Only Dharma. Since 1992
/ Mahamudra / Gampopa

Gampopa's collected works (19)

༼༡ན༽རྗེ་དྭགས་པོ་ལྷ་རྗེའི་གསུང་ཞལ་གྱི་བདུད་རྩི་ཐུན་མོང་མ་ཡིན་པ་བཞུགས་སོ། །

༼༡བ༽༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རིན་པོ་ཆེའི་ཞལ་ནས་ཆོས་ཀྱི་རྩ་བའམ་གཞི་མ་ལྟ་བུ་འཆི་བ་མི་རྟག་པ་བསམ་པ་གལ་ཆེ། དེ་ནས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་སེམས་པ་གལ་ཆེ། དེ་རྣམས་བློ་ལ་མ་ངེས་ན་ཆོས་པ་བཞིན་དུ་འདུག་ཀྱང་མི་འོང་། དེ་རྣམས་བློ་ལ་སྐྱེས་ན་ཚེ་འདིའི་བྱ་བ་རྣམས་ལིངས་ཀྱིས་བོར་ནས་ཆོས་བྱེད་པ་ཅིག་འོང་བ་ཡིན། དེ་ན་བླ་མ་དམ་པ་ཅིག་གིས་འཁྲིད་པ་གལ་ཆེ། དེ་ཡང་བྱམས་སྙིང་རྗེ་བྱང་ཆུབ་སེམས་ལ་སློབ་པ་ཡིན། དེ་བློ་ལ་སྐྱེས་ན་ཅི་བྱེད་སེམས་ཅན་གྱི་དོན་བྱེད་པ་ཅིག་འོང་། དེ་མེད་ན་གཟུགས་སྐུ་གཉིས་མི་འབྱུང་། དེ་མེད་ན་ཆོས་སྐུ་མི་འབྱུང་། དེ་གཉིས་ཕན་ཚུན་ལྟོས་པའི་ཆོས་ཡིན། ཆོས་སྐུ་མ་རྟོགས་ན་འཁོར་བ་ལས་མི་ཐར། དཔེར་ན་ནམ་མཁའ་ལ་འཇིགས་པ་དང་འདྲ། གར་སྐྱེས་ཀྱང་འཁོར་བ་ལས་མེད། ཆོས་སྐུ་རྟོགས་ན་ཐར་པ་ཡིན་ཏེ། དེ་ཡང་ཆོས་ནི་རང་གི་དད་པ་ཉིད་ཀྱིས་རྟོགས་ཀྱིས་གཞན་གྱིས་མིན་བྱ་བ་༼༢ན༽གསུངས། དེ་བས་ན་བླ་མ་རྟོགས་ལྡན་གྱི་རྒྱུད་ལ་ཆོས་སྐྱེས་པ་ཅིག་ལ་དད་གུས་ཚུལ་བཞིན་དུ་བྱས་ནས་རྟོགས་ཏེ་འོང་བ་ཡིན། བླ་མ་ལ་རྟོགས་པ་མེད་ན་སློབ་མས་དད་གུས་བྱས་ཀྱང་མི་ཕན། དཔེར་ན་སྐོས་ཕོར་ལ་རི་མོ་མེད་ན། ཚ་ཚ་ལ་རི་མོ་མི་འབྱུང་བ་དང་འདྲ། བླ་མ་རང་གི་རྒྱུད་ལ་ཡོན་ཏན་སྐྱེས་པ་ཅིག་གིས་སློབ་མ་འདྲེན་ནུས་པ་ཡིན་པས། དང་པོ་བླ་མ་བདམ་དགོས། དེ་བས་ན་ཇོ་བོ་ཀུན་ཡིད་ཆེས་པ་གལ་ཆེ། ཡིད་མ་ཆེས་ན་བླ་མའི་བྱིན་རླབས་མི་འབྱུང་། ཡིད་ཆེས་པ་ཅིག་ལ་ཆོས་མང་པོ་མི་དགོས། ཚིག་ཁ་ཡར་ལ་བརྟེན་ནས་བསྒོམ་པ་ཡིན། ལྷན་ཅིག་སྐྱེས་སྦྱོར་གྱི་ལུགས་ཀྱིས་གོ་ཆ་རྣམ་པ་གཉིས་ཀྱིས་ལམ་དུ་འཁྱེར་ཏེ། ལྟ་བའི་གོ་ཆ་ནི་ཕྱི་སྡིག་པ་མི་དགེ་བ་སྤོང་བ་དང་། ནང་དཀར་པོའི་ཆོས་སྤྱོད་རྒྱུན་མི་གཅོད་པ་ལྟ་བའི་གོ་ཆ། ལྟ་བ་བྱ་བ་སྟོང་སྟོང་པོ་ཅིག་ལ་མི་ཟེར། ཕྱི་ལུས་ཀྱི་ན་ཚ་མི་སྤོང་། ནང་སེམས་ཀྱི་རྣམ་རྟོག་མི་སྤོང་བ་ཤེས་རབ་ཀྱི་གོ་ཆ། དེ་༼༢བ༽ལ་དང་པོ་ལུས་ཀྱིས་སྐྱིལ་མོ་ཀྲུང་ལ་སོགས་པ་བྱས་ལ། ཤེས་རབ་ཀྱིས་སེམས་ཀྱི་མཚན་ཉིད་ལ་བལྟས་ནས། གང་དུ་སྐྱེ་བ་མེད་པ། འགག་པ་མེད་པ། དངོས་པོ་མེད་པ་བྱ་བ་ལན་གསུམ་བརྗོད་པས་ཐོས་པའི་ཤེས་རབ། དེ་ལ་བརྟེན་པ་དེའི་དོན་སེམས་ཏེ། སྐྱེ་བ་མེད་དེ་གདོད་མ་ནས་སྐྱེ་མ་མྱོང་། འགག་པ་མེད་དེ་སྐྱེ་བ་མེད་པས་འགག་པའི་རྒྱུ་མེད། དངོས་པོ་མེད་དེ་ཁ་དོག་དང་དབྱིབས་ལ་སོགས་པ་གང་དུ་ཡང་མ་གྲུབ་པ་ཅིག་ཏུ་གོ་བ་དེ་བསམ་པའི་ཤེས་རབ། དེ་ལྟར་རྟོགས་པ་དོན་གྱི་ངོ་བོར་ཤེས་པ་སྒོམ་པའི་ཤེས་རབ། དེ་ལྟར་རྟོགས་པ་དོན་དུ་ཤེས་པས། ད་འཁོར་བ་ལས་དོགས་པ་མེད་དེ་འཁོར་བ་རྣམ་པར་རྟོག་པ་ཡིན། རྟོག་པ་སེམས་ཡིན། སེམས་སྐྱེ་བ་མེད་པ་ཆོས་སྐུར་ཤེས་པས། འཁོར་བ་ལ་དོགས་པ་མི་སྐྱེ། སངས་རྒྱས་ལ་རེ་བ་མེད་དེ་ཆོས་སྐུར་རྟོགས་པ་ལས། སངས་རྒྱས་སྒྲུབ་ཏུ་མེད་པར་གོ །དེས་ན་རྣམ་པར་རྟོག་པ་དེ་དགོས་པ། སྐུ་དྲིན་ཅན། མེད་དུ་མི་རུང་བ་ཡིན་ཏེ། དགོས་ཏེ་ཁོ་ལ་བརྟེན་ནས་ཆོས་སྐུ་རྟོགས་པར་བྱེད། སྐུ་དྲིན་ཆེ་སྟེ་ཁོ་ལ་བརྟེན་ནས་ལམ་གྱི་གྲོགས་སུ་ཤར། མེད་དུ་མི་རུང་སྟེ་ཁོ་མེད་ན་ཆོས་སྐུ་རྟོགས་པའི་ཐབས་མེད་པ་ཡིན། དེ་ལྟར་བྱས་ན་སེམས་ཆོས་སྐུའི་ངང་ལས་མ་ཡེངས་པར་བསྒོམ། དེའི་ངང་ལས་རྣམ་རྟོག་བྱུང་བ་དེ་སེམས་ལས་བྱུང་། སེམས་སུ་ཐིམ། སེམས་དང་དབྱེར་མེད་དུ་འཁྱེར་བ་བྱ་བ་ཡིན། ལྷན་ཅིག་སྐྱེས་སྦྱོར་དུ་འཁྱེར་བ་བྱ་བ་ཡང་ཡིན། ཆོས་ཀྱི་ཕྱག་རྒྱར་འཁྱེར་བ་བྱ་བ་ཡང་ཡིན་གསུང་། ཕྱག་རྒྱ་ཆེན་པོའི་དབང་དུ་བྱས་ན། རང་གི་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་ཡིན་ལ། དེ་ཡང་ནང་འཛིན་པའི་སེམས་དེ་ཆོས་ཀྱི་སྐུའོ། །ཕྱི་གཟུང་བའི་ཡུལ་དེ་འོད་ཡིན་༼༣ན༽ཏེ། དཔེར་ན་ཉི་མ་དང་ཉི་མའི་འོད་ལྟ་བུའམ། ཙནྡན་དང་ཙནྡན་གྱི་དྲི་ལྟ་བུ་སྟེ། ཐ་དད་མེད་པ་གཅིག་ཡིན། དེ་ཡང་ཇི་ལྟར་གནས་ཤེ་ན། སེམས་དང་སྣང་བ་ཐ་དད་དུ་ཞེན་པའི་རྣམ་རྟོག་མེད་པ། གཉུག་མའི་དོན་དེ་ཁོ་ན་ཉིད་མ་བཅོས་པ་ལ་གནས་པར་བྱས་ཏེ། འབྲས་བུ་ལ་རེ་བ་དང་། འཁོར་བ་ལ་དོགས་པ་དང་། ཉིད་ཀྱི་སེམས་དོན་ལ་རྩོལ་བར་བྱ་བའི་སེམས་དེ་དག་ཐོང་ལ། ཅི་ཡང་མ་ཡིན་པའི་སེམས་རང་དགའ། རྣལ་མ་འདི་ཉིད་ནི་དོན་དམ་པའོ། །རང་གི་སེམས་མ་བཅོས་པ་དེ་ཉིད་རྟོགས་ན། སྣང་གྲགས་ཀྱིས་ཆོས་ཐམས་ཅད་དེའི་ངོ་བོ་ལས་མ་འདས་པའོ། །དེ་རྟོགས་ནས་དེ་ལས་གཞན་པའི་ཆོས་སྐུ་ཅིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་། རྒྱུད་རྣམས་སུ། བླ་མ་རྗེ་བཙུན་གྲུབ་པ་ཐོབ་པ་རྣམས་ཀྱིས་ཀྱང་། དེ་ལས་མ་གཟིགས་པ་ཡིན། དེ་བས་ན་རང་གི་སེམས་མ་བཅོས་པ་གཉུག་མའི་ངོ་བོར་རྟོགས་པས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤུགས་ཀྱིས་འཆར་བ་ཡིན་ནོ་གསུང་ངོ་། །སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ཀྱིས་ཕྱག་རྒྱ་བཞི་འདོད། ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། དམ་ཚིག་གི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་དང་བཞིའོ། །དེ་ལ་དབང་པོ་ཐ་མ་ཆགས་པ་ཅན། ལས་ཀྱིས་ཕྱག་རྒྱ་ལ་བརྟེན་ནས་བསྒོམ་པ་ཡིན། འབྲིང་ཆགས་བྲལ་དམ་ཚིག་གི་ཕྱག་རྒྱ་བསྐྱེད་པའི་རིམ་པ་ལ་བརྟེན་ནས་མཚན་བཅས་བསྒོམ་པ་ཡིན། ཆོས་ཀྱི་ཕྱག་རྒྱ་རྣམ་རྟོག་ཆོས་སྐུར་རྟོགས་པར་བྱེད་པ་ཡིན། དབང་པོ་རབ་ཕྱག་རྒྱ་ཆེན་པོའི་སེམས་ཉིད་མ་བཅོས་པའི་ངོ་བོར་ཤེས་པར་བྱེད་པ་ཡིན་ཏེ། དེ་ཡང་རྣམ་པར་རྟོགས་པ་རྣམས་སྤངས་ཤིང་། གཟུང་བ་དང་འཛིན་པ་རྣམས་དང་བྲལ་བའི་ཡེ་ཤེས། འདུས་མ་བྱས་༼༣བ༽པ་སྟེ་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའི་སེམས་ཀྱི་ངོ་བོ་རྟོགས་པ་ཡིན་ནོ། །ཡང་ན་སེམས་ཀྱི་རང་བཞིན། སེམས་ཀྱི་ངོ་བོ། སེམས་ཀྱི་མཚན་ཉིད་བྱ་བ་གསུམ་དུ་བཤད། དེ་ལ་སེམས་ཀྱི་རང་བཞིན་བྱ་བ་རང་བཞིན་གྱིས་དག་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པའི་འདུས་མ་བྱས་འདི་ཡིན། སེམས་ཀྱི་ངོ་བོ་རང་རིག་པ་སྐྱེ་འགག་མེད་པ་འདི་ཡིན། སེམས་ཀྱི་མཚན་ཉིད་བག་ཆགས་ཀྱི་གཟུགས་སྣ་ཚོགས་སུ་སྣང་བ་འདི་ཡིན། འོ་ན་གང་བསྒོམ་ན་སེམས་ཀྱི་སྣང་བ་རྒྱལ་བ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས། ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཐུགས། སྲིད་པ་དྲུག་གི་སེམས་ཅན་གྱི་སྣང་བ་སེམས། རང་གི་རིག་པའི་ངོ་བོ་གསལ་ལ་གོ་མ་འགགས་པ་འདི་བསྒོམ་པ་ཡིན། དཀའ་སྟེ་སྒྲིབ་པ་མ་ཟད་པས། རྟག་ཏུ་འགྲོགས་ཀྱང་ཞལ་མ་མཐོང་། ཡང་ན་སླ་བ་ཡིན་ཏེ་གཞན་ནས་བཙལ་མ་དགོས་པར་རང་ལ་ཡོད་དེ། ངའི་སེམས་ངའི་སེམས་ཟེར་བ་འདི་ཡིན། མཚན་ཉིད་སྣ་ཚོགས་སུ་འཆར་བ་ཡིན། ངོ་བོ་མ་བཅོས་པ་རང་གསལ་དུ་སིང་ངེ་ཡེ་རེ་བ་འདི་རང་ཡིན། ལར་ཇོ་བོ་བ་འདི་ངོ་མ་ཤེས་ཀྱི་བར་དུ། ཕྱོགས་མཐའ་དག་ནས་འབུངས་དགོས། ད་ལན་མ་ཐར་ན་ཕྱིས་མི་ལུས་ལ་ཕྱི་ཕྱག་འཚལ་ནས་ཡེའུ་ཟེར་ནས། ངན་སོང་དུ་ཁ་བལྟས་ནས་འགྲོ་བའི་ཉེན་ཡོད་པས། སྙིང་ཐག་པ་ནས་ཆོས་གྱིས། ངའི་འདི་སྙིང་ཕྱུང་ཡང་དམར་པོ་ལྟར་ལྟར་པོ་གཅིག་ལས་མེད་བྱ་བ་སྤྱན་སྔ་བ་གསུང་བ་དང་འདྲ་བ་ཡིན་ནོ། །སྙིང་ནས་ཚེ་འདིའི་བྱ་བ་ཐམས་ཅད་བཞག་ནས། སྒྲུབ་པ་ཞིག་བྱེད་དགོས་པ་ཡིན། ང་ལ་རྣལ་འབྱོར་པ་ཟེར་ཏེ་ང་ནི་ལས་འབྲས་ལ་ཤིན་ཏུ་འཛེམ་པ་ཡིན། ངའི་༼༤ན༽བླ་མ་རྣམས་ཀྱི་མན་ངག་ཡིན། ལས་འབྲས་ལ་ཡེལ་ལེ་ཕྱད་དེ་འདུག་ན་ཆོས་གནད་དུ་མ་ཕོག་པ་ཡིན། ལྟ་བ་མཐོ་བ་སྐད་ཟེར་ཡང་མི་ཕན་པས། བུ་རང་མི་ལ་སྡིག་མི་བསག །ཆོས་ཀྱི་ཞལ་ཆེ་མི་བཅད། འདི་གཉིས་ཉེན་ཆེ་བ་ཡིན། མ་མཐོང་བའི་གཡང་ས་ཡིན། དགེ་བའི་རྩ་བ་མ་ལུས་པར་འཛད་པ་ཡིན། དེ་བས་ན་ཕག་ཏུ་སྡོད་ལ་སྒྲུབས་ཤིག །ཚེ་ལ་ལོང་མེད་ལོ་འགའ་ཟླ་བ་འགའི་བར་འདིར། དོན་གཅིག་ཅི་འགྲུབ་བྱེད་དགོས་པ་ཡིན། སྙིང་ནས་བསྒྲུབས་ན་འཚང་རྒྱ་བ་ལ་དུས་ཡུན་རིང་པོ་མེད། གསང་སྔགས་ནས་བླ་མ་རྟོགས་ལྡན་དང་། སློབ་མ་སྣོད་ལྡན་ཕྲད་ནས་སྒྲུབ་པ་ཚུལ་བཞིན་བྱས་ན། ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་པར་བཤད་པ་ཡིན་ནོ་གསུང་།། ༡ །།ན་མོ་གུ་རུ། རང་རིག་པའི་ངོ་བོ་དེ་ཅི་ཡང་མ་ཡིན་པ་ལ། དོན་སྐྱེ་འཇིག་ཐམས་ཅད་དང་བྲལ་བར་རྟོགས་ན། ཕྱག་རྒྱ་ཆེན་པོའི་ནང་ནས་བསམ་གཏན་མེད་ཅིང་། རྟོགས་པས་སངས་རྒྱས་པའི་ཕྱིར་རོ་ཞེས་གསུངས་པས། གནས་པ་ཡུན་ཐུང་ཡང་མི་ལྟོ། སྐད་ཅིག་གཉིས་པའམ་མི་གཅིག་ཟན་ཟ་ལས་མ་གནས་ཀྱང་། བསྒོམ་པ་གལ་ཆེ། ཡུན་རིང་པོར་གནས་པར་འདོད་པ་སྐྱོན་ཅན་ཡིན། རྟོག་པ་ཕྲ་ཕྲོས་མི་ལྟོ། དེ་རང་གི་ངོ་བོ་ཡིན་སྤང་མི་དགོས། གར་འཕྲོས་པའི་སར་ལྟོས་དང་ཚུར་ལོག་ནས་འོང་གིས། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཕྱི་ནང་གཉིས་སུ་བརྟག་སྟེ། ཇི་ལྟར་བརྟགས་ན་ཅི་ཡང་མ་ཡིན་པའི་དོན་སྐྱེ་འཇིག་ཐམས་ཅད་དང་བྲལ་བ་དེ་ལས་བཟང་བ་ལོགས་ན་འདུག་གམ་མི་འདུག་བལྟ་སྟེ། སྐྱེ་མཆེད་༼༤བ༽མུ་བཞི་རྟོག་མེད་ཀྱི་ཏིང་ངེ་འཛིན་དྲན་པ་མེད་པར་ཕྱལ་གྱིས་སོང་བར་བསམ་ལ། དེ་དང་རིག་པ་གང་དགའ་བལྟས་པས། རྟོག་མེད་དེ་ལུང་མ་བསྟན་དུ་འདུག་པས། དེས་ཀྱང་དོན་མི་འགྲུབ། དེ་བས་ཐ་མལ་གྱི་ཤེས་པ་དགའ། ནམ་མཁའི་ཁམས་ཐམས་ཅད་ལྷ་དང་ལྷ་མོས་གང་བར་བསམ་ལ། དེ་རྣམས་ཀྱིས་བདག་ཡར་དྲངས་པས། བདག་དང་དེ་རྣམས་ཐ་མི་དད་དུ་བསམ་ལ་གང་དགའ་བལྟས་པས་དེ་རྣམས་དེ་ལྟར་སྣང་ཡང་སེམས་ཀྱི་རྣམ་འཕྲུལ་ཡིན། དེ་ཡང་འགྱུར་བ་ཅན་ཡིན་པས། དེ་བས་ཐ་མལ་གྱི་ཤེས་པ་དགའ། དེ་བས་ཀྱང་རང་སངས་རྒྱས་སུ་བྱས་ལ་སྐུ་མདོག་དང་ཕྱག་མཚན་དང་། རྒྱན་དང་ཆ་ལུགས་ཇི་ལྟ་བས་བརྒྱན་ལ། དེ་ཡང་སྒྱུ་མའམ་འཇའ་ཚོན་ལྟ་བུར་བྱས་ལ། གང་དགའ་བལྟས་པས་དེ་ཡང་བསྐྱེད་རིམ་ཡིན། བློས་བྱས་ཡིན་པས་ངོས་བཟུང་དུ་སོང་། དེ་བས་ཐ་མལ་གྱི་ཤེས་པ་དགའ། མཚན་ཉིད་པའམ་བཀའ་གདམས་པ་བཞིན་དུ་གཟུང་བ་དང་འཛིན་པ་གཉིས་ཀ་གཞི་རྩ་མ་གྲུབ་པ། སྐྱེ་མེད་དུ་བྱས་ནས་སྣ་ཚོགས་དཀར་དམར་སྣང་བ་འདི་ཐམས་ཅད་ཡིད་ཀྱིས་དག་པ་ཨ་ཅང་ཡང་ཆེ་སྟེ། མིག་གིས་ཀྱང་མ་མཐོང་བར་བྱས་ལ། ཆོས་ཐམས་ཅད་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུར་བློས་བྱས་ལ་དེ་དང་གང་དགའ་ལྟ། དེ་ཡང་བློས་བྱས་ཀྱི་སྟོང་པ་ཡིན། དེ་བས་ཐ་མལ་གྱི་ཤེས་པ་དགའ། འོ་ན་ཡང་རང་ལ་མངོན་པར་ཤེས་པ་ཡོད་པར་བྱས་ལ། དེ་དང་གང་དགའ་བལྟས་པས་མངོན་ཤེས་ལྷ་ལ་ཡང་ཡོད། ལྷ་ལ་ཨ་ཅང་ཡང་ཆེས་ཏེ་མོ་མ་ལ་ཡང་ཡོད་དེ་ཚེ་འདི་པ་ཡིན། འདྲེ་ལ་ཡང་ཡོད་དེ་གོ་མ་ཆོད། དེ་བས་ཐ་མལ་གྱི་ཤེས་པ་དགའ། ཐ་མལ་གྱི་ཤེས་༼༥ན༽པ་དེ་བརྟག་པ་གཉིས་པ་ནས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་གིས་ཀྱང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་སོ།། ༢ །།བདག་གི་བླ་མ་རིན་པོ་ཆེའི་ཞལ་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། ད་ལྟར་གྱི་ཐ་མལ་གྱི་ཤེས་པ་ཡེ་ནས་ཡོད་པ་འདི་ཉིད་ཡིན་གསུང་། དེ་ངོ་ཤེས་པར་བྱེད་པའི་ཐབས་ལ། བླ་མ་དམ་པའི་གདམས་ངག་ཅིག་ལ་བསྟེན་ནས། ཐ་མལ་གྱི་ཤེས་པ་འདི་ཉིད་མ་བཅོས་པར་གཞག །མ་བསླད་པར་གཞག །རང་སོར་རང་དགར་གཞག །དེ་ལྟར་བཞག་པས་རང་གི་སེམས་ཉིད་སྐྱེ་བ་མེད་པར་རྟོགས། འགག་པ་མེད་པར་རྟོགས། གནས་པ་མེད་པར་རྟོགས། དངོས་པོ་མེད་པར་རྟོགས། ཡང་དག་པར་རྟོགས་པས། སྣང་གྲགས་འདི་ཡང་དེ་དང་འདྲ་བར་རྟོགས་པ་ལྟ་བ་ཡིན་གསུང་། དེ་ལྟར་བློ་མ་བཅོས་པར་ཡེངས་པ་མེད་པ་ལ། དུས་ཐམས་ཅད་དུ་གནས་པ་སྒོམ་པ་ཡིན་གསུང་། དེ་ལྟར་སེམས་ཉིད་སྐྱེ་བ་མེད་པ་དང་། སྣང་གྲགས་འདི་གཉིས་ཆུ་དང་ཆུའི་རླབས་ལྟ་བུར་གཉིས་མེད་དུ་བྱས་ཏེ། ལས་འབྲས་ལ་སྤྱོད་པ་འདི་སྤྱོད་པ་ཡིན་གསུང་། ཡང་དོན་སྤྱི་ཡིད་ལ་བྱེད་པ་དང་དོན་དངོས་ཡིད་ལ་བྱེད་པ་གཉིས་ལས། དབུ་མ་པས་ཀུན་རྫོབ་ཏུ་ཡོད་པའི་མཐའ་དང་། མེད་པའི་མཐའ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་མཐའ་བཞི་བཀག་ནས། དོན་དམ་པར་ཁས་ལེན་པ་ཐམས་ཅད་དང་བྲལ་བའི་སྤྲོས་བྲལ་དུ་བཞེད། ཕ་རོལ་ཏུ་ཕྱིན་པ་ཀུན་རྫོབ་ཏུ་གཟུགས་སྟོང་པ། སྟོང་པ་ཉིད་གཟུགས་གཉིས་མེད་དུ་བཞེད། དོན་དམ་པར་ཆོས་ཐམས་ཅད་མི་དམིགས་པར་༼༥བ༽བཞེད། དོན་དངོས་ཡིད་ལ་བྱེད་པ་ནི་གསང་སྔགས་པ་སྟེ། དེ་ཡང་ཏཻ་ལོ་པའི་ཞལ་ནས། ཀྱཻ་ཧོ་རང་གི་རིག་པ་ནི། །དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཏེ། །ང་ལ་བསྟན་དུ་ཅི་ཡང་མེད། །ཅེས་ཟེར་བ་ལྟ་བུ་སྟེ། ལྟ་བ་གཉིས་སུ་མེད་པ། ཉམས་མྱོང་རྒྱུན་ཆད་མེད་པ། སྒོམ་པ་ཕྱོགས་སུ་མ་ལྷུང་བ། སྤྱོད་པ་དགག་སྒྲུབ་དང་བྲལ་བ་ཡིན། འབྲས་བུ་རེ་དྭོགས་དང་བྲལ་བ་ཡིན་གསུང་། གསང་སྔགས་ཀྱི་ལྟ་བ་ནི་གཉིས་ཏེ། འོད་གསལ་དང་ཟུང་འཇུག་གོ །ཟུང་འཇུག་ནི་དང་པོ་བླ་མ་ལ་གདམས་ངག་ཅིག་ཞུས་ནས། ཉམས་སུ་བླངས་པའི་དུས་སུ། ཉམས་ཀྱི་འཆར་ལུགས་ནི། སེམས་གཞི་མེད་པར་བཞག །རང་བཞིན་གྱིས་རྣམ་པར་དག་པར་བཞག །རང་བཞིན་གྱིས་འོད་གསལ་བར་བཞག །དེ་ལྟར་བཞག་པས་གསལ་བ་མར་མེའི་རྩེ་མོ་ལྟ་བུའི་ཉམས་འབྱུང་། གཙང་པ་རིན་པོ་ཆེའི་སྣོད་ལྟ་བུའི་ཉམས་འབྱུང་། སྐྱོན་མེད་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ཉམས་འབྱུང་། ཐམས་ཅད་ལ་སྐོམ་པས་གདུངས་པ་ཆུ་རྙེད་པ་ལྟ་བུའི་ཉམས་འབྱུང་སྟེ། དེ་ཙ་ན་ལྟ་བའི་རྟོགས་ལུགས་གཉིས་ཏེ། དཔེར་ན་མཁས་པས་བ་གླང་སྐྱོང་བ་ཡིན། བ་གླང་ཕྱོགས་ཐམས་ཅད་དུ་ཡན་ཡང་། མ་ཡེངས་པར་མིག་གིས་ནོན་པ་བཞིན་དུ། རང་གི་སེམས་རྣལ་མ་ལ་བཞག་པའི་དུས་སུ། རྣམ་རྟོག་ཅི་བྱུང་ཡང་རང་གི་སེམས་ལས་མ་ཡེངས་པར་བལྟའོ། །སེམས་ལས་ལོགས་ན་རྟོག་པ་མེད་པར་བལྟའོ། །དཔེར་ན་ནགས་ལ་མེ་ཤོར་ན་རྩྭ་ལ་སོགས་པ་ཐམས་ཅད་གྲོགས་སུ་འགྲོ་བ་བཞིན་དུ། རང་གི་སེམས་རྟོགས་ན་སྣང་བ་ཐམས་ཅད་གྲོགས་སུ་འགྲོ། དེས་ན་ལྟ་བ་ཟུང་དུ་འཇུག་པ། ཉམས་མྱོང་རྒྱུན་ཆད་མེད་པ། སྤྱོད་པ་སྔ་ཕྱི་མེད་པ། དགག་སྒྲུབ་ཐམས་ཅད་དང་བྲལ་བ། ༼༦ན༽སྣང་གྲགས་ཐམས་ཅད་དང་བྲལ་བའི་ཉམས་དང་མི་འབྲལ་བར་བྱ་གསུང་ངོ་།། །།ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་འདོད་ཁམས་མན་ཆོད་ཀྱི་ལྷ་མིར་སྐྱེ། ལྷག་པ་སེམས་ཀྱི་བསླབ་པའི་ཏིང་ངེ་འཛིན་གྱིས་གཟུགས་ཁམས་མན་ཆོད་ཀྱི་ལྷར་སྐྱེ། ཐེག་པ་ཆེན་པོ་གསང་སྔགས་པ་ནི་ད་ལྟ་ཉིད་ནས་སྐུ་གསུམ་ལམ་དུ་འཁྱེར། འོད་གསལ་བསྒོམ་པ་ཆོས་ཀྱི་སྐུ། ལྷའི་སྐུ་སྒྱུ་མ་ཙམ་དུ་བསྒོམ་པ་ལོངས་སྤྱོད་རྫོགས་པའི་སྐུ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། ལུས་ངག་ཡིད་ཀྱིས་གཞན་དོན་བྱེད་པ་ནི་སྤྲུལ་པའི་སྐུ་ཡིན། སེམས་མ་བཅོས་པའི་ངང་ལ་སེམས་ཀྱིས་བལྟས་པས། ཤེས་པ་སྲབ་སིང་ངེ་བའི་དམིགས་པ་གཏད་པས་མི་འཆོར་བར་འདུག་ན་རྩེ་གཅིག་གི་བསྒོམ་པ་ཡིན། མཐའ་བཞི་དང་བྲལ་བ་སྤྱོད་ལམ་ཐམས་ཅད་དུ་བསྒོམ་པ་ནི་སྤྲོས་བྲལ་གྱི་བསྒོམ་པ་ཡིན། རྟག་ཏུ་བསྒོམ་ན་ཐུན་དང་མི་འབྲལ་བའི་བསྒོམ་པ་ཡིན། སྣ་ཚོགས་སུ་སྣང་ཡང་ངོ་བོ་གཅིག་ཏུ་ཤེས་པ་ནི་དུ་མ་རོ་གཅིག་གི་རྣལ་འབྱོར་རོ། །མཉམ་བཞག་ཆེན་པོའི་རྣལ་འབྱོར་ནི་རྒྱུན་ཆད་མེད་པ་ཡིན་གསུང་ངོ་།། ༣ །།ཡང་རིན་པོ་ཆེའི་ཞལ་ནས། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསྒོམ་པ་གལ་ཆེ་གསུང་། དེ་མེད་ན་སྔགས་པ་འབེན་པོ་དང་ཁྱད་མེད། ཞག་གཅིག་མ་བསྒོམས་ནའང་ཐ་མལ་དུ་ཁྲེས་ཀྱིས་འགྲོ་བ་ཡིན། བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་ནས་དགེ་བ་ཅི་བྱེད་ཐམས་ཅད་འགྲོ་བ་མ་རྒན་རྣམས་ཀྱི་དོན་དུ་ཅི་འགྲོ་བྱེད་དགོས་པ་ཡིན་གསུང་། དེ་ལྟ་བུར་བློ་སྦྱོང་བ་གཅིག་གིས། སེམས་ཀྱི་རང་བཞིན་འོད་གསལ་བ་བྱ་བ་བསྒོམ་པ་ཡིན་ཏེ། སེམས་ཅི་ཡང་མ་ཡིན་པ་ལ་དཔྱད་༼༦བ༽ཅིང་བལྟས་པས། གསལ་སིང་ངེ་བའམ། དྭངས་སིང་ངེ་བའམ། བདེ་ཕྲིལ་ལེ་བ་འབྱུང་སྟེ། འདི་རང་ཡིན་སྙམ་པའི་དང་བ་འདྲེན་ནུས་པ་འོང་། རེས་འགའ་ཉམས་མེད་པ་ལྟ་བུ་འོང་ཞིང་ཉམས་ཅི་ཡང་འཆར་བ་ཡིན། ཉམས་དེ་དང་ལྷན་ཅིག་སྐྱེས་སྦྱོར་བསྡེབས་ཤིང་བསྒོམས་པས། འགྱུར་བ་མེད་པ། སྐྱེ་འཇིག་དང་བྲལ་བ། རྒྱུན་ཆད་མེད་པ། དུས་ཐམས་ཅད་ལ་ཁྱབ་པར་འབྱུང་བ་ཡིན། དེ་ཙ་ན་ཉམས་ལ་འདོད་པ་མེད་པ་དང་། ཞེན་པ་གཏིང་ནས་མེད་པ་འབྱུང་བའོ། །རྟོག་པ་ཅི་སྐྱེས་ཀྱང་རང་གར་མི་འགྲོ་གཟུང་འཛིན་གཉིས་མེད་དུ་འཆར་ཏེ། སེམས་ཀྱི་རང་བཞིན་གདོད་མ་ནས་རྣམ་པར་དག་པ་ཡིན། འཁོར་བར་འཁོར་བ་ཡང་ས་ཕྱོགས་སམ་གནམ་ཕྱོགས་ལྟ་བུར་འཁོར་བ་མ་ཡིན་ཏེ། སེམས་འཁྲུལ་པས་འཁོར་བར་སྣང་བ་ཡིན་ཏེ། སྣང་བས་གནོད་ཀྱང་མ་བསྐྱལ་ཕན་ཡང་མ་བཏགས། མར་དམྱལ་བར་སོང་ཡང་སེམས་རང་འཁྲུལ་པ་ཡིན། སྣང་བ་བྱུང་ཚད་རང་སྣང་ཡིན་ལོགས་ན་གྲུབ་པ་ཡེ་རང་མེད། ཡར་སངས་རྒྱས་པའི་དུས་ན་ཡང་སེམས་ཁོ་རང་རྣམ་པར་དག་པ་ཡིན། གཟུགས་སྐུ་བྱུང་ཚད་གཞན་སྣང་ཡིན། དོན་དམ་རྟོག་བྲལ་འབའ་ཞིག་ཡིན། དེ་ལྟ་བུའི་དོན་གོ་བར་བྱེད་པ་ལ་ལྟོས་ཐག་མ་ཆོད་ན་མི་འོང་། ལར་ཚེ་འདིའི་ལྟོས་ཐག་ཆོད་པ་ཅི་ལ་ཡང་མི་ཆགས་པ་ཅིག་དགོས། འཁོར་བ་ལ་ཕྱི་མིག་མི་ལྟ་བ་ཅིག་དགོས། གཟོང་ཕུགས་བྱེད་དགོས་པ་ཡིན། གཟོང་ཕུགས་བྱེད་ན་ཚེ་འདི་གཅིག་པུས་དོན་འགྲུབ་འོང་བར་འདུག །ང་བསྒོམ་ཡུན་རིང་བ་ཡིན། ང་ལ་ཆ་རྒྱུས་ཡོད། དགེ་བཤེས་དགོན་པ་བའི་ཞལ་ནས། གླུ་ཆུང་སོ་ཡི་བར་ནས་ལེན། །ཁ་འུག་པོ་ལ་ཅི་ཆ་ཡོད། །ཅེས་གསུངས་པ་དེ་དང་འདྲ། ང་བསྒོམས་པ་ལ་༼༧ན༽ཆ་ཡོད་པ་ཡིན། སྟོན་པ་རྣམས་ཀྱི་ལྟ་བ་དེ་ལ་ལྟ་བ་བཏུབ་མི་བཏུབ་ཆ་མེད། ལྟ་བ་ང་ལ་ཆ་ཡོད་པ་ཡིན། ང་ལ་ནི་ཕྱིར་མི་ལྡོག་སྙམ་པ་ལས་ལྡོག་སྙམ་པ་སྐད་ཅིག་ཀྱང་མེད་གསུང་། ངོ་བོ་རྦད་ཀྱིས་ཆོད་པ་ཅིག་ལ་གཉིད་གྲོགས་ཡིན་ནམ། གེགས་ཡིན་ཞུས་པས། ངོ་བོ་ལ་གང་གིས་ཀྱང་གེགས་བྱ་བར་མི་ནུས་པ་ཡིན། གཉིད་ཐུམ་གྱིས་སོང་བ་དེ་ཆོས་སྐུ་ཡིན། རྨི་ལམ་གྱི་རྟོག་པ་བྱུང་བ་དེ་རྗེས་ཀྱི་ཤེས་པས་ཚུལ་བཞིན་དུ་ཆོད་པས་གྲོགས་སུ་འཆར་བ་ཡིན། ངོ་བོ་ལ་རྒྱུན་ཆད་མེད་པས་ཐམས་ཅད་ལ་དགག་སྒྲུབ་མེད་པ་ཡིན་གསུང་། ཟུང་འཇུག་དང་གཅིག་ཆོད་ལ་ཁྱད་ཅི་ཡོད་ཞུས་པས། ཟུང་འཇུག་ཏུ་ཐམས་ཅད་འཁྱེར་ཞིང་འདུག་སྟེ། ངོ་བོ་མ་ཤར་བ་རྣམ་པ་ལ་སྣང་བའི་ཕྱིར་འབྲངས་ཤིང་སོང་། ངོ་བོ་ཤར་བ་ཞིག་ལ་ཐམས་ཅད་སྐྱེ་མེད་དུ་ཤེས་པས་ཟུང་འཇུག་ཀྱང་ཡིན། རེ་དྭོགས་དགག་སྒྲུབ་ཐམས་ཅད་དང་བྲལ་བས་ཅིག་ཆོད་ཀྱང་ཡིན། ཕྱིའི་ཡུལ་ཐམས་ཅད་མེད་པར་ཤེས་པས་ཐམས་ཅད་ཡེ་ཤེས་རང་འབར་དུ་ཤར་བ། རེ་དྭོགས་དགག་སྒྲུབ་ཐམས་ཅད་དང་བྲལ་བ་ཞིག་ལ་ཤི་མ་ཤི་ཡང་མེད། ལུས་བོར་མ་བོར་ཡང་མེད་པ་ཡིན། འོན་ཀྱང་རྣམ་སྨིན་གྱི་ལུས་འདི་ཡོད་རིང་ལ་ལྷ་སྐུ་སྒྱུ་མ་ཙམ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འདུས་བྱས་ཀྱིས་དགེ་བ་ཐམས་ཅད་མི་གཞག་པར་ཅི་འགྲུབ་བྱ། ཐབས་འདི་རྣམས་ལས་ཡོན་ཏན་ཆེ་བར་བྱུང་གསུང་ངོ་།། ༤ །།ཡང་རིན་པོ་ཆེའི་ཞལ་ནས། ང་ལ་ཆོས་གཅིག་ལས་མེད། གཅིག་པོ་དེ་རིག་པའི་ལྡེའུ་མིག་ཡིན། དེ་ངོ་ཤེས་ན་དེ་ལས་ལྷག་པའི་ཆོས་ཅིག་ཡེ་རང་མེད། རང་གི་མཚན་ཉིད་རང་གིས་མཚོན་དེ་ཤེས་པར་བྱོས། །གསུངས་པ་དེ་ཡིན། གོ་ན་སངས་རྒྱས་ལག་པའི་༼༧བ༽ལྟོ་རྒྱབ་བྱ་བའམ། རྔ་འགྲིལ་གང་བྱ་བ་དེ་ཡིན་ཏེ། མ་གོ་ན་རི་བོ་ཙམ་བསམས་ཀྱང་དཀའ་བར་ཡོད། ཁ་ཅིག་གིས་མཐའ་ཐམས་ཅད་བཀག་ནས་ཅི་ཡང་མ་ཡིན་པར་བློས་བྱས་ཤིང་གཞག་སྟེ། གཤིས་འབའ་ཞིག་ཡིན། གཅིག་དང་དུ་བྲལ་གྱིས་སྟོང་པར་བྱས་ཤིང་བསྒོམས་ཏེ་ཁ་འབྱམས་ཤིང་སོང་། གཟུང་འཛིན་ལ་སོགས་སྐྱེ་མེད་དུ་བྱས་ཤིང་བསྒོམས་ཏེ་གོ་ཡུལ་ཡིན། ནང་དུ་བློ་མ་ངེས་པས་གྱེས་ཤིང་སོང་། ལ་ལས་ནི་རྟོག་པ་བྱུང་ཚད་བཀག་ནས་རྟོག་མེད་ལ་བློ་དྲིལ་ཅིང་འཇོག་པ་ལ་ཡོན་ཏན་དུ་བལྟ་སྟེ། དེས་ལམ་གཅོད་མི་ནུས་ཡེ་ཤེས་འཕྱེའོ་བྱ་བ་ཡིན། ལ་ལས་ནི་ཐབས་ཉི་ཚེ་བསྒོམས་པས་བདེ་གསལ་མི་རྟོག་པའི་ཉམས་འབྱུང་སྟེ། བདེ་བས་ནི། ལུས་སེམས་ཐམས་ཅད་བདེ་བས་གང་བ་སོར་ཚིགས་ཡན་ཆོད་བདེ་བས་རྒྱས་པ་འོང་། ལུས་ཡོད་པར་མི་འཚོར་བ་དང་། ལུས་ནམ་མཁའི་དཀྱིལ་ནས་འལ་འོལ་བྱེད། དབུགས་འབྱུང་འཇུག་མི་ཚོར་བ་དེ་ལྟ་བུའི་བདེ་བ་འབྱུང་ངོ་། །གསལ་བ་ནི། གསལ་སིང་ངེ་བ་དབབ་འདྲེན་ནུས་པ་འོང་། མི་རྟོག་པ་ནི། འདི་ལས་མི་རྟོག་པ་ཅི་འདོད་སྙམ་པ་འོང་། དེ་ལྟ་བུའི་ཉམས་བྱུང་ཡང་མཆོག་ཏུ་མི་བཟུང་། ཞེན་ན་ལམ་འགག་པ་ཡིན། ཉམས་མྱོང་གི་རྩི་ལ་འབྱར་བ་བྱ་བ་ཡིན། ཉམས་ལ་འཛིན་པ་མེད་པ་ཞེན་པ་མེད་པ་གཅིག་དགོས་པ་ཡིན། རྟོག་པ་བཀག་ཅིང་རྟོག་མེད་བསྒོམ་པ་རྣམས་ཀྱིས་གར་ཡང་མི་ཕྱིན། འོན་ཀྱང་བྱས་པས་རྟོག་པ་ལ་ལམ་བྱེད་པ་ཡིན། རྟོག་པ་མེད་དུ་མི་རུང་བར་བལྟ་བ་ཡིན། དགོས་པར་བལྟ། སྙིང་དུ་སྡུག་པར་བལྟ། སྐུ་དྲིན་ཅན་དུ་བལྟ། རྟོག་པའི་རྩ་བ་སེམས་ཡིན་པས་རྟོག་པ་དེ་ངོ་བོ་ཉིད་ཀྱི་རྟོག་པ་ཡིན། དེ་ལྟར་ཡིན་པས་བླ་མའི་ཞལ་ནས། མི་རྟོག་ཆོས་སྐུ་ལགས་པར་གདའ། །གསུང་། ༼༨ན༽ངོ་བོ་མ་མཐོང་ན་སྟོང་པ་རམ་མདའ་ལོག་དགོས་པ་ཡིན། ངོ་བོ་མཐོང་ན་རང་ཤུགས་ཀྱིས་སྐྱེ་མེད་དུ་འཆར་བ་ཡིན། རྟོག་པ་ལ་དགག་སྒྲུབ་མེད་པས་རང་གྲོལ་དུ་འགྲོ་བ་ཡིན། རྟེན་རྣམ་སྨིན་གྱི་ལུས་ཡོད་རིང་ལ་རྟོག་པ་སྐད་ཅིག་མ་འོང་བ་ཡིན། དགའ་མི་དགའ་ལ་སོགས་པ་འཛིན་པའི་སྐད་ཅིག་མ་འོང་བ་ཡིན། དེས་གནོད་མི་ནུས་དེ་མ་ཐག་འོད་གསལ་དུ་འཆར། རྟོག་པ་འོད་ཆད་པ་བཞིན་དུ་འགྲོ་བ་ཡིན། ལར་ཚིག་ཙམ་བརྗོད་ཀྱང་འདྲ་འདྲའི་རིལ་པོ་གཅིག་ཏུ་འགྲོ །ནང་དུ་ངེས་པའི་ཤེས་པ་གལ་ཆེ་བ་ཡིན། ངེས་ཤེས་གཤའ་མ་ཞིག་ཡོད་ན་སྒོམ་མཁན་དེ་ཉིད་མ་བཅོས་པར་འཇོག་ཤེས་པ་ཅིག་འོང་། ངེད་ལ་མི་བསྒོམ་པའི་ཤེས་པ་ཞིག་ཡོད་གསུང་། སྡེ་སྣོད་ཀྱི་ཆོས་ཐམས་ཅད་སེམས་ཐོག་ཏུ་འབེབས་ཤེས་པ་ཅིག་དགོས་པ་ཡིན། རྩེ་གཅིག་ལ་སོགས་པའི་རྣལ་འབྱོར་བཞི་ཡང་གཅིག་ཏུ་འཆར་བ་ཡིན། ཆོས་ཐམས་ཅད་རིག་པའི་ཐོག་ནས་ཤན་འབྱེད་པ་ཅིག་འོང་བ་ཡིན། དེ་ཙུག་འདུག་ན་སེམས་ཙམ་པ་དང་། དབུ་མ་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་གང་བསྒོམས་ཀྱང་ངོ་བོའི་ཐོག་ཏུ་འོང་བ་ཡིན། དེ་ཨ་ཅང་ཆེ་སྟེ་ཉན་ཐོས་དང་མུ་སྟེགས་རྟག་ཆད་ལ་སོགས་པ་གང་བསྒོམས་ཀྱང་། ངོ་བོ་འབའ་ཞིག་གི་སྟེང་དུ་འགྲོ་བ་ཡིན། མ་ངེས་ན་གཉུག་མ་མ་བཅོས་པ་ལ་སོགས་པ་ཚིག་ཏུ་ཇི་སྐད་བརྗོད་ཀྱང་། ཁོང་སྐྲན་ཡོད་པའི་སྐྱོན་ཡིན། དེས་ན་ལམ་དེས་གཅོད་པ་ཡིན། བླ་མ་ཏཻ་ལོ་པའི་ཞལ་ནས། ང་ལ་བལྟ་རྒྱུ་གཅིག་ལས་མེད། རང་གི་རིག་པ་ལྷན་ཅིག་སྐྱེས་པའི་འོད་གསལ་གཅིག་པུ་ལས་མེད། དེ་ལས་ལོགས་པའི་ཆོས་ཅིག་མེད། དེ་མེད་ཙ་ན། ཚེ་འདིའི་ལྟོས་ཐག་བཅད་ནས། བཏུབ་ཚད་ལྕོགས་ཚད་ཀྱིས་ལྟག་ཞྭ་ཕུད་ནས་ཚེ་འདི་གཅིག་པུ་ལ་དོན་ཅི་འགྲུབ་བྱ་དགོས། ངོ་བོའི་ཀློང་དུ་གྱུར་པ་རྣམས་འོད་༼༨བ༽གསལ་འབའ་ཞིག་ལ་འགྲོ་བ་ཡིན། བར་དོའི་སྣང་བ་མི་མཐོང་བ་ཡིན། བླ་མ་མི་ལའི་ཞལ་ནས། འོད་གསལ་བ་ནི་རྒྱུན་པར་གནས། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །ཞེས་གསུངས་སོ། །བླ་མའི་ཞལ་ནས། སྣང་བ་རིམ་གྱིས་ཐིམ་ནས་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པ་དང་། ལྕགས་རི་བ། ས་བཅུ་རྒྱུན་གྱི་ཐ་མ་ལ་སྐད་ཅིག་མ་གཉིས་པ་ལ་སྲིད་པའི་ས་བོན་རྣམ་པར་ཤེས་པ་འགགས་ནས་ཆོས་སྐུ་བདེ་བ་ཆེན་པོ་མངོན་དུ་འགྱུར་གསུང་པ་དང་། བྱ་ཡུལ་བ། རྟོག་པ་གར་འགགས་ཙ་ན་སངས་རྒྱས་པ་ཡིན་གསུང་། དེ་གསུམ་ལ་ཁྱད་ཅི་ཡོད་ཞུས་པས། ཁྱད་མེད་གསུང་། རྗེ་རིན་པོ་ཆེའི་ཞལ་ནས། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་མེད་ན་སངས་མི་རྒྱ་བ་ཡིན་གསུང་ལ། ཀུན་རྫོབ་བྱང་ཆུབ་སེམས་སྐྱེ་བའི་རྒྱུ་ཚང་བར་བྱས་ནས་སྨོན་འཇུག་གི་དམ་བཅའ་བྱ། བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱངས་ན་ད་ལྟ་མི་སྐྱེ་བ་སྙམ་བྱེད་ཀྱང་། རྣམ་སྨིན་གྱི་ལུས་དང་བྲལ་ཙ་ན་སྙིང་རྗེ་རང་ཆས་སུ་འོང་བ་ཡིན། དོན་དམ་ལྷན་ཅིག་སྐྱེས་པའི་གཉུག་མ་ཡིན་ནོ་གསུང་།། ༥ །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཡུན་རིང་མི་སྡོད་འཆི་བར་ངེས་པས་ཐར་པ་མྱུར་དུ་སྒྲུབས། །ཉི་མ་ནུབ་པའི་གྲིབ་སོ་བཞིན་དུ་མི་རྟག་ཕ་རོལ་འགྲོ་བར་ངེས། །ལེ་ལོ་སྙོམས་ལས་མ་བྱེད་བརྩོན་འགྲུས་མེ་བཞིན་སྤོར། །ཚེ་ལ་བློ་གཏད་མེད་པར་ངེས་པས་རྒྱུན་ཆད་མེད་པར་ཉམས་སུ་ལོང་། །ཉམས་སུ་བླངས་ན་བློ་དང་བྲལ་བའི་ཉམས་རྟོགས་དུས་གཅིག་འཆར་། །རྒྱུ་ལས་འབྲས་བུ་འབྱུང་བར་ངེས་པས་ལས་འབྲས་ཁྱད་མི་བསད། །ངན་སོང་སྡུག་བསྔལ་དྲན་པར་གྱིས་ལ་གཉེན་པོ་དྲག་ཏུ་བརྟེན། །གཅིག་པུར་ཐར་བར་འདོད་ན་ཐེག་དམན་ཉན་ཐོས་རང་རྒྱལ་གོལ། །མ་ཡི་དྲིན་ལན་དྲན་པར་གྱིས་ལ་བྱམས་དང་སྙིང་རྗེ་རྒྱུན་དུ་༼༩ན༽སྒོམས། །བྱང་ཆུབ་སེམས་ཀྱིས་སེམས་ཅན་བསྒྲལ་བའི་སྨོན་ལམ་རྟག་ཏུ་སྒོམས། །གོམས་པར་བྱས་ན་རང་ལ་ལྟོས་མེད་གཞན་དོན་ཤུགས་ཀྱིས་འབྱུང་། །རང་རྒྱུད་ཏིང་འཛིན་འབྱོངས་ཤིང་སྒྲིབ་པ་གཉིས་པོ་ཤུགས་ཀྱིས་འདག །ཆོས་རྣམས་གཟུགས་བརྙན་རྨི་ལམ་སྒྱུ་མ་ལྟ་བུར་ནི། །གོ་བར་གྱིས་ལ་ཚེ་འདིའི་འདོད་དང་ཞེན་པ་ཟིན་གྱིས་ནོན། །དེ་ལྟར་གོམས་ན་རང་བློ་གཏིང་ནས་ལྡོག །བློ་མ་ལོག་པའི་གང་ཟག་གིས། །ཉོན་མོངས་ཐར་པ་ཐོབ་མི་འགྱུར། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སེམས་ཅན་ཐམས་ཅད་ཀུན་ལ་ཡང་། །དེ་ཉིད་ཡོད་དེ་རྟོགས་པ་མེད། །དཔེར་ན་གྱད་ཀྱི་ནོར་བུ་བཞིན། །རྟག་ཏུ་འགྲོགས་ཀྱང་ཞལ་མ་མཐོང་། །ཡང་ཡང་ཕྲད་ཀྱང་ངོ་མ་ཤེས། །བླ་མའི་དྲིན་གྱིས་ད་རེས་མཐོང་། །མུན་པའི་དཀྱིལ་དུ་ཟླ་ཤར་བཞིན། །རང་བློའི་གཏིང་ནས་ཡེ་ཤེས་ཤར། །ཉམས་སུ་མྱོང་བས་རང་རྒྱུད་ཚིམ། །བྱིན་རླབས་སྟོབས་ཀྱིས་ངེས་ཤེས་སྐྱེས། །བརྗོད་བྲལ་ཉམས་མྱོང་བློ་དང་བྲལ། །རང་རིག་ངོ་བོ་ཉམས་སུ་ཤར། །དོན་དང་བློ་ཕྲད་ངོ་མཚར་ཆེ། །མ་བསམ་ལྷུན་གྱིས་གྲུབ་བམ་བསམ། །བསམ་གྱིས་མི་ཁྱབ་ཡེ་ཤེས་ལ། །རྟག་ཏུ་ལོངས་སྤྱོད་ངོ་མཚར་ཆེ། །འོད་གསལ་ངོས་བཟུང་མེད་པ་ལ། །ཉམས་ལེན་བྱེད་པ་རྨད་ཀྱི་ཆོས། །རང་ཉིད་ཆོས་སྐུར་རྟོགས་པ་ངོ་མཚར་ཆེ། །སྣང་གྲགས་སེམས་སུ་རྟོགས་པ་ཞེ་འདོད་བྲལ། །དགའ་དང་སྤྲོ་བ་རྒྱུན་ཆད་མེད་པ་བྱུང་། །བདེ་བ་ཆེན་པོའི་ཉམས་ཅིག་སྐྱེས་པ་འདྲ། །སེང་གེ་ལྟ་བུ་འཇིགས་དང་ཉམ་ང་བྲལ། །སྐྱེ་ཤི་འཁོར་བའི་ཆོས་དང་བྲལ་བ་འདྲ། །ཡིད་བཞིན་ནོར་ལྟར་དོན་ཀུན་གྲུབ། །རང་གི་ཡེ་ཤེས་རྟོགས་འདོད་ན། །རས་བལ་འདབ་བཞིན་གློད་ལ་ཞོག །བྱ་བ་ཐོང་ལ་སེམས་ལ་རྟེན་མ་འཆའ། །༼༩བ༽ཤེས་པ་མ་འགུགས་གང་དགའ་ཉིད་ལ་ཐོང་། །བྱིང་རྒོད་བྱུང་ན་དེ་ཉིད་རང་ལ་ལྟོས། །སེམས་ལ་གནོད་པའི་ལས་རྣམས་ཁད་ཀྱིས་སྤོངས། །ཞེ་འདོད་བྱུང་ན་བདུད་དུ་ཤེས་པར་གྱིས། །མ་བཅོས་བཞག་པའི་སེམས་ནི་སངས་རྒྱས་ཡིན། །འགྲོ་འཆག་ཉལ་འདུག་ཀུན་དུ་ལྷུག་པར་ཞོག །དེ་ལྟར་བཞག་པའི་སེམས་ཉིད་ནི། །གཟུང་བ་མེད་པས་ནམ་མཁའ་འདྲ། །ཕྱོགས་སུ་མ་ལྷུང་ལྟ་བ་ཡིན། །ཉམ་ང་མེད་པ་ཤུགས་ཀྱིས་འབྱུང་། །དག་ཅིང་དྲི་མེད་ཤེས་སྒོང་འདྲ། །གསལ་ལ་མ་ཡེངས་སྒོམ་པ་ཡིན། །རྒྱུན་ཆད་མེད་པ་ཤུགས་ཀྱིས་འབྱུང་། །རང་བྱུང་ཞེན་མེད་བུ་ཆུང་འདྲ། །བཟའ་གཏད་མེད་པ་སྤྱོད་པ་ཡིན། །དགག་སྒྲུབ་མེད་པ་ཤུགས་ཀྱིས་འབྱུང་། །རྒྱུ་འབྲས་དུས་མཚུངས་ཨ་མྲྀ་ཏ། །རེ་དྭོགས་མེད་པ་འབྲས་བུ་ཡིན། །བྱ་བ་ལྷུན་གྲུབ་ཤུགས་ཀྱིས་འབྱུང་། །དེ་ལྟར་བཞག་ན་སངས་རྒྱས་ཐོབ། །སངས་རྒྱས་ལོགས་ནས་ཐོབ་ཏུ་མེད། །ཕྱོགས་བཅུ་དུས་གསུམ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྟོགས་ན་སངས་རྒྱས་ཡིན། །ཕྱོགས་རིས་མེད་ཅིང་མཐའ་དང་བྲལ། །ནམ་མཁའ་ལྟ་བུར་ངོས་བཟུང་མེད། །སེམས་ཉིད་དེ་ལྟར་རྟོགས་ན་ལྟ་བ་ཡིན། །སྣང་སེམས་གཉིས་མེད་ཆུ་དང་ཆབ་རོམ་བཞིན། །དེ་དོན་གཅིག་ཏུ་གོ་ན་རྟོགས་པ་ཡིན། །དེ་དོན་ཉམས་སུ་ཤར་ན་ཉམས་མྱོང་ཡིན། །དེ་ལ་རྩེ་གཅིག་འཇོག་པ་སྒོམ་པ་ཡིན། །དེ་ལ་མ་ཡེངས་ལོངས་སྤྱོད་སྤྱོད་པ་ཡིན། །རང་སེམས་རྟོགས་ན་ཆོས་སྐུ་མཐོང་བ་སྟེ། །རྒྱུ་ཡི་དུས་ན་འབྲས་བུ་འབྱུང་བ་ཡིན། །དེ་ཉིད་རྟོགས་ན་གཟུགས་སྐུ་འབྱུང་བ་ཡིན། །ཨེ་མ་ཧོ། །ཆོས་རྣམས་མཉམ་པ་ཉིད་ཡིན་ཡང་། །མ་རྟོགས་པ་ཡིས་གོ་བ་མིན། །རྟག་ཆད་གཉིས་པོ་དགག་པའི་ཕྱིར། །ཐབས་༼༡༠ན༽དང་ཤེས་རབ་གསུངས་པ་ཡིན། །ཐ་མལ་ཞེན་པ་བཟློག་པ་དང་། ཟུང་འཇུག་རྟོགས་པ་བསྒྲུབ་པའི་ཕྱིར། །བསྐྱེད་པའི་རིམ་པ་གསུངས་པ་ཡིན། །རླུང་སེམས་དྷཱུ་ཏིར་གཞུག་པ་དང་། རྒྱུད་ལ་འོད་གསལ་བསྐྱེད་པའི་ཕྱིར། །རྫོགས་པའི་རིམ་པ་བཤད་པ་ཡིན། །རང་རིག་ཡེ་ཤེས་འོད་གསལ་འདི། །སྔར་མ་སྐྱེས་པས་ད་མི་འགག །ཡོད་མེད་མཐའ་ལས་འདས་པ་གཅིག །རྟག་ཆད་གཉིས་དང་བྲལ་བ་གཅིག །ངོས་བཟུང་མེད་པར་གསལ་བ་གཅིག །ཡེ་ཤེས་ཡིན་ཕྱིར་སྐྱེ་འཇིག་བྲལ། །སྤྲོས་བྲལ་བདེ་བའི་ངོ་བོ་ཅན། །དམིགས་པའི་ཡུལ་མེད་ངོ་བོ་གསལ། །བདེ་བ་ངོས་བཟུང་མེད་པ་གནས་པའི་ཉམས། །སྟོང་པ་ཡེ་ཤེས་གསལ་བ་གྲུབ་པའི་ཉམས། །མཁྱེན་པ་ངོ་བོར་གསལ་བ་སྟོང་པའི་ཉམས། །འབད་རྩོལ་མི་དགོས་ཡེ་ནས་གནས་པའི་ཉམས། །རེ་དྭོགས་མེད་པས་འབྲས་བུ་ཐོབ་པའི་ཉམས། །འདུ་འབྲལ་མེད་པས་གཉིས་སུ་མེད་པའི་ཉམས། །དགག་སྒྲུབ་མེད་པས་འདོད་དང་བྲལ་བའི་ཉམས། །དོན་དང་བློ་ཕྲད་ཤིན་ཏུ་ངོ་མཚར་ཆེ། །ངེས་ཤེས་གཏིང་ནས་སྐྱེས་པས་འགྱུར་བའི་དོགས་པ་མེད། །ཐམས་ཅད་རྫུན་དུ་ཤེས་པས་ཞེན་པའི་འཇིགས་པ་མེད། །རྣམ་རྟོག་སེམས་སུ་ཤེས་པས་སྤང་བླང་གཉིས་དང་བྲལ། །ཉོན་མོངས་ཡེ་ཤེས་ཡིན་པས་གཉེན་པོ་རྟེན་མི་དགོས། །རང་སེམས་དེ་ལྟར་རྟོགས་ན་ཆོས་སྐུ་ལྷུན་གྱིས་གྲུབ། །ཐབས་མང་པོ་བཤད་ཀྱང་། གང་ལ་དམིགས་པ་དེ་ལ་མ་ཡེངས་ན་དོན་འགྲུབ་པས་ཐབས་ཀྱི་མཆོག་ནི་མ་ཡེངས་པའོ།། ༦ །།ཡང་རིན་པོ་ཆེའི་ཞལ་ནས། ཤེས་པ་བཀོལ་དུ་འདོད་པ་དང་མི་འདོད་པ་གཉིས་ཡོད་དེ། འདོད་པ་ནི་དང་པོ་ནས་ལྡང་འཇུག་ཉུང་། རྩེ་གཅིག་རྒྱུད་ལ་སྐྱེས་པའི་དུས་སིང་ངེ་ཡེ་རེ་བའི་ཉམས་འཆར་ནས་༼༡༠བ༽ནང་ནས་དང་བ་འདྲེན་ནུས། རྟོགས་པ་མེད་པས་ཐེ་ཚོམ་འབྱུང་། ཉམས་ཀྱང་རེས་ཕྱལ་ལེ་ལོང་ངེ་བ་འབྱུང་། རེས་འགའ་ནི་ཤེས་པ་རླན་དང་བྲལ་ནས་སྒོམ་ཡེ་མེད་དམ་སྙམ་པ་འབྱུང་། རེས་འགའ་ནི་རྣམ་རྟོག་ལུང་མ་བསྟན་རབ་རིབ་གཅིག་གིས་གནོད་པ་ཡང་འབྱུང་། དེ་ལྟ་བུའི་ཉམས་བཟང་ངན་ཅི་བྱུང་ཡང་རྩ་བ་སེམས་ངོས་ཟིན་པར་བྱས་ལ། མ་བཅོས་པར་གོམས་སུ་བཅུག་པས་སྤྲོས་བྲལ་དུ་འཆར་ཏེ། སྔར་བཤད་པས་ཉམས་བཟང་ངན་བག་རེ་འོང་སྟེ། དུས་ཐམས་ཅད་པ་རྒྱུན་ཆད་མེད་པར་རྟོགས་པ་ཁོང་དུ་ཆུད་པ་ཤིན་ཏུ་ཟབ་ཅིང་ཕྲ་བ། བློ་ལ་ངེས་པ་ཡིན་པས་ཐེ་ཚོམ་དང་ཉམ་ང་མི་འབྱུང་ངོ་། །ཤེས་པའི་ཉམས་བཟང་ངན་ཅི་བྱུང་ཡང་རང་གི་ཤེས་པ་རྣལ་མ་མ་སྤངས་པར་བསྐྱངས་ན། རང་གིས་མ་ཚོར་བར་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་སྟེ། དེ་ཙ་ན་གསལ་ལ་མ་ཆགས་ཤིང་ཞེན་པ་མེད་པའི་ཉམས་འབྱུང་། རོ་གཅིག་གི་ཉམས་ཀྱང་དེ་རང་ཡིན། ཕྱི་ཡི་ཡུལ་གཉིས་མེད་དུ་རྟོགས་པའོ། །རང་སེམས་ཆོས་སྐུར་ལྷན་གྱིས་རྟོགས་ན་བསྒོམ་དུ་མེད་པའོ། །གཅིག་ཆར་བའི་རྟེན་གྱི་གང་ཟག་ནི་བླ་མས་ངོ་སྤྲད་པ་ཙམ་གྱིས་སྤྲོས་བྲལ་འཆར་རོ། །རིམ་གྱིས་པ་ལ་ནི་གོམས་པ་ལས་འཆར་རོ། །ཐམས་ཅད་ཀྱང་བརྩོན་འགྲུས་ཀྱི་སྟེང་ན་གདའ། དད་ལྡན་གཡོ་མེད་གང་ཟག་གིས། །སྒྲུབ་ལ་ནན་ཏན་གཙོར་བྱས་ན། །དེ་ཡི་ལག་ན་བྱང་ཆུབ་འདུག །ཅེས་གསུངས་སོ། །བག་ཆགས་ཀྱི་དྲི་མ་རྣམ་པར་སྦྱོང་བ་ཞེས་བྱ་བ། རིན་པོ་ཆེ་པས་བྱར་མོ་སྦས་སྟོན་ཕུག་ཏུ་མཛད་པ་རྫོགས་སོ།། ༧ །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ཆོས་དྲུག་དང་ལྡན་ན་ཡིན་ཏེ། གང་ཞེ་ན། དམ་ཚིག་དང་ལྡན་པ་ཉམས་པ་མེད་པའི་གཞི།སློབ་པའི་དམ་ཚིག་དང་། མི་སློབ་པའི་དམ་ཚིག་གོ །༼༡༡ན༽ཐོས་པ་དང་ལྡན་པ་པྲཛྙཱའི་གཞི།ཐོས་པའི་ཤེས་རབ་ཀྱིས་ཚིག་བསྐྱེད་ནུས་པ། བསམ་པའི་ཤེས་རབ་ཀྱིས་དོན་བསྐྱེད་ནུས་པ། བསྒོམ་པའི་ཤེས་རབ་ཀྱིས་སློབ་མ་དེའི་རྒྱུད་ལ་དམིགས་པ་ཉེ་བར་འཛིན་ནུས་པའོ།། ཕན་སྨིན་པར་བྱེད་པའི་སེམས་སོ།། སེམས་དང་ལྡན་པ་ཐེག་པ་ཆེན་པོའི་གཞི། རྟོགས་དེའི་རྒྱུད་ལ་སྐྱེ་བའི་གཉུག་མའི་གནས་ལུགས། པ་དང་ལྡན་པ་དོན་གྱི་གཞི། བཟོད་འགྲོ་བའི་དོན་ལ་སྐྱོ་དུབ་མེད་པ། པ་དང་ལྡན་པ་འཁྲུག་པ་མེད་པའི་གཞི། བརྒྱུད་ཞལ་ནས་ཞལ། སྙན་ནས་སྙན། ཐུགས་ནས་ཐུགས་སུ་བརྒྱུད་པ། པ་དང་ལྡན་པ་བྱིན་རླབས་ཀྱི་གཞི། དེ་ཡང་བརྒྱུད་པ་ལ་བཞི་ཡིན་གསུང་། བརྒྱུད་རྡོ་རྗེ་འཆང་ནས་བརྒྱུད་པ་མ་ཆད་པ། སོ་ལ་མ་ཞུགས་པ། པ་དང་བརྒྱུད་པར་འབྲེལ་བ། བརྒྱུད་པ་དང་སྒྲར་གོང་མ་རྣམས་ཀྱིས་འོག་མ་རྣམས་ལ་སྙན་ནས་སྙན། འབྲེལ་བ། སྒྲ་དང་ལུང་དུ་འབྲེལ་བ།ཇི་ལྟར་བཤད་པའི་ཚིག་ལ་ལྷད་མ་ཞུགས་ཤིང་། ཚིག་གི་དོན་རྒྱུད་དང་སྦྱོར་ཤེས་པ། ལུང་དང་བྱིན་རླབས་སུ་འབྲེལ་གོང་མ་གོང་མའི་འོག་མ་འོག་མ་བྱིན་གྱིས་རློབ་ནུས་པའོ།། བའོ། །བཟོད་པ་དང་ལྡན་པ་འཁྲུག་པ་མེད་པའི་གཞི་ལ་གཉིས། གཞི་མི་འཁྲུག་པ་དང་། སྦྱོར་བ་མི་འཁྲུག་པའོ། །དང་པོ་གཞི་མི་འཁྲུག་པ་ནི། ཁྲོ་བ་དང་འཁོན་དུ་མི་འཛིན་པའོ། །སྦྱོར་བ་མི་འཁྲུག་པ་ནི། བསྒོམ་པའི་དུས་སམ། བྱ་བ་གཞན་གྱིས་ཐུགས་བྲེལ་བའི་དུས་སུ་ཆོས་ཞུ་བ་མ་ཡིན་པ་ལ། དེ་ལྟ་བུའི་དུས་སུ་ཆོས་ཞུས་པ་ལ་སོགས་པ་ལ་མི་ཁྲོ་བའོ། །དེ་ལྟ་བུའི་བླ་མ་ལ་སློབ་མ་ཇི་ལྟ་བུ་བསྟེན་ཞེ་ན། ཆོས་གསུམ་དང་ལྡན་པ་ཅིག་དགོས་གསུང་། བླ་མའི་ལས་དང་བྱ་བ་ལ་སོགས་པ་བླ་མ་ཇི་ལྟར་བཞེད་པ་བཞིན་བསྒྲུབ་པ་དང་། བླ་མ་དེ་ལ་མིག་འབྲས་བཞིན་གཅེས་པར་བལྟ་བ་དང་། བླ་མ་ཇི་ལྟར་གསུངས་པ་བཞིན་ཉན་ལ། ཐ་ན་བརྫུན་ཅིག་གསུངས་ཀྱང་བདེན་པར་འཛིན་པའོ། །༼༡༡བ༽དེ་ལྟ་བུའི་བླ་མས་ཆོས་ཇི་ལྟ་བུ་ཞིག་གསུང་ཞེ་ན། བྱིན་རླབས་རྣམ་པ་གསུམ་བྱ་གསུངས་ཏེ། སྣང་བ་བྱིན་གྱིས་བརླབ་པ་ནི། ཕྱི་གཟུང་བའི་ཡུལ་འཆད། སེམས་བྱིན་གྱིས་བརླབ་པ་ནི། ནང་འཛིན་པའི་སེམས་དོན་འཆད། བདག་བྱིན་གྱིས་བརླབ་པའོ། །སྣང་བ་བྱིན་གྱིས་བརླབ་པ་ལ་གསུམ་། སྣང་བ་རྒྱས་གདབ་པ། སྣང་བ་དབང་དུ་བསྡུ་བ།བདེ་བ་རོ་མཉམ། སྟོང་པར་རོ་མཉམ། གཉིས་མེད་ཡིད་ལ་མི་བྱེད་པར་རོ་མཉམ། སྣང་བ་རྩད་གཞི་ཅི་ཡང་མ་ཡིན་པ་ལ་ཅིར་ཡང་སྣང་བ་ལ་རིས་སུ་མི་བཅད་པར་ཤེས་པའོ།། ནས་བཅད་པའོ། །དང་པོ་སྣང་བ་རྒྱས་གདབ་པ་ལ་གསུམ། དབང་གཉིས་སུ་མེད་ཅིང་ཡིད་ལ་མི་བྱེད་པ་ཆུ་དང་ཆབ་རོམ་ལྟ་བུའོ།། པོ་རབ་ལ་གཉིས་མེད་ཐུག་ཕྲད་དུ་བྱ་བ་དང་། དུ་མ་རོ་སེམས་སྣ་ཚོགས་སུ་དཀར་དམར་དུ་སྣང་ཡང་དུ་མ་རོ་གཅིག་ཏུའོ།། གཅིག་ཏུ་བྱ་བ་དང་། སྣ་ཚོགས་དོན་མཐུན་དུ་བྱ་བའོ། །སེམས་བྱིན་གྱིས་བརླབ་པ་ལ་ལྔ། སེམས་ལ་མཐོ་དམའ་མེད་པ། ཡངས་དོག་མེད་པ། ཐོག་མཐའ་མེད་པ། ཐམས་ཅད་ལ་ཁྱབ་པ། ཕྱོགས་སུ་མ་ལྷུང་བའོ། །དང་པོ་ལ་དབུ་མའི་ལྟ་བ་སེམས་དང་པོ་གང་ནས་བྱུང་། ཐ་མ་གར་འགགས་རྩད་བཅད་པ་སྟེ། འདིར་དེ་གཉིས་དང་བྲལ་བའོ། །ཡངས་པ་སྐྱེ་མཆེད་མུ་བཞི་ནས་དོག་པ་རྩ་རླུང་བསྒོམ་པ་སྟེ་འདི་དེ་གཉིས་དང་བྲལ་བའོ། །དེ་ཙམ་གྱིས་ཀྱང་མི་འོང་། ཇི་སྲིད་དུ་གཉིས་འཛིན་དང་མ་བྲལ་བར་ཚོགས་བསགས་པ་ལ་བརྟེན་དགོས། དེ་ཡང་ཏཻ་ལོ་པས་གསུངས་པ་དེ་ཡིན། སྣང་བ་རྟེན་ཅིང་འབྲེལ་འབྱུང་འདི། །སྐྱེ་བ་མེད་པར་མ་རྟོགས་པས། །ཚོགས་གཉིས་ཤིང་རྟའི་འཁོར་ལོ་དང་། །འབྲལ་བར་མ་བྱེད་ནཱ་རོ་པ། །ཞེས་ཟབ་ཐག་མ་གསུངས་པ་དེ་ཡིན། རྗེན་པ་དེ་ལས་བྱུང་ཐབས་མེད་གསུངས་སོ། །སེམས་ཀྱི་དོན་ཇི་ལྟར་ཚོལ་ཞེ་ན། དེ་དབྱིབས་དང་ཁ་དོག་ལ་སོགས་པ་ཡང་མ་མཐོང་བའོ། །འོ་ན་ཇི་ལྟར་མཐོང་ཞེ་ན། ཅི་ཡང་༼༡༢ན༽མ་མཐོང་སྟེ་མ་མཐོང་བ་དེ་ཉིད་མཐོང་བའི་མཆོག་གོ །དེ་མཐོང་ན་ཇི་ལྟར་བཞག་ཅེ་ན། སྤྲིན་མེད་པའི་ནམ་མཁའ་ལྟར་བཞག །རླབས་དང་བྲལ་བའི་རྒྱ་མཚོ་ལྟར་བཞག །རླུང་དང་བྲལ་བའི་མར་མེ་ལྟར་བཞག །དེ་ལྟར་རྟོགས་ན་འབྲས་བུ་ལ་རེ་བ་མི་འོང་། འཁོར་བ་ལ་དོགས་པ་མི་སྐྱེ། མཉམ་པ་ཉིད་ལ་རྩོལ་བ་མི་བྱའོ། །དེ་ཅི་སྟེ་བྱས་པ་ལ་འབྲས་བུ་ལ་རེ་བ་མེད་དེ་སེམས་ཉིད་དེ་ལྟར་རྟོགས་པ་དེ་ཉིད་ཆོས་སྐུ་ཡིན་པས། དེ་ལས་གཞན་འདོད་རྒྱུ་མེད་གསུང་ངོ་། །འཁོར་བ་ལ་དོགས་པ་མེད་དེ་ཆོས་སྐུ་རང་དང་འཁོར་བ་གཉིས་མེད་དུ་ཤེས་པས་ན་དོགས་པ་མེད་དོ། །མཉམ་པ་ཉིད་ལ་རྩོལ་བ་མེད་དེ། ཆོས་སྐུ་རྟོགས་ནས་གཞན་འདོད་རྒྱུ་མེད་གསུང་ངོ་། །དེ་ནི་བླ་མ་མི་ལའི་གདམས་ངག་ཡིན་ཏེ། སངས་རྒྱས་བྱོན་ཡང་དེ་ལས་ལྷག་པ་མི་འོང་གསུང་ངོ་། །ཡང་ན་བླ་མ་དེ་ཆོས་བཞི་དང་ལྡན་པ་ཞིག་དགོས་ཏེ་གང་ཞེ་ན། དཀོན་མཆོག་གསུམ་ལ་དད་པའི་བདག་ཐོབ་པ། སེམས་ཅན་རྣམས་ལ་སྙིང་རྗེའི་བདག་ཐོབ་པ། ཟབ་མོའི་ཆོས་ལ་ངེས་པའི་བདག་ཐོབ་པ། ཟང་ཟིང་མེད་པར་འགྲོ་ལ་ཆོས་སྟོན་ནུས་པའོ། །ཡང་ན་བཀའ་གདམས་པའི་དགེ་བཤེས་རྣམས་ཀྱི་ལུགས་ལྟར། རང་ཡང་སྡིག་པ་མི་དགེ་བ་ལས་ལོག་ནས་གཞན་ཡང་སྡིག་པ་མི་དགེ་བ་སྤོང་དུ་འཇུག །རང་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ལ་གཞན་ཡང་དེ་བསྒོམ་དུ་འཇུག་པ་དེ་དགེ་བའི་བཤེས་གཉེན་ཡིན་གསུང་། དེ་ལས་ལོག་པ་ནི་མི་དགེ་བའི་བཤེས་གཉེན་ཡིན་གསུང་ངོ་།། ༨ །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐོབ་པར་འདོད་པས་དལ་འབྱོར་རྙེད་དཀའ་བ་ཡང་ནས་ཡང་དུ་བསམ་ལ་བློ་ངེས་སུ་གཞུག །༼༡༢བ༽དེ་ནས་འཁོར་བའི་ཉེས་དམིགས་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས། དེ་རྣམས་ལ་བློ་ངེས་ན་གོང་མ་སྐྱེ་ལ་མ་ངེས་ན་མི་སྐྱེ་གསུང་། དེ་རྣམས་ལ་བློ་ངེས་པ་ཅིག་ལ་སངས་རྒྱས་ཀྱི་ལམ་རྫོགས་པར་བསྟན་དགོས། ལྕགས་རི་བ་ལ་བྱམས་པ་ལ་སོགས་པའི་ཆོས་གསུམ་པོ་དེ་མཆིས་ན་སྟོང་ཉིད་རྣལ་མ་ཞིག་རྒྱུད་ལ་སྐྱེའམ་ཞུས་པས། དེ་གསུམ་ཡོད་ན་ཤེས་པ་རྣལ་མ་མ་བཅོས་པ་ཞིག་སྐྱེ་གསུང་། དེ་ཡོད་པ་ལ་ཆོས་གསུམ་པོ་སྐྱེ་གསུང་། དེ་གཉིས་འབྲལ་མ་མྱོང་པ་ཡིན་ཕན་ཚུན་ལྟོས་པའི་ཆོས་ཅན་ཡིན་གསུང་། གཞན་དོན་དུ་གཟུགས་སྐུ་གཉིས་འབྱུང་། ཆོས་སྐུ་ལས་མ་གཡོས་བཞིན་དུ་ལམ་སྨོན་ལམ་གྱི་གྲོགས་ཡིན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དངོས་པོ་དང་མཚན་མ་མ་ཡིན། ལམ་དངོས་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཡིན་གསུང་། དེ་རྟོགས་དགོས་གསུང་ངོ་། །དེ་ཡང་དབང་པོ་རབ་ཅིག་ལ་བསྟན་པས། རྒྱ་མཚོ་ལྟར་ཟབ་པའི་མན་ངག །ཤིང་རྟ་ལྟར་གར་ཡང་བསྒྱུར་དུ་བཏུབ་པའི་མན་ངག །ནམ་མཁའ་ལྟར་ཡངས་ཤིང་རྒྱ་ཆེ་བའི་མན་ངག །རིན་པོ་ཆེ་ལྟར་འདོད་པའི་དོན་གྲུབ་པའི་མན་ངག །རལ་གྲི་ལྟར་རྣོ་ཤིང་གཅོད་པའི་མན་ངག་སྟོན་དགོས་གསུང་། དང་པོ་ནི། ཅིག་ཆར་བ་དང་རིམ་གྱིས་པའོ། །ཅིག་ཆར་བ་ལ་ཕྱག་རྒྱ་ཆེན་པོའི་དོན་ཅིག་ཆོད་དུ་སྟོན་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉུག་མའི་དོན་དེ་འདི་ལྟ་བུ་ཞིག་ཡིན་ཞེས་ཚིག་ཉུང་ངུས་སྟོན་གསུང་། རིམ་གྱིས་པ་ལ་ནི་རིན་པོ་ཆེའི་ཡན་ལག་དང་ལོ་མའི་སྒོ་ནས་སྟོན། ཐ་སྙད་ཀྱི་སྒོ་ནས་བགྱིས་ཏེ་དཔེར་ན་ནམ་མཁའ་ལྟ་བུ་དང་། གྱད་ཀྱི་ནོར་བུ་དང་རིགས་དང་ལྡན་པའི་དུག་ལ་སོགས་པའི་སྒོ་ནས་གོ་བར་བྱེད་གསུང་ངོ་། །ལྟ་བ་འདོད་པ་གཉིས་དང་བྲལ་བ། ༼༡༣ན༽བསྒོམ་པ་གོལ་ས་གཉིས་དང་བྲལ་བ། སྤྱོད་པ་སྔ་ཕྱི་གཉིས་དང་བྲལ་བ་བསྟན་གསུང་། གཉིས་པ་ནི། སྣང་བ་དང་སེམས་ཐ་མི་དད་པར་མང་པོའི་སྒོ་ནས་སྟོན། གསུམ་པ་ནི། ཕྱག་རྒྱ་བཞི་ཕྱག་རྒྱ་ཆེན་པོར་རྟོགས་པའི་མན་ངག་བསྟན་གསུང་། བཞི་པ་ནི། འགྲོ་བ་དང་ནི་ཆེས་འགྲོ་བ། །བླ་ན་མེད་པར་འགྲོ་བ་གསུམ། །བླ་མ་དབང་དང་བྱིན་རླབས་གསུམ། །སྒོམ་པ་ཉམས་མྱོང་རྟོགས་པ་གསུམ། །ཅི་ཡང་མ་ཡིན་ཅིར་ཡང་སྣང་། །སྣང་ཡང་མ་གྲུབ་ངོ་བོ་ཉིད། །བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་སོ། །ལྔ་པ་ནི། གཅིག་ཆོད་དུ་སྟོན་པའི་མན་ངག་ཡིན་ཏེ། མ་སྐྱེས་པ་མ་འགགས་པ་ཉིད་དོ། །ཉམ་ང་མེད་པའི་རྟོགས་པ། ཕྱོགས་ཆ་མེད་པའི་སྒོམ་པ། བློ་ལས་འདས་པའི་སྤྱོད་པ་ཅན་ནོ། །དེ་ཐམས་ཅད་ལ་སྙིང་རྗེ་གལ་ཆེ་བས་སྙིང་རྗེ་དང་མ་བྲལ་བར་བྱ་གསུང་ངོ་།། ༩ །།བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ལྟ་སྒོམ་སྤྱོད་གསུམ་ནི། ཐེག་པ་ཆེན་པོའི་གསང་སྔགས་ཀྱི་ཏནྟྲ་ནས། ཚེ་གཅིག་ལུས་གཅིག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བཤད་པ་བདེན་ནམ་ཞུས་པས། དེ་དགོངས་པ་ཡིན་གསུང་། གང་ལ་ན་ཆོས་གསུམ་དང་ལྡན་པ་ཅིག་ལ་དགོངས་པ་ཡིན་ཏེ། དེ་ཡང་སྐྱེ་བ་བདུན་པ་ཡིན་པ། འདོད་པའི་ལྷ་ཞལ་མཐོང་བ། སྨན་བཅུད་ལེན་གྲུབ་པའོ། །དེ་ནི་བླ་མ་མང་ཡུལ་བས་གསུང་སྐད། བླ་མ་མི་ལ་ལ་ཞུས་པས། རྒྱུད་ནས་བཤད་པ་དེ་བདེན་གསུངས་ནས། བླ་མ་མཚན་ཉིད་དང་ལྡན་པ་ཞིག་དང་། སློབ་མ་མཚན་ཉིད་ལྡན་པ་ཞིག་ཕྲད་ནས། བརྩོན་འགྲུབ་འབར་བའི་སྟོབས་དང་ལྡན་པས་བསྒྲུབ་ན་ཐོབ་གསུངས་སོ།།རབ་སྐྱེ་བ་འདི་ལ་སངས་རྒྱ། འབྲིང་བར་དོ། ཐ་མ་སྐྱེ་བ་ཕྱི་མ་སངས་རྒྱ། དེ་ལ་སངས་༼༡༣བ༽མ་རྒྱས་ན་དམ་ཚིག་གི་སེལ་ཞུགས་པས་ཅིས་ཀྱང་དམྱལ་བར་འཁོར་གཅིག་སྐྱེ། ཡང་ལྕགས་རི་བ་ལ་ཇོ་བོ་གང་ལྟར་བཞེད་ཞུས་པས། ཇོ་བོ་བླ་མ་རྗེ་བཙུན་དང་མཐུན་པར་བཞེད་གསུངས། དེ་ཡང་གསང་སྔགས་གྲོད་པ་ཁ་བསྡུས་པ་འདྲ་བ་ཡིན་གསུངས་ནས། ཚོགས་ལམ་ནས་ས་དང་པོ་བསྡུས་པ་ཡིན་སྐད། དེ་ཉིད་བཀྲོལ་ན་གྲུབ་པ་གནས་པའི་དོན་ནམ་མཁའ་ལྟ་བུ། ངེས་པ་གྲུབ་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ། གྲུབ་པའི་ཡན་ལག་བརྒྱད་དང་ལྡན་པ་རྒྱལ་པོ་ཆེན་པོ་ལྟ་བུ། གྲུབ་པའི་འབྲས་བུ་དང་ལྡན་པ་མཁའ་འགྲོ་མའི་དམོད་སྔགས་ལྟ་བུའོ། །ལྟ་བའི་དཔེ་ནམ་མཁའ་ལྟར་ཕྱོགས་གཅིག་པ་ཡིན། དོན་གསང་སྔགས་ཀྱི་ལྟ་བ་སེམས། སྒོམ་པའི་དཔེར་རིན་པོ་ཆེ་ལས་དགོས་འདོད་ཐམས་ཅད་འབྱུང་བ་ལྟར། བསྒོམ་པའི་ཡོན་ཏན་ཡང་དེ་བཞིན་ནོ། །ནམ་མཁའ་ཅིར་ཡང་མ་གྲུབ་པ་ལྟར་སེམས་ཀྱང་ཅིར་ཡང་མ་གྲུབ་པར་བསྒོམས་པས་ཐམས་ཅད་འབྱུང་། དེ་བཞིན་དུ་བསྐྱེད་རྫོགས་གཉིས་བསྒོམས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་ལེགས་ཐམས་ཅད་འབྱུང་ངོ་། །སྤྱོད་པའི་དཔེ་རྒྱལ་པོ་ཡིན་ཏེ། དེ་ལ་བཀའ་རྟགས་ཀྱི་ཕྱག་རྒྱ་ཡོད་པས། དེ་བསྐུར་ན་ཙཽ་ར་བ་ལ་སོགས་པ་མི་འཇིགས་ཀྱི་སྟེང་དུ་གཞན་གྱི་འཇིགས་པ་ཡང་བསྲུང་བར་བྱེད་དོ། །དེ་བཞིན་དུ་ཉོན་མོངས་པ་མང་པོ་ཡོད་ཀྱང་། གསང་སྔགས་ཀྱི་ཐབས་ཀྱིས་མི་གནོད་ཀྱི་སྟེང་དུ། ལམ་དུ་ཁྱེར་བས་དེ་ཉིད་ཤེས་རབ་སྟེ་ཡེ་ཤེས་སུ་འཆར། ཉོན་མོངས་པ་རེ་རེ་ལ་གཉེན་པོ་རེ་རེ་བསྒོམས་པས་དེ་ཉིད་ཤེས་རབ་ཏུ་འཆར་གསུང་ངོ་། །འབྲས་བུའི་དཔེ་དམོད་སྔགས་ཀྱི་དོན་ཚེ་གཅིག་ལུས་གཅིག་གིས་ཕྱག་རྒྱ་ཆེན་པོ་ཐོབ་གསུང་ངོ་། །དམོད་སྔགས་ལ་བསྙེན་པ་མི་དགོས་པར་གྲུབ་པ་ལྟར། འབྲས་བུ་ཚེ་གཅིག་ལུས་གཅིག་གིས་འགྲུབ་༼༡༤ན༽གསུང་ངོ་། །བསྐལ་པ་གྲངས་མེད་པར་བརྒྱུད་མི་དགོས་གསུང་ངོ་། །དེ་རྟོགས་པའི་སྒོམ་ཆེན་པ་ནི་ཆོས་གསུམ་དང་ལྡན་པ་ཅིག་དགོས་གསུང་ངོ་། །གང་ཞེ་ན། ཉམ་ང་མེད་པའི་རྟོགས་པ། ཕྱོགས་ཆ་མེད་པའི་སྒོམ་པ། བློ་དང་བྲལ་བའི་སྤྱོད་པའོ། །ཞེས་གསུང་ངོ་།། །།དགེ་བཤེས་བྱ་ཡུལ་བ་ལ། སྒྱུ་མ་ལྟ་བུས་མ་ཟིན་པའི་སྐྱབས་འགྲོ་ལ་སོགས་པ་གྲུབ་ཚད་བྱས་ན་གར་ཕྱིན་ཏེ་མཆི་ཞེས་ཞུས་པས། ངེད་ལ་ལོག་ཤེས་སུ་བྱེད་གསུང་། རྟག་ཏུ་ཡིད་ལ་བྱ་བའི་ཆོས་བཞི་ཡིན་གསུང་། གང་ཞེ་ན། རྟག་ཏུ་བླ་མ་ཡིད་ལ་བྱས་པས་བྱིན་རླབས་འབྱུང་བ་ཡིན། རྟག་ཏུ་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཆོས་སྐུར་རྟོགས་པར་བྱས་ནས་མི་རྟོག་པ་བསྒོམ། རྟག་ཏུ་རང་སེམས་བླ་མར་ཤེས་པར་བྱས་ནས་སེམས་ཅན་ལ་གནོད་པའི་ལས་སྤང་། རྟག་ཏུ་བདག་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སེམས་ཉིད་ངོ་བོ་གཅིག་ཏུ་བྱས་ཏེ། བརྒྱའམ་སྟོང་དུ་བྱེད་པའི་སྐྱེ་འཆིའི་རེ་མོས་འདིས་ཀྱང་ཅི་བྱེད་གསུང་ངོ་། །བདེ་གསལ་མི་རྟོག་པ་གསུམ་སེམས་ཀྱི་ངོ་བོ་ཡིན་པས། སྤྱོད་ལམ་རྣམ་བཞིར་རྣལ་མར་མ་ཡེངས་པར་སྒོམ་གསུང་། དེ་གསུམ་ངོ་བོ་གཅིག་ཏུ་བྱ་གསུང་། ཞི་གནས་དང་ལྷག་མཐོང་རྟོགས་པར་འདོད་ན། བཀའ་གདམས་པ་ལྟར་ལྷན་ཅིག་ཏུ་སྤུངས་པས་ཀྱང་མི་འོང་གསུང་། རྣལ་འབྱོར་པ་བཞིན་གྲོང་ཁྲོད་འགྲིམས་པས་ཀྱང་མི་འོང་། འོ་ན་བྱས་པས་རི་ཁྲོད་དང་ནགས་ཁྲོད་འགྲིམས་པ་ལ་སྐྱེ་གསུང་ངོ་། །སཾ་བུ་ཊི་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ཁྲིད་བྱེད་ཡིན། །རྟོག་མེད་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །ཞེས་གསུངས་སོ།། ༡༠ །།༼༡༤བ༽བླ་མའི་ཞབས་ལ་གུས་པས་འདུད། ཞལ་ནས། སེམས་ཉིད་རྟོགས་པའི་དུས་སུ་ཆོས་སྐུ་མངོན་དུ་འགྲུབ། དེ་ལས་གཟུགས་སྐུ་གཉིས་འབྱུང་བ་དེ་རྒྱུ་ཅི་ལས་བྱུང་། ཡིན་པ་གང་ཡིན་ཞེ་ན། རྒྱུ་ཚོགས་དཔག་ཏུ་མེད་པ་བསགས་ནས་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའི་དུས་སུ་སེམས་ཅན་གྱི་དོན་དུ་སྨོན་ལམ་བཏབ་པས། འབྲས་བུ་གཟུགས་སྐུ་གཉིས་འབྱུང་། གང་ཡིན་ན་སེམས་ཀྱི་སྣང་བ་ཡིན། གཟུགས་སྐུ་ལོགས་ནས་མ་བྱུང་། དེ་ཡང་སེམས་ཅན་བསོད་ནམས་བསགས་པ་སྣང་བ་དག་པས་གཟུགས་སྐུ་དེ་མཐོང་གིས་བསོད་ནམས་མ་བསགས་པས་ནི་མི་མཐོང་། འོ་ན་གཟུགས་སྐུ་ལོགས་ནས་མ་བྱུང་བར་སེམས་ཅན་གྱི་སྣང་བ་ཡིན་ན། སངས་རྒྱས་ཀྱི་བྱིན་རླབས་སམ་ཡོན་ཏན་མི་དགོས་པར་ཐལ་ཟེར་ན། དེ་འདོད་ཐོག་ཡིན། སངས་རྒྱས་ཀྱི་བྱིན་རླབས་ཀྱང་མི་འདོད། སངས་རྒྱས་ཀྱང་གཞན་ནས་མི་འདོད་དེ། སངས་རྒྱས་ཉིད་ང་རང་ཡིན་པའི་ཕྱིར་རོ། །ཡང་གཟུགས་སྐུ་གཉིས་སངས་རྒྱས་ཀྱི་བྱིན་རླབས་ཡིན་ན། འོ་ན་སེམས་ཅན་སྣང་བ་མ་དག་པས་ཀྱང་མཐོང་བར་ཐལ། ཅི་སྟེ་ན། སངས་རྒྱས་ལ་ཉེ་རིང་མེད་པའི་ཕྱིར་རོ། །ཇི་ལྟར་ཡིན་ན་རང་གི་བསོད་ནམས་བསགས་པ་ལས། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་དེས་སྨོན་ལམ་བཏབ་པས་མཐོང་བ་ཡིན་གྱིས་མ་བཏབ་ན་མི་མཐོང་། འོ་ན་གཟུགས་སྐུ་གཉིས་པོ་དེ་མྱང་འདས་ཡིན་ནམ་འཁོར་བ་ཡིན་ཞེ་ན། ས་དང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་སེམས་ཅན་སྣང་བ་དག་པས་མྱང་འདས་སུ་མཐོང་། སྣང་བ་མ་དག་པ་རྣམས་ཀྱིས་འཁོར་བར་མཐོང་། འོ་ན་གཟུགས་སྐུ་གཉིས་པོ་དེ་དོན་དམ་ནམ་ཀུན་རྫོབ་ཡིན་ཞེ་ན། དོན་དམ་ནི་འགྱུར་བ་མེད་པ་ཡིན། གཟུགས་སྐུ་གཉིས་ནི་འགྱུར་བའི་༼༡༥ན༽ཕྱིར་ཀུན་རྫོབ་ཡིན་ནོ། །ཆོས་སྐུ་སྟོང་པ་ལ་སྐུ་རུ་འབོད་པ་ཅི་སྟེ་ཞེ་ན། ཡེ་ཤེས་རྒྱུན་ཆད་མེད་པས་ན་སྐུའོ། །གཟུགས་སྐུ་གཉིས་ལ་སྐུ་རུ་འབོད་པ་ཅི་སྟེ་ཞེ་ན། སྤྱིར་ཚད་མར་གྱུར་པ་ཐམས་ཅད་གཟུགས་ཡིན་ཏེ། གཟུགས་སྐུ་གཉིས་ནི་སངས་རྒྱས་ཁྱད་པར་ཅན་གྱི་སྐུར་གྱུར་པས་ན་སྐུ་ཞེས་བྱའོ། །ས་དང་པོའི་བྱང་ཆུབ་སེམས་དཔའ་ཡན་ཆད་ཀྱིས་གཟུང་འཛིན་གཉིས་མེད་དུ་རྟོགས་ཏེ། ས་དང་པོའི་བྱང་ཆུབ་སེམས་དཔའ་ཅིག་གིས་སྐད་ཅིག་ལ་སེམས་ཅན་བརྒྱའི་དོན་བྱེད་ནུས། སངས་རྒྱས་བརྒྱ་ལ་ཆོས་ཉན། སྤྲུལ་པ་བརྒྱ་འགྱེད། ཞིང་ཁམས་བརྒྱ་གཡོ། །ས་གཉིས་པ་ཡན་ཆད་གཉིས་འགྱུར་གྱིས་ཆེ། སེམས་ཅན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་རྒྱུད་དག་པ་ལ་དེ་ལྟར་སྣང་གི །བྱང་ཆུབ་སེམས་དཔས་བྱས་པ་མེད་དེ། ས་བཅུ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཕྱོགས་གཅིག་ཏུ་བཞག་པའི་ནུས་པ་ལས། སངས་རྒྱས་ཀྱི་བ་སྤུའི་བུ་ག་གཅིག་གི་ནུས་པ་ཆེ། འོ་ན་སངས་རྒྱས་ཀྱི་ནུས་པ་ཅི་ཙམ་ཞེ་ན། དེ་ནི་བསམ་གྱིས་མི་ཁྱབ་སྟེ། སེམས་ཅན་གཅིག་གིས་ཚེ་ཐོག་མེད་ནས་ཐ་མ་དི་རིང་ཡན་ཆད་དུ་ལུས་ཅི་ལྟར་བླངས་པ་དང་། ལས་དགེ་སྡིག་ཅི་བསགས་མཁྱེན་པ་བཞིན། སེམས་ཅན་ཐམས་ཅད་ཀྱིས་ཅི་བསམ་པ་སྐད་ཅིག་མ་གཅིག་ལ་མཁྱེན་ནོ། །ཡང་སེམས་ཅན་རེ་རེའི་མདུན་དུ་སྤྲུལ་པ་རེ་རེ་སྤྲུལ་པ་དང་། སྟོང་གསུམ་ཉུང་འབྲུ་གཅིག་ཏུ་བཅུག་ཀྱང་སྟོང་གསུམ་ཆུང་དུ་མ་སོང་ཡུངས་འབྲུ་ཆེར་མ་སོང་བ་མཁྱེན་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་ལ་རྣམ་རྟོག་མི་མངའ་བར་དེ་ལྟ་བུ་འབྱུང་བ་ཅི་སྟེ་ཞེ་ན། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་རྒྱུད་དག་པ་ལ་དེ་ལྟར་སྣང་གིས། ༼༡༥བ༽སངས་རྒྱས་ཀྱིས་བྱས་པ་མེད་དོ། །སྐྱེ་བ་མེད་པའི་རིག་པ། འགག་པ་མེད་པའི་ལམ། གནས་པ་མེད་པའི་ཤེས་རབ། ཐོབ་པ་མེད་པའི་འབྲས་བུའོ། །སྐྱེ་བ་མེད་པའི་རིག་པ་ནི། ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པར་ཐག་ཆོད། སྐྱེ་མེད་གཅིག་པུར་བྱས་ན་དེ་ལྟར་འགྲོ་སྟེ། སྐྱེ་མེད་ལ་རིག་པ་ཁོང་སྐྱལ་དུ་གནས་པ་ནི། དཔེ་འོ་མ་ལ་མར་ཡོད་པ་དང་འདྲའོ། །འགག་པ་མེད་པའི་ལམ་ནི། གསལ་བའམ་ཉམས་སུ་མྱོང་རྒྱུ་ཅིག་མེད་ན་ལམ་དུ་མི་འགྲོ་སྟེ། རིག་པའི་ངོ་བོ་ནི་གསལ་ལ་མ་འགགས་པ། དེ་གོམས་པར་བྱས་ན་ལམ་མོ། །གནས་པ་མེད་པའི་ཤེས་རབ་ནི། མི་མཐུན་པའི་ཕྱོགས་ཐམས་ཅད་ཆད་པས་ན་ཤེས་རབ་ཅེས་བྱ་སྟེ། མི་མཐུན་པ་ནི་དངོས་པོ་དང་མཚན་མ་ལ་སོགས་པ་ཡིན་ལ། ཤེས་རབ་ཀྱིས་དེ་རྣམས་འཇོམས་པར་བྱེད་དེ། རིག་པའི་ངོ་བོ་རྟོགས་ན་མི་མཐུན་ཕྱོགས་རྣམས་ཤུགས་ཀྱིས་འཆད། དཔེར་ན་མར་མེ་བྱུང་ན་མུན་པ་འབྲོས་པ་བཞིན་ནོ། །ཐོབ་པ་མེད་པའི་འབྲས་བུ་ནི། མི་མཐུན་པ་རྣམས་ཆད་པར་གྱུར་པའི་ངོ་བོ་དེ་ལ་ཆོས་སྐུ་འབྱུང་། དེ་ལས་གཟུགས་སྐུ་གཉིས་འབྱུང་བ་ནི་ཐོབ་པ་མེད་པའི་འབྲས་བུའོ། །དང་པོ་དབང་གི་དུས་སུ། དགའ་བ། མཆོག་དགའ། ལྷན་ཅིག་སྐྱེས་པའི་དགའ་བ། དགའ་བྲལ་དང་བཞི་ཡོད་པ་ལས། དང་པོ་དགའ་བའི་དུས་སུ་ཤེས་པ་མི་འཕྲོ་བར་འདུས་པ་དེ་ལམ་མ་ཡིན་ཉོན་མོངས་པ་ཡིན། གཉིས་པ་མཆོག་དགའི་དུས་སུ་བདེ་བ་རྒྱས་པ་དེ་ཡང་ལམ་མ་ཡིན་ཉོན་མོངས་པ་ཡིན། ལྷན་ཅིག་སྐྱེས་དགའི་དུས་སུ་ཐིག་ལེ་གཉིས་ཙམ་པདྨར་ཤོར། གཅིག་ཙམ་རྡོ་རྗེ་ནོར་བུའི་ནང་དུ་ལུས་པའི་སྐད་ཅིག་མའི་རྟོག་མེད་ཀྱི་ཤེས་པ་དེ་ལ་ཡེ་ཤེས་ཤེས་བྱའོ། །ཐིག་ལེ་ཤོར་ནས་དགའ་བྲལ་ཞེས་བྱ་སྟེ། ༼༡༦ན༽གཉིས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ལ། རྒྱུད་ནས། མཆོག་གི་མཐའ་སྟེ་བྲལ་བའི་མདུན། །མུན་པ་ལ་ནི་མར་མེ་བཞིན། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། །ཞེས་གསུངས་སོ། །དེའི་སྐད་ཅིག་མའི་ཤེས་པ་དེ་དང་། གཏུམ་མོ་བསྒོམ་པའི་ཤེས་པ་བདེ་གསལ་མི་རྟོག་པ། གང་ལ་ཡང་མ་ཡེངས་པའི་ཤེས་པ་སིང་ངེ་བ་དེ་དང་། ཐ་མལ་གྱི་ཤེས་པ་བསྒོམ་པ་མ་ཡིན་པའི་མ་ཡེངས་པ་རང་དགའི་ཤེས་པ་དེ་གསུམ་ལ་ཁྱད་ཅི་ཡོད་དེ་གསུམ་ལམ་དུ་འགྲོའམ་ཞེ་ན། རྟོགས་པའི་གང་ཟག་ཅིག་ལ་དེ་གསུམ་ག་ལམ་ཡིན། ཅི་ལྟར་ཁྱད་མེད་ན། རྟོགས་ལྡན་གྱི་གང་ཟག་དེ་ལ། ཐིག་ལེ་གཉིས་པ་ཡེ་ཤེས་ཀྱི་དུས་ན། འདི་ནི་ང་རང་གི་སྔར་གྱི་ཤེས་པ་དེ་རང་ཡིན་པ་འདུག་ན་སྙམ། གཏུམ་མོའི་ཡོན་ཏན་བྱུང་དུས་སུ་ཡང་རང་གི་སྔར་གྱི་ཤེས་པ་དེ་རང་འདུག་སྙམ། དེ་ལས་ལོགས་ནས་མ་བྱུང་བར་ཤེས་པས་ན་ཁྱད་མེད་དོ། །ལམ་ཇི་ལྟར་ཡིན་ན། བདེ་གསལ་མི་རྟོག་པ་ནི་བསྒོམ་པའི་མཐར་ཐུག་ཡིན། གང་ཟག་མ་རྟོགས་པས་ནི། གཉིས་པོ་ཉམས་སུ་བླངས་པས་ཉམས་མྱོང་ནི་བྱུང་། ངག་ཏུ་བརྗོད་དུ་ནི་མི་འདོད། ལུས་སེམས་བདེ་བས་རྒྱས། དེ་ལ་ཆགས་སྡང་གི་ཞེན་པ་བྱུང་། དེ་ལམ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་གཉིས་ཀ་རྐྱེན་ལས་བྱུང་བ་ཡིན། རྒྱུ་ལས་འབྲས་བུ་བྱུང་བའི་ཚུལ་ཡིན་པས་འཇིག །དེ་རྟོགས་ལྡན་གྱི་བླ་མ་གཅིག་གིས་ཁྲིད་ནས་ངོ་སྤྲད་ན། གོང་གི་ཡོན་ཏན་ཅན་གཉིས་པོ་མར་ཁྱེར་ནས་ཐ་མལ་གྱི་ཤེས་པའི་ཐོག་ཏུ་དབབ། ཐ་མལ་གྱི་ཤེས་པ་དེ་ལ་ཉམས་སུ་མྱོང་རྒྱུ་ཞིག་ཡོད་དམ་ཞེ་ན་མེད། མྱོང་རྒྱུ་ཞིག་བྱུང་ན་དེ་དངོས་འཛིན་ཡིན། འོ་ན་དེའི་ཉམས་དེ་དགག་པར་ནུས་སམ་ཞེ་ན། དེ་ནི་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་དགག་༼༡༦བ༽པར་མི་ནུས། དེ་ལྟ་བུའི་ཤེས་པ་དེ་ལ་གཉིས་མེད་རྟོགས་པའི་ཞལ་ནས། ཁྱེད་རང་གི་དང་པོའི་ཤེས་པ་ཁྱེར་ལ་ཤོག །ཅེས་གསུངས། ཏོག་ཙེ་པའི་ཞལ་ནས། བསྒོམ་དུ་མེད་པ་གཉུག་མའི་ངང་ལ་ཞོག །ཅེས་གསུང་། གཾ་གཱ་དྷ་རའི་ཞལ་ནས། སེམས་ནི་གང་དགའ་ཉིད་དུ་ཐོང་ལ་ཐོང་། །ཞེས་གསུང་། བླ་མ་མི་ལའི་ཞལ་ནས། འབད་རྩོལ་བྲལ་ན་བསྒོམ་པའི་མཆོག །ཅེས་གསུང་། ཐ་མལ་གྱི་ཤེས་པ་ངོ་སྤྲད་པའོ། །སེམས་ཉིད་འགྱུར་བ་མེད་པ། རྒྱུན་ཆད་མེད་པ། དུས་ཐམས་ཅད་པ་ཞེས་བྱ་སྟེ། འགྱུར་བ་མེད་པ་ནི། དབྱིབས་དང་ཁ་དོག་ཏུ་མ་གྲུབ་པས་ན་འགྱུར་བ་མེད་པའོ། རྒྱུན་ཆད་མེད་པ་ནི། རིག་པ་རྒྱུན་ཆད་མེད་པའོ། །དུས་ཐམས་ཅད་པ་ནི། དུས་འདི་ནས་ཡོད་དང་འདི་ནས་མེད་བྱ་བ་མ་ཡིན་ཏེ། མ་སྐྱེས་ཤིང་མི་འགག་པས་ན་དུས་ཐམས་ཅད་པའོ། །སེམས་ཅན་གྲུབ་མཐས་བློ་མ་བསྒྱུར་བ་རྣམས་ལ་རྟོག་པ། གྲུབ་མཐས་བློ་བསྒྱུར་བ་རྣམས་ལ་རིག་པ་རྟོགས་པའི་དུས་སུ་ཡེ་ཤེས་སོ།། ༡༡ །།ན་མོ་རཏྣ་གུ་རུ། རིན་པོ་ཆེའི་ཞལ་ནས། ཐེག་ཆེན་གསང་སྔགས་ལུགས་ཀྱི་འབྲས་བུ་ལམ་དུ་བྱེད་པ་ཡིན། དེ་ལ་འབྲས་བུ་རང་གང་ཡིན་ན། ཕྱག་རྒྱ་ཆེན་པོའམ་ཆོས་སྐུ་ཡིན། དེ་ཉིད་གང་ཡིན་ན། དངོས་པོ་གཤིས་ཀྱི་གནས་ལུགས་གཞི་མ་བཅོས་པ་འདི་ཡིན་ཏེ། དེ་ལྟར་ཡང་། དངོས་པོའི་གནས་ལུགས་མ་བཅོས་པར། །རྟོགས་ན་ཕྱག་རྒྱ་ཆེན་པོ་ཡིན། །ཅེས་གསུངས་སོ། །གཞི་མ་བཅོས་པ་དེ་ལམ་མ་ཡེངས་པ་ཅིག་གིས་ཉམས་སུ་ལེན་པ་ཡིན་ཏེ། དེ་ལྟར་ཡང་། མ་ཡེངས་པ་ནི་སངས་རྒྱས་ཀུན་གྱི་ལམ། །ཞེས་གསུངས་སོ། །གཞི་མ་བཅོས་པ་དེ་ལམ་མ་ཡེངས་པ་ཅིག་གིས་ཉམས་སུ་བླངས་པས། འབྲས་བུ་རེ་དྭོགས་དང་བྲལ་བ་༼༡༧ན༽ཅིག་འཆར་བ་ཡིན་གསུང་། དེ་ལྟར་ཡང་། དགག་སྒྲུབ་བྲལ་ནས་སྐུ་བཞི་དབྱེར་མེད་རྟོགས། །ཞེས་གསུངས་སོ། །དེ་ལྟར་གཞི་ལམ་འབྲས་གསུམ་རང་གི་སེམས་ཐོག་ན་ཉམས་ལེན་དུ་འཁོར་གྱིས་བསྐོར་ནས་སེམས་ཀྱི་ངོ་བོ། རང་བཞིན་མཚན་ཉིད་གསུམ། དེ་ཡང་སེམས་ཀྱི་ངོ་བོ་ནི། དཔེར་ན་སྟོན་ཟླ་འབྲིང་པོ་ཉའི་ཉིན་པར། ནམ་མཁའ་སྤྲིན་མེད་པ་དགུན་གྱི་ཚུབ་མ་ནི་མ་ལངས་པ། དབྱར་གྱི་ན་བུན་དང་སྤྲིན་ཡལ་བ་ལ་བལྟས་པའི་དུས་སུ་སལ་ལེ་སིང་ངེ་བ་ཞིག་འོང་། དེ་བཞིན་དུ་རང་གི་ཤེས་པ་རྣམ་པར་རྟོག་པ་སྔ་མ་ནི་འགགས། ཕྱི་མ་ནི་མ་སྐྱེས་པའི་དུས་དེར་སལ་ལེ་སིང་ངེ་བ་དེ་ཡིན་ནོ། །སེམས་ཀྱི་མཚན་ཉིད་ནི། དེའི་ངང་ལ་མི་གནས་པར་དགའ་མི་དགའ་དང་ཡིན་མིན་ལ་སོགས་པའི་རྣམ་རྟོག་སྣ་ཚོགས་སུ་འཕྲོ་བ་དེ་ཡིན་ནོ། །སེམས་ཀྱི་རང་བཞིན་ནི། དང་པོ་སྐྱེ་མ་མྱོང་། བར་དུ་གནས་མ་མྱོང་། ཐ་མར་འགག་མ་མྱོང་སྟེ། སྐྱེ་འགག་གནས་གསུམ་དང་བྲལ་བ་དེ་ཡིན་གསུང་། དེ་ལྟར་ངོ་བོ་རང་བཞིན་མཚན་ཉིད་གསུམ་པོ་དེ་ཡང་རང་གི་སེམས་ཐ་དད་གསུམ་དུ་གནས་པ་མ་ཡིན་ཏེ། སེམས་ལྷན་ཅིག་སྐྱེས་པ་སྤྲོས་པ་མེད་པ་དེ་ཉིད་སྣང་ཚུལ་དེ་ལྟར་སྣང་བ་ཡིན་གསུང་། རང་བཞིན་སྐྱེ་མེད་རྟོགས་པར་བྱེད་པ་ལ་ངོ་བོ་བསྒོམ་དགོས། ངོ་བོ་མ་བསྒོམ་པར་རང་བཞིན་སྒོམ་མི་ཤེས་གསུང་། དེ་ཇི་ལྟར་བསྒོམ་ན། གདན་བདེ་བ་ལ་སྐྱིལ་ཀྲུང་བཅའ་བ་ལ་སོགས་པ་རྣམ་པར་སྣང་མཛད་ཀྱི་ཆོས་དྲུག་དང་ལྡན་པར་བྱས། རང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་བསྒོམ་སྙམ་དུ་སེམས་བསྐྱེད། དེའི་རྗེས་ལ་སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཡིན། སེམས་སྐྱེ་བ་མེད་པ་ཡིན་སྙམ་དུ་ཐག་བཅད་དེ། རྩིས་གདབ་མེད་པ་རང་གི་༼༡༧བ༽ངང་ལ་ལྷན་གྱིས་བཞག །སོ་མ་སོ་མ་ནི། ཡིན་མིན་གྱི་རྩིས་གདབ་མེད་པར་འཇོག་པ་སྟེ། བྱ་ཐི་བ་ཚང་དུ་འཇུག་པ་དང་འདྲ་སྟེ། ཚམ་ཚོམ་མེད་པར་བཞག་གོ །མ་བཅོས་པ་ནི་དགག་སྒྲུབ་དང་བྲལ་བར་འཇོག་པ་སྟེ། ཁྱུང་ནམ་མཁའ་ལ་ལྡིང་བ་དང་འདྲའོ། །ལྷུག་པ་ནི། འབད་རྩོལ་དང་བྲལ་བར་འཇོག་པ་སྟེ། སྐྱེས་བུ་བྱ་བ་བཏང་བ་ལྟ་བུའི་བློ་བདེ་འབོལ་ཏེ་འཇོག་པ་ཡིན་ནོ། །བཞག་པ་ནི་སྐྱོན་ཡོན་དགག་སྒྲུབ་མི་བྱ་བར་བཞག་གོ། མ་བཅོས་ལྷུག་པ་གསུམ་ལ་ཙེན་གྱིས་བཞག །དེ་ལྟར་དམིགས་གཏད་དང་བྲལ་ཞིང་ལྷུག་པར་བཞག་པས་ནི་ཤེས་པའི་ངོ་བོ་གསལ་ལ་གོ་མ་འགག་པས་སལ་ལེ་སིང་ངེ་བ་དེའི་ངང་ལ་ལྷོད་གློད་ཅིང་བསྒོམས། གློད་པ་རབ་ལ་སྒོམ་པ་རབ། གློད་པ་འབྲིང་ལ་སྒོམ་པ་འབྲིང་། གློད་པ་ཐ་མ་ལ་སྒོམ་པ་ཐ་མ་ཅིག་ལས་མི་འོང་མི་སྲིད་གསུང་། དེ་ལྟར་གནས་པའི་ངང་ལ་རྣམ་རྟོག་འཕྲོ་བ་ཞི་བར་བྱ་བ་ནི། དཔེ་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ལ། སྤྲིན་གློ་བུར་བ་བྱུང་ཡང་ནམ་མཁའ་ལས་བྱུང་། ཐ་མ་ཐིམ་ཡང་ནམ་མཁའ་རང་ལ་ཐིམ་ཞིང་ནམ་མཁའི་རང་བཞིན་ཡིན་པ་ལྟར། རྣམ་རྟོག་གློ་བུར་བ་དེ་དང་དེ་བྱུང་ཡང་སེམས་ཉིད་ལྷན་ཅིག་སྐྱེས་པ་རང་ལས་བྱུང་། བར་དུ་གནས་པ་ཡང་སེམས་ཉིད་ལྷན་ཅིག་སྐྱེས་པ་རང་ལ་གནས། ཐ་མ་ཐིམ་པ་ཡང་སེམས་ཉིད་ལྷན་ཅིག་སྐྱེས་པ་རང་ལ་ཐིམ་ཞིང་། སེམས་ཉིད་ལྷན་ཅིག་སྐྱེས་པའི་རང་བཞིན་ལས་མ་འདས་པར་ཤེས་པར་བྱ་ཞིང་བསྒོམས་པས། རྣལ་འབྱོར་རྣམ་པ་བཞིའི་ཉམས་རིམ་གྱིས་འཆར་ཏེ། སེམས་ཀྱི་ངོ་བོ་གསལ་ལ་གོ་མ་འགགས་པས་སལ་ལེ་སིང་ངེ་མི་འཕྲོ་བར་གནས་པ་དེ་ལ་རྩེ་གཅིག་གི་རྣལ་འབྱོར་ཟེར་བ་ཡིན། དེ་རྒྱུད་ལ་སྐྱེས་པའི་རྟགས་སུ་འཇིག་རྟེན་གྱི་ཆོས་ལ་ཞེན་པ་ཆུང་དུ་འགྲོ །ཉམས་ཀྱི་མཐོ་དམའ་ཤིན་ཏུ་ཆེ། རེས་སྒོམ་འདི་ལས་ལྷག་པ་མེད་སྙམ་པ་འོང་། རེས་ཤེས་པ་རླན་དང་བྲལ་ནས་ང་ལ་སྒོམ་ཡེ་མེད་པར་འདུག་སྙམ་པ་འོང་༼༡༨ན༽སྟེ། དེ་ནི་སྣང་བ་ལ་མ་ངེས་པའི་བསམ་གཏན་བྱ་བ་ཡིན་གསུང་། དེ་ལ་མ་ཞེན་པར་གོམས་པར་བྱས་པས་ཤེས་པའི་ངོ་བོ་གསལ་ལ་རྟོག་པ་མེད་དེ། ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་དང་བྲལ་བ། སེམས་ཀྱི་ངོ་བོ་སྐྱེ་འགག་མེད་པ་ཆོས་ཀྱི་སྐུ་རུ་རྟོགས་པ་དེ་སྤྲོས་བྲལ་གྱི་རྣམ་འབྱོར་བྱ་བ་ཡིན། དེ་རྒྱུད་ལ་སྐྱེས་པའི་དུས་སུ་སྔར་གྱི་ཆོས་ཐམས་ཅད་ཕྱི་ཤུན་དུ་འགྲོ །ཐ་སྙད་ཀྱི་སྤྲོས་པ་ཆོད་ནས་འོང་། དབུལ་པོས་ནོར་བུ་རྙེད་པ་ལྟ་བུ་ཡིན་གསུང་། དེ་ཡང་མ་ཡེངས་པར་གོམས་པར་བྱས་པས་དཀར་དམར་ལ་སོགས་པའི་ཡུལ་གྱི་དངོས་པོ་སྣང་བ་ཐམས་ཅད་རང་གི་སེམས་སྐྱེ་མེད་རང་བཞིན་དུ་ལྷན་གྱིས་རྟོགས་པ་དེ་དུ་མ་རོ་གཅིག་རྣལ་འབྱོར་བྱ་བ་ཡིན། དེ་རྒྱུད་ལ་སྐྱེས་པའི་རྟགས་ནི་གཟུང་འཛིན་གྱི་རྣམ་རྟོག་ངང་གིས་ཞི་ནས་འོང་སྟེ། སྣ་ཚོགས་སུ་སྣང་ཡང་སེམས་ལྷན་ཅིག་སྐྱེས་པ་གཅིག་གི་ངོ་བོ་ཤེས་པ་ལས་བྱུང་བ་ཡིན་གསུང་། དེ་ཉིད་གོམས་པས་བསྒོམ་བྱ་སྒོམ་བྱེད་དང་བྲལ་ཏེ། ཤེས་པའི་ངོ་བོ་ཡང་སྐྱེ་མེད་དུ་རོ་གཅིག་ཡུལ་གྱི་དངོས་པོར་སྣང་བ་ཐམས་ཅད་སྐྱེ་མེད་དུ་རོ་གཅིག་ཏུ་རྟོགས་ཏེ། མཉམ་བཞག་རྗེས་ཐོབ་རྒྱུན་ཆད་མེད་པ་ནི་སྒོམ་དེའི་རྟགས་ནི་རང་སེམས་སངས་རྒྱས་སུ་ལྷུན་གྱིས་གོ །སྣང་བའི་མེ་དབལ་རྩད་ནས་ཞི། ཡོན་ཏན་ཤུགས་ཀྱིས་སྐྱེ་བ་ཡིན། མེད་ཀྱི་རྣལ་འབྱོར་བྱ་བ་ཡིན་གསུང་། དེ་ཡང་དུས་བཞི་དང་སྦྱར་ན་རྩེ་གཅིག་གི་དུས་སུ་ལྷུན་གྱིས་གྲུབ་པའི་དུས་ཟེར་བ་ཡིན་གསུང་། སྤྲོས་བྲལ་རྒྱུད་ལ་སྐྱེས་པའི་དུས་སུ་གཉིས་སུ་མེད་པའི་དུས་སུ་བྱ་བ་ཡིན་གསུང་། དུ་མ་རོ་གཅིག་རྒྱུད་ལ་སྐྱེས་ཙ་ན་བསམ་གྱིས་མི་ཁྱབ་པའི་དུས་བྱ་བ་ཡིན་གསུང་། སྒོམ་ཆེན་རྣལ་འབྱོར་རྒྱུད་ལ་སྐྱེས་ཙ་ན་རྣམ་པར་དག་པའི་དུས་བྱ་བ་ཡིན་གསུང་། ༼༡༨བ༽རང་གི་སེམས་ཀྱི་ངོ་བོ། རང་བཞིན། མཚན་ཉིད་གསུམ་ལ། ངོ་བོ་གསལ་ལ་རྟོག་པ་མེད་པ། རང་བཞིན་སྐྱེ་འགག་གནས་གསུམ་དང་བྲལ་བ། མཚན་ཉིད་འཁོར་འདས་གཉིས་ཀ་སྣང་བ། དེ་གསུམ་ཡང་རྩེ་གཅིག་གི་དུས་སུ་ངོ་བོ་རྟོགས། སྤྲོས་བྲལ་གྱི་དུས་སུ་རང་བཞིན་རྟོགས། རོ་གཅིག་གི་དུས་སུ་མཚན་ཉིད་རྟོགས་པ་ཡིན་གསུང་། དེ་ཡང་རྣལ་འབྱོར་རྣམ་པ་བཞིའི་རིམ་གྱིས་རང་གི་སེམས་ལྷན་ཅིག་སྐྱེས་པའི་ཆོས་སྐུར་རྟོགས་ཀྱང་། ན་ཚ་དང་སྡུག་བསྔལ་འོང་བ་ནི་ཐ་མལ་པའི་ལུས་རྒྱ་དང་མ་བྲལ་བས་ལན་པ་ཡིན་ཏེ། སེང་གེ་དང་ཁྱུང་གི་ཕྲུ་གུ་ལྟ་བུ། སེང་གེ་ལུས་ལ་རྩལ་གསུམ་རྫོགས་ཀྱང་མངལ་རྒྱས་འཐུམས་པ་དང་འདྲ་གསུང་། ཁྱུང་ཕྲུ་གུ་གཤོག་ཕྲུགས་རྒྱས་ཀྱང་སྒོང་ལྤགས་ཀྱིས་འཐུམས་པ་དང་འདྲ་སྟེ། ནང་དུ་སེམས་ཆོས་སྐུར་རྟོགས་ཀྱང་སྔར་གྱི་ལས་ཀྱིས་བསྐྱེད་པའི་ལུས་རྒྱ་དང་མ་བྲལ་བས། བདེ་སྡུག་དང་མི་འདོད་པའི་རྐྱེན་བྱུང་བ་ལ་འགལ་བ་མེད་པ་ཡིན་གསུང་། དེ་ལྟར་རྣལ་འབྱོར་བཞིའི་སྒོ་ནས་ཉམས་སུ་བླང་སྟེ། འཆི་བའི་དུས་འབྱུང་བ་བཞི་རིམ་གྱིས་ཐིམ་ནས་རླུང་སེམས་རྩ་དབུ་མར་འདུས་པའི་དུས་སུ་ཆོས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་བཞིན་གྱིས་རྒྱུད་སེམས་ཅན་ཐམས་ཅད་ཀྱི། ལ་སྐྱེ་བ་དེ། སྔར་རྣལ་འབྱོར་པས། བསྒོམས་པའི་སྟོབས་ཀྱིས་ངོ་ཤེས་ཏེ་དྭ་ཕྲུག་མ་དང་ཕྲད་པའམ། སྔར་འདྲིས་ཀྱི་མི་དང་ཕྲད་པ་ལྟར་ངོ་ཤེས་ཏེ། འོད་གསལ་བསྒོམ་པའི་དུས་ཀྱི་འོད་གསལ་དང་། འཆི་བའི་དུས་ཀྱི་འོད་གསལ། གཉིས་མེད་དུ་གྱུར་པ་དེ་ལ་གསང་སྔགས་ཀྱི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཚེ་གཅིག་ལུས་གཅིག་གིས་འཚང་རྒྱ་བ་དེ་ལ་ཟེར་བ་ཡིན། ད་ལྟ་མ་བསྒོམས་ན་དེ་ངོ་མི་ཤེས་པས་ལུས་བྱེ་བྲག་པ་ཅན་ལ། སྲེད་པ་དང་རྒྱལ་པོའི་༼༡༩ན༽བུ་ལ་སོགས་པ། ཁྱི་ཕག་ལ་སོགས་པ།བྱེ་བྲག་ཅན་མ་ཡིན་པ་ལ་སྲེད་པ་ལ་སོགས་པའི་སྟོབས་ཀྱིས། ཡང་དང་ཡང་དུ་ལུས་ལེན་པས་འཁོར་བར་འཁྱམས་པ་ཡིན་གསུང་། དེ་ལྟར་སེམས་ཉིད་ཕྱག་རྒྱ་ཆེན་པོ་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས། དམིགས་གཏད་དང་བྲལ་ཞིང་ལྷུག་པར་འཇོག་པའི་དུས་སུ་མཚན་བཅས་ཀྱི་དགེ་བ་བཞག་སྙམ་ན། རྗེས་ཀྱི་དུས་སུ་བསོད་ནམས་ཀྱི་ཚོགས་བསགས་པས་ནང་གི་རྟོགས་པ་བོགས་འདོན་པས་གལ་ཤིན་ཏུ་ཆེ་གསུང་། ནང་དུ་མཉམ་བཞག་གསལ་བར་གྱུར་པས། རྗེས་ཀྱི་དུས་སུ་བསོད་ནམས་ཀྱི་ཚོགས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པས་སྟོབས་དང་ལྡན་པར་གྱུར་ཏེ། རྟོགས་པ་སྐྱེ་བ་མྱུར་བ་ཡིན་གསུང་། །བཤེས་གཉེན་དམ་པས་གསུངས་པ་རྣམས། །གུས་པའི་ཡིད་ཀྱིས་ཡི་གེར་བཀོད། །སྒྲོ་སྐུར་དྲིན་དུ་མི་བཟོ་ལ། །ཡི་གེ་སྤེལ་བར་མི་བྱ་གསུང་།། ༡༢ །།བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོའི་ལམ་ཉམས་སུ་ལེན་པ་ལ། དང་པོ་ངོ་བོའམ་བཞག་ཐབས་གསུམ་ལས། སོ་མར་བཞགཔ་ནི་ཐ་མལ་གྱི་ཤེས་པ་གང་གིས་ཀྱང་མ་བསླད་པར་འཇོག་པའོ།། རང་གར་བཞགཔ་ནི་དེ་ཡང་འཇོག་ཤེས་རབ་འབྲིང་གསུམ་ནི་ངོ་བོ་བཟང་ངན་དུ་མི་འཛིན་པའོ།། །ལྷུག་པར་བཞག་པའོ།།ངོ་བོ་ལ་ཉོན་མོངས་པ་དང་རྣམ་པར་རྟོག་པས་མི་གནོད། དེ་བརྟན་པར་བྱེད་པའི་གྲོགས་གསུམ་ནི། འབད་རྩོལ་མེད་པས་སོ་མ་བརྟན་པར་བྱེད། རྟེན་གང་ལ་ཡང་མི་གནས་པས་རང་ག་བརྟན་པར་བྱེད། ཉམས་སུ་མྱོང་བ་ལ་མྱོང་བར་མི་འཛིན་པས་ལྷུག་པ་བརྟན་པར་བྱེད་དོ།།དེ་ལྟ་བུ་མ་མྱོང་བ་མེད་པས། དེའི་ཁྱད་པར་གསུམ་ནི། སོ་མ་བརྟན་པས་རྒྱུ་འབྲས་དུས་མཚུངས་པའི་ཁྱད་པར། རང་གར་བརྟན་པས་མཚན་མ་རང་སར་གྲོལ་བའི་ཁྱད་པར། ལྷུག་༼༡༩བ༽པ་བརྟན་པས་སྤྱོད་ལམ་རྣམ་བཞི་ལ་ཁྱད་པར་མེད་པའི་ཁྱད་པར་རོ།། ༡༣ །།ན་མོ་རཏྣ་བྷྱཿ ཕྱག་རྒྱ་ཆེན་པོ་ལ་དུས་གསུམ་ཡོད་དེ། ལྷུན་གྱིས་གྲུབ་པའི་དུས་ནི། སེམས་ཀྱི་ངོ་བོ་ལ་བརྟན་ཞིང་དབང་ཐོབ་པ་སྙམ་བྱེད་ཙ་ན། སངས་རྒྱས་ཀྱི་རྟེན་སྐྱེས་པ་ཡིན་ཏེ། ལྷུན་གྱིས་གྲུབ་པའོ། །བསམ་གྱིས་མི་ཁྱབ་པའི་དུས་ནི། གཟུང་འཛིན་གཉིས་མེད་དུ་རྟོགས་པ་ལ་བྱ་སྟེ་བདེན་པ་མཐོང་བའོ། །བདེ་བ་ཆེན་པོའི་དུས་ནི། སྲིད་པའི་ས་བོན་རྣམ་པར་ཤེས་པ་འགགས་ནས་ཆོས་སྐུ་ཕྱག་རྒྱ་ཆེན་པོ་མངོན་དུ་བྱས་པའོ། །སྤྱིར་གྱིས། དངོས་པོའི་གནས་ལུགས་རྟོགས་ན་ལྟ་བ། དེའི་ངང་ལས་མ་ཡེངས་པ་སྒོམ་པ། དེ་དང་མི་འབྲལ་བ་སྤྱོད་པ། དེ་རེ་དྭོགས་དང་བྲལ་བ་འབྲས་བུའོ། །ལར་ངེས་ཤེས་སྐྱེས་ན་ལྟ་བ་ཡིན། །སེམས་ཉིད་རྟོགས་ན་རྟོགས་པ་ཡིན། །བྱ་བ་བཏང་ན་སྒོམ་ཆེན་ཡིན། །ཞེས་གསུངས་སོ། །འོད་གསལ་སྟོར་བ་བཙལ་བ་ནི། ཆོས་ཟབ་མོ་བལྟས་པའམ། སྒྲའི་བྱེ་བྲག་ལ་གཏད་པའམ། ཆོས་དང་མཐུན་པའི་གླེང་སློངས་བྱས་པས་རྙེད་གསུང་། འོད་གསལ་སྐྱེ་བའི་རྒྱུ་ནི་འདི་ལྟ་སྟེ། རང་ཉིད་ལས་འཕྲོར་ལྡན་པ་དང་། བླ་མའི་བྱིན་རླབས་ལྡན་པ་ལ། །དད་གུས་བྱ་ཞིང་གསོལ་འདེབས་དང་། །ཐབས་ལམ་གཏུམ་མོ། བསྒོམས་པར་གྱུར་པ་དང་། །མ་བཅོས་གཉུག་དེའི་སྟེང་དུ། མའི་གདམས་ངག་དང་། །ཕྱི་ཡི་བསགས་སྦྱང་འབད་པའོ། །ཁ་ཅིག་བཀའ་གདམས་པ་ལ་སོགས་པ། ཀུན་རྫོབ་བྱང་ཆུབ་སེམས། །སྦྱོང་བ་ཡང་ནི་རྒྱུ་རུ་འདོད། །འཕེལ་བའི་རྒྱུ་ཡང་བསགས་སྦྱང་དང་། །བླ་མར་གསོལ་བ་གདབ་པ་དང་། །དབེན་པར་ནན་ཏན་གྱིས་བསྒོམ་དང་། །ཐབས་ལམ་གཅུན་པར་བྱ་བའོ། །ཐབས་ཀྱི་ཆ་ཡི་ཁྱེར་ལུགས་ནི། །བླ་མའི་ཞལ་ནས།རྗེ་བཙུན་མི་ལ། ༼༢༠ན༽ང་ལ་ཆོས་སྤྱོད་ལ་སོགས་པ། མི་དགོས་སྙམ་ཙ་ན་དགོས་བདོ་བ་ཡིན། ཤིན་ཏུ་ཡང་སྒོ་ལུས་ངག་གིས། མཐའ་ཡས་ནས་ཚོགས་བསགས། ཁྱད་པར་དུ་ཡང་བསྐྱེད་རིམ་གཟུགས་སྐུ་གཉིས་ཀྱི་རྒྱུ་ཡིན་པས། བསྒོམ་པ་དང་། སྙིང་རྗེ་ཆེན་པོ་བསྒོམ་པ་གལ་ཆེ་གསུང་། ལུས་ངག་གི་སྤྱོད་པ་རང་འགགས་སུ་སོང་ཙ་ན་མི་དགོས་པ་དེ་རང་ཡིན། དེ་ཡང་ལག་ཏུ་ལེན་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་སྔོན་དུ་བཏང་ལ། དེ་ནས་བསྐྱེད་རིམ་སྐད་ཅིག་དྲན་རྫོགས་སམ་ཡོངས་སུ་རྫོགས་པ་ལ་སོགས། ཅི་རིགས་སུ་བསྒོམ། དེ་ནས་འོད་རྫོགས་རིམ། གསལ་བསྒོམ་གསུངས། སྤྱན་སྔ་བའི་ཞལ་ནས། ཐབས་ལ་ཅི་ཙམ་དུ་ཤས་ཆེར་སྤྱད་ན་ནང་གི་རྟོགས་པ་འཕེལ་སྟོབས་ཆེ་བས་བསྒོམ། གསལ་བདོ་ཙ་ན་འཕྲོ་བཅད་ལ། དཀོན་མཆོག་མཆོད་ཅིང་གསོལ་བ་གདབ་གསུང་། བླ་མ་ཉིད་ཀྱི་ཉམས་མྱོང་ལ་ལུས་ངག་ལ་འབད་པ་དྲགས་ན་ནང་གི་ཉམས་མྱོང་འགྲིབས་འོང་གསུང་། གང་ཟག་ལ་རིགས་འོང་གསུང་ངོ་། །ཞི་གནས་རྩེ་གཅིག་པ་དེ་ཉིད་བདེ་བའི་ཤས་ཆེ་ཞིང་དེ་ལ་ཞེན་ན་འདོད་ཁམས་པ་ཉེ་བར་ལེན་པའི་རྒྱུ། གསལ་བ་ཤས་ཆེ་ན་གཟུགས་ཁམས་ཉེ་བར་ལེན་པའི་རྒྱུ། མི་རྟོགས་པ་ཤས་ཆེ་ན་གཟུགས་མེད་ཁམས་ཉེ་བར་ལེན་པའི་རྒྱུ། སྟོང་པ་ཤས་ཆེ་སྟེ་ལས་འབྲས་ཁྱད་དུ་གསོད་ན་ངན་འགྲོ་ཉེ་བར་ལེན་པའི་རྒྱུ། དེ་ཁྱད་དུ་མི་གསོད་ཀྱང་སྙིང་རྗེ་ལ་སོགས་པ་ཤས་ཆུང་ན་ཐེག་པ་དམན་པའི་རྒྱུར་ཡང་འགྲོ་སྲིད་དོ། །ཞི་གནས་རྩེ་གཅིག་པ་དེ་ཉིད་བྱམས་པ་དང་སྙིང་རྗེ་ལ་སོགས་པའི་ཐབས་ཀྱིས་ཟིན་ཅིང་། བདག་མེད་པའི་རྣམ་པའམ། འོད་གསལ་གྱི་རོ་དང་ལྡན་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དུ་འགྱུར་བར་རིག་པར་བྱའོ། །དགེ་བའི་བཤེས་གཉེན་སྟོན་པའི་ཞལ་ནས། ༼༢༠བ༽བླ་མ་ལྔ་བཅུ་ལྔ་ལ་གདམས་པ་དང་། རྗེས་སུ་བསྟན་པ་གཉིས་གཉིས་ཞུས་པས། རྩ་བ་བཅུ་མཐུན་ཏེ། དེ་གཉིས་ཀྱི་ཁྱད་པར་ནི། སློབ་མ་ལམ་དུ་འཇུག་པའི་ཆོས་སྟོན་པ་ལ་གདམ་པ་ཞེས་བྱ་ལ། ལམ་ལས་འཁྱོག་ཏུ་མི་སྟེར་བའི་ཆོས་སྟོན་པ་ལ་རྗེས་སུ་སྟོན་པ་ཞེས་བྱའོ། །ཁོ་བོས་དཔྱད་ན། ལམ་གྱི་ཆོས་སྟོན་པ་ནི་གདམས་ངག །དེའི་འགལ་རྐྱེན་སྤོང་ཞིང་མཐུན་རྐྱེན་སྒྲུབ་པའི་ཆོས་སྟོན་པ་ནི་རྗེས་སུ་བསྟན་པའོ། །ཡང་ཐུན་མོང་གི་ཆོས་བཞི་ནི། ཐམས་ཅད་ཕྱག་རྒྱ་ཆེན་པོར་རྟོགས་ཀྱང་། བླ་མ་སྤྱི་བོར་བསྒོམ་ཞིང་འདུས་བྱས་ཀྱི་དགེ་བ་ལ་འབད། ཅི་བྱེད་ཆོས་སུ་འགྲོ་ཡང་སྡིག་པ་ཕྲ་བ་ལ་འཛེམ། དབེན་པ་དང་གྲོང་ལ་ཁྱད་མེད་ཀྱང་དབེན་པ་བརྟེན་ལ་བསྒོམ། ཙོག་པུ་དང་ཉལ་བ་ཁྱད་མེད་ཀྱང་ཙོག་པུ་བྱས་ལ་བསྒོམ། ཐུན་མོང་གི་ཆོས་བཞིའོ། །ཡང་རྟག་ཏུ་ཡིད་ལ་བྱ་བའི་ཆོས་བཞི་ནི། བྱམས་པ་དང་སྙིང་རྗེ། དགའ་བ་དང་བཏང་སྙོམས། འཆི་བ་མི་རྟག་པ། ལས་རྒྱུ་འབྲས་འཁོར་བའི་སྡུག་བསྔལ་རྣམས་དྲན་པར་བྱ་བ་དང་གཅིག །རང་ལྷར་བསྒོམ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་མཆོད་བསྟོད་ཡིད་ལ་བྱ་བ་དང་གཉིས། སྤྱོད་ལམ་ཐམས་ཅད་དུ་བླ་མའི་རྣལ་འབྱོར་བསྒོམ་ཞིང་སེམས་མ་བཅོས་པར་བཞག་པ་དང་གསུམ། སྐབས་སྐབས་སུ་བསྔོ་བ་བྱ་ཞིང་སྨོན་ལམ་གདབ་པ་དང་བཞིའོ། །ཡིད་ལ་བྱ་བའི་ཆོས་བཞི་རིན་པོ་ཆེས་དམ་པ་སྐྱེས་པོ་ལ་གདམས་པའོ།། ༡༤ །།ན་མོ་རཏྣ་གུ་རུ། མྱ་ངན་ལས་འདས་པའི་ཆོས།ཡང་འཇུག་ལྡོག་གི་བྱེ་བྲག་ནི།འཁོར་བའི་ཆོས་ལ། འཇུག་པའི་ཉམས་གསུམ། ལྡོག་པའི་ཉམས་གསུམ་མོ། །དང་པོ་འཇུག་པའི་ཉམས་གསུམ་ནི། རིན་པོ་ཆེ་གསེར་གླིང་དུ་༼༢༡ན༽ཕྱིན་པ་ཅི་སྣང་ཕྱག་རྒྱ་ཆེན་པོར་ཤར་བ། ལྟ་བུའི་ཉམས། སྨན་དོན་ཉམས་སུ་མྱོང་བ། གྱི་རོ་བྲོ་བ་ཤེས་པ་ལྟ་བུའི་ཉམས་དང་། རིན་པོ་ཆེའི་སྨན་དང་ཕྲད་པ་ལྟ་བུའི་ཉམས་ཏེ་དེ་གསུམ་ཞེན་པ་མེད་པའི་ཚུལ་གྱིས་བསྐྱང་ངོ་། །གཉིས་པོ་ལྡོག་པའི་ཉམས་ནི། འགྲོན་པོ་ལམ་ངེས་ནས་ཕ་ཡུལ་དྲན་པ་ལྟ་བུའི་ཉམས་དང་།གོང་དུ་སློབ་གཉེར་དང་དབང་བསྐུར་བ་དང་། བླ་མ་ལ་བསྙེན་བཀུར་དང་། ཉམས་ལེན་ལ་སོགས་ལ་དེས་པ་དེ་རྗེས་ལ་ཚོར་བའི་ཕྱག་ལ་སོགས་པ་དྲན་ནས་ཉམས་ལེན་ལ་སོགས་པའོ།། སྐྱེས་བུ་དུས་ཡོལ་བ་ལྟ་བུའི་ཉམས་དང་།སྟོང་པ་ཉིད་བསྒོམས་པས་རྟགས་དང་མཚན་མ་ལ་སོགས་པ་མ་བྱུང་ནས་ཡི་ཆད་པའོ།། བརྟེན་ཉེས་བདུད་དུ་ལོངས་པ་ལྟ་བུའི་ཉམས་ཏེ།གཞན་དག་གིས་བསྐྱེད་རིམ་བསྒོམ་པར་འཇོག །འཇིག་རྟེན་ལྷ་འདྲེ་བསྒྲུབས་ནས་ནུས་པ་འབྱུང་བ་ལ། གོང་གི་ལྟར་བདག་གིས་མ་བྱུང་སྙམ་ནས་ལོག་པའོ།། དེ་རྣམས་བྱུང་བའི་དུས་སུ། གཉེན་པོ་སྟོབས་ཅན་གྱི་སྒོམ་གྱིས་བཟློག་པར་བྱའོ།།གཉེན་པོ་སྟོབས་ཅན་གྱི་སྒོམ་ནི། མི་ལུས་ཐོབ་ཀྱང་ཡུན་ཐུང་བ་དང་། སྐྱེ་རྒས་ན་འཆི་དང་། རིགས་དྲུག་གི་སྡུག་བསྔལ་དང་། ཁྱད་པར་དུ་ངན་སོང་གསུམ་གྱི་སྡུག་བསྔལ་ཆེ་བ་དང་། དེ་རྣམས་ཀྱི་གཉེན་པོར་བླ་མ་དམ་པའི་གདམས་ངག་རྟག་ཏུ་དྲན་ཅིང་མ་བརྗེད་པ་མ་ཡེངས་པ་གལ་ཆེའོ།། འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།བཀྲ་ཤིས་དཔལ་གྱིས་འཇིག་རྟེན་བདེ་གྱུར་ཅིག། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact