| / Mahamudra / Gampopa |
Gampopa's collected works (11)
༼༡ན༽རྗེ་ཕག་མོ་གྲུ་པའི་ཞུས་ལན་བཞུགས། །
༼༡བ༽༄༅། །དུས་གསུམ་སངས་རྒྱས་ངོ་བོ་ཉིད། །རྟོགས་ལྡན་རིན་པོ་ཆེ་ལ་འདུད། །རྗེ་རིན་པོ་ཆེ་སྒམ་པོ་པ་ལ། བླ་མ་རིན་པོ་ཆེ་ཁམས་པས་གལ་འགག་ཐམས་ཅད་དྲིལ་ནས་ཞུས་པ། བླ་མ་རིན་པོ་ཆེ་ལགས། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་ལ་གང་གལ་ཆེ་ལགས་ཞུས་པས། བླ་མའི་ཞལ་ནས། དཔལ་གསང་བ་འདུས་པ་ནས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་དུས་གསུམ་དུ་མཆོད་པ་བས། བླ་མའི་བ་སྤུ་གཅིག་ལ་མཆོད་པ་ཕུལ་བ་བསོད་ནམས་ཁྱད་པར་འཕགས་སོ། །ཞེས་པ་དང་། འཇམ་དཔལ་ལས། མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རིམ་གྲོ་བྱ་བའི་འོས། །བཀུར་འོས་མཆོད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་པ་དང་། བླ་མ་མི་ལའི་ཞལ་ནས་ཀྱང་། བླ་མས་ཇི་སྐད་གསུངས་པའི་བཀའ་བཞིན་བསྒྲུབས་ནས། བླ་མ་ལ་མོས་གུས་ཀྱིས་གསོལ་བ་༼༢ན༽འདེབས་ཤིང་། སྒྲུབ་པ་ཚུལ་བཞིན་དུ་བྱེད་པ་འདི་ཁོ་ན་བསོད་ནམས་ཆེ་གསུང་། འོ་ན་ཉམས་སུ་ལེན་པ་ལ་གདམས་ངག་གང་ཟབ་ཞུས་པས། ཇོ་བོ་རྗེའི་བརྒྱུད་པའི་ལུགས་ཀྱིས། འཆི་བ་མི་རྟག་པ་ནས་ལས་རྒྱུ་འབྲས་དང་། བྱམས་སྙིང་རྗེ་ལ་བློ་ངེས་ན་ཟབ་གསུང་། གང་ཟག་ཚན་ཅིག་གི་ཞལ་ནས། ལྟ་བ་སྟོང་པ་ཉིད་དུ་མ་རྟོགས་ན་མི་ཕན་གསུང་། ལ་ལའི་ཞལ་ནས་ཡི་དམ་གྱི་ལྷ་བསྒོམ་པ་ཟབ་ཟེར་ཏེ། བླ་མ་མི་ལའི་ཞལ་ནས། གཏུམ་མོ་སྲོག་རྩོལ་བསྒོམ་པ་ཟབ་གསུངས་པས། སོ་སོ་རང་རེའི་ཆོས་གང་ལ་ངེས་ཤེས་སྐྱེས་པ་དེ་ཟབ། འོ་ན་ཡང་བླ་མ་ལ་མོས་གུས་བྱས་ཤིང་གཏུམ་མོ་དང་ཕྱག་ཆེན་གཉིས་ཟུང་འཇུག་ཏུ་བསྒོམས་ནས་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་ན། རང་དོན་དང་གཞན་དོན་གཉིས་ཀ་དུས་མཉམ་དུ་འབྱུང་བས་དེ་ཟབ་གསུང་། འོ་ན་སྔོན་དུ་གཏུམ་མོ་ནས་ཁྲིད་པ་དགའ་འམ་ཕྱག་༼༢བ༽ རྒྱ་ཆེན་པོ་ནས་ཁྲིད་པ་དགའ་ཞུས་པས། དེ་གཉིས་གང་ཟག་གི་རིགས་ཀྱིས་འབྱེད་དེ། ན་སོ་གཞོན་པ་རྩ་དང་ཁམས་བཟང་བ་ལ་གཏུམ་མོ་རང་ནས་ཁྲིད་ཅིང་བསྒོམས་པས་དྲོད་རྟགས་མྱུར་དུ་འོང་། དེ་ལ་ཕྱག་རྒྱ་ཆེན་པོ་བཏབ་པས་ཉམས་རྟོགས་མྱུར་དུ་འཆར་གསུང་། ན་སོ་རྒས་པས་རླུང་མི་ཆུན་པའི་རིགས་ཚན་ཅིག་ལ་ཕྱག་རྒྱ་ཆེན་པོའམ་ལྷན་ཅིག་སྐྱེས་སྦྱོར་བཏབ་པ་དགའ་སྟེ། དང་པོ་ནས་ཕྱག་རྒྱ་ཆེན་པོ་བཏབ་པས་རང་རྒྱུད་ལ་མ་སྐྱེས་པར་ལས་ལ་ངན་དུ་སོང་ནས་དྲེད་པ་ཡང་འོང་གསུང་། འོ་ན་གང་ཟག་ཅིག་ཅར་བ་དང་རིམ་གྱིས་པ་གཉིས་ལ་ཁྱད་ཅི་བདོག་ཞུས་པས། དེ་གཉིས་ལ་སྦྱངས་པ་ཆེ་ཆུང་ཞིག་གི་ཁྱད་ཡིན་ཏེ། ཅིག་ཅར་བའི་རིགས་ནི་སྔོན་གྱི་སྦྱངས་པ་ཆེ་བའི་སྟོབས་ཀྱིས། གདམས་ངག་བཏབ་པ་ཙམ་གྱིས་བརྟན་པ་རྟོགས་པ་དུས་མཉམ་དུ་འཆར་ཏེ། ངོ་བོ་རྒྱུན་ཆད་མེད་པར་གནས་པ། བླ་མ་ལ་མོས་གུས་ཆེ་བ། སེམས་ཅན་ལ་སྙིང་རྗེ་ཆེ་བ། བདག་ཏུ་འཛིན་པའི་ཞེན་པ་མེད་པ་ཞིག་འོང་བ་ཡིན་པས། དེ་ལ་བོགས་འདོན་ཙམ་མི་དགོས། དེ་རྒྱུད་ལ་སྐྱེས་པ་དེ་རང་སྐྱོང་བ་ལས་མེད་གསུང་། རིམ་གྱིས་པ་ནི་སྦྱངས་པ་ཆུང་བས་ཉམས་མྱོང་ཡང་རིམ་གྱིས་ལས་མི་སྐྱེ་བས། བླ་མ་ལ་གསོལ་བ་འདེབས་པ་དང་། མོས་གུས་ཡེངས་པ་མེད་པར་བསྒོམ་པ་གལ་ཆེ། རབ་འདིར། འབྲིང་འཆི་ཀའམ་བར་དོ་ཚུན་ཆད་ལ་ངོ་བོ་རྟོགས་པའི་ཡེ་ཤེས་འཆར་གསུང་། དེ་ཡང་ཞི་གནས་ཚན་ཅན་ལས་འཆར་ཏེ། སྐད་ཅིག་མ་གསལ་བའི་ལྷག་མཐོང་ལས་འཆར་བ་ཡིན་གསུང་། འོ་ན་རྟོགས་པ་སྐྱེས་ནས་བསྒོམ་འཚལ་ལམ་མི་འཚལ་ཞུས་པས། སྒོམ་མེད་༼༣ན༽ཀྱི་རྟོགས་པ་སྐྱེས་ནས་སེམས་དྲན་པས་འཛིན་པའི་ཆ་ནས་བསྒོམ་མི་དགོས་ཏེ། སངས་རྒྱས་ནས་སེམས་ཅན་དུ་ལྡོག་མི་སྲིད། བསྒོམ་རྒྱུ་མེད་དེ་རྟོགས་པའི་ཆོས་ཉིད་དེ་རང་ལ་གོམས་ཤིང་བློ་སྦྱངས་པས་མངོན་པར་ཤེས་པ་དྲུག་དང་། སྤྱན་ལྔ་དང་ཡེ་ཤེས་ལྔ་དང་། ཕྱི་ལུས་ཀྱི་བཀོད་པ་དང་རྫུ་འཕྲུལ་དང་། ཇི་སྙེད་པ་མཁྱེན་པའི་ཡོན་ཏན་ཡར་ལྡན་དུ་རྟོགས་པའི་འབྲས་བུར་འཆར་དགོས་ཏེ། དེ་ཡང་ཆོས་ཉིད་ཀྱི་རྩལ་སྦྱངས་པས་ཤེས་པ་ལ་རང་དབང་ཐོབ་པ་ཞིག་འོང་། དེ་ལ་ཤེས་བྱའི་ཆ་ཐམས་ཅད་འཕྲལ་ལ་དྭངས་སིང་འཆར་བ་ལ་ཐམས་ཅད་མཁྱེན་པའི་ཡོན་ཏན་ཟེར་བ་ཡིན། བྱ་རྒྱུ་མེད་ཟེར་ནས་རྟོག་པ་རང་ཡན་དུ་བཞག་པས་ཕན་གནོད་ཀྱི་འབྲས་བུ་འབྱིན་མི་ནུས་པས་ཐམས་ཅད་མཁྱེན་པ་མི་འབྱུང་གསུང་། འོ་ན་ངོ་བོ་གང་གིས་རྙེད་པ་ལགས་ཞུས་པས། བླ་མའི་བྱིན་རླབས་དང་། རང་གི་མོས་གུས་དང་། བརྩོན་འགྲུས་ཀྱིས་བསྒོམ་པའི་སྟོབས་ལས་རྙེད་ཀྱི། དེ་ལས་གཞན་དུ་མི་རྙེད་དེ། དེ་ཡང་དགྱེས་པ་རྡོ་རྗེ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །རང་གིས་བསོད་ནམས་ལས་ཤེས་བྱ། །ཞེས་སོ། །འདི་མཁས་པ་པཎྜི་ཏས་ཀྱང་མི་ཤེས། ཤེས་རབ་ཀྱིས་མི་རྟོགས། རྟོག་གེ་བའི་སྤྱོད་ཡུལ་མ་ཡིན། དོན་རྒྱུད་ལ་སྐྱེ་བ་ལ་བླ་མ་རྟོགས་ལྡན་ཞིག་ལ་སློབ་མས་མོས་གུས་བྱས་པས་བྱིན་རླབས་ཀྱི་སྟོབས་ཀྱིས་ཚིག་དང་བྲལ་བ་བློའི་ཡུལ་ལས་འདས་པ་རང་ལས་འཆར་ཏེ། ངོ་བོ་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་མཁས་པ་རྣམས་ཀྱང་ཁས་ལེན་དང་བྲལ་བ་ཡིན་ཏེ། ༼༣བ༽ དགྱེས་པ་རྡོ་རྗེ་ལས། སྒོམ་པ་པོ་མེད་བསྒོམ་བྱ་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །བསྒོམ་པར་བྱ་བ་ཅུང་ཟད་མེད། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་པ་དང་། འཇམ་དཔལ་ལས་ཀྱང་། དུས་གསུམ་དུས་མེད་རྟོགས་པ་པོ། །སེམས་ཅན་ཀུན་གྱི་དོན་ཀུན་རིག །ཅེས་གསུངས་པས། དེ་སྐྱེས་པའི་དུས་ན། དཀར་པོ་ཆིག་ཐུབ་གཅིག་ཤེས་ཀུན་གྲོལ་དུ་སོང་བས། སངས་རྒྱས་རང་ལ་རྙེད། དེས་འཁོར་བར་འཛིན་པའི་སྒྲོག་རང་བརྡལ་དུ་འགྲོ་བས་རང་སེམས་བདེ་བ་ཆེན་པོའི་ས་ནོན་བྱ་བ་ཡིན་གསུང་། འོ་ན་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་སྐྱེས་སྦྱོར་གཉིས་ལ་ཁྱད་བདོག་གམ་མི་བདོག་ཞུས་པས། ཕྱག་རྒྱ་ཆེན་པོ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པ། ཆོས་ཉིད་ནམ་མཁའ་ལྟ་བུ་དུས་ཐམས་ཅད་པའི་ཡེ་ཤེས། གཉིས་མེད་ཅིག་ཡིན་ཏེ་རྒྱུན་ཆད་པ་མེད་པ་ཡིན། ལྷན་ཅིག་སྐྱེས་སྦྱོར་ནི་རྟོག་པ་གང་སྐྱེས་སྐུ་བཞིར་སྦྱོར་བ་ཡིན་པས་དུས་ཐམས་ཅད་པར་མི་འདོད་དེ་རྒྱུན་ཆད་ཡོད་གསུང་། འོ་ན་ཉམས་དང་རྟོགས་པ་གཉིས་ལ་ཁྱད་ཅི་ཙམ་བདོག་ཞུས་པས། ཉམས་ནི་བློའི་ཆ་ལས་མ་འདས་པ་ཡིན་ཏེ། དཔེར་ན་སྤྲིན་གསེབ་ཀྱི་ཉི་མ་དང་འདྲ། བདེ་གསལ་མི་རྟོག་པ་གསུམ། རེས་མཐོ་རེས་དམའ་བ་གནས་པ་འོང་བ་ཡིན་པས། འདི་ལ་མ་ཞེན་པར་བསྐྱངས་པས་བློའི་དྲི་མ་དྭངས་ནས་རྟོགས་པ་གདོད་འཆར་གསུང་། རྟོགས་པ་ནི་སྣང་སེམས་གཉིས་མེད་དུ་བློ་ཡི་སྟེང་ནས་རྟོགས་པ། འོད་གསལ་ངང་ནས་རྒྱུན་ཆད་མེད་པས་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་དུས་སུ་རྟོགས་ཐོབ་དུས་མཉམ་དུ་འཆར་བ་ལ་ཟེར་བ་ཡིན་གསུང་། འོ་ན་མཐོང་ལམ་དང་ཁྱད་ཅི་མཆིས་ཞུས་པས། མཐོང་ལམ་དང་བསྟུན་དུ་ཡོད་པ་མ་ཡིན་ཏེ། སེམས་ཀྱི་ངོ་བོ་བག་ཙམ་མཐོང་བ་ནི། ཉན་ཐོས་ཀྱི་མཐོང་ལམ་ཡིན། དེ་བས་ཀྱང་ཕྱག་རྒྱ་ཆེན་པོ་བག་ཙམ་ཞིག་མཐོང་བ་ནི་འཕགས་པ་༼༤ན༽དགྲ་བཅོམ་པའི་མཐོང་ལམ་ཡིན། ཆོས་ཉིད་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུར་མཐོང་བ་ནི་བྱང་ཆུབ་སེམས་དཔའི་མཐོང་ལམ་ཡིན། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་གཉིས་སུ་མེད་པའི་རང་བཞིན་མཉམ་པ་ཉིད་དུ་མཐོང་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཐོང་ལམ་ཡིན། དེ་ཡང་ཤེས་རབ་སྙིང་པོ་ནས། གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་སོ། །རྣལ་འབྱོར་པའི་དབང་དུ་བྱས་ན། སེམས་ཀྱི་ངོ་བོ་བག་ཙམ་ཞིག་མཐོང་བ་ནི་རྣལ་འབྱོར་པ་ཐ་མའི་མཐོང་ལམ་ཡིན། ངོ་བོ་སྤྲོས་བྲལ་ཙམ་དུ་མཐོང་བ་ནི་རྣལ་འབྱོར་པ་འབྲིང་གི་མཐོང་ལམ་ཡིན། སེམས་ཀྱི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བར་མཐོང་ནས་དེ་ལ་རྒྱུན་ཆད་མེད་པ་དེ། རྣལ་འབྱོར་པ་རབ་ཀྱི་མཐོང་ལམ་ཡིན། འོ་ན་སྣང་བ་འདི་ལ་སེམས་ཅན་དང་འཕགས་པ་དང་རྣལ་འབྱོར་པ་དང་སངས་རྒྱས་ལ་ཁྱད་ཅི་ཙམ་མཆིས་ཞུས་པས། སེམས་ཅན་གྱི་དུས་ན་དངོས་འཛིན་གྱི་སྣང་བ་བྱ་བ་ཡིན། འཕགས་པ་ལ་སྒྱུ་མའི་སྣང་བ་བྱ་བ་ཡིན། རྣལ་འབྱོར་པ་ལ་ཉམས་ཀྱི་སྣང་བ་བྱ་བ་ཡིན། སངས་རྒྱས་ལ་འོད་གསལ་གྱི་སྣང་བའམ། ཟུང་འཇུག་གི་སྣང་བ་བྱ་བ་ཡིན་གསུང་། འོ་ན་སྒྱུ་ལུས་དང་འོད་གསལ་དང་ཟུང་འཇུག་དང་ཕྱག་རྒྱ་ཆེན་པོ་ལ་ཁྱད་ཅི་མཆིས་ཞུས་པས། སྒྱུ་ལུས་ལ་མ་དག་པའི་སྒྱུ་ལུས་ཐ་མལ་དུ་འཛིན་པ་ཡིན། དག་པའི་སྒྱུ་ལུས་སངས་རྒྱས་ཀྱི་སྐུ་ཡི་སྣང་བ་ཡིན། འོད་གསལ་ལ་ཡང་སློབ་པའི་འོད་གསལ་ཏིང་ངེ་འཛིན་གྱི་ཆ་ཡིན་ཏེ། རྣལ་འབྱོར་པའི་དུས་ཡིན། མི་སློབ་པའི་འོད་གསལ་ནི་སངས་རྒྱས་ཀྱི་དུས་ལ་ཟེར་བ་ཡིན། ཟུང་འཇུག་ཀྱང་བསྐྱེད་རྫོགས་གཉིས། སློབ་པའི་ཟུང་འཇུག་ནི། རྣལ་༼༤བ༽འབྱོར་པའི་ཟུང་འཇུག་ལམ་ལ་གནས་པ་ཡིན། མི་སློབ་པའི་ཟུང་འཇུག་ནི་ཆོས་ཀྱི་སྐུ་དང་གཟུགས་སྐུ་གཉིས་དབྱེར་མེད་པ་སངས་རྒྱས་ཀྱི་དུས་ལ་ཟེར་བ་ཡིན། ཕྱག་རྒྱ་ཆེན་པོ་ལ་ཡང་ལམ་ལ་གནས་པའི་དུས་ན། ལམ་ཕྱག་རྒྱ་ཆེན་པོ་ཟེར་བ་ཡིན། འཁོར་འདས་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོར་རྟོགས་ནས་བླང་དོར་དང་བྲལ་བའི་དུས། མཐར་ཐུག་གི་ཕྱག་རྒྱ་ཆེན་པོ་བྱ་བ་ཡིན། དེ་དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་དེ་ཡིན་པས། སངས་རྒྱས་ལོགས་ནས་བཙལ་དུ་མི་རྙེད་དེ། དེ་གོང་མའི་དུས་སུ་གནས་ན་ལམ་གྱི་རྣལ་འབྱོར་ལ་གནས་པ་ཡིན། འོག་མའི་དུས་སུ་གནས་ན་སངས་རྒྱས་ཟིན་བྱང་ཆུབ་ཟིན། དེ་ལས་ལྷག་པའམ་གོང་ན་སངས་རྒྱས་པ་ཅིག་མེད་པས་ན་བདེ་བར་གཤེགས་པ་ཟེར་བ་ཡིན་གསུང་། འོ་ན་གཞན་དོན་བྱེད་པའི་དུས་ནམ་ལགས་ཞུས་པས། རོ་གཅིག་ཆེན་པོའི་རྟོགས་པ་རྒྱུད་ལ་སྐྱེས་ནས་སློབ་མ་འཁྲིད་དུ་ཉན་པ་ཡིན་ཏེ། འོན་ཀྱང་སྒོམ་མེད་ཀྱི་རྟོགས་པ་གཤའ་མ་དེ་མ་སྐྱེས་པར། མངོན་ཤེས་མི་འོང་། མངོན་པར་ཤེས་པ་དེ་མེད་པར། གཞན་གྱི་བློ་ཚོད་མཐོ་དམའ་དུས་ལ་བབ་མ་བབ་མི་ཤེས། སྒོམ་མེད་ཀྱི་རྟོགས་པ་སྐྱེས་ན། སྙིང་རྗེ་ཆེན་པོས་གཞན་དོན་ལ་བློ་འགྲོ་བ་དང་། རང་ཚེ་འདི་ཉིད་ལས་བློ་ལྡོག་པ་དང་། ཚེ་འདིའི་ལྟོས་ཐག་རྦད་ཆོད་ནས་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པར་ཤར་བའི་དུས་ན་གཞན་དོན་ཕུན་སུམ་ཚོགས་པ་འབྱུང་བ་ཡིན་གསུང་ངོ་། །འོ་ན་བླ་མ་རིན་པོ་ཆེའི་ཐུགས་ལ་འཁྲུངས་པ་འདི་གཏུམ་མོ་བསྒོམས་པ་ལས་བྱུང་བ་ལགས་སམ། ཕྱག་རྒྱ་ཆེན་པོ་བསྒོམས་པ་ལས་བྱུང་བ་ལགས་ཞུས་པས། ངའི་ཡོན་ཏན་རྒྱུད་ལ་སྐྱེས་པ་འདི་གདམས་ངག་བསྒོམས་པ་ཡང་ཡིན། དེ་བས་ཀྱང་བླ་མ་མི་ལ་ཅི་༼༥ན༽གསུང་བཀའ་བཞིན་བསྒྲུབས་ཤིང་མོས་གུས་བྱས་པའི་བྱིན་རླབས་ཀྱིས་བྱུང་བ་ཡིན། བླ་མ་ནཱ་རོ་པས་ཀྱང་བླ་མའི་བཀའ་བཞིན་དུ་མཛད་པས་མཆོག་ཐུན་མོང་གི་དངོས་གྲུབ་དུས་གཅིག་ཏུ་ཐོབ་པ་ཡིན་གསུང་། འོ་ན་སྔོན་བས་ད་ལྟ་ངོ་བོ་རྒྱུད་ལ་སྐྱེ་བ་སླ་བར་གདའ་བས་རྒྱུ་ཅི་ལགས་ཞུས་པས། དེ་སྔོན་ལ་སྐྱེས་པའི་རྣ་བ་བས། ཕྱི་ནས་སྐྱེས་པའི་རྭ་རིང་བ་ཡིན་པས་བླ་མའི་བྱིན་རླབས་དང་རྟོགས་པ་མཐོར་སོང་། སློབ་མ་མོས་གུས་ཆེར་སོང་བའི་སྟོབས་ཀྱིས་རྒྱུད་ལ་སྐྱེ་སླ་བ་ཡིན་གསུང་། ཇོ་བོ་ཁམས་པ་སྟོན་པ་ཁྱོད་འདྲ་བའི་ཆོས་དྲི་མཁས་པ་མ་བྱུང་གསུང་། འདི་ན་ཡང་རྟོགས་པ་མཐོ་བ་དང་དགེ་སྦྱོར་བཟང་བ་མང་དུ་ཡོད་དེ་གསུང་ངོ་། །སྒམ་པོ་ཟངས་ལུང་ཡང་དགོན་དུ། །རྗེ་རིན་པོ་ཆེ་སྙི་བ་ཆེན་པོ་ལ། །མདོ་འགག་རིན་ཆེན་འཕྲེང་བ་འདི། །ཞུས་པས་འགྲོ་རྣམས་མ་ལུས་པ། །གཉིས་མེད་ཡེ་ཤེས་རྒྱས་པར་ཤོག །ཚེ་འདིར་འཇའ་ལུས་ཆོས་སྐུ་ཐོབ་པ་ལ། །ཚེ་འདིའི་ཟང་ཟིང་ལྟོས་ཐག་རབ་སྤངས་ཤིང་། །དབེན་པའི་གནས་སུ་བླ་མ་ཡི་དམ་བརྟེན་ཚུལ་གྱིས། །རླུང་སེམས་གཉིས་མེད་ཕྱག་རྒྱ་ཆེ་ལ་སྦྱར་བར་བྱ། །དཔེ་དང་ཐ་སྙད་མང་པོས་འདི་ལ་དགོས་པ་མེད།། ༈ བླ་མ་རིན་པོ་ཆེ་ལ་ན་མོ། །བླ་མ་རཏྣ་བདག་གིས་འཁོར་འདས་གཉིས་རྩད་གཅོད་ཅིང་། ཆོས་ཉིད་ངོ་སྤྲོད་པ་ཅིག་ཞུ་བྱས་པས། བླ་མའི་ཞལ་ནས་འོ་ཅག་འཁོར་འདས་གཉིས་ཟེར་བ་དང་། སངས་རྒྱས་དང་སེམས་ཅན་གཉིས་ཟེར་བ་སྟེ། དེ་དོན་ཅི་ཡིན་ན། སེམས་ལ་རིག་པ་དང་མ་རིག་པ་གཉིས། རིག་པ་ངོ་ཤེས་མ་ཤེས་གཉིས་སུ་འདུག །རིག་པ་ངོ་ཤེས་ན་སངས་རྒྱས་ཟེར་བ་ཡིན་པས་རིག་པ་ཆོས་ཉིད་དུ་ངོ་སྤྲོད་པར་བྱ་༼༥བ༽ སྟེ། རི་ཁྲོད་ལ་སོགས་སྐྱོ་བ་སྐྱེ་ཞིང་ཉམས་འཕེལ་བ་ཡིད་དང་མཐུན་པའི་གནས་སུ་ཕྱིན་ལ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་ལ། ལུས་ལྷར་བསྒོམ། བླ་མ་སྤྱི་བོར་བསྒོམ། རང་གི་སེམས་རྣམ་རྟོག་གང་གིས་ཀྱང་མ་བསླད་པ། ཅི་ཡང་མ་ཡིན་པས་སེམས་གང་ཡང་མ་བཅོས་པ། གསལ་སིང་ངེ་ཡེ་རེ་སལ་ལེ་ཧྲིག་གེ་བཞག །དེ་ལྟར་བཞག་པས་ལ་ལ་ན་རེ། བསྒོམ་པའི་དུས་སུ་གསལ་སིང་ངེ་བ་ཞིག་འདུག་སྟེ། དེ་སྒོམ་ཡིན་ནམ་མིན་ཟེར་བ་འབྱུང་སྟེ། དེ་ཁོ་ན་རྩེ་གཅིག་གི་རྣལ་འབྱོར་བྱ་བ་ཡིན་ཏེ། དེ་ལ་བརྩོན་འགྲུས་བསྐྱེད་ནས་བསྒོམས་པས་དང་པོར་སེམས་འཕྲོ་བ་ཙུག་འདུག་ཀྱང་། རྟོག་པའི་བག་ཆགས་ཇེ་ཆུང་དུ་འགྲོ་བ་ཡིན། རྟོག་པ་ཆུང་དུ་སོང་བས་སེམས་ཉིད་ཇེ་དྭངས་ཇེ་དྭངས་ལ་འགྲོ་བ་ཡིན། དེས་སྒྲིབ་པ་ཐམས་ཅད་འཛད་པ་ཡིན། དུས་དེ་ཙམ་ན་བྱ་བ་ཐམས་ཅད་བཏང་ལ་བླ་མ་དང་། ཡི་དམ་ལ་སོགས་པ་ལ་གསོལ་བ་འདེབས་པ་དང་། མོས་གུས་དྲག་པོ་བྱེད་པ་དང་། བྱ་བ་བཏང་ནས་བསྒོམ་པ་ལ་བརྩོན་པ་སྐོམ་པ་ཆུ་འཐུང་བ་འདྲ་བ་ཅིག་དགོས་པ་ཡིན་ནོ། །དུས་དེ་ཙམ་ན་ང་ལ་སྒོམ་མི་འོང་སྙམ་པ་ཀུན་ལ་ཡང་། ནན་ཏན་བྱས་པས་འོང་གིན་འདུག །དང་པོ་ནས་བཏང་སྙོམས་སུ་ལྟེང་སིང་ངེ་བ་དེས་བག་མི་ཡོང་བར་འདུག །དེ་ལྟར་གསལ་སིང་ངེ་བ་བསྒོམས་པས་སྡིག་པ་ཟད་ནས་རྩེ་གཅིག་གི་རྣལ་འབྱོར་གཤའ་མ་ཞིག་ནང་ནས་རྒྱུད་ལ་སྐྱེ་སྟེ། ཤེས་པ་རྟེན་མེད་པ་གང་ལ་ཡང་མ་རེག་པར། སྤྲོས་པ་ཐམས་ཅད་དང་བྲལ་བ་རིག་པའི་ངོ་བོ་ཤུན་པ་བཤུས་པ་འདྲ་བའམ། ངོ་བོ་ལ་སྙིང་པོ་བཅུག་པ་ལྟ་བུ་ཅིག་འོང་སྟེ། དེ་ཙམ་ན་མ་རྙེད་པ་རྙེད་ངོ་མ་ཤེས་པ་༼༦ན༽ཤེས། དབུལ་པོའི་ལག་ཏུ་གཏེར་རྙེད་པ་ལྟ་བུར་ཟག་པ་མེད་པའི་དགའ་བ་རྒྱས་པ་འོང་སྟེ། སེམས་སྤྲོ་སིང་ངེ་དགའ་སིང་ངེ་བ་ཞིག་ཡོང་བ་ཡིན་ནོ། །དེ་ལ་ནན་ཏན་བསྐྱེད་ནས་བསྒོམས་པས་འཁྲུལ་པའི་རྟོག་པ་རྣམས་སངས། རྩོལ་སྒྲུབ་ཀྱི་ཉམས་ལེན་དང་བྲལ་ནས། རིག་པ་སྤྲོས་མེད་དུ་སོང་བས་སྤྲོས་བྲལ་གྱི་རྣལ་འབྱོར་ཞེས་བྱ་སྟེ། སྣང་བ་ལ་བློ་བཏང་ཡང་མི་འགྲོ་བར་སྣང་བ་དགག་སྒྲུབ་དང་བྲལ་བ་སྟེ། སྣང་བ་ཐམས་ཅད་ལུང་མ་བསྟན་དུ་འགྲོ་བ་ཡིན་ནོ། །དེ་ལ་བསྒོམས་པས་ཡུན་རིང་དུ་གནས་པས་དུ་མ་རོ་གཅིག་གི་རྣལ་འབྱོར་ཞེས་བྱ་བ་ནང་ནས་འཆར་ཏེ། རྣམ་རྟོག་གི་སྣང་བ་ལ་རིག་པས་སྒྲོ་འདོགས་གཅོད་མི་དགོས་པར། ཐམས་ཅད་སེམས་སུ་ཐག་ཆོད་པ་ཞིག་འོང་བ་ཡིན་ནོ། །དེ་ཙམ་ན་རང་རྐྱ་ཐུབ་པ་ཞིག་འོང་བ་ཡིན། དེ་ཡང་བློ་ཡར་ལྡན་དུ་འོང་སྟེ། སྣང་བ་འདི་སེམས་ཀྱི་རྣམ་འཕྲུལ་ཡིན་པར་ཤེས་པ་ཞིག་སྐྱེ་སྟེ། བསྒོམ་མི་དགོས་པར་སྣང་བ་འདི་རེས་སྒྱུ་མར་མཐོང་། རེས་སྟོང་པར་མཐོང་། རེས་རྟོག་པ་འཕྲོ་བ་ཙུག་བྱེད། རིག་པ་དང་སྟོང་པ་ངོ་སྤྲད་པའི་གནད་ཀས་ངོ་བོ་ལ་བློ་ལྷན་གྱིས་བཞག་ཙ་ན། རྟོག་པ་ཐམས་ཅད་གར་སོང་ཆ་མེད་ལ་འགྲོ་བ་ཡིན། དེ་ལ་ཡུན་རིང་དུ་སིང་ངེ་གནས་པས་བསྒོམ་དུ་མེད་པའི་རྣལ་འབྱོར་ཞེས་བྱ་བ་སྐྱེ་སྟེ། སྣང་བ་ཐམས་ཅད་ཆོས་ཉིད་འོད་གསལ་དུ་འཆར་རོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་རྣམ་རྟོག་སྐྱེས་པ་དང་། ཆོས་ཉིད་འོད་གསལ་དུ་ལྷག་གིས་ཤར་བ་དང་གཉིས་དུས་གཅིག་ཏུ་ལྷང་ལྷང་ཤར་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྣང་བ་དང་རྟོག་པ་ཆོས་ཉིད་རང་ཡིན་པའི་ཕྱིར་རོ། །རིག་པ་དང་ཆོས་སྐུ་རྡོ་རུས་ཕྲད་པའི་གནད་ཀས། བསྒོམ་མི་དགོས་༼༦བ༽ པར་ཆོས་སྐུར་ལྷང་ལྷང་འཆར་རོ། །དེ་ཙམ་ན་མཉམ་བཞག་དང་རྗེས་ཐོབ་མེད་པ་ཡིན་ཏེ། བསྒོམས་ཀྱང་འོང་ལ་མ་སྒོམ་ཡང་འོང་བའོ། །འགྲོ་འཆག་ཉལ་འདུག་ཅི་བྱས་ཀྱང་ཆོས་ཉིད་འོད་གསལ་རྒྱུན་ཆད་མེད་པར་གནས་སོ། །དེའི་དུས་རིག་སྟོང་གི་ངོ་བོ་ལ་ངེས་པའི་ཤེས་པས་ནང་དུ་བལྟས་པའི་དུས་སུ། ངོ་བོའི་དོན་དེ་ལ་གང་གིས་ཀྱང་མ་ཕོག་པ་ཡིན། ཕ་རོལ་ཏུ་ཕྱིན་པའི་སྨྲ་བསམ་བརྗོད་མེད་ཀྱིས་ཀྱང་མ་ཕོག །དབུ་མ་པའི་ངོ་བོ་ཉིད་ཀྱིས་སྐྱེ་མ་མྱོང་བྱས་པས་ཀྱང་མ་ཕོག །མ་ཧཱ་མུ་དྲས་བློ་ལས་འདས་པ་ཡིན་བྱས་པས་ཀྱང་མ་ཕོག །སེམས་ཙམ་པའི་ལྟ་བ་རང་རིག་རང་གསལ་ཡིན་བྱས་པས་ཀྱང་མ་ཕོག །ངའི་ཚིག་གིས་བརྗོད་པ་དེ་རྣམས་ཀྱིས་ཀྱང་ཡེ་མི་ཕོག །དེ་ངེས་པའི་ཤེས་པ་ཁ་ཕྱིར་བལྟས་པའི་དུས་སུ་ཚིག་ཙམ་དུ་མཚོན་ན་དེ་རྣམས་གང་དང་ཡང་མི་འགལ་བ་ཡིན། དེ་ཅིའི་ཕྱིར་ཞེ་ན། རིག་པ་དང་སྣང་བ་བཀག་པས་མི་ཁེགས། དེ་ཉིད་ཀྱི་དོན་སྟོང་པ་ཉིད་དེ་བསྒྲུབ་པས་མི་འགྲུབ། དེ་ཙམ་ན་ཚིག་དང་ཐ་སྙད་རྟོག་པའི་སྤྱོད་ཡུལ་མིན། ཕྱོགས་རེ་ནས་མཚོན་ན་གང་དང་ཡང་མཐུན། དེའི་དུས་སུ་མཉམ་བཞག་ཆེན་པོའི་རྣལ་འབྱོར་ཞེས་ཀྱང་བྱའོ། །བླ་མ་རིན་པོ་ཆེའི་ཐུགས་ཉམས་ལས་འཁྲུངས་པའི་ཆོས་ཡིན། ཉམས་སྐྱེས་པ་རྣམས་ལ་ངོ་སྤྲོད་པར་བྱེད་པ། ཐེ་ཚོམ་ཟ་བར་བྱེད་པ་རྣམས་ཀྱི་ཞུ་གཏུགས་བྱེད་པ་དང་། གེགས་སེལ་བར་བྱེད་པ་དང་། ངོ་བོ་རྣལ་མ་སྐྱེས་པ་རྣམས་ཀྱི་ཉམས་དང་སྲེ་བར་བྱེད་པ་རྫོགས་སོ།། །།བླ་མ་རིན་པོ་ཆེ་སྒམ་པ་པོ་ལ་རྗེ་རིན་པོ་ཆེ་ཕག་མོ་གྲུ་པས་ཞུས་ལན་གྱི་ཚུལ་དུ་ཞུས་པའོ།། ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རིན་པོ་ཆེ་ལ་ཁོ་བོས་ཕྱིས་ཆོས་ཞིག་ཞུས་པ་ནི། རིག་པ་༼༧ན༽ཤེས་པའི་སྒོ་ནས་ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་གཏན་ལ་ཕབ་སྟེ། རྟོག་པ་བཟང་པོ་སྐྱེས་ཀྱང་རྟོག་པའི་ཕྲེང་བར་གདའ། ཐབས་ལམ་ཟབ་མོ་བསྒོམས་ཀྱང་རྣམ་རྟོག་ཉིད་ལ་ཉིད་བཀལ་དུ་འདུག་སྟེ། བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་སྐྱེས་ཀྱང་། བླ་མ་བྱིན་རླབས་ཅན་དང་། གསང་སྔགས་ཀྱི་ཐབས་ལམ་ཟབ་མོ་ཁྱད་པར་ཅན་དང་། རང་གི་མོས་གུས་དང་། དཀའ་ཐུབ་འཛོམ་པའི་དུས་བཟང་པོར་སོང་བ་ཙུག་འདུག་ཀྱང་། སྐྱེས་བུ་ཆང་གིས་བཟི་བའི་དུས་ན་བསམ་བརྗོད་བྲལ་བའི་ཉམས་སྐྱེས་པའམ། གཞོན་ནུས་བདེ་བ་མྱོང་བའི་དུས་སུ་སྨྲ་བསམ་བརྗོད་མེད་ཀྱི་ཉམས་སྐྱེས་པའམ། བདེ་བ་ཐོབ་པ་དང་འདྲ་བར། ཞེ་སྡང་དྲག་པོ་ལ་སོགས་པ་རྐྱེན་དྲག་པོ་སྐྱེས་པའི་སྟོབས་ཀྱིས་རྐྱེན་མི་བཟློག་པའི་དུས་སུ་རྣལ་འབྱོར་པ་གྲོང་དུ་འཁྱམས་པས། འདོད་ཡོན་གྱི་མགོ་འཁོར་བའི་དུས་སུ་ཉམས་བཟང་པོ་ཐམས་ཅད་ཀྱང་། བཟི་སངས་པ་བཞིན་དུ་འགྲོ་བར་འདུག་པས་དེ་ཙམ་ན་ཆོས་ཀྱི་དོན་ལ་ངེས་པའི་ཤེས་པ་མ་སྐྱེས་ན། ཅིས་ཀྱང་མི་ཕན་པར་གདའ་བས། རྣལ་འབྱོར་རྣམ་པ་བཞིའི་རྩེ་གཅིག་གི་རྣལ་འབྱོར་གཤའ་མ་ཞིག་སྐྱེས་དུས་སུ། ངེས་པའི་ཤེས་པ་ཅི་འདྲ་བ་ཞིག་སྐྱེ་བ་ལགས། དེ་ནས་སྤྲོས་བྲལ་གྱི་རྣལ་འབྱོར་མ་ནོར་བ་ཞིག་སྐྱེས་པའི་དུས་སུ་ངེས་ཤེས་ཅི་འདྲ་བ་ཞིག་སྐྱེ་བ་ལགས། དེ་ནས་དུ་མ་རོ་གཅིག་གི་རྣལ་འབྱོར་མ་ནོར་བ་ཞིག་སྐྱེས་པའི་དུས་སུ་ངེས་པའི་ཤེས་པ་ཅི་འདྲ་བ་ཞིག་སྐྱེ་བ་ལགས། དེ་ནས་བསྒོམ་དུ་མེད་པའི་རྣལ་འབྱོར་མ་ནོར་བ་ཞིག་སྐྱེས་པའི་དུས་སུ་ངེས་པའི་ཤེས་པ་ཅི་འདྲ་བ་ཞིག་སྐྱེ་བ་ལགས་ཞེས་ཞུས་པས། ཞལ་༼༧བ༽ འཛུམ་མཛད་ནས། འོ་དགེ་བའི་བཤེས་གཉེན་གྱིས་ཆོས་གོ་བར་འདུག་གསུང་ནས། ངས་ནི་བླ་མ་དམ་པའི་དྲིན་གྱིས་བླ་མའི་ཡོན་ཏན་བ་སྤུ་ཉག་མ་བརྒྱར་གཤགས་པ་ཙམ་ཞིག་དགོས་ཏེ། ངེས་པའི་ཤེས་པ་བག་ཙམ་ཞིག་སྐྱེས་པ་དེ། འགྲོ་བ་ལ་ཕན་པའི་བསམ་པས་ངོ་བོ་རྗེན་པར་བཤད་ནས། རིག་པ་དང་སྟོང་པ་ངོ་སྤྲད་ཀྱང་། སྟོན་པ་ཀུན་དང་སྒོམ་ཆེན་མང་པོ་བྱོན་པ་རྣམས། ངེས་པའི་ཤེས་པ་མི་སྐྱེ་བར། ལོ་མ་དང་ཡལ་ག་འདྲ་བའི་ཚིག་ན་ཡ་མང་པོ་དང་། ཐབས་ལམ་ཞུ་ཟེར་བ་མང་པོ་འོང་བར་འདུག །དགེ་བའི་བཤེས་གཉེན་གྱིས་གོ་བར་འདུག་པས་འདི་ལྟར་ཡིན་པ་ལ། ཐུགས་ལ་ཟུང་ཞིག་གསུངས་ནས་གནང་བ་ནི། དེ་ལ་དང་པོ་རྩེ་གཅིག་གི་རྣལ་འབྱོར་མ་ནོར་བ་ཞིག་སྐྱེས་པའི་དུས། རང་གི་རིག་པ་འདི་རྣམ་རྟོག་གིས་མ་བསྐྱོད་པར་ཅིར་ཡང་མ་བཅོས་གང་ལ་ཡང་མི་སེམས་པར་བཞག་པ་སྟེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ཡིན་པས་ངེས་པའི་ཤེས་པ་སྐྱེ་དགོས། ཁ་ཅིག་དེ་ལྟར་སྐྱེས་ཀྱང་། ཡིན་པར་མ་ཤེས་པས། སྒོམ་དེ་དམིགས་གཏད་ཅན་ནམ། ཉམས་མྱོང་ཅན་ནམ། ཡང་ན་རྣམ་རྟོག་འགགས་སྣང་བ་ནུབ་ནས་རོ་བཞིན་དུ་འགྲོ་བར་འདུག་སྟེ། དེ་མིན་གསུང་། དེ་ནས་སྤྲོས་བྲལ་གྱི་རྣལ་འབྱོར་མ་ནོར་བ་ཞིག་སྐྱེས་པའི་དུས་སུ། གསལ་སྟོང་ལ་བློ་འབྱོངས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་ཀྱི་རྣམ་འཕྲུལ་ཡིན་ཏེ། སེམས་ཉིད་སྐྱེ་བ་མེད་པ་རྩད་ཆོད་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སར་དག་པའི་ངེས་པའི་ཤེས་པ་ལྷངས་ཀྱིས་སྐྱེ་དགོས། དེ་ལྟར་མཁའ་འགྲོ་མ་གུར་ལས། སེམས་བསྒོམས་པས་ནི་སངས་རྒྱས་ཏེ། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །༼༨ན༽སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་སོ། །དེ་ནས་དུ་མ་རོ་གཅིག་གི་རྣལ་འབྱོར་མ་ནོར་བ་ཞིག་སྐྱེས་པའི་དུས་སུ། སེམས་ཀྱི་སྣང་བ་རིག་པའི་རྩལ་རྣམ་རྟོག་སྣ་ཚོགས་སུ་འགྱུས་ཀྱང་གཉེན་པོ་གཞན་བརྟེན་མི་དགོས་པར་སེམས་ཀྱི་རྣམ་རྟོག་ཉིད་ལ་བདེན་པ་དང་རྟག་པར་མ་གྲུབ་པར་ངོ་བོ་ཉིད་ཀྱིས་མ་སྐྱེས་ཏེ། ཆོས་ཉིད་དུ་ངེས་པའི་ཤེས་པ་ལྷངས་ཀྱིས་སྐྱེ་དགོས། དེ་ནས་ཐ་མ་བསྒོམ་དུ་མེད་པའི་རྣལ་འབྱོར་མ་ནོར་བ་ཞིག་སྐྱེས་པའི་དུས་སུ། སེམས་ཀྱི་རྣམ་རྟོག་དང་བསྒོམས་པའི་ཉམས་དང་རྟོགས་པའི་ཤེས་རབ་རྣམས་ངོ་བོ་མཐོང་བའི་མཐུས་དབྱིངས་སུ་ཡལ་ཏེ། ཐ་མལ་གྱི་ཤེས་པ་མ་བཅོས་པ་ཆོས་ཉིད་དུ་ངོས་འཛིན་པ་ངེས་པའི་ཤེས་པ་ལྷངས་ཀྱིས་སྐྱེ་དགོས། དེ་ཡང་དང་པོར་རྩེ་གཅིག་གི་རྣལ་འབྱོར་བསྒོམ་པའི་དུས་སུ། བྱ་བ་ཐམས་ཅད་བློས་བཏང་ལ་ལུས་སེམས་ཁོང་གློད་ལ་སེམས་ནམ་མཁའ་ལྟར་འཕངས་བསྟོད། ས་གཞི་ལྟར་རྒྱ་བསྐྱེད། རི་བོ་ལྟར་ལྷུན་དབབ། མར་མེ་ལྟར་གསལ་གདོན། མན་ཤེལ་ལྟར་དྲི་མ་སྤངས་ཏེ། གསལ་སྟོང་རྟོག་པ་དང་བྲལ་བའི་སིང་ངེ་ཡེ་རེ་བཞག །དེའི་དུས་སུ་ཁམས་དང་འབྱུང་བའི་སྟོབས་ཀྱིས་རེས་གསལ་སིང་ངེ་བའི་ཉམས་སྐྱེ། རེས་སྟོང་སང་ངེ་བ་སྐྱེ། རེས་རྟོག་པ་འཕྲོ། རེས་རྟོག་གེ་བ་ཡང་ཡོད། རེས་ང་ལ་སྒོམ་མེད་སྙམ་པའི་ཡི་མུག་པའང་འོང་། ཇི་ལྟར་གྱུར་ཡང་སེམས་ཉིད་གསལ་སྟོང་དུ་མ་བཅོས་པར་སིང་ངེ་བ་ཁོ་ན་ལ་ནན་ཏན་དུ་བསྒོམ་མོ། །དེ་ཅི་ཞིག་ཙ་ན་རྩེ་གཅིག་རྣལ་འབྱོར་གཤའ་མ་དེ་ནམ་སྐྱེས་ཆ་མེད་པར་འཆར་ཏེ། དེ་ལ་ཉམས་ནི་ཤེས་པ་སྤྲོ་སིང་ངེ་དགའ་སིང་ངེ་བ། སྣང་བ་ལ་སྤྲོས་པ་བཏང་ཡང་མི་༼༨བ༽ འགྲོ་བར་གསལ་སིང་ངེ་གནས་པ་ཞིག་འབྱུང་ངོ་། །དེའི་དུས་སུ་ངེས་པའི་ཤེས་པ་ཞིག་སྐྱེ་སྟེ། ཆུ་མ་རྙོགས་པར་བཞག་པ་ལྟ་བུའམ། མེ་ཏོག་བཞིན་དུ་དྭངས་སིང་ངེ་སལ་ལེ་འབྱུང་སྟེ། རིག་པ་མ་བཅོས་པར་ཆོས་ཉིད་དུ་ངོ་འཕྲོད་པས་རེ་དོགས་ཐམས་ཅད་དང་བྲལ་ལོ། །དེ་ཉིད་སྤྲོས་བྲལ་གྱི་རྣལ་འབྱོར་ཡིན་ཏེ། དེ་ལ་བསྒོམས་པས་ཉམས་ནི་སྤྲོས་པའི་མཐའ་ཐམས་ཅད་རིག་པ་རང་གི་ཆོ་འཕྲུལ་ཡིན་པས། རིག་པ་གསལ་སྟོང་དུ་དག་ཙ་ན། རིག་པ་ལྷང་ངེ་ལྷན་ནེ་རྗེན་ནེ་ཅེ་རེ་བ་ཞིག་འབྱུང་། དེའི་དུས་སུ་ངེས་པའི་ཤེས་པ་ཞིག་སྐྱེ་སྟེ། སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པའམ། མན་ཤེལ་ཕྱིས་ནས་དག་པ་མཁར་གཞོང་དུ་བཞག་པ་བཞིན། སྤྲོས་པའི་མཐའ་ཐམས་ཅད་རིག་པའི་རྣམ་འཕྲུལ་ཡིན་ཏེ། རིག་པ་ངོ་ཤེས་པས་གསལ་དྭངས་སུ་དག་ཙ་ན། རིག་སྟོང་གསལ་དྭངས་སུ་ལྷག་གེ་བ་ཞིག་འབྱུང་ངོ་། །དེ་ལ་ཡུན་རིང་དུ་བསྒོམས་པས་དུ་མ་རོ་གཅིག་གི་རྣལ་འབྱོར་བྱ་བ་འཆར་ཏེ། དེ་ལ་ཉམས་ཤིག་འཆར་བ་ནི་བསྒོམ་པའི་བློ་བཏང་མི་དགོས་པར་ངོ་བོ་རང་གསལ་དུ་ཧྲིག་གེ་གནས། གཉེན་པོ་བརྟེན་མི་དགོས་པར་རྟོག་པ་མི་འབྱུང་། སྒྲོ་འདོགས་བཅད་མི་དགོས་པར་སེམས་གསལ་སྟོང་དུ་དག་པས། རྟོག་དཔྱོད་ཀྱི་བློ་མི་འཆར་རོ། །དེའི་དུས་སུ་ངེས་པའི་ཤེས་པ་ཞིག་སྐྱེ་སྟེ། ཉི་མ་ཤར་ཙ་ན་མུན་པ་རང་སར་དག་པ་བཞིན་དུ། རིག་པ་གསལ་སྟོང་དུ་དག་ཙ་ན། རྣམ་རྟོག་བཙལ་ཡང་མི་རྙེད་པར་དག་སིང་ངེ་འགྲོ་བའོ། །དེའི་དུས་ཤེས་པ་ཁ་ནང་དུ་བལྟས་པས། ངོ་བོ་གསལ་དག་ཆོས་ཉིད་ཀྱི་བདེ་བར་གསལ་སིང་ངེ་བ་དེ་མཉམ་བཞག་ཡིན་ལ། ཤེས་པ་ཕྱིར་བལྟས་པས་སྣང་བ་ལུང་མ་བསྟན་དུ་ལྟ་བ་དེ་རྗེས་ཐོབ་ཡིན། ༼༩ན༽ལར་མཉམ་རྗེས་མེད་པ་ཡིན། དེའི་དུས་བསྒོམ་དུ་མེད་པའི་སྒོམ་པ། བསམ་དུ་མེད་པའི་བསམ་གཏན། ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཞེས་བྱའོ། །དེ་ཡང་ཡུན་རིང་དུ་བསྒོམས་པས་བསྒོམ་དུ་མེད་པའི་རྣལ་འབྱོར་ཞེས་པ་སྐྱེ་སྟེ། དེ་ལ་ཉམས་ནི་སྟོན་ཀའི་ཉི་མ་གུང་གི་ནམ་མཁའི་དཀྱིལ་བཞིན་དུ། ཅིར་ཡང་མ་གྲུབ། གར་ཡང་མ་འགགས་པ། ཅི་ལ་ཡང་མི་གནས་གང་དང་ཡང་མཐུན། འདུ་འབྲལ་མེད་པར་སིང་ངེ་གནས་པའོ། །དེའི་དུས་སུ་ངེས་པའི་ཤེས་པ་ཞིག་སྐྱེ་སྟེ། ཐ་མལ་པའི་ཤེས་པ་མ་བཅོས་པ་འདི་གྲྭ་མ་ཆག་ཟུར་མ་ཉམས། རྒྱ་མ་ཞིག་པ། ཞི་ཆམ་ཆམ། བདེ་མལ་མལ། མ་བཅོས་མ་བསླད་པ། མ་བསྣན་མ་བྲི་བར་ཆོས་ཉིད་དུ་ལྷངས་ཀྱིས་ཤར་བའོ། །དེའི་དུས་སུ་སྣང་བ་དང་རིག་པ་བཀག་པས་མི་ཁེགས་པ་སྟེ། སེམས་ཉིད་ཀྱི་རྩལ་དུ་རང་སྣང་རང་ཤར་བའི་གནད་ཀས་སོ། །རྟོག་པ་དང་འཁྲུལ་པ་བཙལ་ཀྱང་མི་རྙེད་དེ། དེ་ཉིད་ཀྱི་ངོ་བོ་རང་སྟོང་རང་དག་པའི་གནད་ཀས་སོ། །ཆོས་ཉིད་བསྒྲུབས་པས་མི་འགྲུབ་སྟེ། བསྒོམ་དུ་མེད་ཅིང་རང་བཞིན་སྐྱེ་མ་མྱོང་བའི་གནད་ཀས་སོ། །གནས་པ་ལ་བཞག་པའི་ཐབས་མེད་དེ། བསྒོམས་ཚད་འཁྲུལ་པ་ཡིན་པའི་གནད་ཀས་སོ། །ཡང་ན་སྟོང་ཉིད་ངོ་བོ་བསྒོམ་དུ་མི་བཏུབ་པའི་གནད་ཀའོ། །མཉམ་བཞག་དང་རྗེས་ཐོབ་མེད་དེ་ཆོས་ཉིད་དེ་སྤང་ཐོབ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ཡང་ཧེ་བཛྲ་ལས། གཟུགས་མེད་མཐོང་བ་པོ་ཡང་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བ་མེད། །༼༩བ༽ ཅེས་པས་སོ། །ཡང་ཧེ་བཛྲ་ལས། སེམས་ཅན་སངས་རྒྱས་ཡིན་མོད་ཀྱང་། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་ཉིད། །ཅེས་སོ། །གང་ཞིག་ཡིད་ཀྱིས་མ་བསྒོམས་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཞེས་སོ། །ལར་དང་པོ་རྩེ་གཅིག་གི་རྣལ་འབྱོར་གྱི་དུས་སུ། འདུ་འཛི་སྤངས་ཤིང་བརྩོན་འགྲུས་བསྐྱེད་པ་གལ་ཆེ། དེ་ནས་སྤྲོས་བྲལ་གྱི་རྣལ་འབྱོར་གྱི་དུས་སུ་བཏང་སྙོམས་ལ་མ་ལུས་པར་ཤེས་པ་ངར་དང་བཅས་པ་གལ་ཆེ། དུ་མ་རོ་གཅིག་གི་རྣལ་འབྱོར་གྱི་དུས་སུ་གོ་ཡུལ་སྤྱིའི་རྣམ་པ་དང་མ་འདྲེས་པར་ནང་དུ་ཉམས་སུ་མྱོང་བ་གལ་ཆེ། བསྒོམ་དུ་མེད་པའི་རྣལ་འབྱོར་གྱི་དུས་སུ་ཉམས་མྱོང་གི་རྩི་ལ་མ་འབྱར་བ་གལ་ཆེ་གསུང་ངོ་། །ཉམས་ལ་མ་ཞེན་པ་ཞིག་དགོས་གསུང་། བླ་མ་རིན་པོ་ཆེའི་ཐུགས་ལས་འཁྲུངས་པའི་རྣལ་འབྱོར་ཆོས་བཞི་ཕྲ་རྒྱས་དང་བཅས་པ་ཁོ་བོས་ཞུས་ལན་གྱི་ཚུལ་དུ་ཞུས་པའོ།། ༈ །།ན་མོ་རཏྣ་གུ་རུ། མཉམ་མེད་རིན་པོ་ཆེ་ལ་འདུད། དང་པོ་ཞི་གནས་སྐྱེ་བར་བྱེད་པའི་རྒྱུ་བཞི། བླ་མའི་བྱིན་རླབས་ཀྱིས་སྐྱེ་བ་དང་། རྟེན་འབྲེལ་ལས་སྐྱེ་བ་དང་། ཚོགས་བསགས་པ་ལས་སྐྱེ་བ་དང་། སྡིག་པ་སྦྱངས་པ་ལས་སྐྱེ་བ་དང་བཞིའོ། །སེམས་ཀྱི་ངོ་བོ་མ་བཅོས་པ་མ་བསླད་པ་རྣལ་མ་གསལ་ལ་དག་པ་དུས་ཐམས་ཅད་པ་རྒྱུན་ཆད་མེད་པ་ཞིག་ཡིན་ཏེ། དེ་ལ་ཡང་གཉིས། སྣང་ལ་ངེས་པ་དང་སྣང་ལ་མ་ངེས་པའོ། །སྟོན་ཀའི་ནམ་མཁའ་ལྟ་བུ་དང་། སེམས་གཉིས་སུ་མེད་པར་རྟོགས་པ་དེ་སྣང་ལ་ངེས་པ་ཡིན། ཡར་སངས་རྒྱས་ལ་མི་རེ། མར་འཁོར་བ་ལ་མི་དོགས། གཞན་གྱིས་བསྒྱུར་ཡང་མི་འགྱུར་བ་དེ་སྣང་ལ་མ་༼༡༠ན༽ངེས་པ་ཡིན་ནོ། མ་ངེས་པའི་ཉམས་མྱོང་ལ་བཞི་སྟེ། ཞི་གནས་ཀྱི་བདེ་གསལ་མི་རྟོག་པའོ། །ཉམས་ལ་རེས་ཡོད་སྙམ་ལ་རེས་མེད་དམ་སྙམ་མོ། །མི་རྟོག་པས་རྒྱུ་བྱས་ནས་མར་ལྡོག་ཉེན་ཡོད། ཁམས་གསུམ་དུ་འཁོར་བའི་རྒྱུར་ཡང་འགྲོ་ཉེན་ཡོད། དང་པོ་སློབ་པའི་དུས་སུ་རིག་པ་གསལ་སིང་ངེ་དེ་ལ་སློབ། དེ་ཡང་ཤེས་པ་མ་ཡེངས་པ་ལ་སློབ། དེ་ཡང་རིག་པའི་ངོ་བོ་མ་ཡེངས་པ་ལ་སློབ་པར་བྱའོ། །དེ་ལ་གོམས་ཙ་ན་རང་ལ་ངེས་ཤེས་སྐྱེ་བ་ཡིན་གསུང་། སེམས་ཉིད་ཀྱི་ངོ་བོ་དེ་མ་ཤོར་བར་བྱས་ནས། རྣམ་རྟོག་སྟེ་ཅི་ཙམ་ཡང་འཕོ་བ་ཡིན་གསུང་། དཔེར་ན་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་། སྤྲིན་དང་ན་བུན་དང་ཁུག་སྣ་ལ་སོགས་པ་ཅི་ཙམ་ཡང་འོང་བ་ཡིན་གསུང་། ནམ་མཁའ་རང་ལ་དེངས་ནས་འགྲོ་བ་དང་འདྲའོ། །དེ་ཡང་རྣམ་རྟོག་གྲོགས་སུ་འགྲོ་བ་བྱ་བ་ཡིན། རྣམ་རྟོག་འཕྲོ་རུ་མ་བཏུབ་ན་སླར་ལ་ཐུ་བ་ཡིན་གསུང་། གཟུགས་མེད་དུ་སྐྱེ་ཉེན་ཡོད་གསུང་། ཡི་དམ་སྐད་ཅིག་གིས་རྫོགས་པར་བསྒོམ་དགོས་གསུང་། སྐད་ཅིག་དྲན་རྫོགས་ཀྱིས་འོད་གསལ་འབའ་ཞིག་བསྒོམ་པའོ། །དེ་ཡང་གསལ་སིང་ངེ་བ་དེ་ཉམས་མྱོང་ཡིན། དེ་ལ་མ་ཡེངས་པ་དེ་གནས་པ་ཡིན། ཤེས་རབ་ཀྱིས་བལྟས་པས་ཅིའི་ངོ་བོར་ཡང་མ་གྲུབ་པ་དེ་རྟོགས་པ་ཡིན། བླ་མ་རྟོགས་ལྡན་གྱིས་སློབ་མ་སྐལ་ལྡན་ཚེ་འདི་ཉིད་བློས་བཏང་བ་ཞིག་དང་ཕྲད་ན། བླ་མ་དེས་མ་སྨིན་པ་སྨིན་པར་བྱེད་པའི་དབང་བཞི་བསྐུར་ནས། སྨིན་པ་གྲོལ་བར་བྱེད་པའི་ལམ་བསྐྱེད་རྫོགས་གཉིས་ལ་སློབ་པ་ཡིན་གསུང་། བསྐྱེད་རིམ་ནི་ལྷའི་སྐུ་སྒྱུ་མ་ལྟར་བསྒོམ་པ་དང་། རྩ་རླུང་དང་སྤྲོས་པ་དང་བཅས་༼༡༠བ༽ པའི་རྫོགས་རིམ་ཡང་དེ་ཡིན་གསུང་། རྫོགས་རིམ་ནི་འོད་གསལ་སྟོང་ཉིད་མངོན་སུམ་དུ་གཟིགས་པ་དེའོ། །དེ་ལྟར་བསྐྱེད་རྫོགས་གཉིས་བསྒོམས་པས་ཡོན་ཏན་འབྱུང་སྟེ། དེ་ཡང་དབེན་པར་བསྒོམས་པ་ལས་འབྱུང་ངོ་། །ལུས་སེམས་བདེ་བ་འོང་སྟེ། ནང་དུ་རྟགས་ལྔ་འཆར། ཕྱིར་ཡང་ཡོན་ཏན་བརྒྱད་འབྱུང་སྟེ། ནང་ན་རྟགས་དང་ཡོན་ཏན་དུ་བ་ལྟ་བུ་བྱུང་ཙ་ན་རླུང་གི་སྣང་བ་འགགས་ཏེ་རླུང་དྷཱུ་ཏིར་ཚུད་པ་ཡིན་གསུང་། རྟགས་གཉིས་པ་ཤར་ཙམ་ན་སྣང་བ་ཐམས་ཅད་ཉམས་སུ་མྱོང་བ་འདི་ལྟ་བུ་འབྱུང་། སྣང་གྲགས་ཀྱི་ཆོས་སུན་དབྱུང་བ་གྲོགས་པོ་མཛའ་བོས་བསླུས་པ་ལྟ་བུ་འབྱུང་། འཇིག་རྟེན་པའི་བདེ་བ་ལ་ཡིད་མི་རྟོག་པ་མཁས་པས་འཇའ་ཚོན་མཐོང་བ་ལྟ་བུ་འབྱུང་། ཅིར་སྣང་བ་ཐམས་ཅད་ཆོས་ཉིད་དུ་སྣང་བས། གསེར་གླིང་ནས་ར་གན་བཙལ་ཀྱང་མི་རྙེད་པ་ལྟ་བུ་འབྱུང་། སྣང་གྲགས་ཐམས་ཅད་ཉམས་ལ་ཐིམ་པས། ལན་ཚྭ་ཆུ་ལ་ཐིམ་པ་ལྟ་བུའི་ཉམས་འབྱུང་། ཟབ་མོའི་ཆོས་ལ་དུངས་དུངས་བྱེད་པ་བུ་དང་ཕ་རིང་དུ་མ་ཕྲད་པ་ལྟ་བུ་འབྱུང་། རང་གིས་ཤེས་པ་ངོ་མཚར་སྐྱེས་ནས་དབུལ་པོས་གཏེར་རྙེད་པ་ལྟ་བུ་འབྱུང་། ཟབ་མོའི་ཆོས་མ་ལུས་པ་ཇི་བཞིན་ཤེས་པ་ཀ་ལི་ཀའི་ཕྲུག་གུ་ལྟ་བུ་འབྱུང་། མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་ལྷག་པར་སྐྱེ་བ། འདོད་ཆགས་ཅན་གྱིས་བུད་མེད་གཟུགས་མཛེས་པ་མཐོང་བ་ལྟ་བུ་འབྱུང་། དེའི་ཡོན་ཏན་ཉམས་སུ་བླངས་ཤིང་བསྒོམས་པ་དང་། མཆོག་གི་རྣལ་འབྱོར་པ་ཞེས་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་མངོན་དུ་འགྱུར་རོ། །དེ་ནས་སེམས་ཅན་གྱི་དོན་དུ་གཟུགས་སྐུ་གཉིས་འབྱུང་བར་འགྱུར་རོ། །གཉུག་མའི་༼༡༡ན༽སྙིང་པོ་འབྱུང་བ་ཞེས་བྱ་བ་རྫོགས་སོ།། །།ན་མོ་གུ་རུ། སེམས་ཉིད་འགྱུར་བ་མེད་པ། རྒྱུན་ཆད་མེད་པ། དུས་ཐམས་ཅད་པ་ཞེས་བྱ་སྟེ། འགྱུར་བ་མེད་པ་ནི་དབྱིབས་དང་ཁ་དོག་ཏུ་མ་གྲུབ་པས་འགྱུར་བ་མེད་པའོ། །རྒྱུན་ཆད་མེད་པ་ནི་རིག་པ་རྒྱུན་ཆད་མེད་པའོ། །དུས་ཐམས་ཅད་པ་ནི་དུས་འདི་ནས་ཡོད་འདི་ནས་མེད་བྱ་བ་མེད་དེ། མ་སྐྱེས་ཤིང་མི་འགགས་པའི་ཕྱིར་དུས་ཐམས་ཅད་པའོ། །སེམས་ཅན་གྲུབ་མཐས་བློ་མ་འགྱུར་བ་རྣམས་ལ་རྟོག་པ། གྲུབ་མཐས་བློ་བསྒྱུར་བ་རྣམས་ལ་རིག་པས་རྟོགས་པའི་དུས་སུ་ཡེ་ཤེས་སོ། །རང་རིག་གཞན་རིག་གཉིས་ནི། རང་རིག་ནི་རང་གི་རང་ངོ་ཤེས་པའོ། །གཞན་རིག་ནི་སྣང་བ་སྣ་ཚོགས་དཀར་དམར་དུ་སྣང་བ་ཐམས་ཅད་གཞན་ནས་མ་བྱུང་སྟེ། རང་གི་སེམས་སུ་ཤེས་པའོ། །ཡང་རྟོགས་ན་ཡེ་ཤེས་མ་རྟོགས་ན་མོ་ཧ། གོ་ན་རང་སེམས། མ་གོ་ན་གདོང་ཐོབ། བྱེད་ན་འབད་རྩོལ། མི་བྱེད་ན་ཤུགས་འབྱུང་། འདོད་ན་སྒྲུབ་དགོས། མི་འདོད་ན་རེ་དོགས་མེད་པ་འབྲས་བུའི་མཆོག་གོ། །།གུ་རུ་ན་མོ། བླ་མ་རིན་པོ་ཆེ་ལ། ཕྱག་རྒྱ་ཆེན་པོའི་གཞུང་རྣམས་ཀྱིས། ཆོས་ཉིད་དང་སེམས་ཉིད་གང་གཏན་ལ་འབེབས་པ་ལེགས་ཞུས་པས། བླ་མའི་ཞལ་ནས། དོ་ཧ་དང་། གསར་མ་སྐོར་གསུམ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་སྟོན་པའི་གཞུང་འདི་ཚོ། ཆོས་བཤད་པའི་བཤད་པ་པོ་རྣམས་ཀྱིས་ཀྱང་། ངོ་བོ་རྟོགས་པས་ངོ་བོའི་ཐོག་ཏུ་བཤད། གཞི་རྟོགས་པས་གཞི་ཐོག་ཏུ་བཤད། ངོ་བོ་རྟོགས་པས་ངོ་བོའི་ཐོག་ཏུ་གོ །གཞི་རྟོགས་པས་གཞི་༼༡༡བ༽ ཐོག་ཏུ་གོ །དོན་ལ་སེམས་ཉིད་ཀྱི་ངོ་བོ་སྟོང་པ་ཡིན་པ་ལ། གང་ཟག་གི་བློ་ཡི་དབང་གིས་སོ་སོར་གོ་བ་ཡིན་གསུང་། སྣང་སེམས་གཉིས་གཅིག་གམ་ཐ་དད་ཞུས་པས། སྣང་སེམས་གཉིས་གཅིག་ཡིན། སེམས་ལས་མ་གཏོགས་པའི་སྣང་བ་ལོགས་ན་མེད་གསུང་། སྣང་བ་ནི་སེམས་ཀྱི་འོད་དམ་སེམས་ཀྱི་ཆོས་ཉིད་ཡིན་པས། སེམས་རྟོགས་པའི་དུས་སུ་སྣང་བ་སྒྲོག་རང་བརྡལ་དུ་འགྲོ་གསུང་། སེམས་ཉིད་དང་ཆོས་ཉིད་གཅིག་གམ་ཐ་དད་ཞུས་པས། སེམས་ཉིད་དང་ཆོས་ཉིད་གཉིས་གཅིག་ཡིན་ཏེ། སེམས་ཀྱི་འོད་ཆོས་ཉིད་ཡིན་པས། སེམས་ཉིད་རྟོགས་པས་ཆོས་ཉིད་སྒྲོག་རང་བརྡལ་དུ་འགྲོ་སྟེ། དཔེར་ན་ཉི་མ་སོང་ནས་འོད་ཕྱིར་ཆད་པ་མི་སྲིད་དེ། ཉི་མའི་ཕྱིར་འོད་འགྲོ་བས་འགྲོ་ལྡོག་ངེས་པ་ཡིན། དེ་བཞིན་དུ་སེམས་ཉིད་གཅིག་པོ་རྟོགས་པས་ཆོས་ཉིད་རང་ཤུགས་ལ་རྟོགས་ཏེ་འོང་། སེམས་དག་པས་སྣང་བ་རང་ཤུགས་ལ་དག །དེས་ན་སྣང་བ་དང་སེམས་ཉིད་ལ་སོགས་པ་རང་སོར་བཞག་ལ། སེམས་ཀྱི་ངོ་བོ་འབའ་ཞིག་བསྒོམས་པས་ཆོག་གསུང་། སྣང་བ་དང་ཆོས་ཉིད་ཡུལ་དང་ཡུལ་ཅན་བོར་ནས། སེམས་ཉིད་ངོ་བོའི་ཐོག་ཏུ་བསྒོམ་ལགས་སམ་ཞུས་པས། བསྒོམ་པའི་དུས་སུ་ཆོས་དང་ཆོས་ཉིད་བློས་བཞག་ནས། སེམས་ངོ་བོའི་ཐོག་ཏུ་ཡེར་གྱིས་རྒན་མོ་མཛུབ་ཚུག་ཏུ་བསྒོམ་གསུང་། ཡང་ན་ཕྱི་ནང་སྣོད་བཅུད་ཐམས་ཅད་སེམས་ཉིད་དུ་གཏན་ལ་ཝལ་བ་ཅིག་ཕབ་ནས་དེ་ནས་དེའི་ཐོག་ཏུ་བསྒོམ། དེ་གཉིས་འདྲ། ཆོས་ཉིད་གཞིའི་ཐོག་ཏུ་བསྒོམས་ནས་ངོ་བོ་མ་རྙེད་པར་བསྒོམས་ཀྱང་སངས་མི་རྒྱ་གསུང་། རླུང་སེམས་གཉིས་གཅིག་གམ་ཐ་དད་༼༡༢ན༽ཞུས་པས། རླུང་སེམས་གཉིས་གཅིག་ཡིན། རླུང་གིས་གཡོས་པས་སེམས་ཀྱི་རྣམ་རྟོག་སྣ་ཚོགས་སུ་འཆར་བ་ཡིན། དེ་གཉིས་དེ་དང་གཞན་དུ་བརྗོད་དུ་མེད་པར་གནས་ཏེ། སེམས་རྟོགས་པའི་དུས་སུ་རླུང་རང་སར་དག་ནས་འགྲོ །གཉིས་མེད་རིག་སྟོང་ལྷན་ཅིག་སྐྱེས་པ་ཡིན་གསུང་། འཁོར་བ་ལ་ཐོག་མཐའ་ཡོད་དམ་མེད་ཞུས་པས། ཐོག་མཐའ་མེད་ཅིང་གཏིང་མཐའ་མེད་དེ། ཁམས་གསུམ་སྤྱི་བཙན་དང་གང་ཟག་དགོས་བཙན་གཉིས་ཀ་ལ་འཁོར་བའི་ནང་དུ་མ་འཁྲུལ་བྱ་བ་འདི་ཡིན་མེད། འོན་ཀྱང་གང་ཟག་དགོས་བཙན་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟིན་ཅིང་རྟོགས་ནས་སངས་རྒྱས་པའི་ཚེ་ན། མཐའ་ནི་ཡོད། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་མ་ཟིན་བར་དུ། འཁོར་བ་ལ་ཐོག་མཐའ་མེད་པ་ཡིན་པ་ལ། ལྷན་ཅིག་སྐྱེས་པ་དེ་གནས་པ་ནི་འཁོར་འདས་གཉིས་ཀ་ལ་ཁྱད་མེད་པར་གནས་པ་ཡིན་པས། དེ་ངོས་ཟིན་མ་ཟིན་གྱི་ཁྱད་ལས་མེད། སངས་རྒྱས་དང་སེམས་ཅན་ལ་ཁྱད་པར་གང་ཡང་མེད་གསུང་། འོ་ན་བསྒོམ་པའི་དུས་སུ་ལུས་ཀྱི་སྤྱོད་ལམ་ཇི་ལྟར་བགྱི་ཞུས་པས། སྤྱོད་ལམ་འདི་ལྟར་ཡིན་བྱ་བ་མེད་དེ། གང་བདེར་བསྒོམ་པ་ཡིན། སྤྱོད་ལམ་རྣམ་བཞི་གང་བྱེད་ཀྱང་། མཉམ་བཞག་རྗེས་ཐོབ་མེད་པར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བསྒོམ་གསུང་། འོ་ན་གཉིད་ཀྱི་བར་དུ་རྒྱུན་གྱི་རྣལ་འབྱོར་དུ་འགྲོའམ་ཞུས་པས། གཉིད་ཆུ་བོ་རྒྱུན་གྱི་བར་ཆད་དུ་མི་འགྲོ་སྟེ། ཧེ་བཛྲ་ལས། གཉིད་ནི་སྤང་བར་མི་བྱའོ། །ཞེས་གསུངས་པ་ཡིན་མོད། གཉིད་རྟོག་མེད་འོད་གསལ་ཆོས་སྐུ་ཡིན་ལ། གཉིད་མཐུག་པོའི་དུས་སུ་གསལ་ཆ་༼༡༢བ༽ མེད་པ་ཙམ་ལས། གཞན་རྣམ་རྟོག་མེད་པ་གཉིད་ཆོས་སྐུ་ཡིན། ལྷན་ཅིག་སྐྱེས་པ་མེད་པ་མ་ཡིན་ཏེ། མི་རྟོག་པ་དེ་ཀ་ཆོས་སྐུ་ཡིན། གཉིད་སྲབ་པའི་དུས་སུ་རྨི་ལམ་སྣ་ཚོགས་རྨི་བ་དེ། སྒྱུ་མ་ལྟ་བུའི་གཟུགས་སྐུ་རྣམ་གཉིས་ཡིན། གཉིད་མ་ལོག་ཙ་ན་བསྒོམ་པའི་དུས་དང་གཉིད་ཀྱི་དུས་སུ་འོད་གསལ་ཁྱད་མེད་པའང་འོང་། དེ་ལྟ་བུ་བྱུང་ན་གཉིད་མ་ལོག་པ་དང་ཁྱད་ཅི་ཡོད་དེས་ན་གཉིད་ཀྱིས་བར་ཆད་དུ་འགྲོ་བ་མིན་གསུང་། སྔོན་དུ་ཚད་མེད་པ་བཞི་བསྒོམ་འཚལ་ཞུས་པས། ངོ་བོ་སྐྱེས་པའི་ཉམས་དེ་རྒྱུན་མ་ཆད་པར་གནས་པ་ལ། ཚད་མེད་པ་བསྒོམ་མི་དགོས་ཏེ། སྟོང་ཉིད་བཏང་སྙོམས་ཆེན་པོ་བྱ་བ་ཡིན་པས། ཡོན་ཏན་ཡར་ལྡན་ཡིན་གསུང་ངོ་། །ངོ་བོ་རྟོགས་པའི་དུས་ན་ཟག་བཅས་ཀྱི་སྡོམ་པ་འཚལ་ལམ་མི་འཚལ་ཞུས་པས། བསླབ་པ་གསུམ་མམ་སྡོམ་པ་གསུམ་ལོགས་སུ་མི་དགོས། ཟག་མེད་ཀྱི་གཤིས་ལ་ཡར་ལྡན་དུ་ཚང་བ་ཡིན་གསུང་། སྟོང་ཉིད་སྙིང་རྗེ་ཅན་དུ་བསྒོམ་འཚལ་ལམ་མི་འཚལ་ཞུས་པས། དམིགས་པ་མེད་པའི་སྙིང་རྗེ་ཡར་ལྡན་དུ་ཡོད་པས། ཆོས་ལ་དམིགས་པ་དང་སེམས་ཅན་ལ་དམིགས་པ་གཉིས་ལོགས་སུ་མི་དགོས་ཏེ། དེ་གཉིས་ཀྱི་དོན་ཚང་བ་དང་དེ་གཉིས་བསྒོམ་པའི་ཡུལ་མི་དམིགས་པས། བསྒོམ་དུ་མེད་གསུང་། བྱང་ཆུབ་ཀྱི་སེམས་རྣམ་གཉིས་བསྒོམ་འཚལ་ལམ་མི་འཚལ་ཞུས་པས། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལོགས་སུ་བསྒོམ་མི་དགོས། དོན་དམ་བྱང་ཆུབ་ཀྱི་སེམས་རང་བྱུང་ལྷན་ཅིག་སྐྱེས་པ་ཡིན་པས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མི་དགོས། དེ་ལ་ཇོ་བོ་བཀའ་གདམས་པ་ཀུན་གྱི་ཞལ་ནས། སྟོང་པ་ཉིད་བསྒོམ་སྔས་ན་༼༡༣ན༽ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མ་འབྱོངས་པར་སྟོང་པ་ཉིད་དུ་བསྒོམས་པས་ཉན་ཐོས་སུ་གོལ་ནས། ཐམས་ཅད་མཁྱེན་པའི་ལམ་དུ་མི་འགྲོ་གསུང་སྟེ། ཉན་ཐོས་ལ་སྟོང་པའི་རྣམ་གྲངས་མ་ཡིན་པའི་དོན་དམ་པ་མེད་པས་ཉན་ཐོས་སུ་མི་འགྲོ། ཡང་ཁོང་གི་ཞལ་ནས། སངས་རྒྱས་ཀྱི་ཉན་ཐོས་ལ་སྟོང་པ་རྒྱ་ཆེན་པོར་གསུངས་པ་ཡོད་དེ། དེ་ནི་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་སྟེང་དུ་གནས་པས། སྤྲུལ་པའི་ཉན་ཐོས་རྣམས་ལ་གསུངས་པ་ཡིན་གྱིས། ཉན་ཐོས་རང་ཁ་མ་ལ་སྟོང་པ་རྒྱ་ཆེན་པོར་གསུངས་པ་མེད། རྣམ་གྲངས་ཀྱི་སྟོང་པ་དོན་དམ་པ་ལས་མི་རྟོགས། དེས་ན་དོན་དམ་གྱི་སྟེང་ན་གནས་པའི་དུས་སུ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཀུན་རྫོབ་ཙམ་བྱས་པའི་ཆོས་ཡིན་པས་དྲན་ཡུལ་དང་དམིགས་ཡུལ་དུ་བྱར་མི་རུང་སྟེ། བྱས་ན་སླར་ཡང་འཆིང་བ་ཡིན་པས། ཡིད་ལ་མི་བྱ་གསུང་། ཚོགས་རྣམ་པ་གཉིས་རྟག་ཏུ་བསག་འཚལ་ལམ་མི་འཚལ་ཞུས་པས། ངོ་བོ་རྙེད་པའི་རྒྱུན་གྱི་རྣལ་འབྱོར་ལ་གནས་པའི་དུས་སུ། ལུས་ངག་གི་དགེ་བ་དང་བསོད་ནམས་ཀྱི་ཚོགས་འདུས་བྱས་ཀྱི་དགེ་བའི་རྩ་བ་བྱ་མི་དགོས། ཇོ་བོའི་ཞལ་ནས། སྤྱིར་ནི་མཉམ་བཞག་སེམས་བརྟན་ན། །ལུས་ངག་དགེ་བ་གཙོར་མི་བྱ། །ཞེས་གསུངས་པ་དེ་ཡིན། གླང་པོ་རྙེད་ནས་རྗེས་མི་བཙལ། བརྩས་མ་བྱས་ནས་ཞིང་མི་བསྲུང་། འོ་ན་བསོད་ནམས་ཀྱི་ཚོགས་དེ་གཟུགས་སྐུ་གཉིས་ཀྱི་རྒྱུ་མ་ལགས་སམ། དེ་བཞག་པས་ཅང་མཆིའམ་ཞུས་པས། གཟུགས་སྐུ་གཉིས་ཐོབ་པར་བྱེད་པ་ལ་སྔར་གྱི་ཚོགས་བསགས་པ་དེས་ཆོག །སྔར་མ་བསགས་ན་བྱང་ཆུབ་ཀྱི་སེམས་སྐྱེར་མི་བཏུབ། ༼༡༣བ༽ དོན་དམ་སྐྱེས་པ་དེའི་སྔོན་དུ་བསོད་ནམས་སོང་བར་གསལ་བས་ངེས་མཆི་གསུང་། བསྐྱེད་རྫོགས་གཉིས་སྤེལ་འཚལ་ལམ་མི་འཚལ་ཞུས་པས། ངོ་བོ་རྒྱུན་ཆགས་ཀྱི་ཏིང་ངེ་འཛིན་བསྒོམས་པས། བསྐྱེད་རྫོགས་རིམ་གྱིས་པ་མི་དགོས་པ་ཡིན་མོད་ཀྱི། འོན་ཀྱང་རྣམ་སྨིན་ཤ་ཁྲག་གི་ལུས་མ་ཟད་བར་དུ། བསྐྱེད་རིམ་ལྷའི་རྣལ་འབྱོར་སྐད་ཅིག་གིས་སྒྱུ་མ་ལྟ་བུར་ཝལ་ཙམ་རེ་བསྒོམ་གསུང་། འོ་ན་བར་དོའི་ཆོས་ལོགས་སུ་བསྒོམ་འཚལ་ལམ་མི་འཚལ་ཞུས་པས། ངོ་བོའི་ཐོག་ཏུ་བསྒོམ་པ་ལས་བར་དོ་ལོགས་སུ་བསྒོམ་མི་དགོས། ངོ་བོ་དང་བར་དོའི་འོད་གསལ་ཐ་དད་མེད་པས། ད་ལྟ་དང་འཆི་ཀ་གཉིས་བར་དོ་ལོགས་སུ་བསྒོམ་མི་དགོས་གསུང་། འོ་ན་ད་ལྟ་ནས་སངས་རྒྱས་པའམ། ཡེ་ནས་སངས་རྒྱས་པ་ལགས་བཀྲེས་སྐོམ་ན་ཚ་ལ་སོགས་པ་འོང་བ་ཙུག་ལགས་བྱས་པས། སེམས་སངས་རྒྱས་ཡིན་ཡང་ན་ཚ་དང་གྲང་དྲོ་བཀྲེས་སྐོམ་ལ་སོགས་པས་སྡུག་བསྔལ་འོང་བ་དེ། རང་སེམས་རྣམ་སྨིན་གྱི་ལུས་ཀྱི་གོར་ཆུད་པས་ལེན་པ་ཡིན། སངས་རྒྱས་ལུས་ཀྱི་གོ་རར་ཚུད་པ་ཡིན་ཏེ། དཔེར་ན་ཁྱུང་སྒོ་ངར་ཚུད་པའམ། སེང་གེ་མངལ་རྒྱར་ཆུད་པ་དང་འདྲ་གསུང་། ཚེ་གཅིག་གིས་སངས་རྒྱས་ན་ད་ལྟ་ལམ་རྟགས་མི་གདའ་བ་ཙུག་ལགས་ཞུས་པས། བར་དོར་སངས་རྒྱ་བ་དེ་བཙན་ཐབས་སུ་སངས་རྒྱས་པ་ཡིན། ལམ་མ་བགྲོད་པར་ལམ་རྟགས་མི་འོང་གསུང་། ཡེ་ཤེས་རྒྱུན་ཆད་དམ་མ་ཆད་ཞུས་པས། ཡེ་ཤེས་རྒྱུན་མ་ཆད། གཟུགས་སྐུ་རྣམ་པ་གཉིས་ལ་མཁྱེན་པ་གཉིས་དང་ཡེ་ཤེས་ལྔ་ལ་སོགས་པ་ཡོད་པས། གཞན་དོན་དེ་ལས་༼༡༤ན༽འབྱུང་བ་ཡིན་གསུང་། ཆོས་སྐུ་ལས་གཟུགས་སྐུ་འཆར་བའི་དཔེ་དོན་ཆོས་གཞུང་ནས་མང་དུ་བཤད་མོད་ཀྱིས། འོན་ཀྱང་སེམས་ཀྱི་དབང་དུ་བྱས་ན། ད་ལྟའི་སེམས་གསལ་ལ་རྟོག་པ་མེད་པ་ཆོས་ཀྱི་སྐུ་དེ་ལས་སེམས་སྣ་ཚོགས་སུ་འཆར་བ་དེ་གཟུགས་སྐུ་ཡིན་གསུང་། འོ་ན་ངོ་བོ་བསྒོམས་པ་གཅིག་པུས་འོང་ལགས་སམ་ཞུས་པས། དོན་ཧྲིལ་གྱིས་དྲིལ་བ་ལ་ངོ་བོ་སྐྱེས་པའི་རྟོགས་ལྡན་གྱི་གང་ཟག་དེས་སེམས་མ་བཅོས་པའི་ངང་ལས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བསྒོམ་པ་ལས། གཞན་གང་ལ་ཡང་འཇུག་པར་མི་བྱ་གསུང་། རིན་པོ་ཆེས་གསུངས་པ་ལས་མ་ཕྲི་མ་བསྣན་པ་ཞུས་ལན་གནད་ཀྱི་མན་ངག་ཅེས་བྱ་བ། ཤཱཀྱའི་བནྡེ་རྡོར་རྒྱལ་གྱིས་ཞུས་པའོ།། ༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཆོས་རྗེ་སྒམ་པོ་པ་ལ་རྣལ་འབྱོར་ཆོས་གཡུང་གིས་ངོ་བོའི་ག་དར་ཞུས་པའི་ཞུས་ལན་ནས། སྔར་བྱས་པའི་སྡིག་པ་རྣམས་སྟོབས་བཞིའི་སྒོ་ནས་བཤགས་པ་དང་། ངོ་བོ་ཡུད་ཙམ་ཞིག་བསྒོམས་པ་གཉིས་འདག་འོལ་གང་ཆེ་ཞུས་པས། དེ་ངོ་བོ་ཡུད་ཙམ་ཞིག་བསྒོམས་པ་འདག་འོལ་ཆེ་གསུང་། འཇིག་རྟེན་བློས་བཏང་ནས་རི་ཁྲོད་འགྲིམ་པ་ལ་ལྟོ་གོས་དགོས་ན། ཀ་ཅ་བག་རེ་ཉ་ར་བྱའམ། བཅུད་ལེན་བྱའམ། ནོར་སྒྲུབ་སླ་བ་འདྲ་བྱའམ། ཐམས་ཅད་མི་བྱ་བར་ཤི་ན་ཡང་ཤི། བསྒོམ་ལགས་སམ་ཞུས་པས། དེ་ལ་བླ་མ་མི་ལའི་ཞལ་ནས། ཀ་ཅ་མེད་ན་སྤྲང་བའམ་གཞན་ལ་རེ་ན་སྒོམ་མི་འོང་གསུང་། རང་གི་འཚོ་བ་བག་ཙམ་ཉ་ར་བྱ་གསུངས་ཏེ། ཐམས་ཅད་བཞག་ནས་བསྒོམས་པ་རང་གིས་ཆོག །འཚོ་བ་མཁའ་འགྲོ་༼༡༤བ༽ ཐམས་ཅད་ཀྱིས་འཚོ་བ་སྦྱོར་བ་ཡིན། བཅུད་ལེན་ཡེ་མ་བྱེད་གྲུབ་པ་མེད། ནད་ལ་ཕན་པའི་དོན་དུ་ཅོང་ཞི་ཨེན་ཙམ་རེ་མ་གཏོགས་གཞན་མི་བྱ། ནོར་སྒྲུབ་སླ་བ་འདྲ་བག་ཙམ་བྱས་ཀྱང་འགལ་བ་མེད་གསུང་། གནས་གྲུབ་པ་ཐོབ་པའི་གནས་སུ་བསྒོམ་མམ། རི་སྟོང་བྲག་སྟོང་དུ་བསྒོམ་མམ། ལུང་ཞིག་ཞུ་ཞུས་པས། གནས་གར་བདེར་བསྒོམ། རང་དགའ་ན་རི་ལུང་མེད། མི་བདེ་བ་བྱུང་ན་ཡུན་ཐུང་དུ་བསྒོམ་གསུང་། ལུས་ངག་གི་དགེ་སྦྱོར་བྱེད་སྙིང་མི་འདོད་ན། ངོ་བོ་གཅིག་པུ་བསྒོམས་ན་ཙུག་མཆི་ཞུས་པས། བླ་མ་མི་ལའི་ཞལ་ནས། ལུས་ངག་གི་དགེ་བ་མི་བྱ་དགོས་སྙམ་ན་དགོས་བདོ་བ་ཡིན། དགོས་སྙམ་པ་དང་མི་དགོས་སྙམ་པ་དང་བྲལ་ན་མ་དགོས་པ་ཡིན་གསུང་། གཞན་དོན་རྒྱུད་བཅད་ནས་བསྒོམས་ན་ཞུས་པས། བསམ་པས་སེམས་ཅན་མ་སྤངས་པས་གཞན་སྣང་ལ་གཟུགས་སྐུ་རྣམ་གཉིས་འགྲུབ། སྦྱོར་བས་སྤངས་པས་ཆོག་གསུང་། ངོ་བོའི་ནང་དུ་སྐྱབས་སུ་འགྲོ་ན་ཆོས་ཉིད་ཐོབ་པའི་སྐྱབས་འགྲོ། སྡོམ་པ་ན་ཟག་མེད། སྙིང་རྗེ་ན་དམིགས་མེད། སེམས་བསྐྱེད་ན་དོན་དམ། དམ་ཚིག་ན་ཡེ་བསྲུངས་ཆེན་པོ་ཡར་ལྡན་ཡིན། གདམས་ངག་གཅིག་ཏུ་བསྡུས་ནས་བསྒོམ་གསུང་། ཀུན་གཞིའི་རྣམ་པར་ཤེས་པ་དང་ངོ་བོའི་ཁྱད་པར་ཅི་ལགས། གཞན་མ་ཚོ་མི་དགོས་སམ་ཞུས་པས། གཞན་མ་ཚོ་བྱས་ཀྱང་བརྫུན་བྱེད་པ་ཡིན། ཀུན་གཞིའི་རྣམ་ཤེས་ཀྱི་རང་བཞིན་ངོ་བོ་ཡིན། མ་རིག་པ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས་ལག་པའི་ལྟོ་རྒྱབ་དང་འདྲ། མ་རྟོགས་ཀྱི་བར་དུ་མ་རིག་པ་འཁོར་བའི་རྩ་བ་ཡིན། རྟོགས་པ་དང་ཡེ་ཤེས་དང་སངས་རྒྱས་ཀྱི་རྩ་བ་ཡིན་གསུང་། ངོ་བོ་རྩེ་གཅིག་ཏུ་ཡེ་རེ་བ་དང་། ༼༡༥ན༽རིག་པ་གྱུ་གྱུ་བ་གཉིས་གང་ཡིན་ཞུས་པས། དེ་གཉིས་ཀ་ཡིན། སེམས་ཅན་ཐམས་ཅད་ལ་ངོ་བོ་འདི་ཡིན་འདི་མིན་བྱ་བ་མེད། སྣང་བ་ཐམས་ཅད་སེམས། སེམས་ཐམས་ཅད་རིག་པ། རིག་པ་ཐམས་ཅད་ངོ་བོ་ཡིན་གསུང་། ངོ་བོ་བསྒོམ་པ་ལ་སྤྱོད་ལམ་ཅི་ཙུག་བསྒོམ། མིག་བཙུམས་པ་དང་མ་བཙུམས་པ་གཉིས་གང་ལགས་ཞུས་པས། སྤྱོད་ལམ་རྣམ་བཞི་གང་བྱེད་ཀྱང་བསྒོམས་པས་ཆོག །སྤྱོད་ལམ་ལ་ངེས་པ་མེད། མིག་བཙུམས་པ་དང་མ་བཙུམས་པ་འདྲ། དང་པོ་མ་བཙུམ་པས་བདེ་བ། འབྱོངས་ཙ་ན་བཙུམ་པ་བདེ་བ་གསུང་། ང་བདག་འཛིན་བློས་བཏང་ཟིན། ཚེ་གཞུག་འདི་ལ་རི་ཁྲོད་འགྲིམ་ངོ་བོ་བསྒོམ་པ་ཡིན། དེ་ལ་འདི་དགོས་བྱ་བའི་གདམས་ངག་ཡོད་ན་ཞུ། རྒྱ་ལ་གཉན་སར་བསྒོམས་པའམ། ལུང་སྟོང་དང་རི་སྟོང་དུ་འདྲེ་རྒོད་དང་འཕྲད་པའམ། བདུད་རིགས་དང་ཡི་དྭགས་ཀྱིས་བར་ཆད་བྱུང་ན། ཅི་ལྟར་བགྱི་ཞུས་པས། རི་ཁྲོད་དུ་ལྟ་བའི་གདེངས། བསྒོམ་པའི་གདེངས། ཡི་དམ་ལྷའི་སྙིང་པོའི་གདེངས་གསུམ་དང་ལྡན་པར་བྱ། དེ་ལས་ཅི་ཡང་མེད་ན། གཉན་སར་འདྲེ་རྒོད་ཀྱིས་བར་ཆད་རྩོམ་པ་བྱུང་ན། གནོད་པ་དེ་གང་ན་གནས་པ་ལ་གཏོར་མ་བྱིན་ལ། གནོད་པ་མ་བྱེད་བྱ། ཆོས་སྐྱོང་ལ་གཏོར་མ་བྱིན། བླ་མ་དང་དཀོན་མཆོག་དང་མཁའ་འགྲོ་ལ་གསོལ་བ་གདབ། སྙིང་པོ་མང་དུ་བཟླས་པས་བར་ཆད་མི་འོང་། སངས་རྒྱས་དང་འོ་སྐོལ་གྱི་བར་ན་གྲུབ་ཐོབ་མི་བཞི་ལས་མེད། དེ་རྣམས་ཀྱི་མཁའ་འགྲོ་མ་ཐམས་ཅད་སྒོམ་པའི་ཕྱི་ན་ཕར་ལ་ཁྱི་བཞིན་དུ་འགྲོ་ཞིང་འདུག་པས། སློབ་མ་སྒོམ་པ་ཅན་ལ་བར་ཆད་བྱུང་བ་མེད་གསུང་། ལྷ་འདྲེའི་གནོད་པ་བྱུང་ན་ངོ་བོ་བསྒོམ་པ་དང་། ༼༡༥བ༽ སྟོང་པ་སྟོང་ཉམས་ཅན་བསྒོམ་པ་གང་དགའ་ཞུས་པས། ངོ་བོའི་སྒོམ་ཁོ་ན་བསྒོམ་པའི་སྟེང་དུ་ལྷ་རྣམས་ཀྱང་མི་འགྲོ་བ་ཡིན་པས། འདྲེ་གདོན་ལ་སོགས་པས་མི་ཚུགས་ལ། སྟོང་པ་ནི་ལྷ་འདྲེས་ཀྱང་བསྒོམ་ཤེས། སྤྲུལ་པ་སྣ་ཚོགས་འགྱེད་ཤེས། ངོ་བོ་རྟོགས་མ་མྱོང་བས། ངོ་བོ་མི་ཤེས་པས་བསྒོམ་མི་ཤེས་ཏེ། ངོ་བོ་ལྷ་འདྲེའི་ཡུལ་དུ་མ་གྱུར་པས། ངོ་བོ་རང་བསྒོམ་པ་ཁོ་ན་དགའ་གསུང་ངོ་། །ངོ་བོ་བསྒོམས་པ་ལ་ཉམས་མྱོང་འོང་ངམ་མི་འོང་ཞུས་པས། འོང་སྟེ་ཉམས་མྱོང་གིས་ང་རྒྱལ་ཆགས་པ་ཡིན། འཇིག་རྟེན་གྱི་ཞེན་པ་ལིངས་ལ་ཐོངས་ནས་འོང་བ་ཡིན། ཆོས་གཞན་ཐམས་ཅད་ལ་དགོས་པ་མེད་པར་ཕྱི་ཤུན་དུ་འགྲོ་བ་ཡིན། རང་ལ་ཡིད་ཆེས་ཤིང་བློ་བདེ་ལྷན་གྱིས་འགྲོ་བ་ཡིན། ངོ་བོ་སྐྱེས་པའི་ཉམས་རྟོགས་དེ་ཚོ་འོང་བ་ཡིན་གསུང་། མཁྱེན་པ་གཉིས་དང་ཡེ་ཤེས་ལྔ་པོ་སངས་རྒྱས་པའི་དུས་ན་ཇི་ལྟར་མངའ་ཞུས་པས། དེ་ཚོའི་བཤད་པ་ཐམས་ཅད་བློས་བྱས་པའི་ཡོན་ཏན་ཡིན། འོ་སྐོལ་གྱིས་ཀྱང་བློས་བྱས་ནས་འབྲུ་མནན་ན། ཆོས་སྐུ་དང་གཟུགས་སྐུ་གཉིས་ཀ་ལ་སྦྱར་དུ་བཏུབ་སྟེ། དོན་ལ་སངས་རྒྱས་བྱ་བ་བློ་ལས་འདས་པ་ཡིན་གཟུགས་སྐུ་གཉིས་གཞན་ཁོང་རང་བློས་བྱས་པའི་ངོར་ཡོན་ཏན་དེ་ཚོ་སྣང་གསུང་། གཙོ་བོར་ཙོག་པུར་བྱས་ནས་ཕྱག་རྒྱ་མ་བྱས་པར་རླུང་བསྒོམས་ན་འོང་ངམ་མི་འོང་ཞུས་པས། དེ་ཡང་འོང་བ་འོང་སྟེ། སྨན་དཔྱད་ཀུན་ནས་དུས་རྟག་ཏུ་ཙོག་པུར་བསྡད་ན། རྒྱུ་མ་རུལ་ནས་འགྲོ་བར་བཤད། སྐྱིལ་མོ་ཀྲུང་ལ་ཡོན་ཏན་མང་པོ་ཡོད་པར་བཤད་པས། དེ་དགའ་བ་ཡིན་གསུང་། ངོ་བོ་རྟོགས་ཟེར་ཡང་མི་དགེ་བ་ལ་འཇུག་ཅིང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཆུང་བར་འདུག་ན། ངོ་བོ་མ་སྐྱེས་པ་ཡིན་བྱ་བ་བླ་མ་མི་ལས་གསུང་༼༡༦ན༽པས་དེ་ལྟར་ཡིན་གསུང་།། ༈ །།གུ་རུ་ན་མོ། ཕག་མོ་གྲུ་པས། བླ་མ་མང་པོ་ལ་གཏུགས་པའི་མཐར་གྱིས་ཆོས་ཐམས་ཅད་ཉམས་སུ་བླངས་ནས། ཕྱིས་རྗེ་སྒམ་པོ་པ་དང་གླེང་སློང་བྱས་པས། ཁྱེད་ཀྱི་དེ་ཡང་རྟོག་པ་ཡིན། དེ་ཡང་རྟོག་བཅས་ཡིན་བྱ་བ་ལན་མང་དུ་གསུང་སྐད། འོ་ན་ཕྱག་རྒྱ་ཆེན་པོ་དེ་ཇི་ལྟ་བུ་ཞིག་ལགས་ཤེས་ཞུས་པས། ཁམས་སྟོན་ཡང་དག་པར་ན་ཆོས་ཕྱག་རྒྱ་ཆེན་པོ་དེ་འདི་ཡིན་གསུངས་ནས། ཕྱི་རྣམ་པར་རྟོག་པའི་ཡུལ་ལ་མི་འཕྲོ་བ། ནང་ཤེས་པ་བྱིང་རྨུག་ཏུ་མ་སོང་བ། རིག་པའི་གོ་མ་འགགས་པ། ངོ་བོ་ཉིད་ཀྱི་རིག་སྟོང་རྩ་བྲལ་དུ་དྭངས་སིང་བ་རྟོགས་པ་འདི་གསུངས་པས། བླ་མ་ཕག་མོ་གྲུ་པས་ཆོས་འདི་ཡིན་བྱ་བའམ། འདི་མིན་བྱ་བའི་བརྡ་ཐམས་ཅད་དང་བྲལ་བ་ཞིག་ཏུ་རྟོགས་པས་ལངས་མ་ནུས་པ་ལ། བླ་མའི་ཞལ་ནས་ལངས་ནས་འོང་གསུང་། དེ་གོང་གི་བླ་མ་ཀུན་ཅི་རེད་ན་བྱ་བ་ལན་འགའ་གསུང་སྐད། རྗེའི་ཞལ་ནས་ཕྱག་རྒྱ་ཆེན་པོ་བློ་ལས་འདས་པ་བྱ་བ་ཡང་དེ་རང་ཡིན་ནོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །བྱ་བ་དེ་ཀ་ཡིན། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །བྱ་བ་དེ་ཀ་ཡིན། མཐར་ཐུག་གི་དོན་ལ་དམིགས་གཏད་མེད་བྱ་བའང་དེ་ཡིན། རིག་པའི་ངོ་བོ་སྒོམ་དུ་སོང་ནས་དྲན་པ་ལ་བློ་གཏད་མི་དགོས་པར་འདུག །སྒོམ་བྱ་བ་ཕར་བློས་གཏད་བསྒོམ་མི་དགོས་པར་གདའ། སྒོམ་ཁོ་རང་གིས་ཚུར་སྐུལ་ནས་འོང་བར་འདུག་སྐད། བླ་མ་ཕག་མོ་གྲུ་པའི་ཞལ་ནས། ནམ་མཁའ་ལ་མཐའ་དབུས་མེད། བེར་ཀ་ལ་མགོ་མཇུག་མེད། ལྷམ་སྒྲོག་བཅིངས་ནས་སྐྱས་གཞུག་རྫོགས། བློ་འདས་ཀྱི་རྣལ་འབྱོར་པ་དེ་ང་ལ་འོང་བར་འདུག །བློ་ལ་ལྷག་མ་མེད་པའི་དགེ་བའི་རྩ་བ་དེ་ཕྱག་རྒྱ་ཆེན་པོ་རྟོགས་པ་༼༡༦བ༽ ལ་ཟེར་བར་འདུག །སེམས་ཉིད་ལ་རང་བྱན་ཚུད་ཙ་ན་གཞན་དོན་ཡོང་བ་ཡིན་པར་འདུག །ད་ང་ཁམས་སུ་འགྲོ་དོན་མི་འདུག་གསུང་སྐད།། ༈ །།བླ་མ་རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཚེ་ལ་ལོང་མེད་མྱུར་དུ་འཆི་བས། འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་མ་ཆགས་པ་ཞིག་དགོས། འགྲོ་བ་རིགས་དྲུག་གར་སྐྱེས་སྐྱིད་མེད་ཅིང་། སྡུག་བསྔལ་གྱི་ཕུང་པོར་ཤེས་པས། འཁོར་བ་མཐའ་དག་ལ་མ་ཆགས་པ་ཞིག་དགོས། ཆོས་ཐམས་ཅད་ཀྱི་རྩ་བ་སྙིང་རྗེ་ཡིན་པས། དུས་ཐམས་ཅད་དུ་སེམས་ཅན་བློས་མི་གཏོང་བ་ཞིག་དགོས། ཆོས་ཐམས་ཅད་མ་སྐྱེས་ཤིང་སྐྱེ་བ་མེད་པར་ཤེས་པས། གང་ལ་ཡང་དངོས་པོ་དང་མཚན་མར་མི་འཛིན་པ་ཞིག་དགོས་གསུང་། དེ་རྣམས་རྒྱུད་ལ་སྐྱེ་བ་ལ་བླ་མ་དང་། ཇོ་བོ་དཀོན་མཆོག་གསུམ་ལ་དད་པ་དང་གུས་པའི་སྒོ་ནས་མཆོད་པ་དང་། གསོལ་བ་འདེབས་པ་རྒྱུན་མ་ཆད་པར་བྱེད་དགོས་གསུངས་པས་ན། དེ་ཡང་རང་ལ་ཡོད་པ་རང་གིས་མྱོང་བར་བྱ་དགོས་པ་དང་། རང་ལ་ཡོད་པར་རང་གིས་རྟོགས་པར་བྱ་དགོས་པ་དང་། རང་ལ་ཡོད་པ་རང་གིས་ཐོབ་པར་བྱ་དགོས། དེའི་ངོ་བོ་ནི་སེམས་མ་བཅོས་པ་གཉུག་མའི་དོན་ཡིན་ཏེ། རང་བྱུང་མ་བཅོས་པ་དེ་ལ་ངེས་པ་ཐོབ་ནས། དེ་ཡང་སོ་མར་གཞག །རྟེན་མི་བཅའ་བར་གཞག །རང་དགར་གཞག །ལྷུག་པར་གཞག །བླང་དོར་མེད་པར་གཞག །དམིགས་གཏད་མེད་པར་མི་བཅའ་བར་གཞག །སིང་ངེ་གཞག །ལྷང་ངེ་ལྷན་ནེ་གཞག །བཅས་བཅོས་མི་བྱ་བར་རང་ཤུགས་སུ་གཞག་གོ །ཐབས་ནི་སྐྱིལ་ཀྲུང་ལེགས་པར་བཅའ། །མིག་སྣ་རྩེར་ལེགས་པར་དབབ། ལྕེ་རྐན་ལ་སྦྱར། མགྲིན་པ་ཨེན་ཙམ་དགུག་སྟེ། ཤེས་པ་སྔ་མ་ནི་འདས། ༼༡༧ན༽ཕྱི་མ་ནི་མ་སྐྱེས། ད་ལྟ་བ་ལ་ངོས་བཟུང་མེད་པར་བྱ། དེ་ཡང་སེམས་དང་སེམས་ལས་བྱུང་བ་གཉིས། ཕྲ་བ་དང་རགས་པའོ། །ཕྲ་བ་ནི་དགེ་མི་དགེ་ལུང་དུ་མ་བསྟན་པའོ། །སེམས་ནི་རིག་པ་མ་བཅོས་པ་དེ་ཡིན། དེ་དང་པོ་གང་ནས་བྱུང་། ངོ་བོ་ཅིར་འདུག །ཐ་མར་གར་འགག་ལྟོས་དང་། དང་པོ་གང་ནས་ཀྱང་འོང་བ་མེད། བར་དུ་དབྱིབས་དང་ཁ་དོག་ཏུ་གྲུབ་པ་མེད། ཐ་མ་གང་དུ་ཡང་འགག་པ་མེད་པས། དེ་ལྟར་ཡང་དང་ཡང་དུ་བསྒོམ་མོ། །དེ་ལྟར་བསྒོམས་པས་སྣང་བ་སེམས་སུ་འཆར། སེམས་ཉིད་སངས་རྒྱས་སུ་འཆར་གསུང་། སྣང་བ་སེམས་སུ་ཤེས་པས་གཉིས་སྣང་དུ་མ་སོང་། སེམས་ཉིད་རིག་པར་ཤེས་པས་བེམ་པོར་མ་སོང་། རིག་པ་སྟོང་པར་ཤེས་པས་མཚན་མར་མ་སོང་། སྟོང་པ་བདེ་བར་ཤེས་པས་སྡུག་བསྔལ་དུ་མ་སོང་། བདེ་བ་རང་སེམས་ཡིན་པས་གཞན་སྣང་དུ་མ་སོང་། སེམས་ལ་ངོས་བཟུང་མེད་པས་དམིགས་པ་དང་མ་དམིགས་པ་མེད་པས་ཕྱག་རྒྱ་ཆེན་པོ་ཡིན། རྗེ་བཙུན་གྱི་གསུང་ལན་ནོ། །རྗེ་ཕག་མོ་གྲུ་པའི་ཞུས་ལན་རྫོགས་སོ།། །།
