Only Dharma. Since 1992
/ Mahamudra / Gampopa

Gampopa's collected works (16)

༼༡ན༽རྗེ་དྭགས་པོ་ལྷ་རྗེས་མཛད་པའི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་ཡེ་ཤེས་ཀྱི་དབང་དང་། ཕག་མོའི་གཞུང་མདོ་དང་བཅས་པ་བཞུགས་སོ། །

༼༡བ༽༄༅། །དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སིནྡྷུ་རའི་དབང་བསྐུར་བ་ནི། དང་པོ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་ལ། རང་གི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་སྟོང་པར་བསྒོམ། དེའི་ངང་ལས་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཅེར་བུ་སྐྲ་གྱེན་དུ་བརྫེས་པ། མཆེ་བ་ཅུང་ཟད་གཙིགས་པ། ཕྱག་གཡས་ན་གྲི་གུག །གཡོན་ཐོད་པ་དང་ཁ་ཊྭཱཾ་ག་མཆན་ཁུང་དུ་བཅུག་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བ། འཁོར་མཁའ་འགྲོ་མ་བཞིས་བསྐོར་བ། དེ་ཡང་མདུན་དུ་ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། མཁའ་འགྲོ་མ་ནག་མོ། གཡོན་དུ་ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ལཱ་མཱ་ལྗང་གུ །རྒྱབ་ཏུ་དུམ་སྐྱེས་ཨོཾ་ཁཎྜ་རོ་ཧི་ནཱི་ཧུཾ་ཧཱུཾ་ཕཊ། མ་དམར་མོ། །གཡས་སུ་ཨོཾ་རཱུ་པི་ནཱི་ཧུཾ་ཧཱུཾ་ཕཊ། གཟུགས་ཅན་མ་སེར་མོ། །དེ་རྣམས་གཡས་གྲི་གུག །གཡོན་ཐོད་པ་བསྣམས་པ། སྤྱན་གསུམ་པ་༼༢ན༽གཅེར་བུ་གཡོན་བརྐྱང་བའོ། །དེ་ནས་བསྙེན་པ་གྲུབ་ཚད་ཅིག་བསྐྱལ་ལ། དེ་ནས་མེ་ལོང་ལ་དྲིའམ་ཆང་གིས་རླན་བཏབ་ལ། སིནྡྷཱུ་ར་བཙགས་ལ་གསེར་གྱི་སྙུ་གུས་ཆོས་འབྱུང་། གྲུ་གསུམ་ཉིས་བརྩེགས་བྲིས་པའི་ནང་དུ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་དགོད། ལོགས་རྣམས་སུ་གཡུང་དྲུང་རིས་རེ་རེ་དགོད། དེ་ནས་མཎྜལ་བྱས་ཏེ། བཙག་དམར་པོས་གྲུ་གསུམ་གཉིས་བརྩེགས་བྲི། ལོགས་རྣམས་སུ་གཡུང་དྲུང་རིས་རེ་རེ་དགོད། དེའི་དབུས་སུ་མཉྫི་ལ་དར་དམར་པོའི་སྟེང་དུ་མེ་ལོང་གཞག །མཆོད་རྫས་ཡང་མར་མེ་བདུན། ལྷ་བཤོས་བདུན། ཟན་ཏོག་བདུན། ཤ་ལྷུ་བདུན། མེ་ཏོག་ཕུང་པོ་བདུན། དེའི་མཐའ་མ་མཆོད་པ་རྣམ་པ་ལྔས་བསྐོར། ཁྱད་པར་མེ་ཏོག་དམར་པོ་ལ་སོགས་པའི་རིགས་མང་པོ་དང་། ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པའི་དྲི་མང་པོ་དང་། ཚོགས་ཀྱི་མཆོད་པ་ནི་ཤའི་རིགས་མང་པོ་དང་། ཤིན་ཏུ་ཞིམ་པའི་ཆང་མང་པོ་དང་། འབྲས་༼༢བ༽ཆན་དང་ཁུར་བ་ལ་སོགས་པའི་ཟས་སྣ་མང་པོ་བསགས་ལ། དེ་ནས་ཐོད་པ་མཚན་ཉིད་དང་ལྡན་པར་ཆང་བླུགས། དེའི་ནང་དུ་བདུད་རྩི་བླུགས་ལ་བཞག །དེ་ནས་ཡང་སྐད་ཅིག་མས་ལྷར་བསྐྱེད་ལ། སྔགས་བརྒྱ་རྩ་བརྒྱད་ལ་སོགས་པ་གྲུབ་ཚད་བསྐྱལ། དེ་ནས་མེ་ལོང་གི་ཡིག་འབྲུ་ལ་སྐད་ཅིག་མས་རྣལ་འབྱོར་མ་བསྐྱེད། གཡུང་དྲུང་རིས་བཞི་ལ་མཁའ་འགྲོ་རང་བསྒོམས་པ་དང་འདྲ། མ་བཞི་བསྐྱེད།མདུན་ནས་གཡོན་སྐོར་དུ། རང་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་ཀྱི་ཐུགས་ཀ་ནས་འོད་ཟེར་སྤྲོས་ཏེ། ཨུ་རྒྱན་ནས་རྣལ་འབྱོར་མ་འཁོར་བཅས་སྤྱན་དྲངས། མེ་ལོང་གི་ལྷ་ལ་བསྟིམས་ལ་གཉིས་སུ་མེད་པར་བསམ་སྟེ། དེ་བརྟན་པར་བྱ་བའི་ཕྱིར་