང་བར་དུ་གཅོད་པ་གཏན་མེད་༼༣༨ན༽གསུང་། འོ་ན་དྲན་པས་བཟུང་ཞིང་མ་ཡེངས་པར་བྱ་བ་ལས་གཞན་ཉམས་སུ་བླང་རྒྱུ་མེད་དམ་ཞུས་པས། དྲན་པས་བསྐུལ་བ་ཙམ་ལས་གཞན་ཉམས་སུ་བླང་རྒྱུ་ཅི་ཡང་མེད་པ་ཡིན་གསུང་། ངོ་བོ་འབའ་ཞིག་བསྒོམ་པ་ལས་བསྐྱེད་རིམ་དང་བཟླས་པ་དགོས་སམ་མི་དགོས་ཞུས་པས། སྔགས་བག་རེ་བཟླས་ན། ངག་བྱིན་གྱིས་རློབ་པ་འབྱུང་བས། སྔགས་བཟླས། ལྷ་བསྒོམ་མི་དགོས། འོད་གསལ་གྱི་ངང་ནས་བཟློས་པ་ཡིན་གསུང་ངོ་། །ཞུས་ལན།། །།ཡང་བླ་མ་རིན་པོ་ཆེའི་ཞལ་ནས། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བའོ། །ཆོས་ནི། ལས་འབྲས་ལ་ཡིད་ཆེས་ནས་ཉེས་པ་ཕྲ་བ་ལ་འཛེམ་པའོ། །ཆོས་སུ་འགྲོ་བ་ནི། དགེ་བ་ཅི་བྱེད་ཚེ་འདིས་མ་གོས་པའོ། །ཆོས་ལམ་དུ་འགྲོ་བ་ནི། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ནས། དགེ་བ་ཅི་དང་ཅི་བྱེད་པ་ཐམས་ཅད་གཞན་དོན་དུ་བསྔོ་བའོ། །ལམ་འཁྲུལ་པ་སེལ་བ་ནི། བྱང་ཆུབ་ཀྱི་སེམས་གཉིས་བསྒོམས་པས་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་པའོ། །འཁྲུལ་པ་ཡེ་ཤེས་སུ་འཆར་བ་ནི། གཞན་དོན་དེ་ཉིད་ཀྱང་འཁྲུལ་པ་ཡིན་ཏེ། ངར་འཛིན་རྟོག་པ་དང་བྲལ་བའི་ངོ་བོ་དེ་རྟོགས་ན་འཁྲུལ་པ་ཡེ་ཤེས་སུ་འཆར་རོ། །འཁྲུལ་པ་སེལ་མཁན་ལོགས་ན་མེད། ངོ་བོ་ཉིད་ཡིན་པས་ན། ལམ་གྱི་འཁྲུལ་པ་སེལ་བའོ། །རྫོགས་སོ།། །།བླ་མ་རིན་པོ་ཆེའི་ཞལ་ནས། ལྟོ་ཕར་ཚུར། གོས་ཕར་ཚུར་ལ་བརྟེན་ལ་བློ་མ་ལོག་ན་ཆོས་མི་འོང་གསུང་། སྒྲུབ་དང་། བརྩོན་འགྲུས་འབར་བའི་སྟོབས་ལེ་ལོ་ཅན་གྱིས་མི་འོང་། ཀྱིས་བསྒྲུབ་ན། དང་པོར་ནང་གི་སློབ་དཔོན། སེམས་༼༣༨བ༽ཉིད་སློབ་དཔོན་དུ་འཆར། དེ་ནས་པོ་བླ་མས་མ་ཟིན་ན། ཏི་གང་བལྟས་སློབ་དཔོན་དུ་འཆར། དེ་ནས་སྣང་གྲགས་ཀྱི་ཆོས་ཐམས་ཅད་སློབ་དཔོན་དུ་ཤར།ཕྱིའི་བླ་མ། ཆོས་ཐམས་ཅད་གཉིས་མེད་དུ་འཆར། དེ་ཙམ་ན་སྤོང་ལེན་མེད་པའི་སྒོམ་ཆེན་བྱ་བའམ། མི་བསྒོམ་པའི་སྒོམ་ཆེན་བྱ་བ་ཡིན། བསམ་གཏན་མེད་ཅིང་རྟོགས་པས་འཚང་རྒྱ་ཕྱག་རྒྱ་ཆེན་པོ་ནས། བའོ། །ཟེར་བ་དེ་ཡོང་བ་ཡིན། ཆོས་ཐམས་ཅད་གཅིག་ཏུ་འཆར་བ་ཡིན། བཅོས་མ་ཐམས་ཅད་དང་བྲལ་དུས་གསུམ་སྤྲོས་བྲལ་དུ། བ། མ་བཅོས་པ་ཤུགས་འབྱུང་རྒྱུན་ཆད་མེད་པ། སྤྲོས་པ་མཐའ་དག་དང་བྲལ་བ། ངོས་བཟུང་མཐའ་དག་དང་བྲལ་བ།རིག་པ་འདི་ཉིད། འཛིན་པ་མཐའ་དག་གཟུང་འཛིན་གཉིས་མེད། དང་བྲལ་བ། ཅིའི་ངོ་བོར་ཡང་མ་གྲུབ་པ། བསྒོམ་པའི་བློ་དང་བྲལ་བ།འབད་རྩོལ་མེད་པ། མི་བསྒོམ་དུས་གསུམ་སྤྲོས་བྲལ། པ་ཡང་མ་ཡིན་པས་དུས་ཐམས་ཅད་དུ་མ་བྲལ་བ། ཡེ་གདོད་མ་ནས་དང་པོ་ནས་རྟོགས་སུ་དཀའ་བ་ལ་སྙམ་པ། དག་པ། འདུ་འབྲལ་མེད་པ་དང་པོ་རང་ནས་སངས་རྒྱས་སླ་སླ་འདྲ་བས། ཟིན་པར་འདུག་སྙམ་པ། རྟོགས་པའི་ཡེ་ཤེས་དེ་ལ་འགྱུར་བ་མེད་པ། རྒྱུན་ཆད་པ་མེད་པ།དང་པོ་ནས་རྒྱུན་ཆད་མ་མྱོང་བས། དུས་ཐམས་ཅད་པ། གསལ་ལ་གསལ་སྟོང་ཟུང་འཇུག ངོས་བཟུང་མེད་པ། བདེ་ལ་ཟག་པ་མེད་པ།དེ་ཟག་མེད་སེམས་ཀྱི་སྟོང་པ་ཉིད། ཉམ་ང་ཐམས་ཅད་དང་བྲལ་བ། སྐྱེ་མེད་གཞི་བྲལ་ཆེན་པོའི་ནང་ནས་འཆར་རོ། །བླ་མ་རྟོགས་བླ་མ་ལ་བྱིན་རླབས་ཞུས་ན་ཕུགས་འཁྲུལ་པ་མི་འོང་བས། ལྡན་ཞིག་གིས། སློབ་མ་མཚན་ལྡན་ཞིག་ལ་བྱིན་རླབས་གཤའ་མ་ཞིག་ཞུས་ནས། ཡོན་ཏན་ཐམས་ཅད་དུས་ཅིག་ཏུ་སྤུངས་པ་བཞིན་འབྱུང་བ་ཆོས་ཉིད་ཡིན། དུས་གསུམ་གྱི་བླ་མ་ཐམས་ཅད་ཀྱི་བྱིན་རླབས་འཇུག །༼༣༩ན༽བཀའ་སྡེ་སྣོད་ཐམས་ཅད་ཀྱི་བྱིན་རླབས་འཇུག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་འཇུག །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱང་དེ་ལ་འདུ་བ་ཡིན། སྤྱིར་ཐེག་པ་ཆེན་པོའི་ཆོས་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཡང་དག་པ་དགེ་བའི་བཤེས་གཉེན་ལ་རག་ལུས་པས་གསུང་། ཐམས་ཅད་བྱིན་རླབས་ལས་འབྱུང་། དེའི་ནང་ནས་གསང་སྔགས་ཀྱི་ཆོས་ཐམས་ཅད་བྱིན་རླབས་ལས་འབྱུང་། ཁྱད་པར་དུ་ནཱ་རོའི་ཆོས་བཀའ་བརྒྱུད་པ་བྱིན་རླབས་ལས་འབྱུང་བ་ཡིན། ངའི་བརྒྱུད་པ་འདི་གྲུབ་པ་ཐོབ་པ་རྒྱུན་མ་ཆད་པ་བྱིན་རླབས་ཀྱི་བཀའ་བབས་པ། བཀའ་བརྒྱུད་ཀྱི་དར་ཆགས་པས། གོང་མ་གོང་མས། འོག་མ་འོག་མ་སྨིན་པ་དང་གྲོལ་བར་མཛད་པ། འོག་མ་འོག་མས། གོང་མ་གོང་མ་ལ་གཙུག་གི་ནོར་བུའམ། མིག་གི་འབྲས་བུ་བཞིན་དུ་གཅེས་པར་འཛིན་པ་ཤི་འཇུས་བྱས་པ་ཡིན། བཀའ་བརྒྱུད་ཀྱི་གདམས་ངག་ཟབ་མོ་འདི་རྣམས་ནི་གསང་སྔགས་ཀྱི་སྙིང་ཕྱུང་བའམ། རྒྱུད་སྡེ་བཞི་ཡི་བཅུད་ཉིང་ཁུ་ལྟ་བུ་ཡིན། ཆོས་འདི་རྣམས་མཁའ་འགྲོའི་ལག་ན་ཡོད་པ་ཡིན་པས། ཤིན་ཏུ་ཟབ་པའམ་གཉན་པར་འདུག །བླ་མ་རྗེ་བཙུན་གྱི་ཞལ་ནས། རང་གི་སློབ་དཔོན་དང་གྲོགས་པོ་ལའང་མ་སྦྱིན་ཞིག་གསུང་། མིན་ན་རང་གར་འགྲོའི་ཕྱིར་འབྲང་བ། རང་ལ་མི་བདོག་ཀྱང་ཀ་ཅ་ཡོ་ཕུལ་ནས་སྒྲུབ་པ་འབའ་ཞིག་བྱེད་པ་ལ་སྦྱིན་གསུང་། ཡང་ན་རྣལ་འབྱོར་པའི་ལུས་དང་། གསང་སྔགས་ཟབ་མོའི་གདམས་ངག་དང་། ཉམས་སུ་མྱོང་བའི་གདམས་པ་གསུམ་སྦ་ན་ལེགས་གསུང་། སྦེད་པ་ཡང་ཁོང་རང་ལས་མི་འབྱུང་གསུང་། རིན་པོ་ཆེའི་ཞལ་ནས་ངས་བླ་མ་མི་ལའི་བཀའ་བཅག་གསུང་། དེ་ག་ཙུག་ལགས་ཞུས་པས། ངས་ཆོས་ཐམས་ཅད་༼༣༩བ༽མི་ལ་བཤད་པས་གསུང་། ཡང་དུས་གཅིག་ཙ་ན། ངས་བླ་མའི་བཀའ་བཞིན་བསྒྲུབ་གསུང་། དེ་ག་ཙུག་ལགས་ཞུས་པས། ངས་མི་ཚེ་ཟང་མར་སྒྲུབ་པ་བྱས་པས་གསུང་ངོ་། །རྗེ་སྒམ་པོ་པའི་གསུང་སྒྲོས།། །།རིན་པོ་ཆེའི་ཞལ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་ལ་བརྟེན་པའི་བསྟན་བཅོས་དང་། སློབ་དཔོན་མཁས་པ་རྣམས་ཀྱིས་ལུང་བཀྲོལ་བའི་བསྟན་བཅོས་དང་། ལུང་བསྡུ་བའི་བསྟན་བཅོས་ལ་སོགས་པ་བརྩམས་པ་དང་། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ལ་ནང་ནས་ཤར་བས། གང་ལ་ཡང་མ་བརྟེན་པར་མཛད་པའི་བསྟན་བཅོས་དང་། སངས་རྒྱས་ཀྱི་བཀའ་དངོས་དང་། བླ་མ་རྣམས་ཀྱི་གསུང་སྒྲོས་དང་། རང་གི་རྒྱུད་ལ་སྐྱེས་པའི་ཉམས་རྣམས་མཐུན་པའི་ཡིན། མ་མཐུན་ན་རང་གིས་ཆོས་མ་ཤེས་པ་ཡིན་གསུང་། སྤྱིར་ཆོས་གཤའ་མར་བྱེད་ན་རྩིས་སུ་ཆེ་བ་ཡིན། གཤའ་མར་མི་ནུས་ན་གཞི་གཅིག་བཟུང་ནས་བྱེད་པ་ཡིན། གཤའ་མར་བྱེད་ན་རི་བོང་གི་རྣམ་ཐར་བྱེད་པ་ཡིན། ཡུལ་གཅིག་ཏུ་མི་བསྡད། ཡོན་བདག་གཅིག་ལ་མི་བྱ། གྲོགས་པོ་གཅིག་དང་མི་འགྲོགས། གྲོགས་པོ་དང་ཧ་ཅང་ཡང་མཛའ་ཆེས་པ་ཉོན་མོངས་པའི་རྩ་བ་ཡིན། བླ་མ་དང་ཧ་ཅང་ཡང་ཉེ་བ་མིན། རིང་བ་མིན་གསུང་། མེ་དང་འདྲ་བ་ཡིན། ཉེ་ན་འཚིག །རིང་ན་མི་དྲོས། ཡང་ན་མཁས་པས་འཐབ་པའམ། ཡང་ན་ལེགས་པར་འབྲོས་པས་ཡོང་བ་ཡིན་ཏེ། མཁས་པ་འཐབ་པ་བྱ་བ། མི་མཁོ་བ་དེ་ཉིད་འདོད་ཐོག་ཏུ་བྱེད་པ་ཡིན་ཏེ། དཀའ་བ་ཡིན། མི་མཁས་པ་འབྲོས་པ་བྱ་བ། ཉོན་མོངས་པ་ལ་སོགས་པས་མི་གོས་པར། དེ་ལས་འབྲོས་པ་ཡིན། འཁོར་བ་ལས་ཐར་པར་འདོད་ན་འཇིག་རྟེན་པ་དང་གཉིས་འཛོལ་ལེ་བ་ཞིག་དགོས་པ་ཡིན། ཚེ་འདིའི་སོ་ནམས་ཟུང་བཞི་༼༤༠ན༽ཡ་བརྒྱད་བྱེད་ཅིང་། མི་བྱེད་དགུ་བྱེད་བྱེད་པས་འཁོར་བ་དང་འབྲེལ་ཐག་ཆོད་པ་ག་ན་མཆི། དགོངས་མཛོད་དང་། ཐམས་ཅད་ལྟོགས་ཀྱིས་དོགས་ཏེ། ལྟོགས་ན་ངས་བསླུས་པ་ཡིན་ནོ་གསུང་། རིན་པོ་ཆེའི་ཞལ་ནས། ཕྱག་རྒྱ་ཆེན་པོ་ལམ་ལྔ་དང་སྦྱར་ནས་སྟན་ཐོག་གཅིག་ཏུ་བསྒོམ་ན་སྦྱོར་བ་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ནས། དངོས་གཞི་རྨི་ལམ་སྒྱུ་མ་བཞིན་དུ་བསྒོམ་པ་ཚོགས་ལམ་ཡིན། སྟོང་པ་ཉིད་དུ་མོས་པའི་ཚུལ་དུ་བསྒོམ་པ་སྦྱོར་ལམ་ཡིན། ཕྱག་རྒྱ་ཆེན་པོ་རྒྱུད་ལ་སྐྱེས་པ་མཐོང་ལམ། དེ་ཉིད་གོམས་པར་བྱེད་པ་སྒོམ་ལམ་ཡིན། དེ་ལྟར་ཡང་། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །མཐོང་བ་གོམས་ཕྱིར་སྒོམ་པའི་ལམ། །ཞེས་གསུངས། དེ་ཉིད་མངོན་དུ་གྱུར་ཙ་ན། རེ་དོགས་གཟའ་གཏད་གཟུང་འཛིན་མཐའ་དག་དང་བྲལ་བ་དེ་མཐར་ཕྱིན་པའི་ལམ་མོ། །འོ་ན་མཐོང་ལམ་གྱི་གནས་སྐབས་སུ་ཡང་། སྤྲུལ་པའི་སྐུ་བརྒྱ་ལ་ཆོས་ཉན་པ་ལ་སོགས་པ་ལ། རེ་རེ་ལ་ཡོན་ཏན་དཔག་ཏུ་མེད་པ་བཤད་པ་ཡོད་སྙམ་ན། རྣམ་པ་དོན་དམ་ལ་བཤད་པ་དང་། རྣམ་པ་ཀུན་རྫོབ་ལ་བཤད་པ་གཉིས་ཡིན། དང་པོ་རྟགས་དེ་ལྟ་བུ་མེད་ཀྱང་འགལ་བ་མེད། རྟགས་དེ་རྣམས་ཀུན་རྫོབ་ལ་བཤད་པ་ལ་འོང་བ་ཡིན། སངས་རྒྱས་སྐད་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། རང་རྒྱུད་པར་གྲུབ་པ་མེད། སེམས་ཉིད་ངོ་བོ་ཅིར་ཡང་མ་གྲུབ་པ་འདི་རང་སངས་རྒྱས་ཡིན་གསུང་། དེ་ཡང་འོད་སྲུང་ཀྱིས་ཞུས་པ་ལས། སེམས་ནི་འདས་པའི་སངས་རྒྱས་ཀྱིས་ཀྱང་མ་གཟིགས་མི་གཟིགས། གཟིགས་པར་མདོ་དགོངས་འདུས་ལས་སེམས་དེ་ཉིད་སངས་རྒྱས་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་གསུངས། མི་འགྱུར་ཞེས་བཤད་དོ། །སེམས་༼༤༠བ༽ཀྱི་གནས་ལུགས་དེ་ལྟ་བུ་ཞིག་རྟོགས་ན་སྲུང་བ་རྣམས་ཀྱི་ནང་ན་ཡང་མཆོག་ཡིན་ཏེ། སྟོང་པ་ཉིད་ནི་བསྒོམ་པ་ནི། །འཆི་བདག་གིས་ནི་མི་མཐོང་ཞིང་། །རང་བཞིན་དག་པ་ཡོངས་སུ་མཐོང་། །ཞེས་གསུངས་སོ། །མཆོད་པ་རྣམས་ཀྱི་ནང་ན་ཡང་མཆོག་ཡིན་ཏེ། མཆོད་བྱ་མཆོད་བྱེད་མཆོད་པ་རྣམས། །དེ་ཚེ་རྣལ་འབྱོར་པས་མ་མཐོང་། །དེ་ཉིད་མཆོད་པའི་མཆོག་ཡིན་པས། །མཁས་པས་བྱང་ཆུབ་སེམས་བསྒོམ་བྱ། །ཞེས་གསུངས། ཉམས་གྲིབ་ལ་སོགས་པ་བཤགས་པའི་མཆོག་ཏུ་གྱུར་པ་ཡིན་ཏེ། བཤགས་བྱ་བཤགས་བྱེད་བཤགས་པ་རྣམས། །གང་ཚེ་རྣལ་འབྱོར་པས་མ་མཐོང་། །རང་བཞིན་དག་པར་ཡོངས་སུ་མཐོང་། །དེ་ནི་བཤགས་པའི་མཆོག་ཡིན་ནོ། །ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོའི་དོན་དེ་བདུད་བཞི་དང་བྲལ་བ་ཡང་ཡིན་ཏེ། སེམས་འདི་ལ་སྐྱེ་ཤི་མེད་པས་འཆི་བདག་གི་བདུད་དང་བྲལ། ཉོན་མོངས་པ་མེད་པས་ཉོན་མོངས་བདུད་དང་བྲལ། གཟུགས་སུ་གྲུབ་པ་མེད་པས་ཕུང་པོའི་བདུད་དང་བྲལ། ཞེན་པ་མེད་པས་ལྷའི་བུའི་བདུད་དང་བྲལ་བའོ། །ཕྱག་རྒྱ་ཆེན་པོའི་གནས་ལུགས་དེ་རྟོགས་ན། ཐབས་རྣམས་ཀྱི་ནང་ནས་ཀྱང་མཆོག་ཡིན་ཏེ། འོད་གསལ་བ་ལ་རྒྱུན་ཆད་མེད། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །ཞེས་པ་དང་། དེ་ཉིད་ཀྱིས་འཕོ་བ་ཡང་དེ་རང་ཡིན་གསུང་།། །།ཡང་རིན་པོ་ཆེའི་ཞལ་ནས། སྒོམ་ཆེན་པ་ལ་གདེང་བཞི་དགོས་པ་ཡིན། ལྟ་བའི་གདེང་བྱ་བ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀྱི་དོན་ནང་དུ་ཤར་བས། བློའི་ཡུལ་དུ་ཅི་སྣང་བ་ཐམས་ཅད་དེའི་ངང་དུ་ཤེས་པ་ཞིག་དགོས། གསང་སྔགས་ཀྱི་ནུས་པའི་གདེང་བྱ་བ། རང་གི་ཡི་དམ་ལྷའི་བསྙེན་པ་བྱས་པས་ཡི་དྭགས་ཀྱི་བར་ཆད་ལ་སོགས་པ་ཅི་བྱུང་ཡང་ཕཊ་བྱས་པས་ཆོག་སྙམ་པ་ཞིག་༼༤༡ན༽དགོས། བླ་མའི་མན་ངག་གི་གདེང་བྱ་བ་ཞི་རྒྱས་དབང་དྲག་ལ་སོགས་པ་གང་དང་གང་བྱེད་པ་ཤེས་པ་ཞིག་དགོས་གསུང་ངོ་།། །།ན་མོ་གུ་རུ། ཚེ་འདི་ལ་བློ་ལོག་པའི་མི་ཞིག་གིས་དབེན་པའི་གནས་སུ་ཕྱིན་ནས་བླ་མའི་མན་ངག་ཆུན་པ་གསུམ་ཡིན་ཏེ། རྩ་ཆུན་པས་འབྱུང་བ་རོ་སྙོམས་པ་འབྱུང་། རླུང་ཆུན་པས་ཤིང་རྩེ་ལ་བསྒོམ་ནུས་པ་འབྱུང་། སེམས་ཆུན་པས་ཉོན་མོངས་པས་མ་གོས་ཤིང་ཉམས་སུ་མྱོང་བ་ནང་ནས་འཆར་བ་འབྱུང་ངོ་། །རིག་པ་ངོ་ཤེས་པ་དང་། རྟོགས་པ་ཉམས་སུ་མྱོང་བ་གཉིས་གལ་ཆེ་གསུང་། ངོ་ཤེས་པ་རིག་པ་ངོས་བཟུང་མེད་པ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། རྒྱུན་ཆད་པ་མེད་པར་རྟོགས་པ་དེ་ཡིན། མ་རིག་པ་ཡང་རིག་པར་ངོ་ཤེས་ཤིང་ཐེ་ཚོམ་མེད་པར་རྟོགས་པ་དེ་ཡིན་གསུང་ངོ་། །མ་རིག་པའི་གྲོགས་དུག་ལྔ་ཡིན་ཏེ། དེ་ཡེ་ཤེས་ལྔར་འཆར་བ་དེ་སུས་ཀྱང་མི་ཁེགས་པ་ཡིན་ཏེ། སེམས་དེ་འདྲ་འཆར་བ་ནི་དོན་གྲུབ་པ་ཡིན་ནོ། །དེ་ལྟ་བུ་རྒྱུད་ལ་འཆར་བ་ལས་གཅིག་ཏུ་སྤུངས་པ་མི་འོང་གསུང་ངོ་།། །།བླ་མ་ཆེན་པོ་ནཱ་རོ་པས། གསང་སྔགས་རྒྱལ་པོ་ཡི་གེ་བདུན། །འབུམ་ཕྲག་གཅིག་ཏུ་བཟླས་པ་ཡིན། །ས་རྣམས་གཡོས་ཤིང་ལུང་བསྟན་ཐོབ། །ཤར་ཕྱོགས་དངོས་སུ་ཏཻ་ལོ་པའི། །ཞལ་སྔར་གདམས་ངག་མནོས་པ་ནི། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། །ལུས་དང་སེམས་སུ་ཤེས་པར་བྱ། དེ་ལ་ལུས་དངོས་པོའི་གནས་ལུགས་རྩ་འཁོར་ལོའི་བདག་ཉིད་དུ་གནས་པ་དང་། སེམས་དངོས་པོའི་གནས་ལུགས་རིག་པ་དང་སྟོང་པ་དབྱེར་མེད་དུ་གནས་པའོ། །ལམ་ལ་གཉིས་ཏེ། མ་སྨིན་པ་སྨིན་པར་བྱེད་པ་དབང་གི་ལམ་དང་། སྨིན་པ་གྲོལ་བར་༼༤༡བ༽བྱེད་པ་ཐབས་བསྐྱེད་རྫོགས་གཉིས་སོ། །དབང་ལ་བཞི་སྟེ། བུམ་པའི་དབང་དང་། གསང་བའི་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཚིག་དབང་རིན་པོ་ཆེ་དང་བཞིའོ། །བསྐྱེད་པའི་རིམ་པ་ལ་ཡང་ཀུ་སུ་ལུ་པའི་ལུགས་ཀྱིས། སྐད་ཅིག་ཅིག་གིས་དྲན་རྫོགས་སོ། །དེ་ཡང་རྣམ་པ་ལྷ། རང་བཞིན་སྟོང་པ། ངོ་བོ་གསལ་སྟོང་དབྱེར་མེད་དོ། །རྫོགས་རིམ་ལ་མཚན་བཅས་དང་། མཚན་མེད་གང་བསྒོམ་ཡང་། ལུས་ཀྱི་གནད་དང་། རྩའི་གནད་དང་། ཡུལ་གྱི་གནད་དང་། དུས་ཀྱི་གནད་དང་བཞི་ལས། ཡེ་ཤེས་འཆར་བར་བཞེད་དོ། །ལུས་ཀྱི་གནད་ལ་གཉིས་ཏེ། ལུས་གནད་དངོས་དང་། ལུས་དེ་ལ་བརྟེན་པའི་རླུང་གིས་སྦྱོར་བའོ། །ལུས་གནད་དངོས་ལ་བདུན་ཏེ། རྐང་པ་རེའུ་མིག་བཞིན་སྣོལ་བ་དང་། །སྒལ་པ་ཆུ་ཤིང་བཞིན་དུ་བསྲང་བ་དང་། །མཉམ་བཞག་རྒྱ་ཡི་བཙིར་བ་དང་། །ལྕགས་ཀྱུ་བཞིན་དུ་དགུག་པ་དང་། །འཕེལ་ཀ་བཞིན་དུ་བསྐྱེད་པ་དང་། །ལི་ཁྲི་བཞིན་དུ་བསྒྲིམ་པ་དང་། །མིག་གི་སྣ་རྩེར་དབབ་པའོ། །དེ་ལ་དགོས་པ་བདུན་ཡོད་དེ། རེའུ་མིག་ལྟར་བསྣོལ་བས་དྲོད་སྐྱེ། ཆུ་ཤིང་ལྟར་བསྲངས་པས་རླུང་རང་གནས་ཚུད། མཉམ་བཞག་རྒྱ་ཡིས་བདེ་བ་བསྐྱེད། ལྕགས་ཀྱུ་ལྟར་བཀུག་པས་རྟོག་པ་འགག །འཕེལ་ཀ་བསྐྱེད་པས་རླུང་གནད་ཆུད། ལི་ཁྲི་བཞིན་དུ་བསྒྲིམས་པས་དྲོད་སྐྱེ་མྱུར། མིག་སྣ་རྩེར་ཕབ་པས་སེམས་གསལ་ལོ།། །།ན་མོ་གུ་རུ། རིན་པོ་ཆེའི་ཞལ་ནས། འཁོར་བར་འཁྱམས་པ་ཅིས་ལན། མ་རིག་པས་ལན། མ་རིག་པ་ཅི་ཙུག་ཏུ་འདུག །མ་རིག་པ་སྟོང་པ་ཉིད་དུ་འདུག །མ་རིག་པ་ལུང་མ་བསྟན་དུ་འདུག་པ་ལ། རྐྱེན་དགེ་བ་དང་ཕྲད་ན་དགེ་བའི་གྲོགས་བྱེད། མི་དགེ་བ་དང་ཕྲད་ན་མི་དགེ་བར་འགྱུར་བ་ལ། ༼༤༢ན༽འདུ་བྱེད་བྱུང་བས་མ་རིག་པ་དེ་འདུ་བྱེད་ཀྱི་ངོ་བོར་ཤར་བས། འདུ་བྱེད་དེ་དགེ་མི་དགེ་གཉིས་ལ་གཡོ། །དེར་འདུ་ཤེས་བྱུང་བས། དགེ་མི་དགེ་གཉིས་སུ་བཟུང་བས་ཉོན་མོངས་པ་ལ་འཇུག །དེར་རྣམ་པར་ཤེས་པ་བྱུང་བས། རྣམ་པར་ཤེས་པ་ལ་བག་ཆགས་ཀྱི་ས་བོན་བཏབ་པས་འཁོར་བར་འཁོར། འོ་ན་འཁོར་བ་ལས་ཐར་པའི་ཐབས་གང་ཡིན་ན། བླ་མ་དམ་པའི་གདམས་ངག་ལ་བརྟེན་ནས་མ་རིག་པ་རིག་པར་ངོ་སྤྲད་པས། རྣམ་པར་ཤེས་པ་འོད་གསལ་དུ་ཤར་བས། བག་ཆགས་ཀྱི་ས་བོན་གདབ་པའི་ས་མེད། འདུ་བྱེད་ཀྱང་འོད་གསལ་དུ་ཤར་བས་རྒྱུ་འབྲས་ལས་གྲོལ་བའོ། །རྒྱུའི་དུས་ན་འབྲས་བུར་རྟོགས་པས། རྒྱུ་དང་འབྲས་བུ་དུས་མཚུངས་བྱ་བ་ཡིན་གསུང་།། །།ན་མོ་གུ་རུ། རིན་པོ་ཆེའི་ཞལ་ནས། སྤྱིར་ཡང་ཀུན་ལ་ཟས་ཀྱི་རྣལ་འབྱོར་མེད་ཐབས་མེད་དེ། དེས་ན་སྔགས་ཀྱི་རྣལ་འབྱོར་པ་ལ་ཟས་ཀྱི་རྣལ་འབྱོར་དང་། སྤྱོད་ལམ་གྱི་རྣལ་འབྱོར་ཡང་ཤེས་པར་བྱ། བཟའ་བ་དང་བཅའ་བ་ཐམས་ཅད་ལ་ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ནས། རང་ཡི་དམ་གྱི་ལྷར་བསམས་ནས་མཆོད་པ་བྱེད་པ་ནི་ཟས་ཀྱི་རྣལ་འབྱོར་རོ། །སྤྱོད་ལམ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་བྱེད་པ་ནི་སྤྱོད་ལམ་གྱི་རྣལ་འབྱོར་རོ། །སྔགས་ཀྱི་རྣལ་འབྱོར་པ་དེས་ནི། ཟས་འདི་མི་བཟའ་བྱ་བ་མེད། སྤྱོད་པ་འདི་མི་བྱ་བ་མེད། གོས་ལ་འདི་མི་གོན་བྱ་བ་མེད། ཀུན་ལ་ཉམ་ང་མེད་པས་དཔའ་བོ་སེང་གེ་ལྟ་བུར་སྤྱོད། སྔགས་ཀྱི་ལམ་དུ་ཞུགས་ནས་དམ་ཚིག་ལ་གནས་དགོས་ཏེ། དེ་ལ་བསྲུང་བའི་དམ་ཚིག་དང་། སྤྱད་པའི་དམ་ཚིག་གཉིས་ལས་སྤྱད་པའི་དམ་ཚིག་ནི་ལུས་ལྷའི་ང་རྒྱལ་དང་མི་འབྲལ་བ་དེ་ནི་སྐུའི་དམ་ཚིག །ངག་བཟླས་པ་དང་མི་༼༤༢བ༽འབྲལ་བ་ནི་གསུང་གི་དམ་ཚིག །ཡིད་སྐྱེ་མེད་དང་མི་འབྲལ་བ་ནི་ཐུགས་ཀྱི་དམ་ཚིག་སྟེ། དེ་ནི་སྤྱད་པའི་དམ་ཚིག་གོ །བསྲུང་བའི་དམ་ཚིག་ནི། རྩ་བའི་ལྟུང་བ་བཅུ་བཞི་དང་། མི་དགེ་བ་བཅུ་སྤོང་བ་ཡིན་གསུང་། ལུས་ཀྱི་གསུམ་ནི་སྐུའི་འོ། །ངག་གི་བཞི་ནི་གསུང་གིའོ། །ཡིད་ཀྱི་གསུམ་ནི་ཐུགས་ཀྱི་དམ་ཚིག་གོ །རིག་པ་འཛིན་པའི་དུས་གཅིག་ན་འདི་སྐད་ཀྱང་གསུང་། རང་ལྷ་ཡིན་གཞན་ཡང་ལྷ་ཡིན་པས། ལྷས་ལྷ་གསོད་པའམ། བརྡེག་པའམ་ཁྲོ་བའམ། བརྫུན་ཟེར་བ་ག་ན་མཆིས། དེ་ལྟར་ཡང་བསམ་འཚལ་གསུང་། སྤྱིར་སྔགས་ནས་ནི་གསང་བར་བཤད་པ་ཡིན་ལ། མ་གསང་ན་དངོས་གྲུབ་ཀྱི་སྒོ་འཆོར་བ་ཡིན་གསུང་།། །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། བླ་མ་མཚན་ལྡན་ཞིག་དང་། སློབ་མ་ཚད་ལྡན་ཕྲད་ནས། བློ་སྣ་ཁྲིད་ན་ལམ་གཅོད་པ་ལ་ཚེགས་མེད།དགེ་བའི་བཤེས་གཉེན་ལ་རག་ལས་པས། དེ་མིན་ན་ལམ་ལ་རྙེད་པའི་དུས་མི་འོང་གསུང་། བླ་མ་ནི་ཤེས་རབ་ཀྱི་མིག་ཅན་དང་། ཆོས་ཀྱི་མིག་ཅན་གཉིས་ཡིན་ཏེ། ཤེས་རབ་ཀྱི་མིག་ཤེས་བྱ་གཏན་ལ་འབེབས་པས། ཅན་ནི་ཆོས་སྤྱི་དང་རང་གི་མཚན་ཉིད་ལ་མཁས་པས། ཆོས་ཀྱི་དོན་ཕྱིན་ཅི་མ་ལོག་པ། མ་འདྲེས་པར་དོན་སྤྱི་མ་ནོར་བ། སྟོན་པའོ། །ཆོས་ཀྱི་མིག་ཅན་ནི་ཆོས་ཀྱི་དོན་མ་ནོར་བར་ལྷག་གིས་རྟོགས་པ། དོན་རང་གི་ངོ་བོ་ཉམས་སུ་མྱོང་བ། ཤེས་པ་རྣལ་མར་ནང་ནས་ཤར་བ།དེ་གཤིས་ལ་མ་ཤོར་བར། ཤར་ནས་ཀྱང་རང་གི་ཁྱབ་འབྲེལ་སློབ་མ་གྲོལ་བར་ནུས་པའོ། གཞན་ལ་སྐྲུན་པར་ནུས་པའོ། །ཡང་ན་བླ་མའི་མཚན་ཉིད་ནི་བཞི་སྟེ། དཀོན་མཆོག་གསུམ་ལ་ཐུན་མོང་མ་ཡིན་པ་ཡོད་པའོ། དད་པའི་བདག་ཐོབ་པ། སེམས་ཅན་ལ་སྙིང་རྗེ་བའི་བདག་ཐོབ་པ།སྙིང་རྗེས་སེམས་ཅན་ཐམས་ཅད་བློ་ཕུགས་སུ་འཇུག་པ། ༼༤༣ན༽ཟབ་མོའི་ཆོས་ལ་ངེས་པའི་བདག་ཐོབ་པ།ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་ཤིང་ངེས་ཤེས་སྐྱེས་པའོ། ཟང་རང་འཁྲིས་མེད། ཟིང་མེད་པར་འགྲོ་གཞན་ཕན། ལ་ཆོས་སྟོན་ཆོས་དེ་དང་ལྡན་ན་གཞན་འདྲེན་པར་ནུས་པ་ཡིན་གསུང་ངོ་། ནུས་པའོ། །ཁོང་སྟོན་པ་རྣམས་ནི་སྒྲོ་འདོགས་ཕྱི་ནས་བཅད་ནས་ཆོས་ཉིད་རྟོགས་པར་འདོད་པའོ། །ཆོས་མང་པོ་ཐོས་པར་འདོད། མང་པོ་མ་ཐོས་པ་ལ་བསམ་པ་མེད། མ་བསྒོམས་བླ་མའི་ཞལ་ནས་འཛིན་པའི་སེམས་གཏན་ལ་ཕབ་ན། བཟུང་བའི་སྒྲོག་རང་རྡལ་དུ་འགྲོ་ལ་དེ་ཙུག་བྱུང་། ངའི་འདི་ན་ཡང་དེ་ཙུག་བྱུང་བར། སློབ་དཔོན་ཤེས་རབ་བཟང་པོའི་ཞལ་ནས། གཟུང་བ་གཏན་ལ་ཕེབས་ན། འཛིན་པ་སྒྲོག་རང་གྲོལ་ལ་འགྲོ་གསུང་། པ་ལ་བསྒོམ་པ་མེད་ཟེར། སྟོན་པ་རྣམས་ཀྱི་ལུགས་ཡིན་ཏེ། རྣམ་རྟོག་མ་ཟད་ན། ཐ་སྙད་ཀྱི་ཚིག་ལ་ཟད་པ་མེད། ཚིག་མ་གྲུབ་བཞིན་དུ་བཏགས་པ་ཡིན་ནོ། །སྒྲུབ་པ་པོ་རྣམས་ནི་སྒྲོ་འདོགས་ནང་དུ་བཅད་ནས་ཆོས་ཉིད་རྟོགས་པར་འདོད། གཅིག་ཤེས་ཀུན་ལ་མཁས་པ་བྱ་བ་ཡིན་ཏེ། བླ་མ་མི་ལའི་ཞལ་ནས།སྒྲུབ་བརྒྱུད་ཀྱི་གདམས་ངག་ལ་བརྟེན་ནས་ཐམས་ཅད་རྡོས་ཐག་ཆོད་པར་འདུག། བསླབས་པའི་ཆོས་ཐམས་ཅད་ནི་བརྗེད། མ་བསླབས་པའི་ཆོས་ཐམས་ཅད་ནི་འཆར་ཞིང་འདུག །ངས་འབུམ་ཚར་གཅིག་ཙམ་གྱི་ཆོས་བཤད་ཀྱང་ཟད་པ་མེད། བླ་མ་མར་རྔོག་གཉིས་དེང་སང་ཡོད་ན་ཕར་ལ་ཆོས་འཆད་པ་ཡིན་པ་ལ་གསུང་། མ་བསླབས་པར་ཡང་ཤེས་པར་འགྱུར། །ཤེས་པ་དོན་དང་ལྡན་པར་འགྱུར་གསུང་། དགོན་པ་པའི་ཞལ་ནས། གླུ་ཆུང་སོའི་བར་ནས་ལེན། །ཁ་འུག་པོ་ཞིག་ལ་ཅི་ཆ་ཡོད། །གདམས་ངག་ཉམས་མྱོང་སྟེང་ནས་བཤད། །ཉམས་མྱོང་མེད་ལ་ཅི་ཆ་ཡོད། །གསུངས་སྐད། དེ་དང་༼༤༣བ༽འདྲ་སྟེ། ང་བསྒོམ་པ་ལ་ཆ་ཡོད་པ་ཡིན། བཀའ་བློ་བྱས་འབའ་ཞིག་ཡིན། གདམས་པའི་དགེ་བཤེས་རྣམས་དང་། མཚན་ཉིད་པའི་སྟོན་པ་རྣམས་དང་། སྔགས་པ་ལ་སོགས་ཁྱེད་ཅག་ཅི་བསྒོམ་ང་ལ་ཆ་ཡོད། ང་ཅི་བསྒོམ་ཁྱེད་བློ་དང་བྲལ་བའི་ཉམས་མྱོང་། ཅག་ལ་ཆ་མེད། པོ་ཏོ་བའི་ཞལ་ནས། ཁྱེད་ཅག་ཆོས་ཤེས་པར་འདོད་ན་སྒོམས་དང་གསུང་ངོ་། །སྒྲེ་པའི་ཞལ་ནས། ཁྱོད་ལོ་གསུམ་ཉན་པ་བས། ལོ་གཅིག་བསྒོམས་ན་ཏིང་ངེ་འཛིན་དང་ཨ་ཅང་ཡང་ཆེས་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཀྱང་དེ་ཆེ་འོང་གསུང་ངོ་། །དེ་ལ་ཉན་ནས། དགེ་བའི་བཤེས་གཉེན་རི་བོ་ལྟ་བུ་དེ་ལ་བརྟེན་ནས་དོན་འགྲུབ་གསུང་། རང་ཅག་གིས་ཀྱང་སྔ་མ་ཡང་། འདི་མ་སྤྱད་བྱ་བ་མེད་དེ། དངོས་པོ་དང་མཚན་མར་སྤྱད་བཟུང་བས། །འཁོར་བ་ལས་འཕག་མ་ནུས། མཁས་པ་པཎྜི་ཏ་དང་། གཞན་གྱི་མཁན་པོ་དང་། སློབ་དཔོན་དང་། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་འདི་མ་བྱས་བྱ་བ་མེད་དེ། སྲིད་པའི་རྩེ་མོ་མན་ཆད་ལས། ཐར་པའི་རྒྱུར་འགྲོ་མ་མྱོང་། མཁས་པར་གྱུར་པ་སྡེ་སྣོད་གསུམ་ཁ་ཏོན་དུ་ཤེས་པ་དང་།རྟོགས་པ་རྒྱུད་ལ་མ་ཁེལ། གནས་པའི་ཉམས་ཀྱིས་སྲིད་པའི་རྩེ་མོ་མན་ཆད་ཀྱི་ཉམས་ཡིན། ལམ་ཡིན། བཙུན་པོ་སོགས་མ་བཅག་མི་འཆོར་བ་དང་། སྒོམ་ཉིན་མཚན་ངོ་མི་ཤེས་པ་ལ་སོགས་པ་ཡོད་ཀྱང་། རང་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུར་རྟོགས་ན་འབྲས་བུ་ཡིན་གསུང་། གི་སེམས་མ་རྟོགས་ན་འཚང་མི་རྒྱ། ང་ནི་སྒོམ་བཟང་བ་བས་ཀྱང་སེམས་རྟོགས་པ་ལ་རྩིས་ཆེ་གསུང་། སྒོམ་ཆེན་པ་སྒོམ་བཞག་ནས་གནས་གཞིའི་ཚིས་བྱེད་པ་དང་། ཕན་སེམས་ཆེ་ཆེ་ལྟར་གཞན་ལ་ཆོས་འཆད་པ་དང་། སྲུང་སྐྱོབ་ལ་སོགས་པ་བྱེད་པ་དང་། ཆོས་དངོས་བཞག་ནས་གཟུགས་བརྙན་ལ་སྤྱོད་པ་ཡིན། སྒོམ་ཆེན་པ་ལ་གནས་༼༤༤ན༽བརྟན་དང་། གཙོ་བོ་དང་། གྲོས་དང་། འདུན་མ་ལ་སོགས་པ་གཅིག་ཀྱང་མ་བཅོལ། འོ་ན་བྱས་པ་ལ་སྒོམ་པ་བཅོལ་བ་ཡིན། ད་ནི་རང་ཅག་ཤ་བ་སྨས་མ་བཞིན་དུ་ཐམས་ཅད་ལ་འབྲོས་དགོས་པ་ཡིན། ཅིས་ཀྱང་བྱར་མེད་ཀྱི་བློ་ཞིག་སྐྱེ་དགོས། གནོད་པ་སྐྱེལ་བ་དང་ཨ་ཅང་ཡང་ཆེས་ཏེ། ཕན་འདོགས་པ་ལ་ཡང་འབྲོས་དགོས་པ་ཡིན། མ་བྲོས་ན་ངོ་བསྲུང་དགོས། ངོས་བསྲུངས་ངན་ངོན་བརྟན་དགོས་པ་ཡིན་ནོ།། བྱས་ན་དགེ་སྦྱོང་མི་འོང་གསུང་། སྒྲུབ་པ་བྱེད་པའི་གང་ཟག་ལ། མཐའ་ཆོད་པ་དང་། སོ་ཐུབ་པ་བྱ་བ་གཉིས་ཡིན། མཐའ་ཆོད་པ་བྱ་བ་ནི། ཆོས་སྤྱིའི་གོ་ཡུལ་དང་། རྣམ་གཞག་ཆེ་བ། ལྟ་བའི་དོན་ལ་མཁས་པ། ཆོས་ཐམས་ཅད་ཀྱི་ཡིན་ལུགས་དང་འགྲོས་ཤེས་པའོ། །ཚུགས་ཐུབ་པ་ནི་ཅི་ལ་ཡང་མི་ལྟ་བར་ཐམས་ཅད་གཞག་ནས་སྒྲུབ་བརྒྱུད་ཀྱི་གདམས་ངག་ཟབ་མོ་འདི་རྣམས་སྙིང་ཕུགས་སུ་བཅུག་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒྲུབ་པ་བྱེད་པ་ཡིན། ཁ་ཕྱི་རུ་མི་བལྟ་ནང་དུ་བལྟས་ནས། རང་གི་འཁྲིས་གང་ན་འདུག་རྩད་གཅོད་པ་ཡིན། འཇིག་རྟེན་པ་ཐམས་ཅད་དང་ཕར་རེ་ཚུར་རེ་ལ་བློ་འདྲེས་འོང་། མི་མཐུན་པ་ཞིག་དགོས་པ་ཡིན། འཇིག་རྟེན་པ་ནི་ཤེས་པ་ཕྱིན་ཅི་ལོག་པ་ཡིན། རང་ཅག་དེ་ལས་བཟློག་པར་འདོད་པ་ཡིན། རྒྱ་གར་ན་པུ་རུ་ཥ་བྱ་བ་སྟོབས་དང་ལྡན་པའི་ཐ་ཚིག །དེ་བཞིན་དུ་གཞོན་ནུ་སྟོབས་དང་ལྡན་པའི་དུས་སྒྲུབ་དགོས་པ་ཡིན། མ་བསྒྲུབས་པར་འཚང་རྒྱ་བ་མི་མཆི། བླ་མ་མི་ལའི་ཞལ་ནས། སྒྲུབ་པ་མ་བྱས་པར་རྣལ་འབྱོར་པ་ཡིན་རྣལ་འབྱོར་པ་ཆོས་ཉིད་མ་མཐོང་བ་ལ་ཟེར་བ་ཡིན། ཟེར་བ་འདུག་ན། དེ་ཅི་ལས་བྱུང་བ་ཡིན་ནམ་གསུང་། ཡང་བླ་མའི་ཞལ་ནས། བྲག་ཕུག་དགོན་པར་ཡུན་བསྲིངས་ནས། བལྟས་༼༤༤བ༽ནི་རང་གི་སེམས་ལ་བལྟས། སློབ་མ་རྣམས་ཀྱང་སེམས་ལ་ལྟོས་གསུང་། དགོན་པ་བའི་ཞལ་ནས། ཁྱེད་ང་ལ་སྒོམ་ཞུ་ན། སྔར་ཕན་བསླབས་པའི་ཆོས་ཚོ་དུང་ཕྱིས་པ་བཞིན་ཐོང་། དེ་ནས་ང་ལ་ཐར་པའི་རྒྱུར་འགྲོ་བ་བྱ་བ། ཕྱིན་ཅི་ལོག་གི་ཤེས་པ་ལས་ལོག་ནས་ཆོས་ལམ་དུ་འགྲོ་བ་ཞིག་དགོས་པ་ཡིན། བླ་མའི་མན་ངག་ལ་བརྟེན་ནས་གྲུབ་མཐའ་དང་བློ་མ་འདྲེས་པ་ཞིག་དགོས་པ་ཡིན། སྒོམ་བསླབ་ཀྱི་གསུངས་ནས། སློབ་དཔོན་ཡོན་བདག་ལ། ཐིག་ལེ་ཞིག་ལ་སེམས་གཏད་འཛིན་དུ་བཅུག་པས་སེམས་ཡེ་མ་ཟིན། དགེ་བཤེས་པ་འདྲ་བ་ལ་ཉན་པས་ཕན་པར་བྱུང་། ཨེན་རེ་ཙམ་ཉན་པར་ཞུ་བྱས་པས། མི་རྒན་ང་ལ་ཉན་ན་སྒོམས་ཤིག་གསུང་། དེ་ནས་ཟླ་བ་དགུ་ལོན་ནས། སྒོམ་བྱུང་ནས་བླ་མ་ལ་དྲིས་པས། བླ་མའི་ཞལ་ནས་མདུང་བྱི་ཁུང་དུ་འཛུལ་པ་བྱ་བ་ཡིན། ད་གདོད་ཀྱིས་མདུང་ནམ་མཁའ་ལ་བསྐོར་བ་བྱ་བ་འོང་བ་ཡིན། ད་ནི་ཐུན་རེ་ཉན་ཀྱང་ཕན། ཐུན་རེ་བལྟས་ཀྱང་ཕན། ངའི་ཆོས་རྣམས་གཞན་དང་མ་འདྲེས་པར་སྒོམས་ཤིག་གསུང་། དེ་ནས་ཉན་སྙིང་ཡང་མ་འདོད། བལྟ་སྙིང་ཡང་མ་འདོད་པ། སྒོམ་གཅིག་པུ་ལ་བློ་སོང་ནས་བསྒོམས་པས། ཕྱིས་ཏིང་ངེ་འཛིན་ཀློང་དུ་གྱུར་ནས། བླ་མ་ལ་དྲིས་པས། དེ་ནི་མདུང་ནམ་མཁའ་ལ་བསྐོར་བ་བྱ་བ་ཡིན་གསུང་སྐད། དེ་ནས་སློབ་དཔོན་ཡོན་བདག་གིས། དགོན་པ་བ་ལ། སློབ་དཔོན་གྱི་ཆོས་ཚོ་ང་རང་ཉམས་སུ་ལེན། དགེ་བཤེས་པ་ལ་གཞན་ནས་བསླབས་ནས་བཤད་དམ་ཞུས་པས། དགོན་པའི་ཞལ་ནས། ལུང་པ་ཞིག་ན་མར་ལ། ཆུ་གཙང་མ་གཅིག་དང་། མི་གཙང་བ་གཅིག་གཉིས་ཡོད་ན་འདྲེས་ནས་འགྲོ་བ་ཡིན། ཉན་ཡང་མ་ཉན། བཤད་ཀྱང་མ་བཤད། སྒོམ་གཅིག་པུ་གྱིས་ཤིག་གསུངས་ནས་སྒྲུབ་པ་འབའ་ཞིག་མཛད་པས། ཕྱིས་ནི་ཡོན་ཏན་མང་པོ་མངའ་བའི་སྐྱེས་བུ་དེ་ལ་ཡོད་༼༤༥ན༽ཚུལ་དུ་འདུག་གསུང་ངོ་། །སློབ་མའི་བློ་ཚོད་བླ་མ་མཁས་པས་འཁྲིད་ཀྱིན་པ་ཞིག་དགོས་པ་ཡིན། སློབ་མས་ཀྱང་ཅི་དྲན་དྲན་དྲིས། བླ་མས་ཀྱང་ཅི་དྲན་དྲན་བཤད་པས། བག་མེད་པའི་སྤྱོད་པ་བྱ་བ་ཡིན། ཆོས་ལམ་དུ་མི་འགྲོ་གསུང་ངོ་།། །།བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་གང་ཟག་དབང་པོ་རབ་འབྲིང་ཐ་མ་གསུམ་དུ་ཕྱེ་བ་ཡིན་ཏེ། གང་ཟག་དབང་པོ་རབ་དེ་དཀའ་བ་ཡིན། མི་འོང་བ་ཡིན་གསུང་། དེ་ཇི་ལྟར་དཀའ་ཞུས་པས། དབང་པོ་རབ་ཅིག་གིས་ཆོས་ཉིད་སྐྱེ་བ་མེད་པའི་དོན་ལྷངས་ཀྱིས་རྟོགས་པའི་དུས་སུ། ཕྱི་སྣོད་ཀྱི་འཇིག་རྟེན་ས་རྡོ་དང་རི་བྲག །ངམ་གྲོག་དང་གཡང་ས། གཅོང་རོང་དང་། བྱ་སྐྱིབས་དང་། རྩིག་པ་དང་རེ་ལྡེ་ལ་སོགས་པ་ཐམས་ཅད་ཆོས་ཀྱི་སྐུར་འཁྱེར་ཤེས་པ། ནང་བཅུད་ཀྱི་སེམས་ཅན་སྐྱེས་པ་དང་བུད་མེད། རྟ་དང་གླང་པོ་ལ་སོགས་པ་ཐམས་ཅད་མི་རྟག་པར་ཤེས། རྨི་ལམ་སྒྱུ་མ་ཙམ་དུ་ཤེས། སྣང་བ་འདི་ཐམས་ཅད་བན་བུན་དུ་སོང་། དེ་ཙ་ན་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལས་འོས་མི་འདུག་སྙམ་པར་ཤེས་པའི་དུས་སུ། ཐམས་ཅད་ལ་བཟང་ངན་མེད། ཆེ་ཆུང་མེད། ཡིན་མིན་མེད། གསེར་དང་བོང་བ། དགྲ་དང་བུར་མཉམ་པ། འཁོར་བ་འདིའི་ཞེན་པ་ལོག །ཆོས་ཐམས་ཅད་སྤྲོས་པའི་མཐའ་དང་བྲལ་བ་ཞིག་ལ། གང་ཟག་དབང་པོ་རབ་ཟེར་བ་ཡིན་ཏེ། དཀའ་བ་ཡིན། མི་འོང་བ་ཡིན་གསུང་། དེ་བས་དབང་པོ་འབྲིང་ཡང་དཀའ་བ་ཡིན་གསུང་། དེ་ཇི་ལྟར་དཀའ་ཞུས་པ་ལ། གང་ཟག་དབང་པོ་འབྲིང་ཞིག་ལ་བར་དོའི་ཤེས་པ་འོང་བས། རྨི་ལམ་བར་དོ་ཟིན་པ་ཞིག་སྦྱོང་དགོས་པ་ཡིན་གསུང་། རྨི་ལམ་བར་དོ་ངོས་ཟིན་པ་ལ་དགོས་པ་ཅི་ཡོད་ཞུས་པས། གཉིད་ལོག་པ་དང་ཤི་བ་འདྲ་བ་ཡིན། རྨི་ལམ་དང་༼༤༥བ༽བར་དོ་འདྲ་བ་ཡིན་གསུང་། དེ་ཇི་ལྟར་འདྲ་ཞུས་པ་ལ། གཉིད་ལོག་པའི་དུས་སུ། ལུས་ཤ་ཁྲག་གི་བརྡོས་པ་ཅན་འདི། མལ་ན་རོ་དང་འདྲ་བར་ཡོད་པ་ལ། སེམས་ཀྱི་རྣམ་པར་རྟོག་པ་དེས་གར་ཡང་རྟོལ། ཅི་ཡང་བྱེད། དཔེ་དེ་དང་འདྲ་བ་ཞིག་བར་དོའི་ཤེས་པ་ལ་ཡང་འབྱུང་བས། རྨི་ལམ་བར་དོ་ངོས་ཟིན་པ་ཞིག་སྦྱོང་དགོས་པ་ཡིན་གསུང་། ལར་དབང་པོ་འབྲིང་ཞིག་གིས། ཆོས་ཉིད་སྐྱེ་བ་མེད་པའི་དོན་གཅིག་པུ་བསྒོམས་པས་ཀྱང་མི་འོང་། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་ནས། འབྲས་བུ་ཡེ་ཤེས་ཀྱི་ཚོགས་ལམ་དུ་འཁྱེར་དགོས་པ་ཡིན་གསུང་། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་ལ། ཇི་ལྟར་བགྱི་ཞུས་པས། དགེ་བ་ཆེ་བས་ཀྱང་མི་ལང་། ཆུང་བས་ཀྱང་མི་ལང་བས། ཆེ་ཆུང་ཕྱོགས་མཐའ་དག་ནས་བར་མ་ཆད་པར་གསོག་དགོས་པ་ཡིན་གསུང་། འབྲས་བུ་ཡེ་ཤེས་ཀྱི་ཚོགས་ལམ་དུ་འཁྱེར་བ་ལ་ཇི་ལྟར་བགྱི་ཞུས་པས། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་གཉིས་ཀ་ལམ་དུ་འཁྱེར་དགོས་གསུང་། ཆ་གཅིག་གིས་ཆོག་མོད་གཉིས་ཀ་ཅི་དགོས་བྱས་པ་ལ། གང་ཟག་དབང་པོ་འབྲིང་ལ་རེས་འཇོག་འོང་བས། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་ཟུང་འཇུག་ཏུ་བསྒོམས་པས་ཤི་བའི་དུས་སུ་བར་དོ་དང་པོའི་བྱང་ཆུབ་མ་ཐོབ་ཀྱང་། བསྐྱེད་པའི་རིམ་པས་སེམས་མ་ཟིན་ཡང་རྫོགས་པའི་རིམ་པས་སེམས་ཟིན། དེ་གཉིས་ཀས་མ་ཟིན་ཀྱང་རྒྱུ་བསོད་ནམས་ཀྱི་ཚོགས་ཀྱིས་ངན་སོང་དུ་མི་ལྟུང་། མི་ལུས་རིན་པོ་ཆེ་ཐོབ་ནས། སྔར་བསྒོམས་པའི་ལས་འཕྲོ་སད་ནས། འབྲས་བུ་ཆོས་ཀྱི་སྐུ་ཐོབ་སྟེ་སངས་རྒྱས་བྱ་བ་ཡིན་གསུང་། དེ་གཉིས་གང་དཀའ་གང་སླ་ཞུས་པ། གང་ཟག་དབང་པོ་ཐ་མའི་སྤྱོད་པ་སླ་བས། དེའི་སྤྱོད་པ་ཉམས་སུ་བླང་གསུང་། དེ་ཇི་ལྟར་བླང་༼༤༦ན༽ཞུས་པས། སོ་སོ་ཐར་པའི་སྡོམ་པ་མ་ཉམས་པ་ལེགས་པར་བཟུང་། མི་དགེ་བ་བཅུ་སྤང་། དགེ་བ་བཅུ་དང་དུ་བླང་། རྒྱུ་བསོད་ནམས་ཀྱི་ཚོགས་མཐའ་དག་བསག །དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ། །ཐེག་པ་ཆེན་པོའི་ཆོས་ལ་སྨོན་ལམ་གདབ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད། མཐར་སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་གསུང་།། །།གུ་རུ་ན་མོ། །སློབ་དཔོན་རིན་པོ་ཆེའི་ཞལ་ནས། ཆོས་རང་གཤའ་མར་བྱེད་ཅིང་སྙིང་ནས་ཉམས་སུ་ལེན་ན། དང་པོར་ཚེ་འདི་ལ་བློ་ལོག་དགོས། དེའི་གོ་བ་ཡང་རྙེད་པ་དང་། བཀུར་སྟི། གྲགས་པ་དང་། སྙན་པ་ལ་སོགས། འཇིག་རྟེན་ཆོས་བརྒྱད་དོན་དུ་གཉེར་ན་བློ་མ་ལོག་པ་ཡིན། མཁས་པས་ཀྱང་མི་ཕན། བཙུན་པ་ལ་སོགས་པ་ཡོན་ཏན་ཡོད་ཀྱང་མི་ཕན་པས། འཆི་བ་དང་མི་རྟག་པ་བསྒོམས་ནས། ཚེ་འདི་ལས་བློ་ལོག་པ་ཞིག་མེད་པའི་ཐབས་མེད་པ་ཡིན་གསུང་། ཤི་བའི་རྟིང་ལ་མེད་ནས་མི་འགྲོ །ཡང་ལས་ཀྱིས་སྐྱེ་བར་འདུག་པས། ལས་འབྲས་ལ་ཡིད་ཆེས་པ་ཞིག་ཅིས་ཀྱང་དགོས། མི་དགེ་བ་ཆེན་པོ་རྣམས་དང་ཨ་ཅང་ཡང་ཆེས་ཏེ། ཕྲ་མོས་ཀྱང་ངན་སོང་དུ་སྐྱེ་བར་གསུངས་པས། སྡིག་པ་ཕྲ་ཤིང་ཕྲ་བ་ཡང་གཉེན་པོའི་སྒོ་ནས་སྤང་། སོ་སོར་ཐར་པའི་སྡོམ་པ་བྱ་བ་ཡང་དེ་རང་ཡིན། ཡང་ལྷ་དང་མི་ཐོབ་པར་འདོད་པས། དགེ་བ་སྤྱད་པས་མཐོ་རིས་ཐོབ་སྟེ། བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ན་མིར་སྐྱེས་ཀྱང་གྲོགས་མེད། ད་ལྟ་དང་ཁྱད་མེད། འཁོར་བའི་སྡུག་བསྔལ་ལས་མི་ཐར། ཐམས་ཅད་མི་རྟག་པ་ཡིན་པས་བདེ་བ་མེད། སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་མི་རྟག་པ་ཡིན། དེས་ན་འཁོར་བ་༼༤༦བ༽ལ་སྐྱུག་ལོག་པ་གལ་ཆེ། དེ་ལྟར་འཁོར་བའི་སྡུག་བསྔལ་ལས་ཡིད་བྱུང་ནས། རང་གཅིག་པུ་ཞི་བདེ་བསམ་པས་གང་ཟག་གི་བདག་མེད་རྟོགས་ན། འཕགས་པ་ཉན་ཐོས་ཀྱི་མྱ་ངན་ལས་འདའ་བར་གསུངས་པ་ཡིན། ཉི་ཚེ་ཕྱོགས་གཅིག་གི་སྟོང་པ་དེ་ལ་ཡང་སངས་རྒྱས་ཀྱི་འཕྲིན་ལས་སེམས་ཅན་གྱི་དོན་ལས་མེད་པས། ལམ་ཐེག་པ་ཆེན་པོ་རང་མཆོག་ཡིན། འཇིག་རྟེན་པའི་དབང་དུ་བྱས་ན་བོད་རིགས་ངན་ཡིན་ཡང་། གཞན་དོན་འབའ་ཞིག་ལ་བློ་སྦྱོང་བས་བོད་ཐེག་པ་ཆེན་པོའི་རིགས་ཅན་དུ་བྱེད། ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཟེར་ཡང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་འབྲེལ་བ་ཅན་དུ་བསྒོམས་ནས། ཅི་བྱེད་སེམས་ཅན་གྱི་དོན་དུ་བྱེད་ན་ཐེག་པ་ཆེན་པོ་ཡིན་གསུང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་གསང་སྔགས་ནས་ཚད་མེད་པ་བཞི་ལ་སོགས་པ་གསུངས། ཇོ་བོ་རྗེའི་ཞལ་ནས་སྔར་གྱི་གསུམ་པོ་འབྲེལ་བ་ཅན་དུ་བསྒོམས་ན། དེར་འདུས་གསུང་བ་ཡིན་པར་འདུག །དེ་ཡང་སེམས་ཅན་ཐམས་ཅད་ཀྱིས་འོ་སྐོལ་གྱི་ཕ་དང་མར་མ་བྱས་པ་མེད། ལན་གྲངས་དཔག་ཏུ་མེད་པ་བྱས་པས་གསུང་། འཁོར་བ་ལ་ཐོག་མཐའ་མེད་པའི་གནད་ཀས་གསུང་། ཕ་མ་བྱས་པའི་དུས་ན་ཐམས་ཅད་དྲིན་ཅན་ཡིན་པས་འདི་རྣམས་ལ་བདག་གིས་ཕན་པར་བྱ། བདེ་བར་བྱ་སྙམ་པ་དེ་བྱམས་པ། རང་སྡུག་བསྔལ་མི་འདོད་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་མི་འདོད་པར་མཉམ། རང་བདེ་བ་འདོད་པ་བཞིན་དུ་ཐམས་ཅད་བདེ་བ་འདོད་པར་མཉམ་པས། སེམས་ཅན་སྡུག་བསྔལ་དང་བྲལ་བར་བྱའོ་སྙམ་པ་དེ་སྙིང་རྗེ། རང་གཞན་དུ་སྣང་བ་འདི་སེམས་ཡིན་པས་སྣང་བ་ཙམ་དུ་མཉམ་པ་ཡིན། དོན་ལ་བདག་ཏུ་སྣང་བ་སེམས། སེམས་རང་ལ་བལྟས་པས་དངོས་པོ་ངོས་བཟུང་༼༤༧ན༽དང་བྲལ་བས། བདག་གི་དོན་རང་བྱ་རྒྱུ་མ་གྲུབ་པ་ཡིན་པས། འོ་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་དེ་བྱང་ཆུབ་ཀྱི་སེམས་ཡིན། བློ་དེ་ལ་སྨོན་འཇུག་གཉིས་རིམ་གྱིས་སྦྱོང་བ་ཡིན་གསུང་། མཐར་ཕྱིན་པའི་དགོངས་པའོ། །དོན་དམ་བྱང་ཆུབ་ཀྱི་སེམས་འདིས། འཁོར་འདས་ཐམས་ཅད་ལ་ཁྱབ་པ་ཡིན། འདི་ལ་ཆོས་ཉིད་ཟེར་བ་ཡིན། ཆོས་ཉིད་ཀྱི་དོན་གོ་ཡང་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཕྱི་རོལ་ཡུལ་ལ་རང་བཞིན་གྱིས་ཁྱབ་པས། རིག་པས་གཞིགས་ནས་ཡུལ་སྟོང་པར་མོས་པས་བསྒོམས་པས་ཆོས་ཉིད་མངོན་དུ་གྱུར་བར་གསུངས། ལམ་གཅིག་ཡིན། དངོས་པོ་ལ་མངོན་པར་ཞེན་པ་དང་འབྲལ་བ་ལ་ཕན། འོ་སྐོལ་ལྟ་བ་དང་སྒོམ་པ་གཉིས་སུ་བྱེད། ལྟ་བ་ཡང་ཆོས་ཉིད་ཕྱི་ནས་མི་འཚོལ། རང་གི་སེམས་རིག་པ་གསལ་ལ་ངོས་བཟུང་མེད་པ་འདི་རང་ཆོས་ཉིད་ཡིན། འདུས་མ་བྱས་ཟེར་བ་ཡིན། རིག་མཁན་རང་ལ་རང་བཞིན་མི་འདུག་པས། ཆོས་ཀྱི་དབྱིངས་ཟེར་བ་ཡིན། དེ་བཞིན་ཉིད། ཡང་དག་པའི་མཐའ། དོན་དམ་པའི་བདེན་པ་ཟེར་ཏེ། ལྟ་བ་ཡིན། སྒོམ་པ་ཉམས་སུ་ལེན་པ་དེས་ཕྱག་རྒྱ་ཆེན་པོའི་དབང་དུ་བྱས་ནས། དང་པོར་རྩོལ་སྒྲུབ་དང་བྲལ་བས་ལུས་སེམས་ཁོང་གློད་པ་ལ་སོགས་པ་གསུངས་པས། གནས་དབེན་པར་གདན་བདེ་བའི་སྟེང་དུ། དེ་བཞིན་གཤེགས་པའི་བཞུགས་མིག་འབྲས་མི་འགུལ་བར་ཐད་ཀར་ལྟ། ལུགས་དང་གཟིགས་ལུགས་སུ་བྱ། བྱང་ཆུབ་ཀྱི་སེམས་བསྒོམ། རང་ལུས་ལྷར་གསལ་བའི་སྤྱི་བོར་བླ་མ་བསྒོམས་ལ། རང་གི་ཇི་ལྟར་འདུག་པ། དེ་རང་གི་ཐད་ཀར་མ་བཅོས་པར་རང་ལུགས་༼༤༧བ༽སུ་ལྷན་གྱི་བཞག །བཅོས་ན་རྟོག་པ་ཡིན་པས་མ་བཅོས་པ་གལ་ཆེ། དེའི་ངང་ལས་རྟོག་པ་འབྱུང་ན་མི་སྤང་། རང་ཤར་ཡིན་པས་ཐད་ཀར་རང་དུ་མ་བཅོས་པར་རང་ལུགས་སུ་ཙེན་གྱིས་བཞག །གཉིས་སུ་མི་བྱ། ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པ་ཡིན། གཉིས་སུ་སྣང་བ་ཐམས་ཅད་མ་རིག་པས་རྒྱུ་བྱས་ནས་འཁྲུལ་པ་སྣ་ཚོགས་སུ་བྱུང་བ་ཡིན། མདོར་ན་ཕྱག་རྒྱ་ཆེན་པོ་བློའི་དྲི་མ་དང་བྲལ་བར་བསྒོམ་གསུངས། ལས་དང་པོ་པ་ཐུན་ཆུང་ལ་གྲངས་མང་བར་བྱ། དེ་ལྟར་རྒྱུན་དུ་མ་ཡེངས་པར་བསྒོམས་པས། ཉམས་རྣལ་འབྱོར་བཞི་ཡང་རིམ་གྱིས་འཆར། སྣང་སེམས་གཉིས་སུ་མེད་པ་ཡིས་རྐྱེན་གྱིས་མི་གནོད་ཅིང་། འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་རང་ལ་ཚང་བར་ཡོད་གསུང་། གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ཀྱིས། རླུང་གནད་དུ་བསྣུན་པ་ཡང་གལ་ཆེ། རླུང་བཟུང་ན་སེམས་ཟིན་ནས་འོང་། སེམས་ཀྱི་བཞོན་པ་རླུང་ཡིན་པར་རྒྱུད་ལས་གསུངས། རླུང་སེམས་གཉིས་སུ་མེད་པ་ཡིན་ནོ། །བླ་མའི་གསུང་སྒྲོས་འདི་བྲིས་པས། །འདི་བཞིན་ཉམས་སུ་བླངས་ནས་ནི། །རང་གཞན་དོན་རྣམས་འགྲུབ་པར་ཤོག །བླ་མའི་ཐུགས་དགོངས་རྫོགས་པར་ཤོག། །།བླ་མ་ལ་རིན་པོ་ཆེའི་ཞལ་ནས། གཉུག་མ་དང་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྱད་གང་ཞེ་ན། ལྷན་ཅིག་སྐྱེས་སྦྱོར་ནི་རྟོག་པ་ལམ་དུ་འཁྱེར་ཏེ། རྟོག་པ་ལ་གཉིས། བཟང་རྟོག་དང་ངན་རྟོག་གོ །གང་བྱུང་ཡང་སྐུ་དྲིན་དུ་ཤེས་པས་རྟོག་པ་ལམ་དུ་བྱེད་པས། འཁོར་བར་འཁྱམས་པ་ནི་རྣམ་པར་རྟོག་པ་ངོ་མ་ཤེས་པས་འཁྱམས་ཏེ། དེ་ནི་རྟོག་པ་ལམ་དུ་བྱེད་པས་འཁོར་བ་ལ་ཉམ་ང་མེད་དོ། །གཉུག་མ་ན་རེ། ཁྱོད་ཀྱིས་རྟོག་པ་ལམ་དུ་ཁྱེར་བས། གཅད་བྱ་དང་གཅོད་བྱེད་གཉིས་༼༤༨ན༽སུ་བཟུང་ནས་རྟོག་པ་ལ་ཟད་པ་མེད་དེ། རྟོག་པ་གཅིག་བྱུང་བ་དེ་ངོ་ཤེས་པར་བྱས། ཡང་ཅིག་བྱུང་བ་དེ་ཡང་ངོ་ཤེས་པར་བྱས་ཀྱང་། ངོ་བོ་མ་མཐོང་ན་དེས་གོ་མ་ཆོད། མཐོང་རྒྱུ་གཅིག་འབྱུང་ན་དེ་རང་ཡིན། གཞན་མཐོང་རྒྱུ་མེད། ང་མ་མཐོང་ན་རྟོག་པ་ལ་ཟད་པ་མེད་པས་ཁྱོད་ཀྱི་དེ་ལ་ཐུག་པ་མེད་པའི་སྐྱོན་ཡོད། ང་ནི་དང་པོ་སྐྱེ་བ་མེད་པ་ཡིན། བར་དུ་གནས་པ་མེད་པ་ཡིན། ཐ་མ་འགག་པ་མེད་པ་ཡིན། ངོ་བོ་ངོས་བཟུང་དང་བྲལ་བ་ཡིན། རང་བཞིན་རྒྱུན་ཆད་མེད་པ་ཡིན། མཚན་ཉིད་བློ་ལས་འདས་པ་ཡིན། ད་ནི་གསང་སྔགས་ཀྱི་དབང་དུ་བྱས་ནས་མཚན་མའི་ངོས་ནས་བལྟས་ན། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར། མཚན་མེད་ཀྱི་ངོས་ནས་བལྟས་ན་དུས་ཐམས་ཅད་དུ་རྒྱུན་ཆད་མེད་པ་ཡིན། ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ན། ང་ལ་བསལ་བྱ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ལ་ཡང་དག་ནི་ངའོ། །ཡང་སྔགས་ཀྱི་ངོ་བོ་ངེས་ཚིག་དབྱེ་བ་གསུམ་མོ། །དེ་ལ་ངོ་བོ་ནི་སྐྱེ་བ་མེད་པས་སངས་རྒྱས་ཀྱི་ཐུགས་ཡིན་ཏེ། །དེ་ཡང་ཅིས་ཤེས་ན། སཾ་བུ་ཊི་ལས། སྐྱེ་མེད་རང་བཞིན་སྔགས་ཡིན་ཏེ། །སྔགས་ཀྱི་ངེས་པ་ཅི་ཡང་མེད། །ཅེས་པའོ། །ངེས་ཚིག་ནི་ཡིད་སྐྱོབ་པ་སྟེ། དེ་ཡང་གསང་བ་འདུས་པ་ལས། མ་ན་ཡིད་ཏྲཱ་ཡ་སྐྱོབ་པའོ། །དབྱེ་བ་ནི། རྟོག་པའི་སྔགས་དང་། རང་རིག་པའི་སྔགས་དང་། བརྡའི་སྔགས་སོ། །དང་པོ་རྟོག་པའི་སྔགས་ནི་ཀུན་བཏགས་ཁོང་གི་རླུང་དང་། གཞན་དབང་དག་ཏུ་སྨྲ་བ་འབྱུང་བའོ། །གཉིས་པ་རང་རིག་པའི་སྔགས་ནི་སྐྱེ་མཆེད་འོད་གསལ་ལོ། །གསུམ་པ་བརྡའི་སྔགས་ནི་༼༤༨བ༽གཟུངས་སྔགས་མཐའ་དག་དང་། བསྐྱེད་རིམ་མཐའ་དག་གོ །དེ་ལ་མགོ་ཅན་དང་། མཐའ་ཅན་དང་། སྦྲུལ་ལྟ་བུ་དང་། ཡི་གེ་བསྡུས་པའོ། །དེ་ཡང་གསང་བ་འདུས་པ་ལས། ཐོག་མར་ཨོཾ་བསྟན་ཐ་མར་སྭཱ་ཧཱ་མེད་པ་ནི། ཡི་གེ་མགོ་ཅན་ཞེས་བཤད་དོ། །ཐོག་མར་ཨོཾ་མེད་ཐ་མར་སྭཱ་ཧཱ་ལྡན་པ་ནི། ཡི་གེ་མཐའ་ཅན་ཞེས་བཤད་དོ། །ཐོག་མར་ཨོཾ་མེད་ཐ་མར་སྭཱ་ཧཱ་མེད་པ་ནི། ཡི་གེ་བསྡུས་པ་ཞེས་བཤད་དོ། །ཐོག་མར་ཨོཾ་ཡོད་ཐ་མར་སྭཱ་ཧཱ་ཡོད་པ་ནི། སྤྲུལ་ཏེ་ཞི་བའི་ལས་ཅན་ནོ། །ཞེས་སོ།། །།ཡང་རིན་པོ་ཆེའི་ཞལ་ནས། སྒྲུབ་པ་པོ་གཅིག་གིས་བསྒྲུབས་པས། རང་གི་རྒྱུད་ལ་ཡོན་ཏན་བྱུང་བའི་སྟོབས་ཀྱིས། སློབ་མ་དད་པ་ཅན་དང་ཕྲད་ནས་དེ་ལ་ཆོས་བཤད་པས། སྒྲུབ་པ་པོ་དེ་ལར་རང་ཚེ་འདི་ཉིད་ལ་སངས་རྒྱས་རྒྱུ་དེ་ཕྱིར་ནུར་ནས་འགྲོ་བ་ཡིན་ཏེ། དེ་ལ་ནི་དངོས་གྲུབ་ཀྱི་སྒོ་ཡལ་ཟེར་བ་ཡིན། དེ་བས་ན་དཀའ་གདམས་པའམ་ཁ་ཅིག་གིས། ལྐོག་རྒྱུགས་བྱས་ཟེར་ཙམ་ན། མིས་མ་ཚོར་བར་དོན་གྲུབ་པ་ཡོད་པའམ། ཡང་རང་ལ་ནུས་པ་ཡོད་ན། སློབ་མ་སྐལ་བ་དང་ལྡན་པ་ནི་རང་གི་སྲོག་ལ་བབ་ཀྱང་སྐྱོང་དགོས་པར་བཤད་དོ། །ཡང་སྒྲུབ་པ་པོ་ལ་རླངས་པ་ཕྱིར་ལ་ཤོར་བྱ་བ་ཡོད་དེ། དེ་ནི་སྒྲུབ་པ་པོ་རང་ལ་ཡོན་ཏན་ཞིག་སྐྱེ་བས་ཏེ། ཕྱི་ཟང་ཟིང་གི་འདུ་འཛི་རུ་སོང་ནས། སྒྲུབ་པའི་བར་ཆད་དུ་འགྱུར་བ་ཡོད། སྤྱིར་ཡང་བསོད་ནམས་ཟེར་བའི་འདུ་འཛི་འདི་ཡང་བདུད་ཀྱི་ལས་སུ་བཤད་པ་ཡིན་གསུང་ངོ་། །ཡང་རིན་པོ་ཆེའི་ཞལ་ནས། སྤྱིར་བསྒོམ་པ་ལ་གོལ་ས་མང་ཡང་། ཁམས་གསུམ་དང་བསམ་གཏན་བཞི་དང་། སྐྱེ་མཆེད་བཞི་ལ་སོགས་པ་གོལ་སར་བཤད་པ་ནི། འཛིན་པ་བག་ཙམ་ལ་བརྟེན་ནས་གོལ་བ་ཡིན། ཉན་ཐོས་སུ་གོལ་བ་དེ་བཅད་པའི་སྟོང་པ་ལ་གནས་༼༤༩ན༽པས་གོལ་བ་ཡིན། ངོ་བོ་འཛིན་མེད་དུ་གནས་ནས་དེས་ན་གང་དུ་ཡང་གོལ་ས་མེད་གསུང་། ཉམས་དང་རྟོགས་པ་གཉིས་སུ་ཤོར་བ་ཡང་། ཉམས་ནི་བདེ་གསལ་ལ་མཆོག་འཛིན་དུ་སོང་བས་ཤར་བ་ཡིན། རྟོགས་པ་ནི་ཉམས་ཀྱི་རྒྱུན་ལ་ཆད་པར་འཛིན་པས་ནོར་བ་ཡིན་ཏེ། ཤོར་ས་གཉིས་ཡིན་གསུང་།། །།མི་རྟོག་པ་དང་ཡེ་ཤེས་དང་སྟོང་པ་དང་གསུམ་ནི། མི་རྟོག་པ་ནི་རྟོག་པ་དང་བྲལ་བ་ལ་བྱ། ཡེ་ཤེས་ནི་སེམས་ཉིད་ལྷན་ཅིག་སྐྱེས་པ་འོད་གསལ་བ། ཡེ་ནས་ཡོད་པ་ངོ་ཤེས་པའོ། །སྟོང་པ་ནི་དེ་ཉིད་ངོས་བཟུང་དང་བྲལ་བའོ། །ཤེས་པ་ཤེས་བྱ་ཤེས་རབ་གསུམ་ནི། ཤེས་པ་ནི་རང་རིག་པའི་ངོ་བོ། །ཤེས་བྱ་ནི་བློའི་ཡུལ་དུ་གྱུར་བའི་ཆོས་ཐམས་ཅད། ཤེས་རབ་ནི་དེ་ཉིད་རྟོགས་པར་བྱེད་པའོ། །མི་དམིགས་པ། སྟོང་པ། མཚན་མ། གསུམ་ནི། སྟོང་པ་ཉམས་སུ་མྱོང་བའམ། མཚན་མ་ལ་གང་ཡང་མི་དམིགས་པ་ནི་མི་དམིགས་པའོ། །ཕྱི་གཟུང་བའི་ཡུལ་ཡང་གཞི་རྩ་མ་གྲུབ། ནང་འཛིན་པའི་སེམས་ཀྱང་གཞི་རྩ་མ་གྲུབ་པ་ནི་སྟོང་པའོ། །གཟུང་བ་དང་འཛིན་པར་བཅས་པ་ནི་མཚན་མའོ། །ཆོས་ཟབ་པ་དང་། མི་ཟབ་པ་འབྲིང་པོ་གསུམ་ནི། མི་ཟབ་པ་ནི་རྒྱུ་དགེ་མི་དགེ་ཡོད་པར་བཟུང་བ་ལས། འབྲས་བུ་བདེ་བ་དང་སྡུག་བསྔལ་ཡོད་པར་མྱོང་ནས། ལས་འབྲས་ལ་ཡིད་ཆེས་པ་ནི་མི་ཟབ་པའོ། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡོད་མ་མྱོང་། རེ་ཞིག་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པ་ནི་འབྲིང་པོའོ། །ཟབ་པ་ནི་གཉུག་མ་སྟེ། རྒྱ་མཚོ་དང་འདྲ་གཏིང་མི་རྙེད་པས་ཟབ་པའོ། །སེམས་དང་སེམས་ཅན་སེམས་ཉིད་གསུམ་ནི། སེམས་ནི་ངར་འཛིན་གྱི་རིག་པའོ། །སེམས་ཅན་ནི་སེམས་ཅན་༼༤༩བ༽ཐམས་ཅད་དོ། །སེམས་ཉིད་ནི་རྒྱུན་ཆད་མེད་པའི་ཆོས་སྐུའོ། །རྒྱུ་ལམ་འབྲས་བུ་གསུམ་ནི། སྐྱེད་པར་བྱེད་པས་ན་རྒྱུ། འཕེལ་བར་བྱེད་པས་ན་ལམ། རྫོགས་པར་བྱེད་པས་ན་འབྲས་བུའོ། །དེ་ཡང་མར་གྱི་དབང་དུ་བྱས་ན། རྒྱུ་མ་རིག་པ་ལས་སྡིག་པ། སྡིག་པ་ཆུང་ངུ་ལས་ཆེན་པོར་འཕེལ་བས་འབྲས་བུ་ངན་སོང་གསུམ་མོ། །ཡར་གྱི་དབང་དུ་བྱས་ན། ཕ་རོལ་ཏུ་ཕྱིན་པ་ནི་རྒྱུ་རིག་པ་བྱང་ཆུབ་ཀྱི་སེམས། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག །ཡང་ན་ལམ་བསླབ་པ་གསུམ། འབྲས་བུ་སྐུ་གསུམ། གསང་སྔགས་ནི་རྒྱུ་རིག་པ་བྱང་ཆུབ་ཀྱི་སེམས། ལམ་བསྐྱེད་རྫོགས་གཉིས། འབྲས་བུ་སྐུ་གསུམ་མོ།། །།འཆི་བ་བསྒོམས་པས་ཚེ་འདིའི་དོན་མི་བྱེད། འཁོར་བའི་ཉེས་དམིགས་བསྒོམས་པས་འཁོར་བར་མི་སྐྱེ། ལས་དང་འབྲས་བུ་བསྒོམས་པས་ངན་སོང་དུ་མི་སྐྱེ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་ཉན་ཐོས་དང་རང་རྒྱལ་བར་མི་སྐྱེ། ཆོས་ཟབ་མོ་སྟོང་པ་ཉིད་བསྒོམས་པས་གཟུགས་མེད་ཀྱི་ཁམས་སུ་མི་སྐྱེ། འཆི་བ་བསྒོམས་པ་ལ་ཕན་ཡོན་གསུམ། ཡོན་ཏན་ལྔ་ཡོད་དེ། སྐྱོ་བ་སྐྱེ་བ་ཡིན། དད་པ་གསོ་བ་ཡིན། བརྩོན་འགྲུས་ཀྱི་ལྕག་ཏུ་གྱུར་པ་ཡིན། འཇིག་རྟེན་པ་ལ་མི་ཆགས་པ་ཡིན། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ་ཡིན། འཆི་བ་བསྒོམས་པ་ལ་རབ་འབྲིང་གསུམ་ཡོད་དེ། རབ་ཀྱིས་དངོས་པོ་ཞག་ཏུ་མི་འཛིན། འབྲིང་ཟླ་བར་མི་འཛིན། ཐ་མས་ལོར་མི་འཛིན་པའོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །སེམས་ཉིད་ལྷན་ཅིག་སྐྱེས་པ་ནི། སེམས་ཀྱི་རང་བཞིན་ནམ་ངོ་བོ་དེ་ཡིན། སྣང་བ་ལྷན་ཅིག་སྐྱེས་པ་ནི། ༼༥༠ན༽དེ་ལས་བྱུང་བའི་རྣམ་པར་རྟོག་པ་དེ་ཡིན། དེ་ཡང་ཉི་མ་དང་ཉི་མའི་འོད་བཞིན་ནམ། ཙནྡན་དང་ཙནྡན་གྱི་དྲི་ལྟ་བུ་ཡིན། དེ་ལ་རྟོགས་པར་བྱ་བའི་ཆོས་གསུམ་དང་། ཉམས་སུ་བླང་བའི་ཆོས་གསུམ་ནི། སྣང་བ་ལྷན་ཅིག་སྐྱེས་པ་ཅི་ཡང་མ་ཡིན་པ་ལ་སྣང་བ་སྣ་ཚོགས་སུ་ཤར་བ་རྟོགས་པར་བྱ་བ་དང་། སྣ་ཚོགས་སུ་ཤར་ཡང་དོན་ལ་ཅི་ཡང་མ་ཡིན་པར་རྟོགས་པར་བྱ་བ་དང་། གཉིས་སུ་མེད་པ་སྨྲར་མི་བཏུབ་པར་ཤེས་པར་བྱ་བའོ། །དེ་ལ་ཉམས་སུ་བླང་བའི་ཆོས་གསུམ་ནི། དང་པོ་སེམས་ཉིད་ལྷན་ཅིག་སྐྱེས་པ་དེ་ལ་རྩོལ་སྒྲུབ་དང་བྲལ་བས་ལུས་སེམས་གློད་པ་དང་། བར་དུ་ཐེ་ཚོམ་མེད་པར་སེམས་མ་བཅོས་པ་སོ་མར་བཞག་པ་དང་། ཐ་མར་བྱུང་ཚོར་ཐམས་ཅད་སྐྱེ་མེད་དུ་ཤེས་པར་བྱའོ།། །།ལྟ་སྒོམ་སྤྱོད་པ་གསུམ་ནི། ལྟ་བ་མ་བཅོས་པ་གཉུག་མའི་ཤེས་པ། སྒོམ་པ་མི་རྟོག་པ་ཐ་མལ་གྱི་ཤེས་པ། སྤྱོད་པ་མ་ཞེན་པ་ཚོགས་དྲུག་རྒྱ་ཡན་ལྷུག་པ། ཐབས་མ་ཡེངས་པ་དྲན་རྟོག་རྒྱུན་ཆགས་སོ། །དེ་ཡང་སངས་རྒྱས་དང་སེམས་ཅན་རྒྱུ་གཅིག །སྣང་བ་དང་སེམས་ཉིད་ཐ་མི་དད། གཉུག་མའི་རང་བཞིན་དེ་ཁོ་ན་ཉིད་དེ། བྱིས་པས་མ་ཤེས་སྙིང་པོའི་དོན་ལ་འཁྲུལ། བླ་མ་རིན་པོ་ཆེའི་གསུང་སྒྲོས་དམ་པ། སློབ་དཔོན་སྒོམ་ཆུང་ལ་གདམས་པའོ།། །།ནད་ཞི་བར་བྱ་བའི་ཐབས་ལ། བློ་བཅོས་པའི་ཐབས་ལ་གཉིས་ཏེ། རྗེས་སུ་བཟུང་བ་དང་ཚར་བཅད་པ་གཉིས་སོ། །རྗེས་སུ་བཟུང་བའི་ཐབས་ལ་གཉིས། ནད་ཉིད་ཐབས་སུ་འཁྱེར་བ་དང་། ཤེས་རབ་ཀྱིས་ཤེས་པ་གཞན་དུ་འཁྲིད་པའོ། །ནད་ཐབས་སུ་འཁྱེར་བ་ནི། ཀུན་ཏུ་བཏགས་པའི་ནད་ནི། ཆོས་སམ་སྒོམ་མ་ཡག་པས་ནད་དུ་སོང་སྟེ། ཁྱེད་ཀྱིས་ནི་ནད་མེད་པ་ལ་ནད་དུ་བཟུང་༼༥༠བ༽སྟེ། ནད་དེ་ལ་བརྟེན་ནས་ཆོས་མ་ནོར་བ་ཞིག་དང་ཕྲད་པའི་ཐབས་ཡིན། ཆོས་མ་ནོར་བར་རྒྱུད་ལ་སྐྱེ་བར་བྱེད་པའི་ཐབས་ཀྱང་དེ་ཡིན། འབྲས་བུ་མྱུར་དུ་ཐོབ་པར་བྱེད་པའི་ཐབས་ཀྱང་དེ་ཡིན་ནོ། །ཁོ་ལ་དེ་ལྟར་བསྟན་པས་ཁོས་ནད་སྐྱོན་དུ་མི་བལྟ་བར། ཡོན་ཏན་འབྱུང་སྙམ་ནས་ནད་ལ་དད་པས་རང་ཞིར་འགྲོ །ནད་མི་སོས་པའི་རྩ་བ་རེ་དྭོགས་གཉིས་ཡིན་ཏེ། རེ་བས་འགགས། དོགས་པས་བསུ་བ་ལ། ཁོས་ནད་དེ་ཉིད་ཐབས་སུ་ཤེས་པས། ན་ཡིས་དོགས་པ་དང་། སོས་སུ་རེ་བ་མེད་པར་ཞེན་པས་འཛིན་པ་བཏང་བས། ནད་རང་ཞིར་ཞི། འདྲེའི་གནོད་པ་ལ་ཡང་དེ་ལྟར་བྱ། རྗེས་ནི་རྗེས་སུ་བཟུང་བའི་ཚུལ་དུ་བཅོས་པའོ། །རྗེས་སུ་བཟུང་བ་ལ་ལྷའི་བྱིན་རླབས་ཚུལ་དུ་ཡང་འཁྱེར། ཤེས་རབ་ཀྱིས་བློ་གཞན་དུ་འཁྲིད་པའི་ཚུལ་དུ་བློ་སྦྱང་བ་ནི། བློ་ནད་ལ་མི་གནས་པར་ཁོའི་ཤེས་པ་གར་འཇུག་འཇུག་ན་ཕར་འཁྲིད། བློ་གཞན་དུ་ཡེངས་པས་ནད་དུ་འཛིན་པའི་ཤེས་པ་ཉིད་ཤེས་རབ་ཏུ་ངོ་ཤེས་ནས། བློ་གར་སྒྱུར་སྒྱུར་དུ་བཏུབ་པ་ཆོས་ཉིད་ཡིན། ཡང་ན་བློ་ཚར་བཅད་པའི་སྒོ་ནས་ནད་ཞི་བར་བྱ་བ་ཡིན་ཏེ། ནད་དེ་རང་གི་ཐོག་ཏུ་ནད་རྩི་ཚི་བ་བློ་གར་འགྲོ་འགྲོ་བསམས་པས། སྔར་གྱི་ནད་ཞི་བར་འགྱུར་བ་ཆོས་ཉིད་ཡིན། ཡང་ན་ནད་ཉིད་གང་ནས་བྱུང་རྩད་བཅད་པ་དང་། ཁ་དོག་དང་དབྱིབས་ལ་བརྟགས་པས་ནད་ཀྱང་མེད་དེ་ཞི་ནས་འགྲོ་བ་ཆོས་ཉིད་ཡིན་ནོ། །དང་པོ་དམིགས་པ་དང་རྩོལ་བས་མི་འཇུག །བར་དུ་མི་གནས། ཐ་མར་མི་འཛིན་པའོ། །ལམ་འདི་དང་འབྲེལ་བའི་གང་ཟག་ནི་བཞི་སྟེ། བྱང་ཆུབ་སེམས་དཔའ་སེམས་ཆེན་པོའི་རིགས་ལ། ཉན་ཐོས་ཀྱི་དུས་དང་། རང་གིས་མ་རྟོགས་པ་བླ་མ་ལ་ཞུ་དགོས་པའི་རིགས་ལ་རང་རྒྱལ་བའི་དུས་དང་། གཞན་པས་ཀྱང་༼༥༡ན༽རང་གིས་ལྟར་རྟོགས་དགོས་པའི་རིགས་ལ་བྱང་ཆུབ་སེམས་དཔའི་དུས་དང་། བདག་གཞན་གཉིས་ཀའི་དོན་འབྱུང་ན། བྱང་ཆུབ་སེམས་དཔའི་རིགས་བདག་དང་གཞན་རྒྱུད་བསྲེ་ནུས་ན། ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དུས་སོ། །ཚོར་བ་གཟུགས་ཁམས། བདེ་བ། ཚོར་བ་སྡུག་འདོད་ཁམས། བསྔལ་བ། ཚོར་བ་གཟུགས་མེད་ཁམས་ལ་ཆགས་ནའོ། །སྐྱེས་སྦྱོར་ཆུང་བའོ། བཏང་སྙོམས་སོ།། །།བླ་མ་རིན་པོ་ཆེའི་གསུང་སྒྲོས་སློབ་དཔོན་སྒོམ་ཚུལ་གྱིས་ལྷ་སར་བཞུགས་དུས་སུ། ཡོལ་བ་ཕྱི་གཏམ་ཡང་གསན་ནོ། །སློབ་དཔོན་ཚུལ་ཁྲིམས་ཡེ་ཤེས་ལ་གདམས་པ། དེས་བདག་ལ།། །།གུ་རུ་ན་མོ། །བླ་མ་སངས་རྒྱས་ལ་གསོལ་བ་འདེབས་པ་འདི་ཐབས་ཀྱི་མཆོག་ཡིན་པས། སྙིང་དང་། ཁྲག་དང་། རུས་པའི་གཏིང་ནས། མོས་གུས་དྲག་པོ་བྱས་ལ། ཇི་ལྟར་འདོད་པའི་དོན་ལ་གསོལ་བ་འདེབས་དགོས། འདིས་ནི་དམ་ཚིག་ལ་སེལ་ཡོད་པའི་དགོས་པ་ཡང་སྐོངས། འདོད་པའི་དོན་ཐམས་ཅད་དངོས་གྲུབ་ཐམས་ཅད་ཀྱི་རྩབ་ཡིན། ཀྱང་འགྲུབ་པའོ། །འདུས་བྱས་ཀྱི་དགེ་བ་ལ་བླ་མ་ལ་ཁྱད་པར་དུ་གདམས་པ་བཀའ་བཞིན་དུ་སྒྲུབ་པ་ནི་བསྙེན་བཀུར་གྱི་མཆོག་ཏུ་གསུངས། སངས་རྒྱས་སུ་མཐོང་ནས་གསོལ་བ་འདེབས་པ་ལས་བོགས་ཆེ་བའི་ཆོས་གཞན་མེད། བླ་མ་རིན་པོ་ཆེའི་གསུང་ངོ་། །རང་ཁོ་ན་གཅེས་པར་བཟུང་ནས། རྐྱེན་ངན་པ་ལ་སོགས་པའོ།། ཨེན་ཙམ་རེ་ཡང་མི་བཟོད་པར།རྨ་ཁའི་ཤའུ་འཐོགས་པ་འདྲ། རྟག་ཏུ་ཡུས་ཆེ་བ་ཉོན་མོངས་པ་ཐམས་ཅད་ལ་ངར་འདོགས་པ་འདི་ཡིན། རྒྱུད་ལ་བདུད་ལ་འདི་ལས་ཆེ་བ་ཡེ་མེད་པས། འདི་ནི་རཀྵ་གླང་མགོ་དངོས་ཡིན། ངའི་བསམ་པ་ཁོ་ནས་འབུང་བ་ཡིན་གསུང་ངོ་།། ཡོན་ཏན་སྐྱེར་མི་སྟེར་བའི་གེགས་ཆེན་༼༥༡བ༽པོ་ཡིན། རང་གི་ནང་དུ་རླུང་འཚུབས་པས་བདེ་བ་ཐམས་ཅད་འཇོམས་པའི་ཐོ་བར་ཡང་འདུག །མཐོ་སྔོན་ཆད་སྤྱོད་པ་འདི་འབའ་ཞིག་ལ་བསྐྱལ་བས་རང་མགོ་འདི་མནན་ནས་ཐར་པ་ཐོབ་ཏུ་མ་སྟེར། བླ་མ་དགེ་བའི་བཤེས་གཉེན་གཉའ་གཅག །དམའ་གྲོག་མ་སྦུར་བུ་ཡན་ཆད་ཕྱོགས་སུ་བཅད་ནས། རང་ཁོ་ནའི་ཁ་བཟུང་བས་འཁོར་བ་ལས་ཐར་རམ་མི་ཐར་བསམ་དགོས། རྒྱུད་སྦྱངས་པ་དང་། བསྒོམས་པའི་དགོས་པ་ནི། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིན། ཕྱི་ནང་གི་འདོད་པ་ལ་སྐོམ་པ་ཆུས་གདུངས་པ་ལྟ་བུ་བདུད་ཀྱི་ལས། བླ་མ་ལ་གུས་པར་མི་འགྱུར་བ་བདུད་ཀྱི་ལས། གདམས་པ་ལ་ཡིད་ཆེས་མེད་ཅིང་རྩིས་མེད་པ་བདུད་ཀྱི་ལས། ཏིང་འཛིན་ལ་གནས་པར་མི་བྱེད་ཅིང་རྟག་ཏུ་སེམས་གཡེངས་བ་བདུད་ཀྱི་ལས། ངའོ་སེམས་ཤིང་རང་ལ་གཅེས་པར་འཛིན་པ་བདུད་ཀྱི་ལས། ཚེ་འདི་ལ་ཞེན་ཅིང་བློ་མ་ལོག་པ་བདུད་ཀྱི་ལས་ཁྱོད་ཀྱི་བྱད་ཀྱི་དཀྱིལ་ན་ནག་པོ་ཞིག་འདུག་བྱས་ཀྱང་མི་དགའ་བ་ཡིན་གསུང་། སྔོན་ཆད་ཀྱང་འདི་ཁོ་ནས་འཁོར་བར་བཅིངས་པ་ཡིན་པར་གོ་དགོས།། ཆེན་པོའོ། །དེ་ལས་ཟློག་པའི་ཐབས་ལ་འབད་པ་ནི། ནང་གི་འདོད་པའི་སྙིང་པོ་ནི། ལྕགས་ཀྱི་ཤལ་མ་ལི་ལ་འཛེག་པའམ།འབྲས་བུ་འཕྲ་སྐམ་གྱིས་འདོན་པ། མདོ་ནས་གསུང་། དུག་ཧ་ལ་ཧ་ལ་བ་བཞིན་དུ་བསྒོམ་དགོས། ཕྱིའི་འདོད་པ་ལ་ནི། སངས་རྒྱས་དང་ཀུན་དགའ་བོའི་གསུང་བཞིན་དུ་བསྒོམ་དགོས་སྐད། བླ་མ་ལ་མི་གུས་པའི་གཉེན་པོར་ནི། བླ་མ་ཆོས་ཀྱི་བླ་མ་ལྔ་བཅུ་པ་ནས་འབྱུང་བ་བཞིན་སྐྱོན་ལ་མི་བརྟག་ཡོན་ཏན་ལ་བལྟ། སྐུར་བསམ་ཞིང་། སྙིང་ཐག་པ་རུས་པའི་གཏིང་ནས་གསོལ་བ་གདབ་བོ། །གདམས་ངག་ལ་ཡིད་མི་ཆེས་པའི་གཉེན་པོར། གདམས་ངག་བདུད་རྩིར་བསམ་ཞིང་རང་ནད་པར་༼༥༢ན༽བསམས་ལ། གདམས་ངག་གི་ཡོན་ཏན་ཤེས་པར་བྱའོ། །རང་ཡུས་ཀྱིས་རྒྱལ་བའི་གཉེན་པོར་འཁོར་བའི་ནད་སེལ་བར་ཤེས་དགོས། རང་ལ་ཡོན་ཏན་ཅི་འདུག་བལྟ། ཐམས་ཅད་ཀྱིས་ཁྱོད་ལ་གཅེས་པར་བྱེད་པར་འཆད་པ་ལ། དེ་བཞིན་དུ་མ་བྱུང་བ་ཡིན་ནམ་ཡང་བསམ། ཏིང་ངེ་འཛིན་ལ་མི་གནས་ཤིང་གཡེངས་པའི་གཉེན་པོར། ཏིང་ངེ་འཛིན་ནི་བླ་མ་ཡིན། ཏིང་ངེ་འཛིན་ནི་ཡིད་བཞིན་ནོར་བུ་རིན་པོ་ཆེ་ཡིན་པས། ཉིན་མ་ཡེངས་པ་སངས་རྒྱས་ཀུན་གྱི་ལམ། མཚན་དུ་ཡེངས་པའི་ཐབས་མེད་པ་ཡིན་པས། ཆུ་བོའི་རྒྱུན་བཞིན་དུ་བསྒོམ། བློ་ལོག་པའི་གཉེན་བློ་ལོག་མ་ལོག་འདི་ལ་གནད་ཆེ་བར་མཛད། པོར་ནི། འཁོར་བའི་སེམས་ཅན་ལ་བདེ་སྐྱིད་ཅི་འདུག་བལྟ་ཉུལ་ཐོང་།གཏན་ཡུལ་ངན་སོང་གསུམ་ལ་བྱས་མཐོ་རིས་སུ་འགྲོ་བ་དོན་གཉེར་བ་ཙམ་ཞིག་ལས་མ་མྱོང་གསུང་། རང་གིས་སྔོན་ཆད་སྐྱིད་སྡུག་ཅི་བྱས་བསམ། རིན་པོ་ཆེ་ཇི་སྐད་གསུང་ཡང་བསམ་འཚལ་ལོ། །ལར་སྙིང་རྗེ་ཞིག་མེད་ན་ཆོས་དུས་སུ་མི་རང་གཅེས་པར་འཛིན་པ་ནི་ཐམས་ཅད་ལ་ཡོད། ཆོས་ཐམས་ཅད་ཀྱི་རྡོར་རམ་ལན་ཚྭ་ལྟ་བུ་ཡིན། ཐོན་པར་ཤེས་པས། བྱང་ཆུབ་ཀྱི་སེམས་སྟོང་ཉིད་དང་བཅས་པ་ལ་འབད་འཚལ་བར་གདའོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་རྟོགས་པར་འདོད་པའི་གང་ཟག་གིས། འདི་ལྟར་བསྒོམ་པར་བྱ་སྟེ། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །འཁོར་འདས་ཆོས་རྣམས་རང་བཞིན་མཉམ་པར་བསྒོམ། །ནམ་མཁའ་ལྟ་བུའི་ཆོས་འདི་རྟོགས་ན་ཡིན། །སེམས་ཉིད་ཀྱི་ངོ་བོ་དེ་འདས་པའི་རྗེས་མི་བཅད། མ་འོངས་པའི་མདུན་མི་བསུ། ད་ལྟ་བ་གང་དུ་ཡང་དམིགས་པ་མེད་པར་བཞག་གོ །དེ་ལྟར་བཞག་པས་སེམས་༼༥༢བ༽ཉིད་ཀྱི་ངོ་བོ་གསལ་ལ་རྟོག་པ་མེད་པ་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ་འབྱུང་ངོ་། །དེ་ཡང་ཡུན་རིང་བ་ལ་ཡོན་ཏན་དུ་མི་བལྟ། ཐུང་བ་ལ་སྐྱོན་དུ་མི་བལྟ། དུས་ཐམས་ཅད་དུ་དེ་ཉིད་ངང་དུ་མ་ཡེངས་པར་བཞག་གོ །སྐྱེ་མེད་དོན་ལ་དེ་ལྟར་བསྒོམས་གྱུར་ན། །ཆོས་རྣམས་ཐམས་ཅད་གཉུག་མའི་ངང་དུ་འཆར། །ཆོས་རྣམས་རོ་མཉམ་དུས་གསུམ་རྒྱུན་པར་རྟོགས། །དེ་ལྟར་དོན་ལ་མ་ཡེངས་རྒྱུན་པར་ཞོག །ཕྱག་རྒྱ་ཆེན་པོའི་དོན་དེ་ཁོ་ན་ཉིད་རྣལ་དུ་མཚོན་པའི་མན་ངག །དུས་གསུམ་ཀུན་གྱི་སངས་རྒྱས་དགོངས་པ་འདི། བླ་མ་གྲུབ་ཐོབ་རྣམས་ཀྱིས་རྟོགས་གྱུར་ཏེ། འགྲོ་བ་སེམས་ཅན་འཁོར་བའི་འདམ་ལས་སྒྲོལ་གྱུར་ཅིག །བདག་ཀྱང་ཕྲིན་ལས་བླ་མ་དང་མཚུངས་ཤོག །ཅེས་གསུངས་པའོ། །ཕྱག་རྒྱ་ཆེན་པོའི་མན་ངག་རིན་པོ་ཆེའི་སྒྲོན་མེ། ཁུ་དབོན་གསུམ་གྱི་གསུང་སྒྲོས། སློབ་དཔོན་སྒོམ་ཆུང་གིས་སློབ་དཔོན་སྟོད་ལུང་པ་ལ་གདམས། །དེས་བདག་ལ་གནང་ངོ་།། །།བཀྲ་ཤིས་སོ།། །།
