| / Mahamudra / Gampopa |
Gampopa's collected works (26)
༼༡ན༽ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། རྣམ་རྟོག་དོན་དམ་གྱི་ངོ་སྤྲོད་བཞུགས། །
༼༡བ༽༄༅། །ན་མོ་གུ་རུ་རཏྣ་བྷྱཿ རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ཡར་སངས་རྒྱས་ལ་རེ་བ་མེད་དེ། སྐུ་གསུང་ཐུགས་རང་ལ་ཡོད་པའི་ཕྱིར་རོ། །མར་འཁོར་བ་ལ་དོགས་པ་མེད་ཅིང་སྤང་དུ་མེད་དེ། ཤེས་རབ་ཀྱི་བུད་ཤིང་ཡིན་པའི་ཕྱིར་རོ། །དགེ་བཤེས་ལྕགས་རི་བའི་བླ་མ་རྣམ་གཉིས་ཀྱི་གདམས་ངག་ཡིན་ཏེ། སྒོམ་ཆེན་དེ་བསྒོམ་པའི་དུས་སུ། རྣམ་པར་རྟོག་པ་འབྱུང་སྟེ། ཕྲད་འཇོམས་པ། ཕྱི་བསྙགས། མེད་སྤྲུལ་པ་རྣམ་པ་གསུམ་མོ། །དང་པོ་རྣམ་རྟོག་བྱུང་མ་ཐག་སྐྱེ་མེད་དུ་ཆོད་པ་ནི། ཕྲད་འཇོམས་པ་བྱ་བ་ཡིན། ཕྲད་མ་ཐག་མ་ཆོམས་ན། ཕྱི་བསྙག་གསུང་། རྣམ་རྟོག་དེ་གང་ནས་བྱུང་། དེ་སེམས་ལས་བྱུང་། སེམས་སུ་ཐིམ། སེམས་དང་གཉིས་ཐ་མི་དད་དེ། ཕྱི་བསྙག་བྱ་བ་ཡིན་གསུང་། མེད་སྤྲུལ་པ་ནི། གང་ཤེས་པ་ལ་ལྕི་བ། ཉམས་ལ་མི་བདེ་བ་ཅིག་མེད་སྤྲུལ་པ་ཡིན་ཏེ། འོ་སྐོལ་རབ་ཏུ་བྱུང་བ་ལ་རྩ་བཞི་ཤེས་དགོས་པ་ལྕི་སྟེ། དེ་ཉིད་མེད་སྤྲུལ་ཏེ། ༼༢ན༽དེ་རྣམ་པར་རྟོག་པ་ཡིན། རྣམ་རྟོག་དེ་སེམས་ཡིན། སེམས་སྐྱེ་མེད་ཡིན་གསུང་། དཔེར་ན། ནགས་ལ་མེ་ཤོར་ན། མེ་ཆུང་ངུ་རླུང་གིས་འཆི་བ་ཡིན། ནགས་ཚལ་ཆེན་པོ་ཚིག་ཙམ་ན། རླུང་ཡང་གྲོགས་སུ་འགྲོ །ཤིང་མང་པོ་ཡང་དག་པ་ཚོགས་ནས་མེ་ལ་དམག་འདྲེན་པ་ལ། མེ་ན་རེ། ད་རུང་ཁྱེད་རང་མང་དུ་སྤུངས་དང་། ཁྱོད་ཇི་ལྟར་མང་བ་བཞིན། བདག་དགའ་བ་ཡིན་ཟེར་ལ། དེ་བཞིན་དུ་རྣམ་རྟོག་མང་བ་བཞིན། ཤེས་རབ་ཀྱི་གྲོགས་སུ་འགྲོ་གསུང་ངོ་།། ས་རྡོ་ཚུན་ཆད་གྲོགས་སུ་འགྲོ། དེ་བཞིན་དུ། རྣམ་རྟོག་ཇི་ལྟར་མང་བ་བཞིན་ཤེས་རབ་ཀྱི་གྲོགས་སུ་འགྲོ་གསུང་། མཚོ་ལ་ཁ་བ་བབ་པ་དང་འདྲ་སྟེ། བབས་མ་ཐག་ཏུ་རོ་གཅིག་ཏུ་འགྱུར་རོ། །དེ་བཞིན་དུ་རྣམ་རྟོག་བྱུང་མ་ཐག་ཏུ་ལྷན་ཅིག་སྐྱེས་པར་རོ་གཅིག །སྔར་འདྲིས་པའི་མི་ཕྲད་ཕྲད་པ་དང་འདྲ་སྟེ། སྔར་འདྲིས་ཀྱི་མི་དང་ཕྲད་ཙ་ན། ཡིན་མིན་རྟོག་དཔྱོད་བྱ་མི་དགོས། དེ་བཞིན་དུ། རྣམ་རྟོག་ལ་རྟོག་དཔྱོད་བྱ་མི་དགོས་པར་སྐྱེ་མེད་དུ་ངོ་ཤེས་གསུང་། དེ་ནི་དགེ་བཤེས་ལྕགས་རི་བའི་ཡིན། བླ་མ་མི་ལའི་ཞལ་ནས། རྣམ་པར་རྟོག་པ་དེ་ནི། དགོས་པ། སྐུ་དྲིན་༼༢བ༽ཅན། མེད་དུ་མི་རུང་བ། ཡོན་ཏན་ཐམས་ཅད་ཁོ་རང་ལ་རང་ཆས་སུ་ཡོད་པ་ཡིན་གསུང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་བཞིའི་ཏིང་ངེ་འཛིན་ལ་བརྟེན་ནས། འོད་གསལ་གྱི་རྩལ་སྦྱང་བ་ཡིན་གསུང་། གསང་སྔགས་ཀྱི་དབང་དུ་བྱས་ན། བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ལོག་ནས་ཀྱང་། བསྐྱེད་པའི་རིམ་པ་ལ་བརྟེན་ནས་རྩལ་སྦྱང་བ་ཡིན་གསུང་། སྒོམ་ཆེན་པ་རྣམ་རྟོག་སྐྱོན་དུ་མི་ལྟ་བར། རྟོགས་པ་ལ་དབང་ཐོབ་པ་ཅིག་དགོས་གསུང་། འོ་ན་རྟོགས་པ་ལ་དབང་ཐོབ་པའི་སྒོམ་ཆེན་པ་དེ་ལ་ན་བ་འོང་ངམ་ཞེ་ན། འོང་སྟེ། བྱུང་མ་ཐག་ཏུ་ན་བ་རྣམ་པར་རྟོག་པ་ཡིན། རྣམ་པར་རྟོག་པ་སེམས་ཡིན། སེམས་དེ་ལྟར་སྐྱེ་མེད་དུ་རྟོགས་པ་ཅིག་མཆི། དེ་ལ་འཆི་བ་འོང་སྟེ། སྐྱེ་བ་མེད་པའི་གནད་ཀས་འཆི་བ་ཡང་སྐྱེ་མེད་དུ་ཤེས། གལ་ཏེ་དམྱལ་བའི་སྣང་བ་ལྟ་བུ་ཤར་ཡང་། འདི་རྣམ་པར་རྟོག་པ་ཡིན། རྣམ་པར་རྟོག་པ་སེམས་ཡིན། སེམས་སྐྱེ་བ་མེད་པ་ཡིན་སྙམ་པ་འོང་སྟེ། དར་གྱི་ཕོ་ལོང་བརྡབ་པ་ཙམ་གསུང་། སེམས་ཀྱི་ངོ་བོ་ལ་རེས་འགའ་ཐ་མལ་གྱི་ཤེས་པ་བྱ་བར་མིང་བཏགས་ཏེ། དེ་ཐམས་ཅད་གཅིག་ཡིན་གསུང་། རེས་འགའ་གཉུག་མ་བྱ་བར་མིང་བཏགས་ཏེ། དེ་ཆོས་ཉིད་གཅིག་ཡིན་གསུང་། དོན་ལ་ངོ་བོ་བྱ་བ་ཡིན་ཏེ། མེད་པ་མ་ཡིན་པའི་དོན་ཏེ། སངས་རྒྱས་ལ་གསལ་གསུང་། གངྒཱས་རྣལ་འབྱོར་པ་ལ་རང་ཤུགས་ཀྱིས་འབྱུང་གསུང་། བསྒྲིམས་པས་འོང་དུ་རེ་སྟེ། བསྒྲིམས་པས་མི་མཆི། གློད་པས་མི་མཆི། འོ་ན་ཇི་ལྟར་བྱས་ན་མཆི། རྣལ་འབྱོར་མ་གངྒཱ་དྷ་རས་གསུང་པ་དེ་ཡིན། དེའི་ལོ་རྒྱུས་ཀྱི་དབང་དུ་བྱས་ནས། རྣལ་འབྱོར་པ་གཅིག་གིས་བསྒོམས་པས། བདེ་གསལ་མི་རྟོག་པ་བྱུང་། ལུས་རས་བལ་གྱི་འདབ་མ་བཞིན་དུ་༼༣ན༽ཡང་བ་བྱུང་། སྣང་བ་འོད་ཀྱི་གོང་བུ་ལྟར་མཐོང་ནས། བླ་མ་ལ་འདི་ལྟར་བྱུང་ཞེས་བརྗོད་པས། བླ་མའི་ཞལ་ནས། ཐོས་བསམ་བྱས་པ་དེ་ཐམས་ཅད་ཀྱིས་དང་པོའི་ཤེས་པ་དེ་རང་ཚོལ་བ་ཡིན། ཞེས་གསུངས་པས། ཁོས་མ་གོ་ནས་ལོག་ནས་ཕྱིན་པ་དང་། རྣལ་འབྱོར་མ་གངྒཱ་དྷ་རའི་ཞལ་ནས། གར་ཕྱིན་གསུངས་པས། ངས་བླ་མའི་དྲུང་དུ་ཕྱིན་པ་ལ། བླ་མའི་ཞལ་ནས་རིགས་ཀྱི་བུ། ཡུལ་ལ་མ་བལྟ་སེམས་ལ་མ་ལྟོས་ཤིག །བྱ་བ་མ་མང་ཞེ་འདོད་མ་བྱེད་ཅིག །ཉམ་ང་མ་བྱེད་དོགས་པ་མ་འཆའ་བར། །སེམས་ནི་གང་དགའ་ཉིད་དུ་ཐོང་ལ་ཐོང་། །ཞེས་གསུངས་པས། རྣལ་འབྱོར་པ་དེས་ཀྱང་གྲུབ་པ་ཐོབ་གསུང་། རྣལ་འབྱོར་མ་ཀར་ཀ་དོ་ཧའི་ཞལ་ནས། གཉིས་མེད་ཤེས་པ་ཆུ་དང་འོ་མ་འདྲེས་པ་འདྲ། །ཉམས་མྱོང་སྤྲེའུ་ལྟ་བུར་གང་ལྟར་འགྱུར་ཀྱང་རུང་། །རྣལ་མའི་ཤེས་པ་གླང་པོ་ལྟ་བུ་ལ། །རྟོག་པ་ནམ་མཁའ་བཞིན་དུ་ཇི་བཞིན་ཁྱབ། །ཅེས་གསུངས་སོ། །དགེ་བཤེས་ལྕགས་རི་བ་ལ། བླ་མ་ཉིད་ཀྱིས། བཀའ་གདམས་མི་སྤོང་བར་ལམ་དུ་འཁྱེར་བའི་གདམས་ངག་ཡོད་དམ་ཞུས་པ་ལ། ལྕགས་རི་བའི་ཞལ་ནས། དགེ་བཤེས་གླང་རི་ཐང་པས། དགེ་བཤེས་ཕུ་ཆུང་པ་ལ་ཞུས་པས། ཚེམས་ནེམ་མཛད་ནས། ཡོད་དག་ཡོད་དེ། ང་ལ་ཟློས་དབང་མེད་པ་གསུང་སྐད། ཕྱིས་རྣལ་འབྱོར་པ་རྣམ་གཉིས་ལ་གདམས་ངག་ཏུ་བྱུང་གསུང་། ལོ་ཙྪ་བ་རིན་ཆེན་བཟང་པོ་དང་། སྒོམ་ཆེན་པ་པུཎྱེ་ཛྙཱ་བོ་དྷི་གཉིས་ཀྱི་སྲས་ལགས་སྐད། དབུས་སུ་ལྕགས་རི་བ་སྨིན་པར་མཛད། གདམས་ངག་ཇི་ལྟར་བྱུང་ཞེ་ན། ཆོས་ཚན་པ་དགུ་ཡོད་གསུང་། རྟོགས་པའི་རྒྱུ་མེད་ཅིང་གཞི་རྩ་མ་གྲུབ་པས། རྟོགས་པའི་༼༣བ༽ཐབས་ལ་མཁས་ཏེ། བཀའ་རྟགས་ཀྱི་ཕྱག་རྒྱའི་དཔེ་གསུང་། དགེ་བཤེས་ཕུ་ཆུང་པའི་ཞལ་ནས། རྟོག་པ་ལམ་དུ་ཁྱེར་ནས་སྤང་ན་ཅི་ལ་འོང་གསུང་སྐད། དེ་ཡང་བླ་མ་དང་ཅུང་མི་འདྲ། སྟོང་ཉིད་ར་མདར་ལྡོག །གཞུག་ཨེན་ཙམ་ཡོད་གསུང་། རྟོག་པ་རྒྱུ་མེད་པ་དང་། ཤེས་རབ་ཀྱི་བུད་ཤིང་ཡིན་པ་དང་། དེ་ལ་སོགས་པ་རྒྱས་པར་གསུང་། བླ་མ་ནི་སྙིང་ནས་རྟོག་པ་ལ་སྐུ་དྲིན་ཆེ་བར་བཤད་པ་ཡིན་གསུང་། དགོས་པ། སྐུ་དྲིན་ཆེ་བ་ཇི་ལྟར་ཡིན་ན། དེ་སེམས་ལས་བྱུང་བ་ཡིན། སེམས་ཆོས་ཀྱི་སྐུ་ཡིན། རྟོག་པ་དེ། ངོ་བོ་ཉིད་ཀྱི་རྟོགས་པ་ཡིན། རྟོགས་པ་དེས། ངོ་བོ་གསལ་བར་བྱེད་པས་ན་སྒྲོན་མེ་ལྟ་བུ་ཡིན། རྩ་བ་རྙེད་པར་བྱེད་པས་ན་མཚོན་ལྟ་བུ་ཡིན། རྟོག་པ་ལམ་དུ་ཁྱེར་བས། རྟོག་མེད་འཆར་གསུང་ངོ་། །རྟོག་པ་དེ་རྒྱུ་ཡིན་ནམ། ལམ་ཡིན་ནམ། འབྲས་བུ་ཡིན་ནམ་གང་ཡིན་བྱས་པས། རྒྱུ་ཡིན་ཏེ། ཁོ་རང་ལ་བརྟེན་ནས་ཡོན་ཏན་ཐམས་ཅད་འབྱུང་། ལམ་ཡང་ཡིན་ཏེ། མི་སྤོང་བར་ལམ་དུ་བྱེད་གསུང་། འབྲས་བུ་ཡང་ཡིན་ཏེ། ངོ་བོ་ཉིད་ཀྱི་རྟོགས་པ་ཡིན་པས། སྐུ་བཞི་རང་ཆས་སུ་ཡོད་གསུང་། འབྲས་བུ་ལ་མི་རེ་སྟེ། རྒྱུ་ལམ་འབྲས་གསུམ་དུ་འབྱོངས་པ་བྱ་བ་ཡིན་གསུང་ངོ་།། ༈ །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། བསྐྱེད་རྫོགས་ཟུང་འཇུག་གི་ཞལ་གདམས་བཞུགས་སོ། །ན་མོ་གུ་རུ། རིན་པོ་ཆེའི་ཞལ་ནས། ཡི་དམ་ལྷའི་བསྐྱེད་རིམ་རྫོགས་པར་ཡང་སྐད་ཅིག་མ་རེ་སྒོམ་དགོས་གསུང་། སྐད་ཅིག་དྲན་རྫོགས་ཀྱིས་ཡི་དམ་གྱི་ལྷར་བསྐྱེད་ནས། འོད་གསལ་འབའ་ཞིག་སྒོམ་པ་ཡིན་ནོ་གསུང་། དེ་ཡང་། གསལ་སིང་ངེ་བ་དེ་ཉམས་མྱོང་ཡིན། དེ་ལ་མ་ཡེངས་པ་དེ་གནས་པ་ཡིན། ཤེས་༼༤ན༽རབ་ཀྱིས་བལྟས་པས། ཅིའི་ངོ་བོར་ཡང་མ་གྲུབ་པ་དེ་རྟོགས་པ་ཡིན་གསུང་། བླ་མ་རྟོགས་ལྡན་ཅིག་དང་། སློབ་མ་སྐལ་ལྡན་ཚེ་འདི་བློས་བཏང་བ་ཅིག་ཕྲད་ནས། བླ་མ་དེས། མ་སྨིན་པ་སྨིན་པར་བྱེད་པའི་དབང་བཞི་བསྐུར་ནས། སྨིན་པ་གྲོལ་བར་བྱེད་པའི་ཐབས་བསྐྱེད་རྫོགས་གཉིས་ལ་སློབ་པ་ཡིན་གསུང་། བསྐྱེད་རིམ་ནི། ལྷའི་སྐུ་སྒྱུ་མ་ལྟ་བུར་བསྒོམ་པ་དང་། སྤྲོས་པ་དང་བཅས་པའི་རྫོགས་རིམ་ཀྱང་དེ་ཡིན་གསུང་། རྫོགས་རིམ་ནི་འོད་གསལ་སེམས་ཀྱི་སྟོང་ཉིད་མངོན་སུམ་དུ་གཟིགས་པ་དེ་ལགས། དེ་ལྟར་བསྐྱེད་རྫོགས་བསྒོམས་པས་ཡོན་ཏན་འབྱུང་སྟེ། དེ་ཡང་དབེན་པར་བསྒོམས་པ་ལས་འབྱུང་གསུང་། ལུས་བདེ་བ་དང་། སེམས་བདེ་བ་འོང་སྟེ། ནང་དུ་རྟགས་རྣམ་ལྔ་འཆར། ཕྱིར་ཡང་ཕན་ཡོན་བརྒྱད་འབྱུང་སྟེ། རྟགས་དང་ཕན་ཡོན་དུ་བ་ལྟ་བུ་བྱུང་ཙ་ན། རླུང་སྣང་བ་འགགས་ཏེ། རླུང་ཨ་ཝ་དྷཱུ་ཏིར་ཚུད་པ་ཡིན་གསུང་། རྟགས་གཉིས་པ་ཤར་ཙ་ན། སྣང་བ་ཉམས་སུ་མྱོང་བ་བྱ་བ་ཡིན། རྟགས་གསུམ་པ་བྱུང་ཙ་ན། གསལ་ལ་མི་རྟོག་པ་འབྱུང་། དེ་ནི་སྒོམ་པའི་མཐར་ཐུག་ཡིན་ཏེ། རླུང་སེམས་སུ་ཚུད་པ་ཡིན་གསུང་། རྟགས་བཞི་པ་ཤར་ཙ་ན། ལྟ་བའི་དོན་དང་། ཆོས་ཐམས་ཅད་རོ་གཅིག་རིག་ཅིང་གསལ་བ་དང་། འཕྲིན་ལས་བཞི་འགྲུབ་སྟེ། ལྟ་བའི་དོན་བྱ་བ་ནི། སེམས་ཉིད་ལ་བློ་ངེས་པའོ། །ཆོས་ཐམས་ཅད་རོ་གཅིག་རིག་ཅིང་གསལ་བ་ནི། འཁོར་འདས་ཐམས་ཅད་འོད་གསལ་དུ་འཆར་བའོ། །འཕྲིན་ལས་བཞི་ནི། བཟླས་པ་ལ་སོགས་པ་བྱ་མ་དགོས་པར། འཕྲིན་ལས་བཞི་གང་བྱས་ཀྱང་ཚེགས་མེད་དུ་འགྲུབ་པའོ། །རླུང་འོད་གསལ་དུ་ཚུད་པའི་དུས་སུ། ཡེ་ཤེས་ཀྱི་རྟགས་ཀྱང་འབྱུང་སྟེ། ལུས་འཇའ་ཚོན་ནམ་༼༤བ༽འོད་ཀྱི་གོང་བུ་ལྟ་བུ་ལ་སོགས་པ་ཡང་འབྱུང་ངོ་། །དེ་ཡེ་ཤེས་ཀྱི་རྟགས་བྱ་བ་ཡིན་གསུང་། བལྟ་བྱ་ལྟ་བྱེད་མེད་པ་ལ་སྟོང་པ་ཉིད་ཟེར་བ་ཡིན། ཁམས་གསུམ་ལས་འདས་ཤིང་བློ་དང་བྲལ་བ་ལ་སྨོན་པ་མེད་པ་ཟེར་བ་ཡིན་གསུང་། སྒྲུབ་པ་ལ་བདུད་ཀྱི་བར་ཆད་འབྱུང་བའི་བདུད་ལ་གཉིས་ཏེ། མི་དང་མི་མ་ཡིན་པའི་བདུད་དང་། རྣམ་པར་རྟོག་པའི་བདུད་དོ། །དེ་ལ་སེལ་ཐབས་རྣམ་པ་གསུམ་ཡོད། བྱམས་སྙིང་རྗེ་བསྒོམས་པས་སེལ་བ་ཡིན་ཏེ། བྱམས་སྙིང་རྗེ་བསྒོམས་པས། མས་བུ་ལ་གནོད་པ་བྱེད་མི་སྲིད། སྒྱུ་མ་རྨི་ལམ་ལྟ་བུ་དང་། སྟོང་ཉིད་བསྒོམས་པས་སེལ་ཏེ། གནོད་བྱ་གནོད་བྱེད་གཉིས་མེད་གསུང་། འཁྲུལ་པར་ཤེས་པས་ཞི། དེ་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་དུ་ཤེས་པས། གནོད་པ་མི་བྱེད། བྱས་ཀྱང་མི་ཚུགས། ད་ལྟ་འཁོར་མང་བ་དང་། རྫས་ཀྱི་བསོད་ནམས་འབྱུང་བ་འདི། གསང་སྔགས་ནས་ཐུན་མོང་གི་དངོས་གྲུབ་ཏུ་ཡང་བཤད་དེ། བདུད་ཀྱི་བར་ཆད་ཡིན་ཡང་གསུང་། བདུད་ཀྱིས་ཀྱང་དངོས་སུ་བར་དུ་མི་གཅོད། སྔོན་ལ་འཁོར་གྱིས་བར་དུ་གཅོད། དེ་ནས། རྫས་ཀྱི་བསོད་ནམས་ཆེན་པོས་དགེ་སྦྱོར་ལ་བར་དུ་གཅོད། དེ་ནས་སྒྲུབ་པ་པོ་དེ་ཆགས་སྡང་གིས་བར་དུ་ཆོད་ནས་འགྲོ་བ་ཡིན་གསུང་། བདུད་ཀྱི་བར་ཆད་ཡིན་མིན་རང་གི་སེམས་ལ་བལྟ་གསུང་། རང་ལ་གནོད་ན་བདུད་ཀྱི་བར་ཆད་ཡིན། མི་གནོད་ན་དངོས་གྲུབ་ཡིན་ནོ་གསུང་ངོ་། །སོ་མ་ལ་གསུམ། དེ་ལུས་ཁོང་གློད་པ། ངག་རླུང་མི་བཙིར་བར་རང་དགར་བཞག་པ། ཤེས་པ་རྟེན་མི་བཅའ་བའོ། །རང་དགའ་ལ་གསུམ། ཤེས་པ་རང་དགར་གཏད། འཕྲོས་པའི་ཡུལ་མཚན་མར་སྣང་བ་དེ་ཆོས་སྐུར་ཤེས་པར་བྱ་བ། དེ་ལ་མ་ཡེངས་པའོ། །ལྷུག་པ་ལ་གསུམ། སྤྱོད་ལམ་རྣམ་བཞི་༼༥ན༽ལ་ཁྱད་པར་མེད་པར་བྱ་བ། ཉམས་དང་མི་འབྲལ་བར་བྱ་བ། ཚོགས་དྲུག་ལྷུག་པར་བཞག་པའོ། །གསང་སྔགས་ཀྱི་དབང་དུ་བྱས་ན་ཡང་། བཀའ་གདམས་པའི་ལུགས་ཀྱིས། དང་པོ་ནས་རྫོགས་པར་མི་སྟོན། དང་པོ་ཚོགས་གསོག་ཙམ་ཞིག་སྟོན། དེ་ནས་བསྐྱེད་རིམ་ཙམ་ཞིག་སྟོན། དེ་ནས་དབང་བསྐུར་བ། དེ་ནས་བདུད་རྩི་མྱོང་བ། དེ་ནས་མཆོད་བསྟོད། དེ་ནས་རྫོགས་རིམ་སྟོན་པ་ཡིན་ཏེ། དེ་ནས་རིམ་གྱིས་སྟོན། དགེ་བཤེས་ལྕགས་རི་བའི་ཞལ་ནས། ལྟ་བ་ཀུན་རྫོབ་ཡིན་གསུང་། མཐའ་གཉིས་དང་བྲལ་བའི་སྒྱུ་མ་བྱ་བ་དེ། ཕ་རོལ་ཏུ་ཕྱིན་པའི་ལྟ་བ་ཡིན། དོན་དམ་པ་ལ་ལྟ་རྒྱུ་མེད་གསུང་། གསང་སྔགས་ཀྱི་ལྟ་བ་སེམས་ཡིན་གསུང་། ནཱ་རོ་པའི་བཞེད་པས། མ་སྨིན་པ་སྨིན་པར་བྱེད་པ་ལ་དབང་། སྨིན་པ་གྲོལ་བར་བྱེད་པ་ལ་བསྐྱེད་རྫོགས་གཉིས། དེ་སྟན་ཐོག་གཅིག་ཏུ་བསྒོམ་པར་བྱ་བ་དང་། རིམ་གྱིས་པའི་ལུགས་གཉིས་ཡིན་ཏེ། སྟན་ཐོག་གཅིག་ཏུ་བསྒོམ་པ་ནི། དུས་གཅིག་ཏུ་སྒོམ་ལ། རིམ་གྱིས་པ་ནི། བསྐྱེད་རིམ་ལ་བརྟེན་པ་ཐོབ་ནས། རྫོགས་རིམ་བསྒོམ། དེ་ཡང་། ནང་ནས་ཤར་བ་དེ་རྫོགས་རིམ་རྣལ་མ་དེ་ཡིན། ནང་ནས་མ་ཤར་ན། ཟབ་པའི་རྫོགས་རིམ་དུ་མིང་བཏགས་ཀྱང་། བློས་བྱས་ཅིག་ཡིན་གསུང་། སྤྱིར་དེ་ལྟར་ཡིན་ཀྱང་། འཁོར་བ་མཐའ་དག་ལས་ཐར་པ་ལ་དོན་དམ་པ་བྱང་ཆུབ་ཀྱི་སེམས་དགོས་ཏེ། དེ་ཡང་ཇོ་བོ་རྗེའི་ལུགས་ཀྱིས། གཅིག་དང་དུ་བྲལ་ལ་སོགས་པས་ཕྱི་ནས་གཅོད་པ་ཡིན། བླ་མའི་བཞེད་པས། ནང་ནས་གཅོད་པ་ཡིན་གསུང་། ཁ་ཅིག་ཉོན་མོངས་པའི་སྒྲིབ་པ་ནས། མས་ནས་ཡར་སྤོང་བར་འདོད་པ་ཡིན། བླ་མ་ནི་ཤེས་༼༥བ༽བྱའི་སྒྲིབ་པ་ནས་རྩད་དེར་གཅོད། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། ལྷན་ཅིག་ཅི་ལྟར་སྐྱེས་ན། བླ་མའི་བཞེད་པས། རིག་པ་དང་སྟོང་པ་ལྷན་ཅིག་སྐྱེས་གསུང་། གྲུབ་པ་ཐོབ་པའི་གྲུབ་སྐོར་ནས་བཤད་པ་དང་། བྲམ་ཟེ་ཆེན་པོའི་དོ་ཧ་ནས་བཤད་པ་དང་། རྡོ་རྗེ་འཆང་གིས་རྒྱུད་ནས་བཤད་པ་དང་། དེ་རྣམས་ཡོ་མཐུན་གསུང་། བླ་མའི་ཞལ་ནས་མིན་ན་རང་ནོར་གསུང་། ཚན་ཅིག་ནས། ཐབས་གཙོ་ཆེར་བཤད་དེ་བློ་དམན་པའི་དུས་སུ་ཐབས་གཙོ་ཆེ་བ་མན་ངག་ཡིན་གསུང་། བློ་ཡར་སོང་ཙ་ན་ཤེས་རབ་གཙོ་ཆེ་བ་ཡིན་གསུང་། བླ་མའི་ཞལ་ནས། ཤེས་རབ་གཙོ་ཆེར་རང་ཤུགས་ཀྱིས་འགྲོ་བ་ཡིན་གསུང་། དང་པོ་ཡོ་མི་དགོས་སྙམ་ཙ་ན་དགོས་བདོ་བ་ཡིན་གསུང་། ཤུགས་འབྱུང་གིས་འགགས་པ་ཅིག་དགོས། ཤུགས་འབྱུང་བྱ་བའི་གོ་བ་ནི། བློ་བཅོས་མ་དང་བྲལ་བ་ཅིག་ལ་ཟེར་བ་ཡིན་གསུང་། སྒོམ་ཆེན་པ་རྣམས་ལ་ཞུ་ན། གནས་པའི་དུས་སུ། རྟོག་མེད་དེ་རྒྱུན་བསྲིང་བ་ཡིན་ཏེ། ངོ་བོ་ལ་རྟོག་མེད་རྒྱུན་བསྲིང་ན། ཆོས་ཀྱི་གནད་མ་གོ་བ་ཡིན། ཆོས་མ་ཆོད་པ་ཡིན་གསུང་། གདོད་མ་ནས་རྒྱུན་ཆད་མ་མྱོང་བའི་གནད་ཀས་གསུང་། དོན་དམ་པ་འདི་འདྲ་བ་ཅིག་ཡིན་བྱ་བ་ནི། སངས་རྒྱས་ཀྱིས་ཀྱང་སྨྲ་བར་མ་ནུས་ན། རྒྱུན་ཆད་མེད་པ་དེ་སངས་རྒྱས་བྱོན་ཡང་མི་ཁེགས་གསུང་། དགེ་བཤེས་ཡོན་བདག་གི་ཞལ་ནས། གྲུབ་མཐའ་ལ་བརྟེན་ནས་རིགས་པས་གཞིགས་པས། ཤ་བ་སྒྱེ་འུར་ཆུད་པ་ལྟར། འགྲོ་ས་འདི་ལས་མེད་ཟེར་ཏེ། ཁྱེད་རྣམས་ཀྱི་བློ་ཕུགས་རྡར་འབྱམས་པ་དེ་ནི་ཁྱོད་རང་གིས་བྱས་པ་ཡིན་ན། ཨ་ན། ཨང་གེ །ཁྱེད་ཀྱི་དེ་འོང་བར་འོང་། ཕུང་འདྲེ་མཁན་ལོགས་ན་ལུས་པ་ཆ་མེད་པ་གསུང་། རིན་པོ་ཆེའི་ཞལ་ནས། བཀའ་གདམས་པ་ཡང་། ལྟ་བ་ལ་༼༦ན༽རྩིས་ཆེ་སྟེ། གྲུབ་མཐའི་ལྟ་བ་འདི་ལྟར་ལགས་ཟེར་བ་ལ་རྩིས་མི་ཆེ། ལྟ་བ་ལྟ་བས་སྟོང་པ་ལ་རྩིས་ཆེ་གསུང་། བླ་མ་ཡང་ལྟ་བ་འདི་ལྟར་ལགས་ཟེར་བ་ལ་རྩིས་མི་ཆེ། ལྟ་བ་རང་ཤར་ལ་རྩིས་སུ་མཛད། ཆོས་ཐམས་ཅད་ཉམས་ཐོག་ནས་སྨྲ་བ་གཅིག་དགོས་གསུང་། སྟོང་ཉིད་ཤེས་བྱའི་གཤིས་སྒོམ་པ་དང་། རྩ་རླུང་བསྒོམས་པའི་རྟེན་འབྲེལ་གྱིས་ཉམས་བྱུང་བ་དེ་ཡང་། ཉམས་ཡིན་ཏེ། ཤ་ཆོད་རུས་ཆོད་མི་མཆིས་གསུང་། ཆོས་ཤ་རུས་ཆོད་པ་ལ། དོན་དམ་སྐྱེ་བའི་ཉམས་ཤིག་སྐྱེ་དགོས་གསུང་། ཀུན་རྫོབ་སྒྱུ་མར་མཐོང་བ་བྱ་བ་དང་། སེམས་ཉིད་སྒྱུ་མར་མཐོང་ན། དེ་ཉིད་ཡིད་ལ་བགྱི་བ་ཡང་མི་འཚལ། མེད་པ་ཡང་མ་ཡིན་ཏེ། བཀག་པས་མི་ཁེགས་གསུང་། བློའི་ཡུལ་དུ་བྱར་མི་རུང་། གྲུབ་ཐོབ་ཀྱི་བླ་མས་གསུང་པ་དང་། སངས་རྒྱས་གསུང་བ་ཡོ་མཐུན། སངས་རྒྱས་ཀྱི་ཐུགས་ལ་གསལ་བ་དེ་དང་། རྣལ་འབྱོར་པ་ལ་བླ་མའི་བྱིན་རླབས་ཀྱིས་རང་ཤུགས་སུ་བྱུང་བ་དེ་ཡོད་པ་མ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན། རྣམ་རྟོག་གི་བློས་མཐོང་བ་ལྟ་ཅི་སྨོས། མེད་པ་མ་ཡིན་ཏེ། གང་ཚེ་དོན་ལ་རེག་གྱུར་ན། །བསམ་པ་ཀུན་གྱིས་བསམ་དུ་མེད། །གང་ཚེ་བསམ་དུ་མེད་སེམས་པ། །དེ་ཚེ་བསམ་མི་ཁྱབ་པར་འགྱུར། །ཞེས་གསུངས་སོ།། །།དགེ་བཤེས་པོ་ཏོ་བའི་ཞལ་ནས། ཀ་པཱ་ལི་དང་བྲལ་ན་མེད་པ་ཡིན་གསུང་། དགེ་བཤེས་ཕུ་ཆུང་བའི་ཞལ་ནས། རེས་སྒོམ་རེས་བལྟ་བྱེད་པ་ཡིན་གསུང་། དགེ་བཤེས་སྤྱན་སྔ་བའི་ཞལ་ནས། དཔེ་ལྟ་སྒོམ་ཆེན་པོ་བྱ་བ་དེ་མི་འདོད་པ་ཡིན་གསུང་། བཟོད་ཕུགས་དགོས་པ་ཡིན་གསུང་སྐད།། ༈ །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ལམ་རིམ་མདོར་བསྡུས་བཞུགས་སོ། །༼༦བ༽བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྗེའི་ཞལ་ནས། འོ་སྐོལ་རྣམས་ཀྱི་གཏན་ཡུལ་ངན་སོང་གསུམ་ཡིན། ད་རེས་དལ་འབྱོར་ལུས་ཐོབ་པ་འདི་ངན་སོང་གི་ས་ནས་དོན་གཉེར་བའམ། ངལ་བསོ་བ་ལྟ་བུ་ཡིན། འགྲོན་པོའི་ཚོད་ཙམ་ཡིན། དེ་ནས་ཡང་ངན་སོང་དུ་འགྲོ་བ་ཡིན། འོ་སྐོལ་འཆི་ཙ་ན་ཡང་། རང་གི་ཕ་ཡུལ་ངན་སོང་གསུམ་ཡིན། དེར་འགྲོ་ཟེར་ནས་འགྲོ་བ་ཡིན། དེའི་ནང་ནས་ཀྱང་དམྱལ་བར་འགྲོ་བ་ཡིན། འོ་ན། ངན་སོང་གསུམ་ན་བདེ་སྐྱིད་ཡོད་དམ་སྙམ་ན། བདེ་སྐྱིད་མེད་པས། ངན་སོང་གསུམ་གྱི་སྡུག་བསྔལ་ཡིད་ལ་བྱས་ལ། དལ་འབྱོར་རྙེད་དཀའ་བསྒོམ། ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་སྐྲག་པར་བྱས་ལ། ད་ནི་ངན་སོང་གསུམ་དུ་ཅིས་ཀྱང་མི་སྐྱེ་བ་ཞིག་བྱེད་དགོས་སྙམ་དུ་ཡང་ཡང་བསམ། དེ་ལྟར་ངན་སོང་གིས་འཇིགས་ཙ་ན། སྐྱབས་འཚོལ་དགོས་པས། སྐྱབས་ནི་བླ་མ་ལ་བྱ་སྟེ། གསོལ་བ་གདབ། ཇོ་བོ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། གསོལ་བ་གདབ། ངན་སོང་དུ་སྐྱེ་བའི་རྒྱུ་སྡིག་པ་མི་དགེ་བ་བཅུ་ཡིན་པས། སྡིག་པ་ཕྲ་མོ་ཙམ་ཡང་མི་བྱ་བར། སྡིག་པའི་ལས་འབྲས་ལ་ཡིད་ཆེས་པར་བྱ། མཐོ་རིས་སུ་སྐྱེ་བར་བྱེད་པའི་རྒྱུ། དགེ་བ་ཡིན་པས། དགེ་བ་ཕྲ་ཞིང་ཕྲ་བ་ནས་བསྒྲུབ། དགེ་བའི་ལས་འབྲས་ལ་ཡིད་ཆེས་པར་བྱ། དེས་བསྙེན་གནས་དང་། དགེ་བསྙེན་གྱི་སྡོམ་པ་སྐྱེ། ཚེ་འདི་ལ་བློ་ལོག་པར་བྱ། དེ་ལྟར་བྱས་ན། ངན་སོང་དུ་ཕུལ་ཡང་མི་འགྲོ་སྟེ། དེ་ནི་སྐྱེས་བུ་ཆུང་ངུའི་ལམ་ཡིན་ནོ། །དེས་ཀྱང་ཅུང་མི་འོང་སྟེ། ལྷ་མི་གཉིས་རང་ལ་བདེ་སྐྱིད་མེད་དེ། སྡུག་བསྔལ་ལས་མ་འདས། དེས་ན། འཁོར་བའི་ཉེས་དམིགས་བསྒོམ། ཐམས་ཅད་མི་རྟག་པ་ཡིན་པས། མི་རྟག་པ་བསྒོམ། ཚེ་འདིའི་ཉེ་དུ་༼༧ན༽དང་། རྫས་དང་། རང་གི་ལུས་ལ་ཡང་མ་ཆགས་པ་བསྒོམ། དེ་ལྟར་བྱས་ན། ཉན་ཐོས་ཀྱི་བྱང་ཆུབ་ཐོབ་སྟེ། ཉན་ཐོས་ཀྱི་ལམ་ཡིན་ནོ། །དེ་ནི་སྐྱེས་བུ་འབྲིང་གི་ལམ་ཡིན་ཏེ་རང་དོན་འབའ་ཞིག་གོ །དེས་ཀྱང་ཅུང་མི་འོང་སྟེ། འཁོར་བ་ན་ཡོད་པའི་སེམས་ཅན་རྣམས་ཀྱིས་ངེད་རང་གི་ཕ་མ་མ་བྱས་པ་མེད་པས། དེ་རྣམས་ལ་བྱམས་སྙིང་རྗེ་བསྒོམས་ལ། བདག་པས་གཞན་གཅེས་པར་བཟུང་། ཐེག་དམན་ལས་བློ་ལོག་པར་བྱ་ཞིང་། དེ་ལ་བརྟན་པ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད། སྨོན་འཇུག་གཉིས་བླངས་ལ། དེའི་བསླབ་བྱ་སློབ་པ་དེ་ནི་སྐྱེས་བུ་མཆོག་གི་ལམ་ཡིན་ནོ། །དེས་ཀྱང་འཁོར་བ་ལས་འདོན་པར་མི་ནུས་པས། དོན་དམ་བྱང་ཆུབ་ཀྱི་སེམས་སྐྱེ་མེད་སྒོམ་དགོས། དེ་བསྒོམས་པས་དངོས་པོ་དང་མཚན་མ་ལས་བློ་ལྡོག །དེ་ལྟར་བསྒོམས་པས་ཉམས་མྱོང་བདེ་གསལ་མི་རྟོག་པ་གསུམ་འབྱུང་སྟེ། དེ་ལ་ཡང་ཞེན་ན་མི་འོང་། བདེ་བ་ཤས་ཆེ་ན། དེ་ལ་ཞེན་པས་འདོད་ཁམས། གསལ་བ་ཤས་ཆེ་ན། དེ་ལ་ཞེན་པས་གཟུགས་ཁམས། མི་རྟོག་པ་ཤས་ཆེ་ན། དེ་ལ་ཞེན་པས་གཟུགས་མེད་ཁམས་སུ་སྐྱེ་བའི་རྒྱུ་ཡིན་ནོ། །འོ་ན་ཇི་ལྟར་དུ་རང་གི་སེམས་ཉིད་གཉུག་མ་འདི་ཉིད་བསྒོམ་ན། དེ་ཡང་། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །མར་ལ་མར་ནི་བཞག་པ་བཞིན། །མ་བཅོས་པར་བཞག །སོ་མ། ལྷུག་པ། རང་ག་གསུམ་དུ་བཞག་པས། ཅུང་ཟད་སེམས་ཟིན་པ་འོང་། སེམས་ཀྱི་ངོ་བོ་བག་རེ་ཙམ་མཐོང་བ་འོང་། ཤེས་པ་སིང་ངེ་ཡེར་རེ་རྩེ་གཅིག་པ་འོང་། རྗེས་ལ་ཡང་བག་རེ་འོང་། དེ་ཙ་ན་རང་གི་རིག་པ་དུམ་ཙམ་ཞིག་ངོ་ཤེས་པས། ཉམས་དགའ་བ་དང་། སྤྲོ་བ་འོང་སྟེ། ༼༧བ༽དེ་ནི་རྩེ་གཅིག་གི་རྣལ་འབྱོར་བྱ་བ་ཡིན། དེ་ནས་ཡང་དེ་ཙུག་བསྒོམས་པས། ཆུ་བོའི་རྒྱུན་ནི་རབ་འབབ་དང་། །མར་མེའི་རྩེ་མོ་རབ་གསལ་བཞིན། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་བྱ། །ཞེས་གསུངས་པས། ཆུ་བོ་ཆེན་པོ་ལ་རྒྱུན་ཆད་མེད་པའམ། མར་མེའི་རྩེ་མོ་ལ་གསལ་བ་རྒྱུན་ཆད་མེད་པ་བཞིན་དུ། ཉིན་མཚན་དུ་དྲན་པས་བསྐུལ་ཞིང་། ཡང་དང་ཡང་དུ་བསྒོམ་པས་ཉམས་ལ། ཕྱི་བཟུང་བར་བྱ་བའི་ཡུལ་དང་། ནང་འཛིན་པར་བྱེད་པའི་སེམས་གཉིས་ཀ་སྤྲོས་པའི་མཐའ་བཞི་དང་བྲལ་བར་འདུག་སྙམ་དུ་རྟོགས། རང་གི་རིག་པ་འདི་ཡང་། སྐྱུ་རུ་ར་རློན་པ་ལག་མཐིལ་དུ་གཞག་པ་བཞིན་དུ་མཐོང་བའོ། །ཉམས་རེས་བཟང་། རེས་ངན་པ་འབྱུང་སྟེ། དེ་ཉིད་སྤྲོས་བྲལ་གྱི་རྣལ་འབྱོར་བྱ་བ་ཡིན། དེ་ནས་དེ་བཞིན་དུ་བསྒོམས་པས། ཉམས་ལ་ཕྱིའི་སྣང་བ་དང་། རང་གི་ལུས་དང་། སེམས་གསུམ་ཐ་མི་དད་པར། ཆུ་དང་འོ་མ་འདྲེས་པ་བཞིན་དུ་ཐ་དད་མེད་པར་འཆར། རྟོགས་པ་ལ་ཡང་། དེ་གསུམ་ཐ་དད་མེད་པར་ཤར་བའི་རྟོགས་པ་འཆར། དེ་ཙ་ན། ཕ་རོལ་པོ་ལ་ཡང་སྒོམ་ཡོད་མེད་མཐོང་བ་ཙམ་གྱི་ཤེས་པ་འབྱུང་། དེ་ཉིད་དུ་མ་རོ་གཅིག་གི་རྣལ་འབྱོར་བྱ་བ་ཡིན། དེ་ནས་དེ་བཞིན་དུ་བསྒོམས་པས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཐག་ཆོད་པས། སྤང་བྱ་སྤང་དུ་མེད། གཉེན་པོ་བསྟེན་དུ་མེད། སངས་རྒྱས་གྲུབ་ཏུ་མེད། འཁོར་བ་སྤང་དུ་མེད། བསྒོམ་བྱ་སྒོམ་བྱེད་མེད་པར་འབྱུང་སྟེ། དེ་ཉིད་སྒོམ་མེད་ཀྱི་རྣལ་འབྱོར་བྱ་བ་ཡིན་ནོ། །དེ་ཙ་ན་རང་གི་སེམས་ཁོ་ནར་འདུག་པས། འོ་ན་རྟོགས་པ་དེ་སངས་རྒྱས་མཚན་ཉིད་པ་ཡིན་ནམ་བྱས་པས། མཚན་ཉིད་པ་ད་རུང་མ་ཡིན། རྣམ་སྨིན་གྱི་ལུས་འདི་ཡོད་རིང་ལ། ཚོར་བ་༼༨ན༽བདེ་སྡུག་ཡོད། དཔེར་ན། སེང་གེའི་ཕྲུ་གུ་མའི་མངལ་དུ་སྟོབས་རྫོགས་ཀྱང་། མངལ་མ་ཕྱུང་བར་དུ་རྩལ་འབྱིན་པར་མི་ནུས་ཏེ། མངལ་རྒྱས་བཅིངས། ཁྱུང་ཕྲུག་ཀྱང་། སྒོ་ངའི་ནང་དུ་གཤོག་སྒྲོ་རྒྱས་ཀྱང་། སྒོ་ང་མ་ཆག་བར་དུ་འཕུར་མི་ཤེས་ཏེ། སྒོ་ང་རྒྱས་བཅིངས་པའོ། །དེ་བཞིན་དུ། རྣལ་འབྱོར་པ་རྟོགས་པ་བྱུང་ནས་སེམས་ཉིད་རྫོགས་པའི་སངས་རྒྱས་སུ་འདུག་ཀྱང་། རྣམ་སྨིན་གྱི་ཕུང་པོ་འདི་མ་བོར་གྱི་བར་དུ་སངས་རྒྱས་ཀྱི་ཡོན་ཏན་རྫོགས་པར་སྟོན་མི་ནུས། རྣམ་སྨིན་གྱི་ལུས་རྒྱས་བཅིངས་པས་སོ། །འོ་ན་སངས་རྒྱས་མཚན་ཉིད་པ་ནམ་འབྱུང་ན། བར་དོར་འོང་བའོ། །དེ་ཡང་འཆི་བའི་དུས་སུ། འབྱུང་བཞི་རིམ་གྱིས་བསྡུས་ནས། ཕྱི་དབུགས་དང་། ནང་དབུགས་ཆད་པ་དང་། ལུས་རྒྱ་ཞིག་ནས་བར་དོ་དང་པོ་ཆོས་སྐུ་ཇི་ལྟ་བ་བཞིན་དུ་རྟོགས་པ་འབྱུང་ངོ་།། ༈ །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། མདོ་སྔགས་ཀྱི་གྲུབ་མཐའ་ཆ་མཐུན་ཁྱད་འཕགས་བཞུགས་སོ། །ན་མོ་གུ་རུ། གསང་སྔགས་ཀྱི་ལྟ་བ་ནི། ཐེག་པ་ཆེན་པོ་དབུ་མ་སེམས་ཙམ་ལས་ཆ་མཐུན་ཁྱད་པར་དུ་གྱུར་བ་སྟེ། ཆོས་ཉིད་སྟོང་པ་དབུ་མ་དང་མཐུན། འོ་ན་ཁྱད་མེད་དམ་ཞེ་ན། བདེ་བས་ཁྱད་པར་དུ་བྱས་པ་སྟེ། སྟོང་པའི་བདེ་བར་ཤར་བའོ། །རང་རིག་རང་གསལ་བ་སེམས་ཙམ་དང་མཐུན། འོ་ན་ཁྱད་མེད་དམ་ཞེ་ན། གསལ་ཙམ་མ་ཡིན་ཏེ། རོ་བདེ་བར་ཤར་བའོ། །དེས་ན་གསལ་བ་ཉིད་སྟོང་པ། སྟོང་པ་ཉིད་གསལ་བར་ཤར་བའོ། །ཟུང་འཇུག་དེ་གསང་སྔགས་སོ། །ཆ་རེ་རེ་ནས། སེམས་ཙམ་དབུ་མ་གཉིས་ཆར་དང་མཐུན་པའོ། །ཕྱི་རོལ་དཀར་དམར་གྱི་རྣམ་པ་འདིའི་ངོ་བོ་སྟོང་པ་ཡིན་ཡང་། དབུ་མ་པས་སྟོང་པ་སྤྱིའི་རྣམ་པ་ཡུལ་དུ་བྱས་ལ། གསང་༼༨བ༽སྔགས་པས། རང་གི་མཚན་ཉིད་ཡུལ་དུ་བྱས་པ་ཡིན། སེམས་ཙམ་པས་ཆོས་ཅན་དཀར་དམར་དུ་སྣང་བ་ཡིན་ལ། གསང་སྔགས་པས། དཀར་དམར་ཆོས་ཅན་ཉིད་ལྟར་སྣང་བའོ། །དེ་ཆོས་སྤྱིའི་རྣམ་པ་ཡིན། རྣལ་འབྱོར་པས་ཉམས་ལ་སྦྱར་བའི་དུས་སུ། རིག་པའི་ངོ་བོ་མ་སྐྱེས་ཤིང་མ་འགགས་པའི་སྐད་ཅིག་མའི་ཤེས་པ་དེ་ལ། ནང་ནས་ངེས་པའི་ཤེས་པ་ཕྲ་མོ་ཅིག་སྐྱེས་པའི་དུས་སུ། འདི་ལྟར་ཉམས་སུ་མྱོང་བར་བཟུང་དུ་འདོད་དམ་ཞེ་ན། མི་འདོད་དེ། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཤིང་གཟིགས་པར་མི་འགྱུར་རོ། །འོ་ན་དེའི་ཉམས་དེ་དགག་པར་ནུས་སམ་ཞེ་ན། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་དེ་དག་དགག་པར་མི་ནུས། དེ་ལྟ་བུའི་དོན་དེ་མྱ་ངན་ལས་འདས་པ་ཡིན། དེ་ལས་བྱུང་བའི་འཕྲོ་བྱེད་ཀྱི་ཤེས་པ་དེ་འཁོར་བའི་མཚན་ཉིད། འོ་ན་རྣལ་འབྱོར་པ་ལ་གནོད་ནུས་སམ་ཞེ་ན། གནོད་མི་ནུས་ཏེ། དཔེར་ན་ཉིན་མོའི་སྐར་མ་དང་འདྲ། རིག་པ་ལ་བལྟས་པའི་དུས་སུ། རེས་དྲན་པ་མེད་པར་རྨུགས་པ་དང་། བྱིང་བ་དང་། རྟོག་པ་སྣ་ཚོགས་འཕྲོ་བ་འོང་། རེས་གསལ་ལ་མ་ངེས་པའི་སིང་ངེ་ཡེ་རེ་བ་འོང་། སིང་ངེ་ཡེ་རེ་བའི་ངོ་བོ་ཉམས་ཡིན་ཏེ། དེ་ཡུན་རིང་བར་གནས་པ་གཅིག་དང་། སྐད་ཅིག་མ་གཅིག་གཉིས་ལས་མི་གནས་ཀྱང་། ཡང་ཡང་སྒོམ་པར་བྱས་ན་རྟོགས་པ་གང་ལ་འཆར་ཆ་མེད། རྟོགས་པ་ཤར་བའི་དུས་སུ་སིང་ངེ་ཡེ་རེ་བའི་དོན་དེ་དང་པོ་གང་ནས་མ་སྐྱེས་པར་ངེས། ཐ་མ་གར་ཡང་མི་འགགས་པར་ངེས། དུས་ཐམས་ཅད་དུ་སྐྱེ་འཇིག་དང་བྲལ་བར་སེམས་ཀྱི་ངོ་བོ་དེ་ལྟར་ངེས་ན། གནས་པ་ཡུན་ཐུང་ཡང་མི་སྟོ། སིང་ངེ་ཡེ་རེ་བ་དེ་ཡུན་རིང་བར་གནས་ཀྱང་། ངེས་ཤེས་མ་སྐྱེས་ན་ཡུན་རིང་པོ་དེས་གོ་མི་ཆོད། འོ་ན་རྟོག་པ་སྣ་ཚོགས་སུ་༼༩ན༽འཕྲོ་བ་དེ་སེམས་ཀྱི་མཚན་ཉིད་ཡིན་ཏེ། ངོ་བོའི་རྒྱུན་དེ་མ་ཤོར་ན། རྣམ་རྟོག་མང་དུ་བྱུང་ཡང་། ཅི་བྱུང་ཡང་ཆ་མེད། བརྗེད་ནས་འགྲོ །རྟོགས་པ་དེས་བག་ཆགས་ཀྱི་ས་བོན་འདེབས་མི་ནུས། ཡང་རིག་པའི་མཚན་ཉིད་ནི། མ་རིག་པ་ལས་ལོག་པས་ན་རིག་པ། མི་གསལ་བ་ལས་ལོག་པས་ན་གསལ་བ། མཚན་མ་ཐམས་ཅད་ལས་ལོག་པས་ན་སྟོང་པ། སྐྱེ་འཇིག་ཐམས་ཅད་ལས་ལོག་པས་ན་མི་འགྱུར་བ་ཡིན་ན། དེ་བསྒོམ་པའམ། འོན་ཏེ་དེ་མ་ཡིན་པ་ཞིག་བསྒོམ་ཞེ་ན། དེ་ཡེ་ནས་རིག་པའི་མཚན་ཉིད་ཡིན་པས། མ་བསྒོམས་ཀྱང་འོང་བ་ཁོའི་ཆོས་ཉིད་ཡིན། སྒོམ་པ་པོ་མེད་བསྒོམས་པ་མེད། །བསྒོམ་པར་བྱ་བ་ཅུང་ཟད་མེད། །ཅེས་གསུངས་པས། སེམས་མ་བཅོས་པ་རང་བབས་སུ་ཞོག །བསྒོམ་རྒྱུ་ཅི་ཡང་མེད། སངས་རྒྱས་ཀྱིས། སྒོམ་པ་པོ་མེད་བསྒོམས་པ་མེད། །བསྒོམ་པར་བྱ་བ་ཅུང་ཟད་མེད། །ཅེས་གསུངས་ཀྱང་། རྣལ་འབྱོར་པ་ནི། སངས་རྒྱས་ཀྱི་ཞལ་ལ་ཡང་མི་ཉན། སངས་རྒྱས་མི་བདེན། སྒོམ་པ་པོ་ཡོད་ཇི་ལྟར་ཡོད་ན། རིག་པ་ང་རང་ཡིན། ང་ཡི་ངོ་བོ་གསལ་ལ་གོ་མ་འགགས་པ། རྒྱུན་ཆད་མེད་པ་འདི་ཉིད་སྒོམ་པ་པོ་ཡིན། ངའི་ངོ་བོ་འདི། སངས་རྒྱས་ཀྱིས་ཀྱང་དཔྱད་པར་མི་ནུས། བསྒོམས་པ་ཡང་ང་རང་ཡིན། བསྒོམ་པར་བྱ་བ་ཡང་ཡོད་དེ། ང་ལ་ཉམས་སུ་མྱོང་བ་ཨེན་ཙམ་ཡོད། འོ་ནའང་། སངས་རྒྱས་བདེན། སངས་རྒྱས་ཀྱི་རྗེས་སུ་འབྲང་། སྒོམ་པ་པོ་མེད། ཇི་ལྟར་མེད་ན། རང་རིག་ངོས་བཟུང་མཐའ་དག་དང་བྲལ་བས། དཔེ་དང་ཚིག་གང་གིས་ཀྱང་མཚོན་དུ་མེད། མཚན་མའི་ངོས་ནས། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར། དེའི་ངོ་བོ་ལ་བསྒོམ་པར་བྱ་བའི་ཡུལ་མེད། འདི་ལྟར་༼༩བ༽ཉམས་སུ་མྱོང་བྱ་བ་མེད་པས། བསྒོམ་པར་བྱ་བ་ཡང་ཅུང་ཟད་ཀྱང་མེད། ང་གསལ་བ་མི་འདོད། གསལ་བར་འདོད་པ་དེ་ངོས་བཟུང་ཡིན། ང་བདེ་བ་དང་མི་རྟོག་པ་ཡང་མི་འདོད། བདེ་བ་དང་མི་རྟོག་པ་དེ་ཡང་ངོས་བཟུང་ཡིན། ང་དཔེ་གང་གིས་ཀྱང་མཚོན་དུ་མེད། ཚིག་གང་གིས་ཀྱང་ཐོག་ཏུ་མི་ཕེབས། ང་ལ་བཅས་བཅོས་མ་བྱེད། རང་གར་ཞོག། ༈ །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ལམ་རིམ་སྙིང་པོ་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཆོས་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུ་འཆི་བ་མི་རྟག་པ་སེམས་པ་གལ་ཆེ་བ་ཡིན། དེ་ནས། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་སེམས་པ་གལ་ཆེ། དེ་རྣམས་བློ་ལ་ངེས་ནས་འདུག་ན། ཆོས་མི་བྱེད་པ་བཞིན་དུ་འདུག་ཀྱང་། ཆོས་རྣལ་མ་ཞིག་འོང་བ་ཡིན། དེ་རྣམས་བློ་ལ་སྐྱེས་ན། ཚེ་འདིའི་བྱ་བ་ཐམས་ཅད་བོར་ནས། ཆོས་ཁོ་ན་བྱེད་པ་ཞིག་འོང་བ་ཡིན། དེས་ན། བླ་མ་རྣལ་མ་གཅིག་གིས་འཁྲིད་པ་གལ་ཆེ་སྟེ། དེ་ཡང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་དགོས་པ་ཡིན། དེ་བློ་ལ་སྐྱེས་ཙམ་ན། ཅི་བྱེད་སེམས་ཅན་གྱི་དོན་དུ་བྱེད་པ་ཞིག་འོང་བ་ཡིན། དེ་མེད་ན། གཟུགས་སྐུ་གཉིས་མི་འབྱུང་། དེ་གཉིས་ཕན་ཚུན་ལྟོས་ཆོས་ཡིན། ཆོས་སྐུ་མ་རྟོགས་ན། འཁོར་བ་ལས་མི་འདའ། དཔེར་ན། ནམ་མཁའ་ལ་འཇིགས་པའི་སྐྱེས་བུ་དང་འདྲ། གར་སྐྱེས་ཀྱང་འཁོར་བ་ལས་ཐར་པ་མེད། ཆོས་སྐུ་རྟོགས་ན་ཐར་པ་ཡིན། དེ་ཡང་། ཆོས་ནས་རང་གི་དད་པ་ཉིད་ཀྱིས་རྟོགས་པར་བཤད་པ་ཡིན་ཏེ། གཞན་གྱིས་མི་འབྱུང་གསུང་། དེས་ན། བླ་མ་རྒྱུད་ལ་ཆོས་སྐྱེས་པའི་རྟོགས་ལྡན་ཅིག་ལ་བརྟེན་ནས། དེ་ལ་དད་པ་དང་གུས་པ་ཚུལ་བཞིན་དུ་བྱས་ན་རྟོགས་ནས་འོང་བ་ཡིན། བླ་མ་ལ་༼༡༠ན༽རྟོགས་པ་མེད་ན། སློབ་མས་དད་གུས་བྱས་ཀྱང་མི་ཕན། དཔེར་ན། བརྐོས་ཕོར་ལ་རི་མོ་མེད་ན། འབི་འབི་ལེགས་ཀྱང་ཚ་ཚ་མི་འབྱུང་བ་དང་འདྲ་གསུང་། བླ་མ་རྒྱུད་ལ་རྟོགས་པ་དང་། ཆོས་ཡོད་པ་ཞིག་གིས་སློབ་མ་དེ་འདྲེན་ནུས་པ་ཡིན། དང་པོ་བླ་མ་བདམ་དགོས། དེ་བས་ཇོ་བོ་ཀུན་ཡིད་ཆེས་པ་གལ་ཆེ། ཡིད་མ་ཆེས་ན། བྱིན་རླབས་མི་འབྱུང་། ཡིད་ཆེས་པ་ཅིག་ལ་ཆོས་མང་པོ་མི་དགོས། ཁ་ཡར་བལྟས་ན་གྲོལ་བ་ཡིན། ཞེས་གསུངས་སོ། །སྒོམ་ཆེན་པ་རྣམས་ལ་ཆོས་ཤིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། དགེ་བའི་བཤེས་གཉེན་པ་རྣམས་ཆོས་ཉམས་སུ་ལེན་ལུགས་སོ་སོ་ལགས། བློ་ལྡོག་པའི་ཆོས་དང་། བྱང་ཆུབ་སྒྲུབ་པའི་ཆོས་གཉིས་ཡིན། བློ་ལྡོག་པ་ལ་འཆི་བ་མི་རྟག་པ་སྒོམ་དགོས་པ་ཡིན་གསུང་། དེ་རྣལ་མར་རྒྱུད་ལ་སྐྱེས་པའི་གང་ཟག་དེས། ཚེ་འདི་ལ་ཆེད་ཆེར་མི་འཛིན་པ་ཅིག་འོང་བ་ཡིན། ཆོས་མིན་པ་ཅིས་ཀྱང་བྱར་མེད་སྙམ་པ་སྙིང་ཕུགས་སུ་འཇུག་པ་ཅིག་འོང་པ་ཡིན། འཆི་བ་མི་རྟག་པ་བསྒོམས་པས། ཚེ་འདི་ལ་བློ་ལྡོག་དགོས། བློ་མ་ལོག་ན། བསྒོམས་ཀྱང་དགོས་པ་མེད་པ་ཡིན་གསུང་། དེ་ནས། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་སྒོམ་པ་ཡིན་ཏེ། དེ་ཡང་ངན་སོང་གསུམ་ན་བདེ་སྐྱིད་ཡོད་དམ་ཞེ་ན། ཅུང་ཟད་ཀྱང་མེད་དེ། དམྱལ་བ་བཙོ་བསྲེག་གི་སྡུག་བསྔལ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་རྣམས་ལ་ཉིང་ཤ་ཉིང་གིས་ཟ་བའི་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པས། བདེ་ཞིང་སྐྱིད་པའི་གོ་སྐབས་ཡེ་མེད་པ་བྱ་བ་ཡིན། དེ་ལྟར་བསམ་ནས་རང་ངན་སོང་གསུམ་དུ་ཅིས་ཀྱང་མ་སྐྱེས་པ་ཅིག་བྱེད་དགོས་པ་ཡིན། འོ་ན་ལྷ་དང་མི་ལ་བདེ་སྐྱིད་ཡོད་དམ་ཞེ་ན། དེ་ལ་ཡང་མེད་དེ། ལྷ་འཆི་འཕོ་བ་དང་ལྟུང་བའི་སྡུག་བསྔལ། མི་ལ་ཡོད་པ་འཚོ་སྐྱོང་། མེད་༼༡༠བ༽པ་འཚོལ་བ་ལ་སོགས་པས་སྡུག་བསྔལ་བས་ན། བདེ་སྐྱིད་མེད་པ་བྱ་བ་ཡིན། དེ་བས་ན་རིགས་དྲུག་གར་སྐྱེས་ཀྱང་། བདེ་བ་དང་སྐྱིད་པ་ཕུན་སུམ་ཚོགས་པ་ཡེ་མི་འདུག་པས། བླ་ན་མེད་པའི་བྱང་ཆུབ་ཁོ་ན་ཅི་ཐོབ་བྱ་དགོས། སྙམ་དུ་སེམས་པ་ཡིན་ནོ། །དེ་ལྟར་བསམ་པས་འཁོར་བ་ལས་བློ་མ་ལོག་ན། བསམ་པ་ལ་དགོས་པ་མེད་པ་ཡིན་གསུང་། དེ་ཡང་། རང་ཉིད་གཅིག་པུ་ཐར་འདོད་ཀྱིས་མི་འོང་སྟེ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྒོམ་དགོས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དབང་དུ་བྱས་ན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་པ་མེད་པའི་སྙིང་རྗེ་གསུམ་ཡིན། དེ་ཡང་། རིམ་པ་བཞིན་ས་ལམ་དང་སྦྱར་ན། སྦྱོར་ལམ་མན་ཆད་སེམས་ཅན་ལ་དམིགས་པ་ཡིན། མཐོང་ལམ་ནས་ས་དགུ་པ་མན་ཆད་ཆོས་ལ་དམིགས་པ་ཡིན། ས་བཅུ་པ་ཡན་ཆད་དམིགས་པ་མེད་པའི་སྙིང་རྗེ་ཡིན། དེ་ཡང་གང་ཟག་གི་བློ་ཚོད་དང་སྦྱར་ནས་སེམས་པ་ཡིན་ཏེ། ཇི་སྲིད་སྒོམ་མཁན་རང་ལ་དངོས་པོ་དང་མཚན་མར་འཛིན་ཅིང་། གང་བསྒོམ་པར་བྱ་བ་སེམས་ཅན་ཡང་དངོས་པོ་དང་མཚན་མར་འཛིན་པ་ཡོད་རིང་ལ། བྱམས་སྙིང་རྗེ་བསྒོམ་པ་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེའོ། །དེ་ནས་རང་ཡང་རྨི་ལམ་སྒྱུ་མ་ཙམ། གང་བསྒོམ་པར་བྱ་བའི་སེམས་ཅན་ཡང་རྨི་ལམ་སྒྱུ་མ་ཙམ་དུ་གོ་བ་ནི། ཆོས་ལ་དམིགས་པའི་སྙིང་རྗེའོ། །བསྒོམ་བྱ་སྒོམ་བྱེད་གཉིས་ཀ་མི་དམིགས་པར། བྱམས་སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེ་བ་ནི། དམིགས་པ་མེད་པའི་སྙིང་རྗེའོ། །དེ་ལྟར་འགྲོ་བ་མ་རྒན་རྣམས་སྙིང་ཕུགས་སུ་བཅུག་པ་གཅིག་གིས། དོན་དམ་བྱང་ཆུབ་ཀྱི་སེམས་ལ་མོས་པ་བྱེད་དགོས། དོན་དམ་བྱང་ཆུབ་ཀྱི་སེམས་ལ་མོས་པ་མ་བྱས་པར། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འབའ་ཞིག་ཏུ་༼༡༡ན༽སོང་ན། སེམས་ཅན་གྱིས་དོན་དམ་བྱང་ཆུབ་ཐོབ་པའི་ཐབས་མེད་པ་བྱ་བ་ཡིན། དཔེར་ན་ནམ་མཁའ་ལ་འཇིགས་པའི་སྐྱེ་བུ་དང་འདྲ་སྟེ། ཕྱོགས་གར་སོང་ཡང་ནམ་མཁའ་མིན་པ་འགྲོ་ས་མེད་པ་ཡིན། དཔེ་དེ་བཞིན་དུ། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་ན། ཐམས་ཅད་འཁོར་བའི་རྒྱུ་འབྲས་ཡིན་ཏེ། འཚང་རྒྱ་མི་ནུས་བྱ་བ་ཡིན་ཏེ། འཁོར་བ་ལས་མ་འདྲེས་གང་ཙམ་ཡང་འདའ་མི་ནུས་གསུང་། དོན་དམ་བྱང་ཆུབ་སེམས་ཀྱི་དབང་དུ་བྱས་ན། བླ་མ་དམ་པའི་བྱིན་རླབས་དང་། རང་གི་སྒོམ་པའི་ཉམས་མྱོང་ལས་སྐྱེ་བ་ཡིན། དེ་ཡང་བླ་མ་མི་ལའི་ཞལ་ནས། སྣང་སྲིད་སེམས་སུ་འདུས་པར་གདའ། །སེམས་ཉིད་གསལ་བའི་ངང་དུ་གདའ། །དེ་ལ་ངོས་བཟུང་མེད་པར་གདའ། །ཞེས་གསུངས་སོ། །སློབ་དཔོན་ཏོག་ཙེ་བའི་ཞལ་ནས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་བ་རྒྱུན་མི་འཆད། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །སྒོམ་དུ་མེད་པ་གཉུག་མའི་ངང་ལ་ཞོག །ཅེས་གསུངས་སོ། །དོན་རང་གི་ངོ་བོ་དེ་ལྟ་བུ་ཞིག་རྒྱུད་ལ་སྐྱེ་དགོས་གསུང་། དེ་ལྟ་བུ་རྒྱུད་ལ་སྐྱེས་པའི་གང་ཟག་དེ་ནི། ཏོག་ཙེ་པས། ལས་ནི་སེམས་ཅན་མི་ཤེས་པས། །གལ་ཏེ་དམྱལ་བར་སྐྱེས་ན་ཡང་། །ཞེས་གསུངས་པས། ལས་ཤིན་ཏུ་ཕྲ་བ་སེམས་ཅན་གྱིས་མ་ཤེས་པས། ལས་དབང་གིས་དམྱལ་བར་སྐྱེས་ཀྱང་། དར་གྱི་ཕོ་ལོང་བརྡབ་པའི་ཚོད་ལས་མི་སྐྱེ་སྟེ། གང་ཟག་དེ་ནི་མྱུར་དུ་ཐོན་ནས་འོང་བ་ཡིན་གསུང་། དེ་ཡང་། སྤྲོས་བཅས་དང་། སྤྲོས་མེད་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྫོགས་རིམ་གྱི་སྒོ་ནས་ཉམས་སུ་ལེན་དགོས་པ་ཡིན། སྤྲོས་བཅས་ཀྱི་དབང་དུ་བྱས་ན། རྩ་རླུང་ངམ་ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཉམས་སུ་ལེན་པ་ཡིན་ཏེ། དོན་གྱི་ངོ་བོ་དང་པོ་སྐད་ཅིག་༼༡༡བ༽གཅིག་ལ་བརྟེན་ནས་སྐྱེ་བ་ཡིན་ཏེ། དཔེར་ན་ཚེ་གཅིག་གི་ཟླ་བ་ཉ་གང་བའི་ནུས་པ་ཡོད་པ་བཞིན་དུ། དོན་རང་གི་ངོ་བོ་དེ་ཡང་། སྐད་ཅིག་ཙམ་ལས་འགྲོ་འཆག་ཉལ་འདུག་དུས་ཐམས་ཅད་དུ་ཕྲིལ་གྱིས་འགྲོ་བ་ཡིན་གསུང་། དེ་ཡང་ད་ལྟར་གྱི་སེམས་ཀྱི་ངོ་བོ་ཨེན་ཙམ་མཐོང་བ་ཅིག་གིས་ཀྱང་། བར་དོའི་གནས་སྐབས་སུ་ཤེས་པ་སྔ་མ་བས་ལོག་པོས་བོགས་ཆེ་བ་གསལ་བ་ཡོང་བ་ཡིན་པས། བར་དོའི་འོད་གསལ་ལ་ངོས་ཟིན་ནས་འཚང་རྒྱ་བ་ཡིན། དེ་ཡང་། ད་ལྟར་ནད་པ་འཆི་ཀ་མའི་ཤེས་པ་མི་གསལ་ཟེར་ཏེ། ངོ་བོ་རྣལ་མ་ཅིག་མཐོང་ན། ནད་ཀྱི་སྟོབས་ཀྱི་འཆི་ཀའི་ཤེས་པ་འཁྲུལ་ཡང་། དེ་བོར་དུ་མི་བཏུབ་སྟེ། ཤེས་པ་ལས་ལོགས་པའི་ངོ་བོ་མེད་པས་ཤར་ནས་འོང་བ་ཡིན། ངོ་བོ་རྣལ་མར་མཐོང་ན་བར་དོའི་འོད་གསལ་ཟིན་ནས་འོང་བ་ཡིན། དགེ་བཤེས་པ་རབ་ཅིག་གི་ཞལ་ནས། ངོ་བོ་ད་ལྟ་སྐྱེ་བའི་དུས་མིན་ཟེར་ཏེ། བླ་མ་མི་ལའི་ཞལ་ནས། ད་ལྟ་སྐྱེ་བའི་དུས་མིན་ན་ནམ་ཡིན། རྟེན་དལ་བ་འབྱོར་པ་མིའི་ལུས་ཕུན་སུམ་ཚོགས་པ་ནི་ཐོབ། དབང་པོ་ལྔ་ལ་ནི་སྐྱོན་མ་ཞུགས། ཐེག་ཆེན་གྱི་བླ་མ་དང་མཇལ་བའི་དུས་འདིར་མི་སྐྱེ་ན། ངན་སོང་གསུམ་དུ་སྐྱེས་ཙ་ན་སྐྱེའམ་གསུང་། དེ་མེད་པར་གདའ། བར་དོ་ལ་འོད་གསལ་མ་ཟིན་ན་ཡང་། ངོ་བོ་མཐོང་བས་སྐྱེ་བ་ཕྱི་མ་ལ་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བ་ཡིན་ཏེ། གང་ཟག་དེ་ནི། བསགས་པའི་རྒྱབ་ཅན་བྱ་བ་ཡིན་པས། འོ་སྐོལ་བར་དོ་ལས་འཚང་ཅི་རྒྱ་བྱ། དེ་ལ་མ་རྒྱས་ན་ཡང་། སྐྱེ་བ་ཕྱི་མ་ལ་ཅི་རྒྱ་བགྱི་བས། ཆོས་དེ་ལས་མ་མཆིས་གསུང་། མཁའ་འགྲོ་ཆོས་སྐྱོང་ལ་བཟོད་པར་གསོལ། །ཞེས་པ་འདི་ནི་རྗེ་ཉིད་ཀྱི་དབོན་པོ་སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤཱནྟིར་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་སླད་དུ་པར་དུ་བགྱིས་པའོ།། །།