མེ་ལོང་ལ་དམིགས་ལ་ཨོཾ་བཾ་ལས་ཕག་མོ་དམར་མོ། །ཧཾ་ཡོཾ་ལས་གཤིན་རྗེ་མ་སྔོན་མོ། །ཧྲིཾ་མཾ་ལས་རྨོངས་བྱེད་མ་དཀར་མོ། །ཧྲིཾ་ཧྲིཾ་ལས་སྐྱོང་བྱེད་མ་སེར་མོ། །ཧཱུྃ་ཧཱུྃ་ལས་སྲེག་བྱེད་མ་ལྗང་ཁུ། ཕཊ་ཕཊ་ལས་ཙཎྜི་ཀ་སྔོ་སྐྱ་བསྐྱེད་ལ་མཆོད། སྔགས་ཉི་ཤུ་རྩ་གཅིག་བཟླས། དེ་ནས་ལག་པ་གཡོན་པའི་ཐེབ་སྲིན་གྱིས་ཐོད་པའི་ཆང་ལ་གྲུ་གསུམ་ཟླུམ་སྐོར་བདེ་བའི་བརྡའ། གྲུ་གསུམ་སྟོང་པ་ཉིད་ཀྱི་བརྡའ། ཉིས་བརྩེགས་བྲི་བའི་ཚུལ་དུ་བྱ། དབུས་སུ་ཧྲཱིཿལས་ཕག་མོ་སེར་མོ་བསྐྱེད། དེ་ནས་ཐོད་པའི་ཆང་གིས་ལག་པའི་ལྷ་མཆོད་དེ་ཞུ་བས་ཆང་དང་གཉིས་སུ་མེད་པར་བསམ་སྟེ། ལག་པ་ཐོད་ཆང་ཁར་ཁ་སྦུབ་སྟེ། དེས་ཕག་མོ་སེར་མོའི་སྤྱི་བོར་ཕུག་ལ་ཕག་མོ་ཞུ་སྟེ་ཆང་དང་རོ་གཅིག་ཏུ་སོང་བདུད་རྩིར། བར་བསམ་སྟེ། ཆང་དེས་རྫས་དང་ཚོགས་ལ་གཏོར་བས་ཚོགས་འདོད་ཡོན་ལྔ་ཟག་མེད་ཀྱི་བདུད་རྩིར་སོང་བར་བསམ་སྟེ། ཐམས་ཅད་རྣལ་འབྱོར་མའི་རང་བཞིན་དུ་སོང་བར་བསམ། བྱིན་གྱིས་བརླབས་པ་ལ་སོགས་པ་གཞན་བྱ་མི་དགོས། དེ་ནས་ཉེ་བའི་སྙིང་པོ། །ཨོཾ་ཧྲཱི་ཧཱུྃ་ཨོཾ་ཧྲཱི་ཏྲཾ་བཛྲ། བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ལ་སོགས་པས་མཆོད་པ་རྣམས་དབུལ་ལོ། །དེ་༼༣ན༽ནས་བསྟོད་པ་ནི། ཧཱུྃ་དག་པ་ཆེན་པོའི་གཞལ་ཡས་ནས། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །མི་འགྱུར་གནས་པའི་གཞལ་ཡས་ནས། །སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ། །གཏེར་འབྱུང་ཡིད་བཞིན་གཞལ་ཡས་ནས། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །ཤེས་རབ་བཙུན་མོའི་བྷ་ག་ནས། །པདྨ་མཁའ་འགྲོ་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །འཇིག་རྟེན་སྣ་ཚོགས་གཞལ་ཡས་ནས། །སྣ་ཚོགས་མཁའ་འགྲོ་གཤེགས་སུ་གསོལ། །ནུབ་ཕྱོགས་ཨུ་རྒྱན་གཞལ་ཡས་ནས། །རྡོ་རྗེ་ཕག་མོ་གཤེགས་སུ་གསོལ། །རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ་ནས། །དོན་དེ་དེ་རིང་གྲུབ་པར་མཛོད། །ཀྱི་བར་གྱིས་བསྟོད་དོ། །དེ་ནས་གསོལ་བ་གདབ་པ་ནི་སིནྡྷུ་ར་ལ་མེ་ཏོག་འཐོར་ཕྱག་འཚལ་དུ་བཅུག །བླ་མ་རྡོ་རྗེའི་འཛིན་པ་ལ་སོགས་པ་བླ་མ་རྣམས་དང་། རྡོ་རྗེ་རྣལ་འབྱོར་མ་རྣམས་དང་། དཔའ་བོ་དཔའ་མོ་དང་། མཁའ་འགྲོ་མ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། བདག་མིང་འདི་ཞེས་བགྱི་བ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བ་ལ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུས་གང་བར་མཛད་དུ་གསོལ། །སྨིན་པར་མཛད་དུ་གསོལ། །ཡོངས་སུ་སྨིན་པར་མཛད་དུ་གསོལ། །ཤིན་ཏུ་སྨིན་པར་མཛད་དུ་གསོལ། །བདུད་རྩི་ནོར་བུ་ཞེས་ལན་གསུམ་བརྗོད་དོ། །དེ་ནས་བླ་མ་ལ་ཕྱག་བྱས་ལ་མདུན་དུ་བཞག་ལ་བསྒོམ་དུ་གཞུག་པའམ། ཡང་ན་བྱིན་རླབས་བྱ་སྟེ་བདུད་རྩི་ལྔས་བྱུགས་པའི་མཎྜལ་སྟེང་དུ་བཞག་ལ་རྐང་པ་བླ་མ་ལ་མཎྜལ་གླིང་བཞི་རི་རབ་དང་བཅས་པ་དབུལ་དུ་གཞུག །བླ་མ་དང་བུདྡྷ་ཐ་དད་མེད་པར་བལྟར་གཞུག །བླ་ན་མེད་པའི་ཐེག་པ་ལ་དད་པ་བསྐྱེད། བར་དུ་མེ་ཏོག་ཐོགས། ༼༣བ༽གཉིས་གཤིབས། ལག་པ་གཉིས་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བརྐྱང་། ལྟག་པ་དགྱེད་བྱས་ལ། འོག་རླུང་དྲངས་སྟེང་རླུང་མནན་ལ། རྣལ་འབྱོར་མ་དང་བླ་མ་ཐ་མི་དད་པར་སྤྱི་བོར་བསྒོམ་དུ་བཅུག་ལ། དཔྲལ་བའམ་ལྟེ་བ་གང་རུང་དུ་མེ་ལོང་ཆོས་འབྱུང་བསམས་ལ། ཤེས་པ་གཏད་དུ་བཅུག །སྔགས་དང་སྒྲ་དང་ཏིང་ངེ་འཛིན་གྱིས་འབེབས་པར་བྱའོ།།དམིགས་པ་གཏོད་དུ་བཅུག་པ་རང་གི་ལྟེ་བའི་སྔགས་སློབ་མའི་ལྟེ་བར་བཅུག་སྟེ། ལྟེ་བ་དང་དཔྲལ་བ་གཉིས་ཀ་ནས་འོད་ཟེར་བྱུང་བར་བསམ། རང་རྡོ་རྗེ་རྣལ་འབྱོར་མའི་སྙིང་ག་ནས་འོད་ཟེར་སྤྲོས་པས་སློབ་མའི་སྙིང་གར་འབུགས་པར་བསམ། དེས་མ་ཕེབས་ན་འགྱེད་དུ་བཅུག་ལ་དེ་ལྟར་བྱའོ། །ཐུགས་བབས་ན་སྤྲོས་བྲལ། གསུང་བབས་ན་སཾ་སྐྲྀ་ཏའི་སྐད་ལ་སོགས་པ་ཆོས་སྨྲ། སྐུ་བབས་ན་ལུས་འདར་བ་དང་། འཕར་བ་གར་བྱེད་པ་འབྱུང་ངོ་། །དེ་རྣམས་ནི་ཐུན་མོང་དུ་འགྲོ །དེ་ནས་མེ་ལོང་གི་ལྷ་ལ་མེ་ཏོག་འཐོར་ཕྱག་བྱས་ལ། ཡང་རང་ལ་ཕྱག་འཚལ་དུ་བཅུག་པ་སྟེ། མདུན་དུ་བཞག་ལ་མདའ་གཞུ་བསྟན།དཀྱིལ་འཁོར་འདིར་ཞུགས་པས་བུམ་པའི་དབང་གི་དོད་ཡིན། དེ་ནས་ཕག་མགོ་བསྟན། དེ་ནས་ཐོད་པ་བསྟན། དེ་ནས་རྡོ་རྗེ་རྒྱ་གྲམ་བསྟན། འོ་ཁྱོད་ལ་དང་པོ་མདའ་གཞུ་བསྟན་པ་ཐབས་ཤེས་རབ་ཡ་མ་བྲལ་བའི་བརྡའ་ཡིན། ལྷ་ཡབ་ཡུམ་ཞལ་སྦྱོར་དུ་བསྒོམ་པར་དབང་བའི་བརྡའ་ཡིན། དེ་ནས་ཕག་མགོ་བསྟན་པ་དེ། རྟོག་མེད་ཀྱི་ཡེ་ཤེས་སྒོམས་ཤིག་པའི་བརྡའ་ཡིན། དེ་ནས་རྡོ་རྗེ་རྒྱ་གྲམ་བསྟན་པ་དེ་ཕྲིན་ལས་རྣམ་པ་བཞི་ལ་དབང་བའི་བརྡའ་ཡིན་པས། དེས་བུམ་པའི་དབང་ངོ་སྤྲད་པའོ།། །།དེ་ནས་ལྕེ་ཐོག་ཏུ་འོ་མ་ལ་སོགས་པ་བདུད་རྩི་རིལ་བུ་ཆང་དང་སྦྱར་བ་སྲན་མ་ཙམ། མངར་བ་བཞག་ལ། དེ་མིང་ལ་སྤྱི་གཙུག་ནས་རྐང་མཐིལ་དང་པོ་མགྲིན་པ་དང་། དེ་ནས་ལྟེ་བ་དང་། སྤྱི་བོ། ཡན་ཆད་དུ་དེས་ནས་ལུས་༼༤ན༽ཐམས་ཅད་བདེ་བས་གང་བར་བསྒོམ། བདེ་བ་ཕྲིལ་ཕྲིལ་བ་བསྒོམས་ཤིག་བྱས་ལ་ཨེན་ཅིག་བསྡད། དེ་ནས་བདེ་བ་ལ་བརྟེན་པའི་མི་རྟོག་པ་སྒོམ་དུ་བཅུག་ལ། དེ་གསང་དབང་གི་དོད་ཡིན་པས་དེས་རྩ་རླུང་སྒོམ་པ་ལ་དབང་། དེ་ནས་བདེ་བ་ལ་བརྟེན་ནས་མི་རྟོག་སྒོམ་དུ་བཅུག་པ་དེ་ཤེས་རབ་ཡེ་ཤེས་ཀྱི་དོད་ཡིན།ཡེ་ཤེས་བརྡས་མཚོན་པ། དེས་རྟོག་མེད་ཀྱི་ཡེ་ཤེས་སྒོམ་པ་ལ་དབང་། དེ་ནས་ལག་མཐིལ་བསྟན་ལ་ཅི་འདུག་བྱ། །དེ་ནས་རྡོ་རྗེ་ཅིག་བཞག་ལ་ཅི་འདུག་བྱ། །འོ་ཁྱོད་ལ་ལག་ཅི་ཡང་མ་མཐོང་བ་དེ་ཆོས་ཐམས་ཅད་མ་སྐྱེས་པའི་བརྡའ། པ་སྟོང་པ་བསྟན་པ་དེ། ཆོས་ཐམས་ཅད་སྐྱེ་བ་ངོ་བོ་ཉིད་ཀྱི་བརྡའ། མེད་པའི་བརྡའ་ཡིན། དེ་ནས་རྡོ་རྗེ་བཞག་པ་དེ་སྣང་གྲགས་ཐམས་ཅད་ཀྱང་གློ་བུར་བའི་བརྡའ་ཡིན། དེ་ནས་སེ་གོལ་གསུམ་གཏོགས་པ་དེ། ཆོས་ཐམས་ཅད་དུ་མ་རོ་གཅིག་པའི་བརྡ་ཡིན། དེ་རྣམས་དབང་བཞི་པའི་དོད་ཡིན། ཕྱག་རྒྱ་ཆེན་པོ་བརྡའི་སྒོ་ནས་ངོ་སྤྲོད་པ་བྱ་བ་ཡིན། དེ་ནས་སེམས་ངོ་སྤྲོད་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོའི་གནས་མཆོག་ན། །བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་བཞུགས། །ཞེས་བྱ་བ་ཐེངས་གསུམ་བསྐྱར་ལ་ཕྱག་རྒྱ་ཆེན་པོ་བསམ་དུ་མེད་པའི་བརྡའོ། །དེ་ནས་སིནྡྷུ་རའི་ཡེ་ཤེས་སེམས་དཔའ་གཤེགས། དམ་ཚིག་སེམས་དཔའ་རང་དང་སློབ་མའི་སྙིང་གར་བསྡུའོ། །ཚོགས་བཟའ་དེ་ནས་རང་གཞན་ཐམས་ཅད་ཕག་མོར་གནས་པས་ཚོགས་ལ་རོལ། དེ་ནས་ད་ལའི་ལྷ་ལ་ཟས་ཕུད་གཏོར་ཏེ་ཐིམ་པར་བསམ། ཆོས་སྐྱོང་ལ་གཏོར་མ་དབུལ། ཤ་ཅིག་དང་། ཟན་ཅིག་ནངས་པར་བུ་མོ་འདོད་པའི་མདས་མ་ཕོག་པ་ཅིག་ལ་བྱིན། ཐོད་པའི་ཆང་ལ་དང་པོ་ཟླུམ་བསྐོར་ཅིག་བྱས་པ་ནི་བདེ་བའི་བརྡའ། གྲུ་གསུམ་དེ་སྟོང་པའི་བརྡའ། དབུས་ཀྱི་ཐིག་ལེ་རང་རིག་པའི་བརྡའ། དེའི་སྟེང་དུ་རོ་རྡོ་རྗེ་མ་བསྐྱེད། བླ་མ་སངས་རྒྱས་ཐ་དད་མེད་པར་སྒོམ་དུ་གཞུག །བླ་ན་མེད་པའི་ཐེག་པ་ལ་དད་པ་རབ་ཏུ་བསྐྱེད་ན། འགྲུབ་པ་ནི་བྱིན་གྱིས་བརླབས་ནས་ཤེས་པར་བྱ་སྟེ། རྣལ་འབྱོར་མའི་བྱིན་རླབས་བླ་མ་རིན་པོ་ཆེའི་ཐུགས་ནས་ཕྱུང་བ་རྫོགས་སོ།། ༈ །།བླ་མ་རྣམས་ལ་ཕྱག་འཚལ་ལོ། །དང་པོ་བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བ་དང་། སྐད་ཅིག་གིས་༼༤བ༽རང་ཉིད་ལྷ་མོར་བསྒོམས་པའི་སྙིང་གར་པྃ་ལས་པདྨའི་སྟེང་དུ་ཧྲཱི་བསམ། དེ་ནས་འོད་ཟེར་འཕྲོས་པས། ཇོ་མོ་འཁོར་བཅས་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ཇོ་མོ་དང་བླ་མ་ཐ་མི་དད་དུ་བསམ་ལ་ཡན་ལག་བདུན་པ་བྱའོ། །དེ་ནས་ལྷ་གཤེགས་སུ་གསོལ། བཛྲ་མུཿཞེས་ཡིད་ཀྱིས་བྱའོ། །སྭ་བྷཱ་ཝས་སྟོང་པར་བསམ། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་རྣལ་འབྱོར་མར་བསྐྱེད་ལ། ལྟེ་བར་གྲུ་གསུམ་མེའི་དཀྱིལ་འཁོར། དེའི་དབུས་སུ་པདྨ་འདབ་མ་བརྒྱད་ཀྱི་དབུས་ཧྲཱིཿདེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ། ཐམས་ཅད་ཕག་མོར་གྱུར་ནས། ཚུར་འདུས་ཧྲཱིཿལ་ཐིམ་ཡོངས་སུ་གྱུར་པ་ལས་ཕག་མོའོ། །རྡོ་རྗེ་ཕག་མོ་ལ་གཏོར་མ་འབུལ་བར་འདོད་པས། ཐོད་པ་དུམ་བུ་གཅིག་པ་ལ་སོགས་པར། ཤ་ཆང་བདུད་རྩི་ལ་སོགས་པའི་གཏོར་མ་དང་། མཆོད་པ་བཤམས། དེ་ནས་རང་ལྷར་བསམས་ནས། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བྱས་པའི་གཏོར་མའི་འོག་ཏུ་ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་བ་དན་དང་ལྡན་པ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་ཟུར་གསུམ་པ་མེ་འོད་དང་ལྡན་པ། དེའི་སྟེང་དུ་ཀྃ་ལས་ཐོད་པའི་སྒྱེད་བུ་གསུམ། དེའི་སྟེང་དུ་ཨཱཿལས་ཐོད་པ་རྒྱ་ཆེ་བའི་ནང་དུ་རྫས་རྣམས་བསྒོམ། དེའི་དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུརྱ་ལྟ་བུ་དང་། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་རཿལས་རཀྟ་སེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་དམར་བྱི་རུ་ལྟ་བུ། བྱང་དུ་མ་ལས་ཀླད་པ་ཨིནྡྲ་ནཱི་ལ་ལྟ་བུ་སྟེ་བདུད་རྩི་ལྔ་དང་། དེ་རྣམས་ཀྱི་སྟེང་གི་དབུས་སུ་ན་ལས་མི་ཡི་ཤ །ཤར་ལྷོར་གོ་ལས་རྟའི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་བ་ལང་གི་ཤ །བྱང་ཤར་དུ་ཧ་ལས་གླང་པོ་ཆེའི་ཤ་རྣམས་བསམ། དེ་ནས་རང་གི་༼༥ན༽སྣ་བུག་ནས་རླུང་བྱུང་བས་བ་དན་སྐྱོད། རླུང་གིས་མེ་སྦར། ཐོད་པ་དྲོས། རྫས་རྣམས་ཁོལ། སྔགས་རྣམས་ཞུ། མི་གཙང་བ་རྣམས་ཕྱིར་ལུད་དེ། དམར་སེར་སྦྲང་རྩི་ལྟ་བུའི་བདུད་རྩི་གྱུར་པར་བསམ། དེའི་སྟེང་དུ་ཨོཾ། དེའི་སྟེང་དུ་ཨཱཿདེའི་སྟེང་དུ་ཧཱུཾ་བསམ་ཞིང་བརྗོད་པས། ཨོཾ་གྱིས་མང་པོ་དང་། ཨཱཿཞེས་པས་ཟག་མེད་ཀྱི་བདུད་རྩི་དང་། ཧཱུཾ་གིས་རྡོ་རྗེའི་ལྟེ་བ་ཧཱུཾ་གིས་མཚན་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག །རྡོ་རྗེའི་བུ་ག་ན་མར་བབས་པར་བསམ། དེ་ནས་རྡོ་རྗེས་དཀྲུག་པས་འདྲེས་པར་བསམ། ཨོཾ་ཨེ་ཨཱ་ར་ལི་ཧོཿཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ཡེ་ས་མཱ་ཡ་ཏྭཾ་དྲྀཤྱ་ཧོཿ ཞེས་ལན་གསུམ་བརྗོད་པས། ས་འོག་ས་སྟེང་ས་བླ་ན་གནས་པའི་མགྲོན་རྣམས་མདུན་དུ་བྱོན་པར་བསམ། དེ་ནས་རང་གི་སྙིང་གའི་པད་སྟེང་གི་ཧྲཱིཿལས་འོད་ཟེར་འཕྲོས་པས། དེ་དག་ལ་ཕོག་པས། རྡོ་རྗེ་ཕག་མོ་ལྷ་ལྔའི་དཀྱིལ་འཁོར་དུར་ཁྲོད་དང་བཅས་པ་དུས་གཅིག་ལ་བསམ་མོ། །དེ་ནས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་སྟེ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་བརྗོད་པས། ལྗགས་རྡོ་རྗེའི་སྦུ་གུ་ནས་ཡར་གསོལ་བར་བསམ། འདོད་པའི་དོན་ལ་གསོལ་བ་གདབ་བོ།། །།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྟེན་གྱི་གང་ཟག་དད་པ་དང་ལྡན་པས། དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ་རས་རིས་དང་། ལུགས་མ་ལ་སོགས་པ་བཀྲམ་ནས། སྟན་བདེ་བ་ལ་འདུག་སྟེ་བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་ནས། རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་ཝལ་གྱིས་བསྒོམ། དེའང་རྒྱན་ཆ་ལུགས་དང་ལྡན་པ་སྟེ། པདྨ་ཉི་མ་རོའི་སྟེང་ན་བཞུགས་པ། གཡོན་བརྐྱང་། གཡས་༼༥བ༽བསྐུམ་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། སྐུ་མདོག་དམར་བའི་འོད་ཟེར་འབར་བ། གཅེར་བུ་སྤྱན་གསུམ་པ། སྐྲ་གྲོལ་བ། གཡས་གྲི་གུག །གཡོན་ཐོད་པ། ཁ་ཊྭཱཾ་ག་མཆན་ཁུང་གཡོན་ན་བསྣམས་པ། ཕྱག་རྒྱ་ལྔས་རབ་ཏུ་བརྒྱན་པ། མི་མགོ་རློན་པའི་དོ་ཤལ་བྱས་པ། སྙན་གོང་གཡས་ན་ཕག་ཞལ་དང་རབ་ཏུ་ལྡན་པ། དེ་ལྟ་བུའི་རྒྱན་ཆ་ལུགས་དང་ལྡན་པ་སྐད་ཅིག་བསྐྱེད་ལ། སྙིང་ཁར་པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ་ཧྲཱིཿ དེ་ལས་འོད་ཟེར་འཕྲོས་པས་ཕག་མོ་ལྷ་ལྔའི་དཀྱིལ་འཁོར་སྤྱན་དྲངས་ལ། ཡིད་ཀྱིས་ཕྱག་དང་མཆོད་པ་སྡིག་པ་བཤགས་པ་ཡན་ཆད་བྱས་ལ། བཛྲ་མུཿཞེས་བརྗོད་པས། འོག་མིན་གྱི་གནས་སུ་གཤེགས་པར་བསམ་མོ། །དེ་ནས་ཚད་མེད་པ་བཞི་བསྒོམ་པ་ནི། བྱམས་པ། དགའ་བ། སྙིང་རྗེ། བཏང་སྙོམས་སོ། །དེ་ནས་སྭ་བྷཱ་ཝས་སྒྱུ་མ་ལྟ་བུར་བསམ། ཤཱུནྱ་ཏཱས་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ། རྃ་ལས་ཉི་མ་རོའི་གདན་སྟེང་དུ་ཧྲཱིཿདམར་པོ་ཞིག་བསམ། དེ་ཡོངས་སུ་གྱུར་པ་ལས། བདག་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། རྒྱན་ཆ་ལུགས་དང་ལྡན་པར་ཝལ་གྱིས་བསམ། དེ་ཡང་ཤིན་ཏུ་ཆེ་བ་ལྟེ་བ་མན་ཆད་འདོད་ཁམས་སུ་འདུག་པ། སྙིང་ག་མན་ཆད་གཟུགས་ཁམས་སུ་འདུག་པ། སྤྱི་བོ་མན་ཆད་གཟུགས་མེད་ཁམས་སུ་འདུག་པ། ཁམས་གསུམ་ལས་རྣམ་པར་རྒྱལ་མ་ཤིན་ཏུ་ཆེ་བ་ཞིག་བསམ། དེའི་ལྟེ་བར་གྲུ་གསུམ་མེའི་དཀྱིལ་འཁོར་ཅིག་བསམ། དེའི་སྟེང་དུ་པྃ་ལས་པདྨ་རྃ་ལས་ཉི་མ། རོའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཅིག་བསམ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་སྡིག་སྒྲིབ་སྦྱངས་ནས། ཇོ་མོ་རྣལ་འབྱོར་མར་བྱས། ཚུར་འདུས་ཧྲཱིཿལ་ཐིམ་པར་བསམ། ཧྲཱིཿདེ་སྐད་ཅིག་གིས་ཡོངས་སུ་༼༦ན༽གྱུར་པ་ལས། བདག་ཉིད་ཇོ་མོ་རྡོ་རྗེ་རྣལ་འབྱོར་མ། གཡས་གྲི་ཁུག །གཡོན་ཐོད་པ། ཁ་ཊྭཱཾ་ག་མཆན་ཁུང་གཡོན་དུ་བསྣམས་པ། ཕག་ཞལ་གཡས་སུ་བལྟ་བ། གཅེར་བུ་སྤྱན་གསུམ་པ། སྐལ་པ་འཇིག་དུས་ཀྱི་མེ་ལྟ་བུ། རྒྱན་ཆ་ལུགས་དང་ལྡན་པར་སྐད་གིས་བསམ་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དཔའ་བོའི་གོ་ཆ་དགོད་པ་ནི། ལྟེ་བ། སྙིང་ག མགྲིན་པ། དཔྲལ་བ། སྤྱི་བོར་དང་། ཡན་ལག་ཐམས་ཅད་རིམ་པ་བཞིན་དུ་ཤེས་པར་བྱའོ། །དེ་ནས་རང་གི་སྙིང་གར་པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་ཏེ་འོག་མིན་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། རང་དང་གཉིས་སུ་མེད་པར་ཡི་གེ་ཛཿཧཱུཾ་བྃ་ཧོཿ བཞིས་བསྟིམ་མོ། །ཡང་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས། འོག་མིན་གྱི་གནས་ནས་ཇོ་མོ་ལྷ་ལྔའི་དཀྱིལ་འཁོར་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁར་བཞུགས་པ་ལ་ཡིད་ཀྱིས་ཕྱག་དང་མཆོད་པ་ནི། མཁའ་འགྲོ་མ་ལཱ་མཱ། དུམ་སྐྱེས་མ། གཟུགས་ཅན་མ་བཞིས་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཐོགས་ཏེ་མཆོད་པར་བསམ། མཁའ་འགྲོ་མ་བཞི་གཙོ་མོ་ལ་ཐིམ་པས། གཙོ་མོ་བདེ་བའི་རང་བཞིན། འཁོར་རྣམས་ཀྱང་བདེ་བའི་རང་བཞིན་ནོ། །དེ་ནས་ཡང་མེ་ཏོག་མ། བདུག་སྤོས་མ། མར་མེ་མ། དྲི་ཆབ་མ། ཞལ་ཟས་མ། རྣམས་ཀྱིས་ཀྱང་མཆོད་པར་བསམ་མོ། །དེ་ནས་གསོལ་བ་ལན་མང་དུ་གདབ་བོ། །དེ་ནས་རྗེ་བཙུན་མའི་ཐུགས་ཀ་ནས། འདོད་པའི་ཡོན་ཏན་གྱི་ལྷ་མོ་ཕྱུང་སྟེ། ཕྱག་གཉིས་ཀྱིས་ཁྲུས་ཀྱི་བུམ་པ་དང་། མེ་ཏོག་སིལ་མ་ཐོགས་ནས། སྤྱི་བོའི་གཙུག་ཏུ་མེ་ཏོག་ཨོཾ་བྱང་ཆུབ་རྡོ་རྗེས་༼༦བ༽སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། གཏོར་ཞིང་། །ཁྲུས་ཀྱི་བུམ་པས་ཆུ་བླུགས་ཏེ་དབང་བསྐུར་བར་བསམ་མོ། །ཆུ་ཞབས་གྱེན་ལ་འཁྱིལ་བས། རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་བསམ་མོ། །དེ་ནས་ཕྱག་དང་མཆོད་པ་བྱས་ནས། བཛྲ་མུཿཞེས་བརྗོད་པས་འོག་མིན་གྱི་གནས་སུ་གཤེགས་པར་བསམ་མོ། །རྫོགས་པའི་རིམ་པ་ནི། ལྟེ་བའི་དཀྱིལ་དུ་གྲུ་གསུམ་ཉིས་བརྩེགས་གཡུང་དྲུང་རིས་དང་བཅས་པ། དབུས་སུ་སྔགས་ཚན་གསུམ་པོས་འཁོར་བ་བྲིས་ལ། དེ་འཁོར་བ་ལ་དུ་བ་ལ་སོགས་པའི་རྟགས་མ་བྱུང་གི་བར་དུ་བསྒོམ་པར་བྱའོ། །ཨོཾ་ཨོཾ་ཨོཾ། སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་རྟག་ཏུ་བཟླས་པར་བྱའོ། །དཔལ་རྣལ་འབྱོར་མའི་སྒྲུབ་ཐབས། བླ་མ་རིན་པོ་ཆེའི་ཞལ་ནས་གསུངས་པ། བདུད་རྩིའི་ཐིགས་པ་འདི། བློ་དམན་རྣམས་ཀྱི་བརྗེད་བྱང་ཙམ་ཞིག་ཡི་གེར་བཀོད། རྗེ་བཙུན་མཁའ་འགྲོའི་ཚོགས་བཅས་བཟོད་པར་གསོལ། སྣང་སེམས་ཞེན་མེད་ཀྱི་ལྷ་སྐུ་ལ། །སྒྱུ་མའི་ཡིད་དང་མི་འབྲལ་འཚལ། །སྐུ་གསུམ་ངོ་སྤྲོད་ཀྱི་རྗེ་བཙུན་ལ། །དད་གུས་ཀྱི་ཡིད་དང་མི་འབྲལ་འཚལ། །རང་བཞིན་སྐྱེ་མེད་འོད་གསལ་ལ། །གཅེར་མཐོང་གི་ཡིད་དང་མི་འབྲལ་འཚལ། །སྤྱོད་པ་རང་བྱུང་འགག་མེད་ལ། །ཆོས་ཉིད་ཀྱི་ཉམས་དང་མི་འབྲལ་འཚལ། །འདིའི་ཡིག་སྣ། རྗེ་དྭགས་པོ་སྒོམ་ཚུལ་གྱིས་མཛད་པ་ལགས།། །།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་ཕྱག་འཚལ་ལོ། །ཐུན་མཚམས་སུ་རྡོ་རྗེ་ཕག་མོ་ལ་གཏོར་མ་གཏོང་བར་འདོད་པས་འདི་ལྟར་བྱའོ། །བདག་ཉིད་ལྷའི་ང་རྒྱལ་དང་ལྡན་པས། གཏོར་མ་བཤམས་ལ། སྭ་བྷཱ་ཝ་ཤུདྡྷ་སརྦ་༼༧ན༽དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བྱ་བས་གཏོར་མ་དེ་སྟོང་པར་བྱའོ། །སྟོང་པའི་ངང་ལས་ཀཾ་སྐྱ་བོ་གསུམ་བསམ། དེ་ཞུ་བ་ལས་མི་མགོའི་སྒྱེད་པོ་གསུམ་གྱི་ཚུལ་དུ་བསམ་པར་བྱའོ། །དེ་གསུམ་གྱི་སྟེང་དུ་ཨཱཿདཀར་པོ་གཅིག་བསམ། དེ་ཞུ་བ་ལས་ཐོད་པ་ནང་དམར་བ་ཕྱི་སྐྱ་བ་གཅིག་བསམ། དེའི་ནང་དུ་རང་རང་གི་ས་བོན་ལས། བདུད་རྩི་ལྔ་དང་ཤ་ལྔ་བསྐྱེད་པར་བྱ་སྟེ། དེ་ཡང་ཤར་དུ་བཾ་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་སྣ་ཚོགས་ཤ །དབུས་སུ་མུ་ལས་དྲི་ཆུ་བསྐྱེད། དེའི་རྗེས་ལ། ཤར་དུ་དྲི་ཆེན་གྱི་སྟེང་དུ། ཀུ་ལས་ཁྱིའི་ཤ །ལྷོར་རཀྟའི་སྟེང་དུ། ད་ལས་གླང་པོ་ཆེའི་ཤ །ནུབ་ཏུ་བྱང་སེམས་དཀར་པོའི་སྟེང་དུ། ཧ་ལས་བ་ལང་གི་ཤ །བྱང་དུ་སྣ་ཚོགས་པའི་སྟེང་དུ། གོ་ལས་རྟའི་ཤ །དབུས་སུ་དྲི་ཆུའི་སྟེང་དུ། ན་ལས་མིའི་ཤ་བསམ། རྫས་དེ་རྣམས་ཀྱི་སྟེང་དུ་བདུད་རྩིའི་ངོ་བོ་ཨོཾ་དཀར་པོ་གཅིག་བསམ། ཡང་དེའི་སྟེང་དུ་ཨཱཿདཀར་པོ་ཡོངས་སུ་གྱུར་པ་ལས། ཧཱུཾ་མཚན་རྡོ་རྗེ་དཀར་པོ་ཅིག་བསམ། འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དབྱིབས་གྲུ་གསུམ་པ་རཾ་གྱིས་མཚན་པའོ། །རླུང་གིས་ཐོད་པའི་མེ་སྦར་ཏེ། ཐོད་པ་དྲོས་པ་དང་། རྫས་རྣམས་ཞུ་བའི་རླངས་པ་ཨོཾ་ལ་ཕོག་པས། འོད་ཟེར་ཁ་དོག་ལྔའི་རང་བཞིན་འཕྲོས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས། དམ་ཚིག་གི་བདུད་རྩི་ལ་བསྟིམ་སྟེ། ཟླ་བ་དང་ཨོཾ་ཞུ་ནས། རྡོ་རྗེས་དམ་ཚིག་གི་བདུད་རྩི་དང་། ཡེ་ཤེས་བདུད་རྩི་གཉིས་སུ་མེད་པར་དཀྲུགས་ཏེ། རྡོ་རྗེ་ཡང་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་ཞུ་བར་བྱས་ནས། ཨོཾ་ཨཱཿཧཱུཾ། ༼༧བ༽ཞེས་ལན་གསུམ་བརྗོད་དེ། ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ་པ་ནི། གཏོར་མ་སྦྱང་བའོ། །དེའི་རྗེས་ལ་ཕཻཾ་གི་སྒྲ་བརྗོད་ཅིང་དྲྭ་བའི་ཕྱག་རྒྱ་བྱས་ལ་བསྐོར་བ་དང་། བསྐོར་མིན་གྱི་ཚུལ་དུ་ལན་དྲུག་བསྐོར་ལ། ལག་པ་གཉིས་གཤིབས་ཏེ་ཁ་ཕྱེ་ལ། ཐོད་པའི་ཕྱག་རྒྱ་བཅས་པ་དེ་བདུད་རྩི་རྣམས་ཀྱིས་གང་བར་བསམས་ལ། ཨོཾ་ཨེ་ཨཱ་ར་ལི་ཧོཿ ཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཞེས་ལན་གསུམ་བརྗོད་ལ། ད་ནི་ཡེ་ཤེས་ཀྱི་བདུད་རྩི་རྣམས་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ལ་སྙན་གསན་དབབ་ཅིང་གཏོར་མ་འབུལ་ལོ། །བསྔོ་བའི་སྔགས་ནི། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦྦ་ཡཀྴ་རཀྵཱ་ས། སརྦ་བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུ་ཥྨནྡ། ཨ་པ་སྨཱ་ར། ཌཱ་ཀ་ཌཱ་ཀི་ནྱཱི་དྷ་ཡ། ཨི་དཾ་བ་ལིང་། གྲྀ་ཧྞནྟུ། ས་མ་ཡཱ་རཀྵནྟུ། མ་མ་སརྦཱ་སིདྡྷི་མྨེ་པྲ་ཡ་ཙྪན་དུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུ་ཛ་ཐཱ། ཛི་གྷྲ་ཐཱ། པི་བ་ཐཱ། མཱ་ཏི་ཀྲ་མ་ཐཱ། མ་མ་སརྦཱ་ཀ་ར་ཏ་ཡ། སད་སུ་ཁཾ་བི་ཤུདྡྷེ་ས་ཧ་ཡཀྐི་བྷ་ཝནྟུ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་སྭཱ་ཧཱ། ཞེས་པས་བསྔོས་ལ། དེའི་རྗེས་ལ་འབྱུང་པོ་དང་། ཆོས་སྐྱོང་ལའང་བསྔོ་བར་བྱའོ། །བླ་མ་རིན་པོ་ཆེའི་ཞལ་གྱི་གདམས་ངག་ཡི་གེར་བཀོད་པའོ། །དེའི་རྗེས་ལ་བདེན་སྟོབས་བརྗོད་དོ། །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་དང་། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་འགྱུར་ཅིག །ཅེས་པ་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་ཅག་འཁོར་དང་བཅས་པ་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། །ཞི་དང་༼༨ན༽རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱི་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་སོགས་ཞི་བ་དང་། །བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། །ཚེ་རིང་ཚོགས་བསྐྱེད་བསམ་པ་ཡི། །ཡིད་བཞིན་ནོར་བུ་ལྟ་བུ་མཛོད། །ཅེས་པ་ཡང་བརྗོད་དོ། །དེའི་རྗེས་ལ་ལྷ་བཅུ་གསུམ་ནས་གསུངས་པའི། རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །དེ་རྣམས་སྲས་དང་བཅས་པ་ཡི། །འཇིག་རྟེན་སྐྱོང་རྣམས་ཆོ་ག་འདིས། །མ་ཚང་བ་དག་བཟོད་པར་གསོལ། །ཞི་དང་བཀྲ་ཤིས་བདེ་ལེགས་དང་། །ཞེས་པ་ལ་སོགས་པས་བཟོད་པར་གསོལ་ལ། བཛྲ་མུཿཞེས་པས་གཤེགས་སུ་གསོལ། བླ་མའི་ཞལ་གྱི་དེ་ཉིད་ནི། །གཏོར་མའི་དེ་ཉིད་བསྡུས་པ་ཡིན། །རྡོ་རྗེ་ཕག་མོའི་གཏོར་མའི་ཆོ་ག་རྫོགས་སོ།། ༈ །།སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཁམས་གསུམ་པ་ཡི་ངོ་བོ་ཉིད། །བསྐལ་པ་མེ་ལྟར་འབར་བའི་འོད། །རྡོ་རྗེ་རྣལ་འབྱོར་མ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་འདུད། །བདེ་བ་རང་བཞིན་མ་སྐྱེས་པ། །ཇི་བཞིན་དུ་ནི་རྟོགས་གྱུར་པ། །གཞན་དོན་མཐར་ཕྱིན་མཛད་པ་ཡི། །རྣལ་འབྱོར་མ་ལ་ཕྱག་འཚལ་འདུད། །གཡོན་པ་ཆགས་སོགས་ཁྲོ་མོའི་ཞལ། །གཡས་པ་རྟོག་མེད་ཕག་གདོང་ཞལ། །བདག་མེད་སྐྱེ་མེད་ཆོས་ཀྱི་དབྱིངས། །རྣལ་འབྱོར་མ་ལ་ཕྱག་འཚལ་འདུད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོགས་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་འདུད། །བདེ་གཤེགས་སྐུ་ལ་གཉིས་མེད་འཁྲིལ། །ཟག་མེད་བདེ་བ་སྐུ་ཉམས་བསྟར། །ལྟེ་བའི་དབུས་ནས་འབྱུང་བཞི་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་འདུད་མཛད་མ། །ཕག་མོ་དེ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་པ་ཡང་བྱའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact