| / Mahamudra / Gampopa |
Gampopa's collected works (15)
༼༡ན༽རྗེ་དྭགས་པོ་ལྷ་རྗེའི་གསུང་། དམར་ཁྲིད་གསང་ཆེན། བར་དོའི་དམར་ཁྲིད། འཕོ་བའི་དམར་ཁྲིད་ཞལ་གདམས་དང་བཅས་པ་བཞུགས་སོ། །
༼༡བ༽༄༅། །ན་མོ་གུ་རུ། བླ་མ་དང་ནི་དགྱེས་རྡོར་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །རྒྱུད་དང་བླ་མའི་གདམས་པ་ཡིས། །གདམས་ངག་བདག་གིས་བྲི་བར་བྱ། །དེ་ལ་དགྱེས་པ་རྡོ་རྗེའི་རྒྱུད་ལ་གསུམ་སྟེ། རྒྱུའི་རྒྱུད་ལ་སྦྱང་གཞིར་བཞག་སྟེ། ཐབས་ཀྱི་རྒྱུད་ལ་སྨིན་གྲོལ་གཉིས་ཏེ། སྨིན་ལམ་བུམ་པའི་དབང་ལ་སོགས་བཞིས་སྨིན་པར་བྱས་ནས། གྲོལ་ལམ་ལ་གསུམ་སྟེ། ལམ་རྣལ་འབྱོར། རྐྱེན་སྤྱོད་པ། གྲོགས་དམ་ཚིག་ལས། ལམ་རྣལ་འབྱོར་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་གཉིས་ལས། འདིར་རྫོགས་པའི་རིམ་པ་སྟོན་ཏེ། དེ་ལ་བསྐྱེད་རིམ་བརྟན་རུང་མི་བརྟན་རུང་འདི་བསྒོམ་པའོ། །དེ་ལ་རྫོགས་རིམ་ལ། བླ་མ་ནཱ་རོ་ཆེན་པོའི་དགོངས་པས། སྔོན་འགྲོ་དང་། དངོས་གཞི་གཉིས་སོ། །སྔོན་འགྲོ་ལ་གསུམ་སྟེ། སྲུང་བའི་འཁོར་ལོ། །ཚོགས་བསགས་པ། རྟེན་ལྷར་བསྐྱེད་པའོ། །སྲུང་བའི་འཁོར་ལོ་ནི། གནས་ཡིད་དུ་འོང་བར་དགེ་༼༢ན༽སྦྱོར་དུམ་རེ་བྱས་ཏེ། དེ་ནས་ནང་པར་ཐོ་རངས་ཁྲུས་བྱས། འཛམ་བྷ་ལྷ་ལ་ཆུ་སྦྱིན། གདན་འབོལ་ཞིང་བདེ་བ་ལ། རྒྱབ་རྟེན་ཀྱང་འབོལ་ཞིག་བཅུག་སྟེ། འདུག་ལུགས་ནི། མཁྲིས་པ་ཤས་ཆེ་ན། ལུས་གནད་རྡོ་རྗེ་སྐྱིལ་ཀྲུང་ལ་སོགས་པ་དྲུག་གི་འདུག་གོ །གྲང་ཤས་ཆེ་ན། ཙོག་པུར་འདུག་སྟེ། བྱིན་པ་བརླའི་རྗེ་ངར་ལ་གཏད། རྒྱུ་ཞབས་དང་བརླའི་བར་དུ་འབོལ་ཚངས་གཞུག །སྒལ་པ་གསེར་གྱི་དོང་ཙེ་བརྩེགས་པ་བཞིན་བྱ། །ལྐོག་མས་ཨོལ་མདུད་མནན། ལྕེ་རྩེ་རྐན་ལ་སྦྱར། མིག་སྣ་གོང་དུ་དབབ་པའི་གནད་དྲུག་དང་ལྡན་པར་བྱས་ལ། འདི་ཡི་སྒོ་ནས་སངས་རྒྱས་པར་བྱས་ནས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་སྙམ་དུ་སེམས་བསྐྱེད་ལ། རང་ལྷར་མོས་པ་བྱས་པའི་སྣ་བུག་གཉིས་སུ། ཧཱུཾ་སྔོན་པོ་མགོ་ཕྱིར་བལྟ་བ་སོགས་ཚིག་ཙམ་གཉིས་བསམ་སྟེ། ཧཱུཾ་གཉིས་པོ་སྣ་བུག་ནས་མགོ་ཕྱིར་བསྟན། མཇུག་མ་ནང་དུ་བསྟན་པ་སྔོ་རྒྱངས་ཀྱིས་སྤྲོས་ཏེ། སྣང་བ་བདེ་ཕྲིལ་༼༢བ༽གྱིས་བསྐྱེད་ནས། ཚུར་ལྡོག་དུས་མཇུག་མ་ཚུར་ལ་བསྟན་ནས་སྔོ་ཡེ་རེ་རེ་ལོག་སྟེ། སྣ་བུག་ཏུ་གནས་སོ། །དེ་ལྟར་ཕར་འཕྲོས་ཚུར་འདུས་པ་ལ་གཅིག་ཏུ་བརྩིས་པའི་བརྒྱ་ཙམ་བསྒོམ། བྱིང་ན་ཤེས་པ་བསྒྲིམས། ནམ་ཚོང་འདེགས། མིག་ཀྱང་ཧ་རེ་བྱ། རྒོད་ན་ནམ་ཚོང་ཕབ་ལ། ལུས་སེམས་ཁོང་ལྷོད་གློད་པར་བྱའོ། །ཐུན་མཚམས་སུ་མདོ་འདོན་པ་དང་། ཕྱག་དང་། བཟླས་པ་ལ་སོགས་པ་བྱ་བ་ཤིན་ཏུ་གལ་ཆེ། ཞེས་བླ་མ་གསུང་ངོ་། །དེ་ནི་ཐོ་རངས་སོ། །དེ་ནས་ཉི་མ་དྲོས་ཆེན་ན། གདན་བདེ་བ་ལ་འདུག་སྟེ། ལུས་ཀྱི་གནད་དྲུག་དང་ལྡན་པར་བྱས་ལ། ཡང་སྣ་བུག་གི་ཧཱུཾ་གཉིས་སྤྲོ་བསྡུ་བརྒྱ་རྩ་བཞི་ཙམ་བྱའོ། །ཐུན་མཚམས་ནི་སྔར་ལྟར་བྱའོ། །ཡང་དྲོ་གུང་ཐོན་ནས་བག་ཙམ་ཞིག་ལོན་ནས་བྱ། སྲོད་ལ་ཡང་དེ་བཞིན་དུ་བྱའོ། །ཐུན་གྲངས་སྔར་ལྟར་བྱའོ། །དེ་བརྟན་པའི་ཚད་ནི། ཧཱུཾ་དེ་ནི་ཤིན་ཏུ་སྔོ་ཡེ་རེ་གསལ་ན་བརྟན་པའོ། །ཉལ་བའི་དུས་སུ་དགེ་བའི་གཉིད་ལོག་པར་བྱ་གསུང་ངོ་། །དེས་མ་ཟིན་ན། ནངས་པར་སྔ་མོ་ནས་ཐུན་ལྔར་བསྒོམ། དེས་ཀྱང་མ་ཟིན་ན། ཡང་ནངས་པར་སྔ་མོ་ནས་ཐུན་ལྔར་བསྒོམ་སྟེ། ཐུན་བཅོ་ལྔ་ལ་ཞག་གསུམ་སྟེ། དེས་ཤེས་པ་བརྟན་དུ་འགྲོ་གསུང་ངོ་། །དེ་ལ་བརྟེན་ནས། ཡང་ནངས་པར་སྔ་བར་ལངས་ཏེ། ཁྲུས་ལ་སོགས་པ་གོང་ལྟར་བྱས་ལ། རང་ཡི་དམ་དུ་མོས་པ་བྱས་པའི་ལུས་ཀྱི་ནང་ཁོང་སྟོང་འོད་གསལ་བ་ལས་གྲུབ་པར་བསྒོམས་པའི་ལྟེ་བའི་ནང་དུ། འོད་དཀར་པོ་ཕུང་ངེ་བ་ཞིག་གི་ནང་དུ། ཧཱུཾ་སྔོན་པོ་མགོ་གྱེན་ལ་བལྟས་པ་ཞིག་བསྒོམས་ལ། རླུང་ནད་ལན་གསུམ་ཕྱུང་སྟེ། དེ་ཡང་རྫོགས་པར་མ་ཕྱུང་ན་གཟེར་དུ་འོང་ཞེས་བླ་མ་དམ་པ་གསུང་ངོ་། །དེ་ནས་ལྟེ་བའི་ཧཱུཾ་སྔོན་པོ་ལས་འོད་འཕྲོས། འོད་ཀྱི་སྣ་ལ་ཁྲོ་ཆུང་ཞལ་གཅིག་ཕྱག་གཉིས་པ་༼༣ན༽མཐིང་ནག །རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་སྤྲོས་ཏེ། བགེགས་ཚར་བཅད་ནས། སླར་ཚུར་ལ་འུབ་ཀྱིས་བསྡུས་པས། སྤྱི་བོར་ནས། རྐང་མཐིལ་ཡན་ཆད་ཞུགས་ཏེ། བ་སྤུའི་བུ་ག་ཐམས་ཅད་ནས་ཁྲོ་ཆུང་ཞལ་ཕྱིར་གཟིགས་པས་གང་བར་བསམ་མོ། །དེ་ལྟར་སྤྲོ་བསྡུ་གཉིས་ལ་གཅིག་ཏུ་བྱས་པའི་གྲངས་བརྒྱ་རྩ་བརྒྱད་དམ། བརྒྱད་ཅུ་ཙམ་བྱ། ཐུན་མཚམས་སུ་མདོ་བཀླག་པ་ལ་སོགས་པ་བྱའོ། །དེ་ནི་ཐོ་རངས་སོ། །དེ་བཞིན་དུ་ཉི་མ་དྲོས་ཙམ་གྱི་དུས་དང་། ཉི་མ་ཕྱེད་ཡོལ་དང་། ཉི་མ་ནུབ་ཀ་དང་། སྲོད་ཀྱི་དུས་རྣམས་ལ་ཡང་། ལུས་གནད་དྲུག་དང་ལྡན་པས་ཐུན་མཚམས་དང་ལྡན་པར་སྔར་བཞིན་དུ་བསྒོམ་མོ། །དེ་ལྟར་བསྒོམས་པས་བརྟན་པའི་ཚད། ལྟེ་བའི་ཧཱུཾ་ལས་ཤེས་པ་ཟིན་ཏེ། ཁྲོ་ཆུང་རྣམས་ཤིན་ཏུ་གསལ་བ་འབྱུང་ངོ་། །དེའི་དགོས་པ་ནི་བར་ཆད་སེལ་ཏེ། བགེགས་ཀྱིས་བལྟས་པས། ལུས་ཁྲོ་ཆུང་གིས་གང་བར་གསལ་བའོ། །ཡེ་ཤེས་ཁྲོ་ཆུང་བསྒོམས་པས། ཉོན་མོངས་པ་མགོ་ནོན་པ་དང་གཉིས་སོ། །དེ་ནི་སྲུང་བའོ། །གཉིས་པ་ཚོགས་བསག་པ་ནི། ནངས་པར་སྔ་བར་ལངས་ཏེ། ཕྱི་རོལ་དུ་ཕྱིན་དྲི་མ་དོར། ནང་དུ་འོང་ཁྲུས་བྱ། ཛམྦྷ་ལྷ་ལ་ཆུ་སྦྱིན་བྱ། མཎྜལ་བཅོས། མཆོད་པ་བཤམས། སྟན་བདེ་བ་ལ་འཁོད་དེ། ལུས་གནད་དྲུག་དང་ལྡན་པར་བྱས་ལ། བསྲུང་བའི་དོན་དུ། སྔར་གྱི་ལྟེ་བའི་ཧཱུཾ་ལས་འོད་འཕྲོས་པའི་འོད་ཀྱི་སྣ་ལ་ཁྲོ་ཆུང་སྤྲོས། བགེགས་ཚར་བཅད། ཚུར་འདུས་རང་ལ་ཐིམ་པས། སྤྱི་བོ་ནས་རྐང་པའི་མཐིལ་ཡན་ཆད་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་ཞལ་ཕྱིར་གཟིགས་ཀྱིས་གང་བར་མོས་པའི་སྤྲོ་བསྡུ་གཉིས་ལ་གཅིག་ཏུ་བྱས་པའི་གྲངས་ཉི་ཤུ་རྩ་གཅིག་བྱའོ། །དེ་ནས་མདུན་གྱི་མཎྜལ་གྱི་དབུས་སུ། པཾ་ལས་པདྨའི་སྡོང་པོ་༼༣བ༽འདབ་མ་བརྒྱད་པ་ཅིག་བསམ། དེའི་སྟེང་དུ་ཟླ་བ་བསམ། རང་གི་ལྟེ་བའི་ཧཱུཾ་འོད་དུ་ཞུ་བ་ལས། བླ་མ་རྡོ་རྗེ་སློབ་དཔོན་མཁྱུད་གང་བའམ་ཅི་རིགས་པ། མི་སྐྱོད་པའི་ངོ་བོར་བསམ་སྟེ། དེ་ནས་རླུང་ཕྱིར་འགྲོ་བ་དང་བླ་མ་འགྲོགས་པ་ནི། རླུང་ཕྱིར་ཡེ་རེ་རེ་འགྲོ་ཙ་ན། བླ་མ་ཡང་སྤྱི་བོ་ཡར་བསྟན་པར་བྱ་སྟེ། སྣ་བུག་ནས་ཕྱིར་དོན་ནས། པད་ཟླའི་སྟེང་ན་ཞལ་ཚུར་གཟིགས་པ་སྐྱིལ་ཀྲུང་འཛུམ་བག་ཅན་དུ་བསམ། དེ་ལ་དད་པ་དང་གུས་པ་བྱས་ཏེ་བསྒོམ་མོ། །ཡང་ཚུར་རླུང་དང་འགྲོགས་ཏེ་ཡེ་རེ་རེ་བྱོན་སྣ་བུག་ནས་ཞུགས། ལྟེ་བར་སྔར་བཞིན་འཛུམ་བག་ཅན་བཞུགས་པ་དེ་ལ་ཡང་། དད་པ་དང་གུས་པས་གསལ་བར་བསྒོམ་མོ། །དེ་ཉིད་ལན་བརྒྱ་རྩ་བརྒྱད་ཙམ་བྱས་ཏེ། དེ་ཡང་ཐུན་སྔར་བཞིན་བསྒོམ་མོ། །དེ་བརྟན་པའི་ཚད་ནི། བླ་མ་ལ་ཆགས་པ་འོང་ངོ་། །དེའི་དགོས་པ་ནི་ཚོགས་གསོག་པ་དང་། དམ་ཚིག་སྐོང་བ་གཉིས་སོ། །དེ་ནི་ཚོགས་བསག་པའོ། །གསུམ་པ་རྟེན་ལྷར་བསྐྱེད་པ་ནི། དང་པོ་ཁྲུས་ལ་སོགས་པ་སྔོན་དུ་འགྲོ་བས་ཁྲོ་ཆུང་གི་སྤྲོ་བསྡུ་ཉི་ཤུ་རྩ་གཅིག་བྱས་ཏེ། བགེགས་བསལ་བ་ཡང་སྔར་བཞིན། བླ་མ་ལ་ཚོགས་བསགས་ཏེ་རང་གི་སྤྱི་བོ་ནས་ཡས་ཞུ། རྐང་མཐིལ་ནས་མས་ཞུ་སྟེ་ལྟེ་བར་ཞུགས་ནས། བཅོམ་ལྡན་འདས་ཀྱཻའི་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལ་སོགས་པ་གང་མོས་སུ་བསྐྱེད་པ་དེ་ཡང་གསལ་བ་འོད་ལྷག་ལྷག་པ་བསྒོམ་སྟེ། ཐུན་མཚམས་སུ་མདོ་ཀློག་པ་ལ་སོགས་པ་བྱ། ཡང་ཐུན་སྔར་བྱའོ། །བརྟན་པའི་ཚད་ལྷ་དེ་ཤིན་ཏུ་གསལ་བའོ། །དེ་ཡང་བྱིང་ན་ཤེས་པ་སྒྲིམ་པ་ལ་སོགས་བྱའོ། །རྒོད་ན་ཤེས་པ་གློད་དོ། །རྒོད་པ་ནི་རྟེན་གྲུབ་པའི་དགོས་པ་ཡོད་གསུང་ངོ་། །དེ་གསུམ་སྔོན་འགྲོ་སྟེ། གཞན་ལུས་ཤེས་རབ་དང་། རང་ལུས་ཐབས་ལྡན་ནམ། ༼༤ན༽ཙཎྜ་ལཱི་དང་། སྒྱུ་ལུས་དང་། འོད་གསལ་དང་། བསམ་གྱིས་མི་ཁྱབ་པའི་ཕྱག་རྒྱ་ཆེན་པོ་སོགས་གང་བསྒོམ་ཡང་། དེ་རྣམས་སྔོན་དུ་འགྲོ་དགོས་ཞེས་བླ་མ་དམ་པ་གསུང་ངོ་།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བསྐྱེད་པའི་རིམ་པའི་མན་ངག་ནི། རྣམ་པ་ལ་བསླབ་པ། གོ་རིམ་ལ་བསླབ་པ། ཐུན་མཚམས་ལ་བསླབ་པ་གསུམ་སྟེ། རྣམ་པ་ལ་བསླབ་པ་ནི། རང་གི་སྒྲུབ་ཁང་ཚད་དང་ལྡན་པ་བརྩིགས་ཏེ། ནང་དུ་ཞལ་ཞལ་ཡིད་དང་མཐུན་པར་བྱས་ལ། ཤར་ཕྱོགས་སུ་སྐར་ཁུང་གཉིས། དེ་བཞིན་དུ་ནུབ་ཏུ་ཡང་གཉིས། སྟེང་གི་ངོས་ནས་དབུས་སུ་སྐར་ཁུང་གཅིག་ཡོད་པར་བྱས་ཏེ། དེའི་ནང་སྟེང་གི་སྐར་ཁུང་གི་ཐད་དུ། བཙོད་ཁུ་ཟངས་གང་དང་། ནམ་མཁར་རལ་གྲི་གཉིས་དང་། མེ་ལོང་གཉིས་བཏགས་ལ། ཐང་སྐུ་བཀྲམ་ནས། རང་ཉིད་སྟན་བདེ་བ་ལ་འདུག་སྟེ། དེ་ནས་ནངས་པར་ཉི་མ་ཤར་བས། ཤར་གྱི་སྐར་ཁུང་ནས་བྱུང་བའི་འོད་ཟེར་རལ་གྲི་དང་། མེ་ལོང་ལ་ཕོག །དེ་གཉིས་ཀྱི་འོད་བཙོད་ཁུ་ལ་ཕོག་པས། ཁྱིམ་གྱི་ཕྱོགས་གཅིག་ཏུ་འོད་ལྷག་གེ་བ་ཞིག་འོང་སྟེ། དེར་ཐང་སྐུ་བཀྲམ་ནས། དེའི་གཙོ་བོའི་ལྷ་དང་། འཁོར་གྱི་ལྷ་ལ་བསྐྱེད་པ་དང་། བཏུད་པས་བལྟ། དེ་ནས་གཙོ་བོའི་སྐུ་མདོག་དང་ཕྱག་མཚན་ལ་བལྟ་སྟེ། དེ་ནས་ཁྱིམ་གྱི་འོད་ཡལ་བ་དང་། ཐང་སྐུ་དྲིལ་ལ་བཞག་སྟེ་བསྒོམ་པར་མི་བྱའོ། །ཡིད་ཀྱི་ཡུལ་དུ་ཐང་སྐུའི་ཞལ་བལྟ་ཞིང་བསྡད་དོ། །དེ་ནས་ཉི་མ་ཕྱེད་པ་དང་། སྟེང་གི་སྐར་ཁུང་གི་འོད་བཙོད་ཁུ་ལ་ཕོག །དེའི་འོད་མེ་ལོང་དང་། རལ་གྲི་ལ་ཕོག་པས། ཡང་ཁྱིམ་གྱི་ཕྱོགས་གཅིག་ཏུ་འོད་གསལ་པོ་འོང་སྟེ། དེར་ཐང་སྐུ་ཁྱེར་ལ་བལྟ་བར་བྱའོ། །འོད་ཡལ་བ་དང་། ཡང་ཐང་སྐུ་དྲིལ་ཏེ་མི་༼༤བ༽བསྒོམ་པར་བཞག་ལ། ཞལ་ཕྱག་ལ་བསམ་མོ། །དེ་ནས་ཉི་མ་དགོངས་མོ། །ནུབ་ཀྱི་སྐར་ཁུང་ནས་འོད་བྱུང་བ། མེ་ལོང་དང་རལ་གྲི་ལ་ཕོག་པས། ཡང་ཁྱིམ་གྱི་ཕྱོགས་གཅིག་ཏུ་འོད་འབྱུང་བས། དེར་ཡང་ཐང་སྐུ་སྔར་བཞིན་དུ་བལྟའོ། །ཡང་ནངས་པར་ཉི་མ་ཤར་བ་དང་སྔར་ལྟར་བལྟ་སྟེ། དེ་ནས་ཟན་ཁམ་གསུམ་ཟ་བའི་ཚོད་ཙམ་དུ་བསྒོམ་མོ། །དེའི་ཉིན་མོ་བསྒོམ་འདོད་ཀྱང་མི་བསྒོམ་པར། སྔར་བཞིན་ཐང་སྐུ་ལ་བལྟའོ། །དེའི་སང་ཡང་། ཐང་སྐུ་ལ་བལྟ་སྟེ་ཐུན་གཉིས་སུ་བསྒོམ་པ་ནི། ཟན་ཁམ་དྲུག་ཟ་བའི་ཚོད་ཙམ་པའི་ཐུན་གཉིས་སུ་གཙོ་བོའི་སྐུ་བསྒོམས་ལ། ཐང་སྐུ་ལ་སྔར་བཞིན་དུ་བལྟའོ། །དེ་ནས་དེའི་ནངས་པར་ཡང་ཐང་སྐུ་ལ་སྔར་བཞིན་བལྟ་སྟེ། ཟན་ཁམ་བཅུ་གཉིས་ཟ་བའི་ཚོད་ཙམ་པའི་ཐུན་གསུམ་དུ་བསྒོམ་མོ། །དེ་ནས་དེའི་ནངས་པར་ཡང་། ཐུན་བཞིར་བསྒོམ་ཞིང་། ཟན་ཁམ་ཉི་ཤུ་རྩ་བཞི་ཟ་བའི་ཚོད་ཙམ་པ་ཐུན་བཞིར་བསྒོམ་མོ། །དེ་ཡང་ནམ་མི་གསལ་བའི་དུས་སུ་འཕྲོ་བཅད་ལ་བཞག་གོ །དེ་བཞིན་དུ་ཡུན་ཇེ་རིང་དུ་བསྒོམ་མོ། །དེ་ལྟར་བསྒོམས་པས། བསྒོམ་པའི་བབས་ལུགས་ནི་གསུམ་སྟེ། དབང་པོ་རབ་ལ། ཐང་སྐུ་བས་གསལ་བ་འབྱུང་ངོ་། །འབྲིང་ལ་ཐང་སྐུ་དང་འགྲན་ཐུབ་པ་འབྱུང་། ཐ་མ་ལ། ཐང་སྐུ་ལས་ཅུང་ཞན་པ་འབྱུང་། དེ་ལྟར་མི་འོང་བར། ཇི་ལྟར་བསྒོམས་ཀྱང་། མོག་མོག་པོར་སོང་ཞིང་མི་གསལ་ན། བག་ཆགས་སྟུག་པོས་བསྒྲིབས་པ་ཡིན་པས། བཤགས་པ་བྱ། ཡི་གེ་བརྒྱ་པ་བཟླས། ཚོགས་འཁོར་དང་སྦྱིན་སྲེག་བྱ། སླར་བསྐྱར་ནས་བསྒོམས་པས། སྒོམ་གསལ་བར་འགྱུར་རོ། །གལ་ཏེ་ན་སྐུ་རྣམ་པ་ཡོངས་སུ་རྫོགས་པ་མི་གསལ་བར་ཕྱོགས་ཅིག་གམ། ཞལ་ཕྱག་ཙམ་གསལ་ན། གཞན་བཀབ་ལ་དེ་ལ་༼༥ན༽བསྒོམ་དེ་ལ་གསལ་ནས་རས་ཀྱིས་བཀབ་ལ། དེ་ཕར་ཕར་བཤུས་ལ་ཇེ་ཆེ་ཇེ་ཆེ་ལ་བསྒོམ་སྟེ། དེ་ནས་གཙོ་བོ་ལ་གསལ་བ་དང་། འཁོར་གྱི་ལྷ་རེ་རེ་ལ་རིམ་པ་བཞིན་དུ་བསྒོམ་མོ། །དེ་ནས་གསལ་བར་གྱུར་པ་དང་། མཆོད་པའི་ལྷ་མོ་སྤྲོ་བསྡུ་ལ་བསླབ་སྟེ། དེ་ཉིད་གསལ་བར་ཐོལ་ཐོལ་འབྱུང་ཞིང་འདུག་ན། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་ལ་བསླབ་བོ། །དེ་གསལ་བ་དང་། སྐྱབས་འགྲོ་སེམས་བསྐྱེད། དགེ་བའི་རྩ་བ་བསྔོ་བའི་བར་ལ་བསླབ་བོ། །དེ་བརྟན་པ་དང་། ཚད་མེད་པ་བཞི་ལ་རིམ་བཞིན་དུ་བསླབ་སྟེ། དེ་བརྟན་པ་དང་སྟོང་པ་ཉིད་ལ་བསླབ། དེ་བརྟན་པ་དང་། སྲུང་འཁོར་ལ་བསླབ། དེ་བརྟན་པ་དང་། ཆོས་འབྱུང་ལ་བསླབ། དེ་ལ་བརྟན་པ་དང་། འབྱུང་བཞིའི་འཁོར་ལོ་ལ་བསླབ། དེ་ལ་བརྟན་པ་དང་། གཞལ་ཡས་ཁང་ལ་བསླབ། དེ་བརྟན་པ་དང་། གདན་དང་། གཙོ་བོ་བྱང་ཆུབ་པ་ལོངས་སྐུ་བསྐྱེད་པ་ལ་བསླབ། དེ་ལྟར་བརྟན་པ་དང་། ད་ནི་གོ་རིམ་ལ་བསླབ་སྟེ། སྟན་བདེ་བ་ལ་འདུག་ནས། མདུན་དུ་ཚོགས་ཀྱི་རྟེན་ལྷ་སྤྱན་དྲངས་ཏེ། ཚོགས་བསགས་ནས། ཐ་མ་བཟླས་པའི་བར་དུ་གོ་རིམ་བསྒྲིགས་ལ་བསྒོམ་མོ། །དེ་ནས་ཐུན་མཚམས་ལ་བསླབ་པ་ནི། ཐུན་གསུམ་མམ། བཞི་ལ་སོགས་པ་གང་ཡང་རུང་བར་ཐུན་དུ་བཅད་དེ་བསྒོམ་མོ། །དེ་བཞིན་དུ་བསྒོམས་པས། བརྟན་པའི་ཚད་ནི། རྣམ་པ་གསལ་བ།ལྷ་རྣམས་འོད་ལྷག་ལྷག་འབྱུང་། རྐྱེན་གཞན་གྱིས་མི་གནོད་པ།སྟག་དང་། སེང་གེ་དང་། ཆུ་སྒྲ་ལ་སོགས་པ་བྱུང་ཡང་གསལ་བའོ། འདོད་པས་རབ་ཏུ་ཕྱེ་བ་ཞི་རྒྱས་ལ་སོགས་ལྷའི་ཁ་དོག་ཞག་བདུན་ན། དང་གསུམ་འབྱུང་སྟེ། དེ་ཡང་དབང་པོ་རབ་ཀྱིས་ཟླ་བ་གཅིག་ན་འགྲུབ། འབྲིང་གིས་ཟླ་བ་དྲུག་ན། ཐ་མས་ཀྱང་ལོ་༼༥བ༽གཅིག་ན་བསྐྱེད་རིམ་མཐར་ཕྱིན་པར་འགྱུར་རོ། །ནཱ་རོ་མཻ་ཏྲཱིའི་གདམས་པའོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྒྱུ་མ་ཆེན་པོས་གཞན་གྱི་གྲོང་སོགས་བྱ་བ་དང་། ཞེས་པའི་དབང་པོ་གྲོང་འཇུག་བྱ་བ་ནི། འདི་ལྟར་བྱ་སྟེ། དང་པོ་རྣལ་འབྱོར་པས། ཆོས་ཐམས་ཅད་སྒྱུ་མ་ཡིན་སྙམ་པའི་དོན་ལ་མོས་པ་དྲག་ཏུ་བྱས་ཏེ། ལྷའི་ང་རྒྱལ་དང་ལྡན་པས། རླུང་འབྱོངས་པར་བསྒོམ། རླུང་སེམས་གར་འདོད་དུ་ཟིན་པའི་དུས་སུ། རང་གི་དགོན་པར་མཎྜལ་ལེགས་པར་བྱུག་པ་བྱས་ལ། ཐོད་པའམ་གཡམ་པ་ལ་ཚོན་རྩི་ནག་པོ་བྱུགས། དེའི་དབུས་སུ་ཧཱུཾ་དཀར་པོ་ཅིག་གསལ་པོར་བྲིས་ཏེ། མཎྜལ་གྱི་སྟེང་དུ་བཞག་ལ། དེ་ནས་རང་གི་ཤེས་པ་སྙིང་གའི་ཧཱུཾ་ལ་གཏད་དེ་གསལ་བར་བསྒོམ་མོ། །དེར་རླུང་སེམས་གཉིས་ཀ་ཟིན་ནས། གར་གཏད་ཀྱང་དབང་ཡོད་པའི་དུས་སུ། མཎྜལ་གྱི་སྟེང་གི་ཐོད་པའི་ཧཱུཾ་ལ། སྙིང་གའི་ཧཱུཾ་བཏོན་ཏེ་བསྲེས་ནས། ཐོད་པའི་ཧཱུཾ་ལ་རླུང་སེམས་གཏད་དེ། དེར་སེམས་ཟིན་པའི་རྟགས་ནི། ཐོད་པའི་ཧཱུཾ་གསལ་བས། ཐོད་པ་འཕར་བའམ། འགུལ་བ་འབྱུང་ངོ་། །དེ་ལ་གསལ་ནས། སྲོག་ཆགས་ཆུང་ངུ་དུ་མ་སྙིང་དུ་སྡུག་པ་གློ་བུར་དུ་ཤི་བའི་རོ། རྨ་མེད་ཅིང་མ་རུལ་པའི་གཟུགས་བླངས་ཏེ། མཎྜལ་གྱི་སྟེང་དུ་བཞག་ནས། དེའི་སྙིང་གར་ཧཱུཾ་བསྒོམས་ལ། དེ་ནས་ཡང་རང་གི་སྙིང་གའི་ཧཱུཾ་ལ་རླུང་སེམས་བསྡུས་ནས་བསྒོམས་ཏེ། དེ་གསལ་བ་དང་། མདུན་གྱི་སེམས་ཅན་གྱི་སྙིང་གའི་ཧཱུཾ་ལ། རང་གི་སྙིང་གའི་ཧཱུཾ་བཅུག་ནས། དེར་རླུང་སེམས་གསལ་བར་བསྒོམས་པས། སེམས་ཅན་དེ་འགུལ་ཞིང་འགྲོ་བ་འོང་། དེ་བརྟན་ནས་སླར་ཡང་ཧཱུཾ་རང་གི་སྙིང་གར་བསྡུ། དེ་ནས་རོ་ལ་བསླབ་སྟེ། མི་ཤི་ནས་རིང་པོར་མ་ལོན་པའི་རོ་༼༦ན༽རྨ་མེད་ཅིང་མ་རུལ་བ་བླངས་ཏེ། དེ་ལ་ཁྲུས་བྱས། རྒྱན་བཏགས་ནས་ཡིད་འཇུག་པར་བྱ་སྟེ། མཎྜལ་གྱི་སྟེང་དུ་སྐྱིལ་ཀྲུང་དུ་བཅིངས་ལ་བཞག །དེ་ནས་རོའི་སྙིང་གར་ཧཱུཾ་གནས་པར་བྱ་བ་དང་། རང་གི་སྙིང་གའི་ཧཱུཾ་བསྲེས་ཏེ། དེར་དབུགས་ཐུབ་ཚད་བཟུང་ངོ་། །དེ་ནས་དེར་ཤེས་པ་ཟིན་ནས་རོ་ལ་ཆགས་པ་སྐྱེ་ཞིང་། རང་ལ་ཞེན་པ་ལོག་ནས་འདུག་ཙམ་ན། རོ་ལངས་ནུས་པ་འོང་ངོ་། དེ་ལྟར་སྦྱངས་ནས། ད་ནི་པཎྜི་ཏའམ། ཆོས་སྐྱོང་བའི་རྒྱལ་པོ་ལྟ་བུ་འཆི་བར་འདུག་པའི་དུས་སུ་དེར་ཕྱིན་ནས། དེའི་ལུས་ལ་ཤེས་པ་ཐོན་མ་ཐག་ཏུ་དེ་ལ་རང་གི་ཤེས་པ་བཅུག་ལ། ཚུར་ལ་མི་དྲང་བར་རོ་དེ་ལངས་པས། རང་གི་ལུས་འདོར་རོ། །འདི་ན་རླུང་བརྟན་པ་དང་། མོས་པ་དང་། དད་པ་དང་། རྩོལ་བ་དྲག་པོ་དང་། སྣང་སྲིད་སྒྱུ་མར་མོས་ལས་འབྱུང་ངོ་། །གྲོང་འཇུག་གི་གདམས་པའོ།། །། ༈ བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །སྟེང་སྒོ་རྣམ་པར་གྲོལ་བའི་ལམ་ལ་གསུམ་སྟེ། བདེ་བ་བསྒོམས་པའི་མན་ངག་དང་། སྒྱུ་ལུས་བསྒོམ་པའི་མན་ངག་དང་། འོད་གསལ་བསྒོམ་པའི་མན་ངག་གོ །དང་པོ་བདེ་བ་བསྒོམ་པའི་མན་ངག་ནི། དགྱེས་རྡོར་ལས། ལྟེ་བར་གཏུམ་མོ་སྦར་བ་ཡིས། །ཞེས་བྱ་བ་ནས། ཧཾ་བསྲེགས་རི་བོང་རྒྱུན་ཡང་འབབ། །ཅེས་བྱ་བའི་བར་གྱིས་བསྟན་སྟེ། དེ་ཡང་། དངོས་པོའི་གནས་ཐབས། ལམ་གྱི་གནས་ཐབས། འབྲས་བུའི་གནས་ཐབས་གསུམ་ལས། དང་པོར་དངོས་པོའི་གནས་ཐབས་ཤེས་དགོས་ཏེ། དེ་ལ་གཉིས་ལས། སེམས་དངོས་པོའི་གནས་ཐབས་ནི། ཚིག་ཚོགས་བཤད་དུ་གལ་ཆེ་བར་གསུངས་ཀྱང་། མན་ངག་ཏུ། ལུས་དངོས་པོའི་གནས་ཐབས་གལ་ཆེ་སྟེ། དང་པོར་ལུས་ཚོགས་བཤད་ལ། རྩ་ཨ་ཝ་དྷཱུ་ཏི་གལ་ཆེ་ཡང་། བསྒོམ་ན། གཉུག་མ་གལ་ཆེ་བར་བཞེད། དང་པོ་༼༦བ༽ལུས་གྲུབ་དུས་སུ། ལྟེ་བར་རྩ་གྲུབ་པས་དྷཱུ་ཏི། དེ་ལས་རྩ་ཐམས་ཅད་སྲིད་པས་ན། རྩའི་གནད་ཤེས་དགོས་ཏེ། དེ་ཡང་རྩ་ཨ་ཝ་དྷཱུ་ཏི་ལ། བཤད་ཚོད་ཀྱི་དྷཱུ་ཏི་དང་། རང་བཞིན་གཉུག་མའི་དྷཱུ་ཏི་གཉིས་ལས། བཤད་ཚོད་ཀྱི་དྷཱུ་ཏི་ནི། སྒལ་འདབ་ཀྱི་སྲོག་རྩའི་ནང་ན་ཡར་གནས་ཏེ། དེའི་ནང་ན་ཡར། གཉུག་མའི་དྷཱུ་ཏི་རྟ་རྔ་བརྒྱར་བཤགས་པའི་ཚད་ལས་ཀྱང་ཕྲ་བ། ཅིས་ཀྱང་མི་ཆོད་པ། དཀར་ཞིང་འཐས་པ་ཞིག་གནས་ཏེ། དེ་ཉིད་ལ། སེམས་ཉིད་གཉུག་མའི་དྷཱུ་ཏི་ཞེས་ཀྱང་བྱ། དངོས་པོའི་གནས་ལུགས་ཤེས་ཀྱང་བྱ་སྟེ། དེ་ནི་སྐྱེ་མེད་འོད་གསལ་གྱི་ངོ་བོ་ཡིན། དེ་ཡང་། བདག་མེད་ལུས་ཀྱི་ནང་ན་གནས། །ཤེས་པས་བསྟན་ཏེ། རང་བཞིན་གྱི་གཉུག་མ་དེ་ལ་བདག་མེད་པ་ཞེས་ཀྱང་བྱའོ། །དེ་ཉིད་དང་པོའི་རྟོགས་པར་བྱ་བ་ནི། དངོས་པོའི་གནས་ལུགས་ཤེས་པའོ། །དེ་ནས་ལམ་གྱི་གནས་ཐབས་ལ། ལུས་ཀྱི་གནད། ཡུལ་གྱི་གནད། དུས་ཀྱི་གནད་དང་གསུམ་གྱིས། ཡེ་ཤེས་རང་ལུགས་སུ་འཆར་བར་བཞེད་དོ། །དེ་ལ་ལུས་ཀྱི་གནད་ནི། ལུས་རྡོ་རྗེ་སྐྱིལ་ཀྲུང་དུ་བྱས་ལ། གསང་བའི་རྡོ་རྗེ་མགོ་ཐུར་དུ་དྲང་པོར་བཞག་ལ། ལྟེ་བ་སྒལ་པ་ལ་སྦྱར་ནས། ལྟེ་བའི་འོག་སོར་བཞི་བཅལ་བར། ལག་པ་རྡོ་རྗེ་བསྡམ་པ་ལས། དེ་ཉིད་བཀན་ལ།མཉམ་བཞག་གི་ཕྱག་རྒྱ་བྱའོ། དེ་ལ་བཅར་ལ་བཞག །མགྲིན་པ་བཀུག་ལ། ལྟོང་ལྟོང་སྦ། མིག་སྣ་རྩེར་ཕབ། ལྕེ་རྩེ་རྐན་ལ་སྦྱར་ནས་བསྡད་པ་ནི། ལུས་བཅོས་པའི་གནད་དོ། །ཡུལ་གྱི་གནད་ནི། ལྟེ་བ་ན། ཨ་ཆེ་ཆུང་ཨ་སྐྱེ་མེད་དུ་གནས་པ་དེ་ལས་སྟོང་ཉིད་ཀྱི་སྒྲ་བྱུང་སྟེ། ཙཎྜ་ལཱི་ཕེཾ་གི་སྒྲའོ།། ཅི་རིགས་པར་གནས་པ་ལ་སེམས་བཟུང་བའོ། །དུས་ཀྱི་གནད་ནི། རླུང་གཡས་གཡོན་གཉིས་ནས་རྒྱུ་བའི་མཚམས་སུ། རླུང་དྷཱུ་ཏིར་ཚུད་པ་འོང་སྟེ། དེའི་དུས་སུ་སེམས་ཅན་ཐམས་ཅད་ལ་བདེ་བ་ལྷངས་པ་ངར་རེ་༼༧ན༽འོང་བས། དེའི་སྐབས་བཙལ་ལ། དེར་ཡུན་བསྲིངས་ཤིང་བསྒོམ། ཡུན་ཇེ་རིང་ཇེ་རིང་ལ་ཡེ་ཤེས་འཆར་བའོ། །ཡང་ན་ཉི་མ་རེ་རེ་ལ་ཡང་ཡང་བསྒོམས་པས། རླུང་དྷཱུ་ཏིར་ཚུད་པ་དང་ཐུག་ཕྲད་འབྱུང་བས། དེར་ཡུན་བསྲིངས་བས་འཆར་རོ། །དེ་ནས་ལྟེ་བར་ཨ་ཅི་རིགས་པ་ལ། རེག་བྱ་ཚ་བ་ལ་སེམས་གཏད་པས། དེ་ལས་མེ་འབར་ནས། བདེ་ཆེན་གྱི་ཧཾ་ལས་བྱང་སེམས་སྲན་མ་ཙམ་ཕྲལ་ཕྲལ་བ་བབས་པར་བསམ་ལ། སྤྱི་བོའི་བདེ་བ་དང་། ལྟེ་བའི་སྟོང་པ་གཉིས་འདྲེས་ནས། བདེ་སྟོང་དབྱེར་མེད་དུ་བསྒོམས་པས། ཡེ་ཤེས་དངོས་སུ་འཆར་ཞེས་སོ། །ཐུགས་ཀྱི་ཉིང་ཁུ་ནི་འདི་ཡིན་ཏེ། སྔར་བཞིན་ལུས་བཅོས་ནས། རང་གི་སྨིན་མཚམས་ཀྱི་ཐོད་པའི་རུས་པ་གྲུ་གསུམ་པ་ལས། ནང་དུ་རླུང་སེམས་འདྲེས་པའི་ཐིག་ལེ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ་ཞིག་བསམ་སྟེ། དེར་སེམས་བཟུང་བ་ནི། ཞག་དྲུག་བདུན་ལ་སོགས་པར་བདེ་བ་ཅི་སྐྱེས་བཟུང་ཞིང་བསྒོམ་མོ། །བརྟན་པའི་ཚད་ནི། དབང་པོའི་ཡུལ་དུ་བསྟན་དུ་རུང་བ་བཞིན་གསལ་ཙ་ན། ཐིག་ལེ་དེ་དཔྲལ་བ་ན་ཡར་ལ་དཀར་རྒྱངས་ཀྱིས་སོང་ནས། ཚངས་པའི་བུ་གར་སོང་བ་དེ་ལ་སེམས་བཟུང་ངོ་། །དེར་གསལ་ནས་བདེ་བར་གནས་པ་དང་། དེ་ནས་གཉུག་མའི་དྷཱུ་ཏི་ཁོང་སྟོང་། སྤྱི་བོ་ནས་རྡོ་རྗེ་ནོར་བུ་ཡན་ཆད་ལ་སྟོང་སང་ངེ་བསམས་ཏེ། ཐིག་ལེ་དེ་དྷཱུ་ཏིའི་ནང་ན་མར་དཀར་རྒྱངས་ཀྱིས་ཆགས་ཐོགས་མེད་པར་བྱུང་ནས། ཅོང་ཞེས་བྱ་བའི་སྒྲ་ཆེན་པོ་ཅིག་དང་ལྡན་པས། རྡོ་རྗེ་ནོར་བུའི་བུ་གར་དཀར་རྒྱངས་ཀྱིས་སླེབས་ནས། ལུས་ཐམས་ཅད་བདེ་བས་ཕྲིལ་གྱིས་གང་ནས། དེ་ཡང་རླུང་རང་བཞིན་གྱིས་འགག་པར་འགྱུར་ལ། དྷཱུ་ཏིར་ཚུད་པའོ། །དེ་བཞིན་བསྒོམས་ཀྱང་བདེ་བར་བྱུང་ན། རྡོ་རྗེ་ནོར་བུའི་རྩེ་མོར་ཐིག་ལེ་ལ་སེམས་བཟུང་། དེར་བདེ་བ་ལྷང་༼༧བ༽ལྷང་ཅི་སྐྱེར་བསྒོམ་མོ། །དེར་བདེ་བ་མ་བྱུང་ན་སྨིན་མཚམས་བར་དུ་བཟུང་ངོ་། །དེ་ནས་ཡང་བསྐྱར་ཏེ། མས་ཡར་སྔར་བཞིན་བསྒོམས་ནས། བདེ་ཕྲིལ་ཕྲིལ་མ་བྱུང་བར་དུ། ལན་བདུན་གྱི་བར་བསྐྱར་ཏེ་བསྒོམ་མོ། །གལ་ཏེ་དེས་ཀྱང་མ་བྱུང་ན། གཉུག་མའི་དྷཱུ་ཏི་སྟེ་ལུག་རྗུད་ཀྱི་རྒྱུ་མ་ཕུས་བཏབ་པ་བཞིན་དུ་ཐིག་ལེ་དེ་ཞུགས་པས་ལྟ་ར་ར་སོང་ཞིང་། ཐིག་ལེ་དེ་ཡང་སྒྲ་དང་བཅས་ནས་ཡས་མར་སོང་བར་བསམ་མོ། །རེས་འགའ་ནི་ཐིག་ལེ་མ་བཏང་བར། རླུང་གིས་རྒྱུ་མ་ཕུས་བཏབ་པ་བཞིན་དུ་སོང་བར་ཡང་བསྒོམ་གསུང་། དྷཱུ་ཏི་སྐྱེ་མེད་སྟོང་པའི་རྩ་ཡིན་པས། ཐིག་ལེ་ཆེ་ལ། རྩ་ཕྲ་ཡང་ཤོང་བར་བྱའོ། །དེ་ལྟར་ཡང་དང་ཡང་དུ་བྱའོ། །དེས་ངེས་པར་བདེ་ཕྲིལ་གྱིས་མི་འབྱུང་མི་སྲིད་དེ། རླུང་ཤུགས་ཀྱིས་འགག་གོ །དེ་ནས་རྗེས་ཐོབ་ལ། གཟུགས་སྒྲ་ཐམས་ཅད་བདེ་བར་དྲན་པར་བྱ་ཞིང་བསླབ། སྣང་བ་བདེ་བར་མ་ཤར་ན། སྨིན་ཕྲག་ཏུ་བདེ་བ་བསྡུས་ལ་བསྒོམ། རླུང་སེམས་འདྲེས་པའི་ཐིག་ལེའམ། ཡང་ན་བདེ་བར་མོས་པ་བསྒོམ། དེའི་རྗེས་ཐོབ་པ་ལ་ནི། མིག་གིས་གཟུགས་མཐོང་བ་ཐམས་ཅད་བདེ་བར་སྐྱེའོ། །དེ་བཞིན་དུ། ལྷག་པར་བདེ་བ་བསྡུས་ནས་བསྒོམས་པས། རྣ་བས་སྒྲ་ཐོས་པ་ཐམས་ཅད་བདེ་བར་སྐྱེའོ། །སྣ་རྩེ་དང་། མགྲིན་པར་བསྒོམ་པས། སྣས་དྲི་དང་ལྕེས་རོ་མྱོང་པ་ཐམས་ཅད་བདེ་བར་སྐྱེའོ། །དེ་བཞིན་དུ་བྱུང་ནས་དྲོད་གཉུག་མའི་དྷཱུ་ཏིར་ཨ་ཆེ་ཆུང་ཅི་རིགས་པ་ལ་སེམས་གཏད་ནས། བྱང་སེམས་རང་ཤུགས་ཀྱིས་འབབ་སྟེ། ཨ་རེག་བྱ་ཚ་ལ་རྣོ་ཞིང་གདུང་བ་དེས། སྤྱི་བོར་བྱང་སེམས་དཀར་ལ་བསིལ་བ་དེ་ལས་སྲན་མ་ཙམ་ཁྲལ་ཁྲལ་བབས་པས། མེ་འབར་ནས་སྤྱི་བོའི་བྱང་སེམས་བདེ་བ་དང་། ལྟེ་བའི་ཨ་སྟོང་པ་གཉིས་མེད་དུ་འདྲེས་ཏེ། བདེ་སྟོང་དབྱེར་མེད་༼༨ན༽དུ་བསྒོམས་པས། ལུས་ཐམས་ཅད་བདེ་བར་འབྱུང་ལ། དགའ་བ་བཞི་ཡང་འོང་ཞིང་། རྟགས་ལྔ་དང་། ཕན་ཡོན་བརྒྱད་ལ་སོགས་པ་ཡང་འབྱུང་། ལུས་ལ་གོས་མི་དགོས། མཚོན་དང་དུག་ལ་སོགས་པས་མི་ཚུགས་སོ། །སྣང་བ་བདེ་བར་འཆར་ལ། དེས་མི་རྟོག་པ་ཤུགས་ལས་འབྱུང་ཞེས་སོ། །འདི་ནི་ཙཎྜ་ལཱི་བསྒོམ་པ་སྟེ། རྒན་མོ་མཛུབ་ཚུགས་ཀྱི་གདམས་པའོ།། ༈ །།ཡང་ལུགས་གཅིག་ལ། རླུང་བཟུང་ལུགས་ཙཀྲ་ལྟར་རྒྱ་བསྐྱེད་པ་དང་། ནམ་མཁའ་ལྟར་དཔང་བསྟོད་ནས། སྟེང་འོག་གཉིས་འགྲོ་ལྡོག་བྱ་སྟེ། རྒོད་ན་འོག་ཏུ་བལྟ་ཞིང་། བྱིང་ན་གྱེན་དུ་བལྟ་བས་སེལ་ཏེ། དེ་ལ་བརྟེན་པ་དང་། རླུང་འཁོར་ལོ་ལ་བསྐྱིལ་བ་དང་། ལྕགས་ཀྱུ་ལྟར་དྲངས་ཏེ། དེ་ནས་ཙཎྜ་ལཱི་འབར་འཛག་སྔར་བཞིན་བྱའོ།། །། ༈ དེ་ཡང་ནཱ་རོ་ཆེན་པོ་ནི། རླུང་དྷཱུ་ཏིར་བཟུང་བ་དང་། རླུང་སེམས་སུ་བཟུང་བ་དང་། རླུང་འོད་གསལ་དུ་བཟུང་བ་གསུམ་ལས། རླུང་དྷཱུ་ཏིར་བཟུང་བ་ནི། བཤད་ཚོད་ཀྱི་དྷཱུ་ཏིའི་ནང་དུ། གཉུག་མའི་དྷཱུ་ཏི་བསྒོམ་སྟེ། གོང་ལྟར་རླུང་བཟུང་བའི་ཐབས་བྱས་ལ། ལུས་བདེ་བར་འཆར་རོ།།ལུས་གཟུགས་བརྙན་ངག་སྒྲ་བརྙན་ཏེ། དེ་བསྒོམས་པས་རླུང་སེམས་སུ་བཟུང་བ་འོང་སྟེ། སྐུའི་སྒོ་དགུ་དགག་པ་དང་། གསུང་གི་སྒོ་བཞི་དགག་པ་དང་།རླུང་བཞི། ཐུགས་ཀྱི་སྒོ་གཉིས་བྱེ་བ་འོང་།སྙིང་ཁ་དང་སྨིན་མཚམས་སུ། སྐུའི་སྒོ་དགུ་དགག་པ་ནི། བུ་ག་དགུ་ནས་རླུང་མི་རྒྱུ་སྟེ། ཐ་མལ་རང་རྒྱུད་པའི་གཟུགས་སྒྲ་ལ་སོགས་པ་ཐམས་ཅད་ནུབ་ནས། གཟུགས་མཐོང་བ་དང་། སྒྲ་ཐོས་པ་ཐམས་ཅད་བདེ་བར་ཕྲིལ་ཕྲིལ་འབྱུང་ངོ་། །གསུང་གི་སྒོ་བཞི་དགག་པ་ནི། འབྱུང་བ་བཞིའི་རླུང་འགགས་ཏེ། དྷཱུ་ཏིར་རླུང་སེམས་༼༨བ༽གཉིས་འདྲེས་པའོ། །ཐུགས་ཀྱི་སྒོ་གཉིས་དབྱེ་བ་ནི། རྣམ་རྟོག་སྤངས་པའི་རྟགས་སུ་སྙིང་གའི་ཙཀྲ་དེ་ཁ་བྱེ་ནས་འོང་སྟེ། སྙིང་ཀ་ན་རྩ་ཐམས་ཅད་འདུས་པའོ། །རྩ་སྣ་དེ་ཁ་བྱེ་ནས་འོང་བའོ། །དེ་བཞིན་དུ་བསྒོམས་པའི་ཤུགས་ཀྱིས་རླུང་འོད་གསལ་དུ་ཚུད་པ་འབྱུང་སྟེ། རང་དང་སྣང་བ་ཐམས་ཅད་གཉིས་མེད་བདེ་བར་འཆར་ལ། དེར་རྟགས་ལྔ་དང་།སའི་རྟགས་ལུས་ཟུང་ཐུབ་པ། ཆུའི་རྟགས་སྣུམ་པ། མེ་ཡི་དྲོད། རླུང་གི་ཡང་བ། ཟླ་བའི་དཀར་བ། ནམ་མཁའི་ཡོད་པ་མི་ཚོར་བ། ཉི་མའི་མི་མཐོང་བའོ། ཕན་ཡོན་བརྒྱད་དང་། རྨི་ལམ་ལྟ་བུ་ལ་སོགས་པའི་རྟགས་ཀྱང་འོང་སྟེ། དེ་ཡང་ཐུགས་ཀྱི་སྒོ་གཉིས་བྱེ་བའི་སྟོབས་ཀྱིས་ཡིན་ནོ། །ཐུགས་ཀྱི་སྒོ་གཉིས་ནི། སྙིང་གའི་རྩ་ཁ་དང་། སྨིན་མཚམས་ཀྱི་རྩ་མདུད་གཉིས་ཁ་བྱེ་བའོ། །དེ་ལྟར་བྱུང་ནས་སྤྱོད་པ་བྱ་སྟེ། སྤྱོད་པས་ནི་བརྟན་པ་བོགས་དབྱུང་བའམ། དེ་ཡང་དངོས་གྲུབ་གཏན་ལ་དབབ་པ་ལས་འབྱུང་བ་བཞིན་བྱའོ། །དེའི་དུས་སུ། སློབ་དཔོན་མི་དགོས་ཏེ། རང་ལ་ངེས་ཤེས་ཁོང་དུ་ཆུད་པ་འོང་གསུང་ངོ་། །སྤྱོད་པ་ལས་ལོག་ནས་བདེ་བའི་སྤྲོ་བསྡུ་སྦྱང་སྟེ། ཞག་གསུམ་མམ། ལྔའམ། བདུན་ལ་སོགས་པ་ན་ཆོས་སྐུ་ཐོབ་པ། དེ་ལས་སྐུ་གཉིས་འབྱུང་ཞེས་སོ། །དེ་ཐམས་ཅད་བརྟག་པ་ཕྱི་མའི་དངོས་གྲུབ་གཏན་ལ་དབབ་པའི་ལེའུ་ལས་ཤེས་པར་བྱའོ། །དེས་ནི་དབང་པོ་རབ་ཅིག་སངས་རྒྱ་བའི་ལམ་རྫོགས་པར་བསྟན་ཏོ།། །། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཤེས་རླུང་ཞོན་ནི། ལུས་ཁོང་སྟོང་དུ་བསམ་སྟེ། རླུང་དང་ཤེས་པ་ཕར་འགྲོ་བའི་ཚེ། འོག་རླུང་བསྡམས་ལ་སྟེང་རླུང་གློད། ཐུར་དུ་འགྲོ་བའི་ཚེ། སྟེང་རླུང་མནན་ལ་འོག་རླུང་གློད་དེ་བསླབ་བོ། །མི་རྟོག་པ་ཆུང་ན། སྟེང་རླུང་མནན་འོག་རླུང་གློད། ཐུར་དུ་འགྲོ་བའི་ཚེ། འོག་རླུང་བསྡམ། ༼༩ན༽སྟེང་རླུང་གློད་དེ་བསླབ་བོ། །བདེ་བ་ཆུང་ན། འོག་རླུང་གྱེན་དུ་དྲངས་ཏེ། འོག་སྒོ་བསྡམ་སྟེང་སྒོ་གློད་དོ། །འཁོར་ལོ་ལྟར་རྒྱ་བསྐྱེད་པ་ནི། ཁོང་སྟོད་ཆེ་བར་བསམ་མོ། །ནམ་མཁའ་ལྟར་དཔང་བསྟོད་པ་ནི། ས་ལ་མ་རེག་པར་བསམ་མོ། །ཐོད་སྦྱོར་ནི། ལྟེ་བར་ཟླ་བའི་དཀྱིལ་འཁོར་དེ་ལ་ཨ་དཀར་པོ་ཅིག་བསམ་སྟེ། རླུང་རྡོ་རྗེ་རྩེ་ལྔའི་རང་བཞིན་དུ་དྲག་ཏུ་རྔུབ་སྟེ་ཨ་ལ་ཕོག་པས། བྱང་སེམས་འཛག་པ་འདྲ་བར་སེམས་གཏད་དོ། །བདེ་བ་ཆུང་ན། སྟོང་པའི་ནང་དུ་ཅི་ཡང་རུང་བའི་དངོས་པོ་བསམ་ཡིག་འབྲུའམ་ཐིག་ལེ། པ་དང་། མི་རྟོག་པ་ཤས་ཆུང་ན། སྟོང་པའི་ནང་དུ་ནམ་མཁའ་བསམ་མོ། །ཐབས་ནི་ལུས་སྟོང་པའི་ནང་དུ། སེམས་ཙེན་ནེ་བཞག་གོ །ཚད་ནི། སྣང་སེམས་འདྲེས་པ་སྙམ་བྱེད་པ་དང་། ལུས་སོ་སོར་འབྱེད་ནུས་པའོ།། །། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒྱུ་ལུས་ཀྱི་མན་ངག་ནི། དང་པོ་གཉིད་མི་འོང་བ་འོང་བར་བྱ་བ་དང་། རྨི་ལམ་གྱི་འདུ་ཤེས་སྔོན་དུ་བཏང་བ་དང་། རྨི་ལམ་དེ་ལ་དེར་ངོ་ཤེས་པར་བྱ་བ་དང་། རྨི་ལམ་དེ་བོགས་དབྱུང་བ་དང་། རྨི་རྒྱུད་བརྟག་པ་གཉིས་པ་ལས། ཡེ་ཤེས་ཆེན་པོའི་རོས་གང་བ། །གཉིད་ནི་སྤང་བར་མི་བྱའོ། །ཞེས་དང་། མ་ཧཱ་མཱ་ཡཱ་ནས། རྡོ་རྗེའི་གཉིད་དང་ཡང་དག་ལྡན། །ཞེས་གསུངས་སོ། ལམ་སྦྱང་བ་དང་ལྔའོ། །ཡང་ན། རྨི་ལམ་དང་། གཉིད་གཉིས་ལམ་གཅིག་ཏུ་ཁྱེར་ན། བོགས་དབྱུང་བ་དེ་འོད་གསལ་དུ་ཞུགས་པའོ། །དེ་ལ་འདིར་དང་པོ་རྨི་ལམ་བསྒོམ་པ་ནི། ལུས་བཅོས་པར་བྱ་བའི་གནད་ནི། ངལ་ཞིང་དུབ་པར་བྱ་བ་དང་། གློ་གཡས་པ་ཕབ་སྟེ་ཅི་བདེར་ཉལ་ལོ། །དང་པོ་སྣང་བ་འདི་ཐམས་ཅད། སྒྱུ་མ་ལ་སོགས་པ་ཡིན་སྙམ་དུ་འདུན་པ་དྲག་ཏུ་བྱ། དེ་ནས་སྔོན་དུ་འགྲོ་བ་གསུམ་བྱས་ནས་བཟླས་པ་དང་གཏོར་མ། དེ་ནས་དངོས་གཞི་གཅིག་པོ་བྱ། རྨི་ལམ་དུས་སུ་བཟླས་བསྒོམ་བྱའོ། །༼༩བ༽དེར་པདྨ་འདབ་མ་བཞི་ལ་མདུན་གྱི་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར། དབུས་སུ་ཨོཾ་བསམ་སྟེ། དེ་ནས་དང་པོར་གཉིད་ཉལ་ནས། ཐ་མལ་ཤེས་པ་མདུན་དུ་ཨཱཿལ་སེམས་བཟུང་ངོ་། དེ་ནས་རྟོགས་པ་རགས་པ་འགགས་དུས་སུ། ནུ་ལ་སེམས་བཟུང་ངོ་། །དེ་ནས་རྟོག་པ་ཕྲ་བ་འགགས་དུས་སུ། ཏ་ལ་སེམས་བཟུང་ངོ་། །དེའི་རྗེས་ལ་རྟོག་པ་ཕྲ་བར་འདུས་ནས། གཉིད་ལོག་ལ་ཁད་པ་ནས། ར་ལ་སེམས་བཟུང་ངོ་། །དེ་ནས་དབུས་ཀྱི་ཨོཾ་ལ་སེམས་ལྷན་བཟུང་ནས་གཉིད་ལོག་པར་བྱའོ། །ཡང་ན་སྨིན་ཕྲག་ཏུ་ཐིག་ལེ་དཀར་ལ་ལེབ་པ་ཅིག་བསམ་སྟེ། དེར་སེམས་བསྡུས་ལ་ཉལ་ལོ། །དེ་ནི་གཉིད་མི་འོང་བ། འོང་བར་བྱ་བའི་ཐབས་སོ། །དེ་ནས་རྨི་ལམ་གྱི་འདུ་ཤེས་སྔོན་དུ་བཏང་བ་ནི། དང་པོ་གཉིད་ལོག་ཀར་བདག་གི་རྨི་ལམ་རྨི་བར་བྱ་སྙམ་པའི་འདུན་པ་སྔོན་དུ་བཏང་སྟེ། དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་མཐོང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། ལུས་ལ་མེ་འབར་བ་ལ་སོགས་པའི་རྫུ་འཕྲུལ་དང་ལྡན་པའི་ངོ་མཚར་ཅན་གྱི་རྨི་ལམ་རྨི་བར་བྱ་སྙམ་པའི་འདུན་པ་དྲག་ཏུ་བྱའོ། །དེ་ནས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་བ་ནི། རྨི་ལམ་དེ་རྨི་ལམ་ཡིན་པར་ངོ་ཤེས་པར་བྱ་སྙམ་པའི་འདུན་པ་བཏང་ནས་གཉིད་ལོག་པ་དང་། སྔར་གྱི་འདུན་པའི་སྟོབས་ཀྱིས་རྨི་ལམ་འབྱུང་ལ། དེ་བྱུང་མ་ཐག་ཏུ་རྨི་ལམ་དེ་ལ་ཡང་དག་ཏུ་འཛིན་པའི་ཤེས་པ་མི་འབྱུང་སྟེ། རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་པའང་། དེ་ཡང་རྨི་ལམ་དུ་བུད་མེད་དང་། ཁྱི་ལ་སོགས་པ་བྱུང་ཡང་དེ་ངོ་ཤེས་པར་བྱ་སྟེ། འདི་རྨི་ལམ་གྱི་བུད་མེད་དམ། ཁྱི་ཡིན་ཞེས་པ་འབྱུང་ལ། བསྒོམ་ཡང་བསྒོམ་མོ། །དེ་ནས་བོགས་དབྱུང་བ་ནི། བུད་མེད་དམ། ཁྱི་དེ་ཉིད་སྟོང་གསུམ་ཙམ་དུ་སྤྲོས་ཏེ་བསྒོམ་མོ། །དེ་ནས་རྨི་ལམ་སྦྱང་བ་ནི། བུད་མེད་དམ། ཁྱི་དེ་རྣམས་བདག་མེད་མ་ལ་༼༡༠ན༽སོགས་པ། འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པར་བསྒྱུར་ཏེ་བསྒོམས་པས། ཐམས་ཅད་རུས་པའི་རྒྱན་ཅན། ཕྱག་ན་གྲི་གུག་དང་། ཐོད་པ་ཅན་དུ་བསྒོམ་མོ། །དེ་ཐམས་ཅད་ཀྱང་སྒྱུ་མའམ། ཆུ་ཟླའམ། འཇའ་ཚོན་གྱི་ལུས་ལྟར་བསྒོམ་མོ། །ཡང་ན་རང་གི་ཡི་དམ་གང་བྱེད་ཀྱི་ལྷ་ཚོགས་རྡུལ་གྱི་གྲངས་དང་མཉམ་པར་གོང་བཞིན་བསྒོམ་མོ། །དེ་ལྟར་བསྒོམས་པས་ཆུ་ཟླ་ལྟ་བུའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མངོན་སུམ་དུ་མཐོང་ལ། དེ་རྣམས་ལ་དངོས་སུ་ཆོས་ཉན་ཅིང་གདམས་ངག་ཞུས་པས་ཆོག་སྟེ། དེའི་བྱིན་རླབས་ཀྱིས་རང་ལ་ཟག་མེད་ཀྱི་བདེ་བ་ཕྲིལ་ཕྲིལ་ངེས་པར་མི་འབྱུང་མི་སྲིད་དོ། །དངོས་སུ་ཉམས་སུ་མྱོང་བ་དེ་འདྲ་བ་འབྱུང་གསུང་ངོ་། །དེ་ནི་བདག་བྱིན་གྱིས་བརླབ་པ་ཡིན་ཏེ། རྨི་ལམ་སྒྱུ་ལུས་ཀྱི་བསྒོམ་པའོ། །དེ་ནས་གཉིད་སད་པའི་རྗེས་ཐོབ་ལ། བདག་བྱིན་གྱིས་བརླབས་ཏེ། སྣང་བ་ཐམས་ཅད་མཉམ་བཞག་རྨི་ལམ་གྱི་དུས་སུ་སྣང་བ་བཞིན་དུ་ཐམས་ཅད་སྒྱུ་མའམ། ཆུ་ཟླ་ལྟ་བུར་བྱས་ཤིང་བསྒོམ་མོ། །དེ་བཞིན་དུ་བསྒོམས་པས་ངེས་པར་ཡེ་ཤེས་འཆར་རོ། །གཞན་ཡང་། གཉིད་སད་པའི་རྗེས་ཐོབ་ལ་འདི་ལྟར་བསྒོམ་སྟེ། རང་ཐ་མལ་པའི་ལུས་མེ་ལོང་ལ་གསལ་པོར་བསྟན་ལ། མེ་ལོང་ནང་དུ་གསལ་བ་དེ། མདུན་དུ་རང་ལ་བསྟིམ་ནས། ཡིད་ཡུལ་དུ་ཤིན་ཏུ་གསལ་ཞིང་བསྒོམ་མོ། །དེ་ནས་རང་ལུས་མེ་ལོང་ལ་གསལ་བ་དེ་གསལ་པོར་བསྟན་ནས། དེ་ལ་ཡོན་ཏན་བགྲང་ཞིང་བསྟོད་པ་བྱས་པས། དེ་ལ་དགའ་བའི་སེམས་མི་འབྱུང་སྟེ། སྒྱུ་ལུས་ཡིན་པས་སོ། །ཡང་དེ་ལ་ངན་གྱི་བྱེ་བྲག་མང་པོ་བགྲང་སྟེ། བགྲངས་ཀྱང་དེ་ལ་མི་དགའ་བ་མི་འོང་ངོ་། །དེ་ལྟར་ལན་མང་དུ་བསྒོམས་ནས་ཤིན་ཏུ་བརྟན་པ་དང་། སླར་དེ་ཉིད་རང་གི་ལུས་ལ་༼༡༠བ༽ཞུགས་ཤིང་། རང་ཉིད་སྒྱུ་མའི་ལུས་ལ་བསྟོད་པས་དགའ་བ་མེད། སྨད་པས་མི་དགའ་བ་མེད་པའི་ལུས་སུ་བསྒོམ་མོ། །དེ་གསལ་དུ་མ་འདོད་ན། མདུན་དུ་སྔར་ལྟར་བསྒོམ་ལ། ལུས་ལ་གཞུག་ཅིང་བསྒོམ། དེས་ནི་ངེས་པར་ལུས་སྒྱུ་མའམ། ཆུ་ཟླ་ལྟ་བུའི་ལུས་སུ་མཐོང་བ་འོང་བས། རང་ལུས་ཀྱི་མངོན་ཞེན་ལོག་ནས་སྣང་བ་ཐམས་ཅད་ཀྱི་ཞེན་པ་ལྡོག་པ་ལ་ཚེགས་མེད་དོ། །ཐམས་ཅད་ཀྱི་སྒྱུ་མའི་རྣམ་པར་ལོངས་སྤྱོད་པར་འགྱུར་ཏེ། ཐ་མལ་པའི་རྣམ་རྟོག་ཡེ་མི་འབྱུང་ངོ་། །དེ་ལྟར་བྱུང་དུས་ན་རང་དང་སྣང་བ་ཐམས་ཅད་སྒྱུ་མ་བཞིན་དུ་བདེན་པར་མ་གྲུབ་པ་ཡིན། དེ་ནི་ཇི་ལྟར་མྱུར་འདོད་དེ། གཉིད་ཀྱི་དུས་དང་། སད་པའི་དུས་དབྱེར་མེད་དུ་ཕྲིལ་ཕྲིལ་གནས་པ་ནི། གཉིད་ལོག་མ་ལོག་དབྱེར་མེད་ཅེས་བྱའོ། །དེ་ཡང་དང་པོ་གཉིད་ཟིན་དུ་མ་བཏུབ་ན་རླུང་བསྒོམ་པར་བྱ་སྟེ། ཉལ་བའི་སྔོན་དུ་རླུང་སྦྱངས་ལ། དེ་ནས་རླུང་བུམ་པ་ཅན་དུ་བཅུག་སྟེ། དེའི་འཕྲོ་ལ་ཉལ་བས། རླུང་གིས་ནང་གི་འབྱུང་བ་དཀྲུགས་ཏེ་རྨི་ལམ་འབྱུང་བར་འགྱུར་རོ། །དེ་ནས་རྨི་ལམ་ཟིན་ལ། མཉམ་རྗེས་གཉིས་ལ་ཁྱད་པར་མེད་པར་སྒྱུ་མར་མཐོང་བ་འོང་། རྨི་ལམ་བསྒོམས་ནས། འབྲས་བུ་ཐོབ་པར་འདོད་པས་དེ་ལྟར་བསྒོམ་མོ། །དེ་ནི་ངེས་པར་ཚེ་འདི་ལ་མཆོག་གི་དངོས་གྲུབ་ཐོབ་ནས། ལུས་ལེན་མི་སྲིད་གསུང་ངོ་། གལ་ཏེ་རྨི་ལམ་གྱི་དུས་དེ་ལྟར་སེམས་མ་ཟིན་ན་ཡང་། རྨི་ལམ་དེ་རྨི་ལམ་དུ་ངོ་ཤེས་པ་ཙམ་གྱིས་འཆི་ཁར་བར་དོ་ཟིན་པར་བྱ་སྙམ་པས། བར་དོར་སྒྱུ་ལུས་ཟིན་པར་འགྱུར་ལ། དེས་མཆོག་གི་དངོས་གྲུབ་ཐོབ་སྟེ། ལུས་ལེན་མི་སྲིད་གསུང་ངོ་། །དེ་ནི་རྨི་ལམ་ཡིན་ནོ། །གལ་ཏེ་རྨི་ལམ་དང་གཉིད་གཉིས་དྲིལ་བས་ལམ་ཅིག་ཏུ་བྱེད་ན། དང་པོ་གཉིད་འོང་བར་བྱ་བ་དང་། རྨི་ལམ་གྱི་འདུ་ཤེས་སྔོན་དུ་བཏང་བ་དང་། ༼༡༡ན༽དེ་བོགས་དབྱུང་བ་དང་། སྦྱང་བར་བྱ་སྟེ། དེ་ནས་སྒྱུ་ལུས་བོགས་དབྱུང་། དེ་འོད་གསལ་དུ་འཕོར་གཞུག་པ་ནི། སེམས་རིམ་གྱིས་ཧཱུཾ་ལ་ཐིམ་པའི་དུས་སུ། བདེ་བའི་ངང་དུ་གཉིད་ཐུམ་གྱིས་ལོག་པས། ཤེས་པ་འོད་གསལ་དུ་ཞུགས་ཏེ། བདེ་སྟོང་གཉིས་ཀྱི་ཉམས་འཆར་རོ། །དེའི་དུས་དྲུང་དུ་མི་གཅིག་བཞག་ལ། གཏི་མུག་གི་གཉིད་དུ་སོང་སྲིད་པས། ཡང་སྔར་བཞིན་ཉལ་ཏེ། འདིར་རྨི་ལམ་འགལ་རྐྱེན་ཡིན་པར་འདོད་དོ། །ཤེས་པ་བདེ་སྟོང་ངང་དུ་ཉལ་ལོ། །དེའི་ནུབ་ཐུན་གསུམ་མམ་བཞི་ལ་སོགས་པ་བྱའོ། །དེ་ནས་གནས་སྐབས་སུ་གཉིད་ཀློང་དུ་བཅུག་ལ། ཐུན་ཅི་རིགས་པར་སེམས་བཅོས་ཤིང་བདེ་སྟོང་དུ་ཉལ་ལོ། །དེ་ནས་གཉིད་སྒྱུ་ལུས་འོད་གསལ་དུ་འཕོ་ཤེས་ནས། འཆི་ཁར་སྒྱུ་ལུས་འོད་གསལ་དུ་འཇུག་པ་ལ་ཚེགས་མེད་དོ། །དེ་ཡང་ཇི་ལྟར་འཇུག་ན། འཆི་དུས་སུ་གློ་གཡས་པ་ཕབ་སྟེ། གོང་བཞིན་ཤེས་པ་བསྡུས་ནས་ཉལ་བས། དང་པོར་རྟོག་པ་རགས་པ་འགགས་ནས་སྣང་བར་ཞུགས་པ་འོང་ཏེ། དེ་ནས་རྟོག་པ་ཕྲ་བ་འགགས་ནས། སྣང་བ་མཆེད་པར་ཞུགས་པ་འོང་། དེ་ནས་རྟོག་པ་ཤིན་ཏུ་ཕྲ་བ་འགགས་ནས། སྣང་བ་ཐོབ་པར་ཞུགས་པ་འོང་སྟེ། དེ་ཉིད་སྟོང་གསུམ་གྱི་ངོ་བོར་གནས་ལ། དེ་ནས་རང་རིག་ལྷའི་སྒྱུ་མས་ལུས་ལེན་ནོ། །དེ་ནས་འོད་གསལ་བདེ་སྟོང་དུ་གནས་ཏེ་ཆོས་སྐུ་ཐོབ་བོ། །འཆི་ཁར་གལ་ཏེ་འོད་གསལ་དུ་འཕོ་མ་ནུས་ན་ཡང་། འཆི་ཁར་བར་དོ་ཟིན་པར་བྱ་སྙམ་པའི་འདུན་པ་སྔོན་དུ་བཏང་ནས། བར་དོ་ཡིན་པར་ངོ་ཤེས་པས་བདུན་ཚིགས་གྱིས་ཤིག་ཟེར་བའི་ཁ་ཐེམ་བཞག་ན། བར་དོ་ཡིན་པར་ངོ་ཤེས་པར་འོང་ལ། བར་དོར་སྒྱུ་ལུས་ངོ་ཤེས་ནས། སྒྱུ་ལུས་དེ་ལ་ཆགས་སྡང་ཞེན་པ་ལོག་སྟེ། ཕ་མའི་ལུས་ལ་༼༡༡བ༽ཆགས་སྡང་མི་སྐྱེ་ཞིང་། མངལ་དུ་མི་འཇུག་གོ །དེས་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ནཱ་རོ་ཆེན་པོའི་སྒྱུ་ལུས་བསྒོམ་པའི་མན་ངག་ཉིང་ཁུ་ཡིན་ནོ། །རིན་པོ་ཆེའི་ཐུགས་དམ་ཡིན་ནོ། །དེ་ཡང་ནཱ་རོ་པའི་བླ་མ་ཏཻ་ལོ་པ་ཡིན། ཏཻ་ལོ་པས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་དངོས་སུ་གསན་ནོ། །ཕྱག་ན་རྡོ་རྗེ་ནི། རྡོ་རྗེ་འཆང་གི་འཁོར་རོ། །ནཱ་རོ་པའི་སྤྱན་སྔར། བླ་མ་ལྷོ་བྲག་པ་ལོ་མང་དུ་བཞུགས་ཏེ་ཞུས་པས། བླ་མ་ལྷོ་བྲག་པ་དང་། རྡོ་རྗེ་འཆང་གི་བར་ན་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། ཏཻ་ལོ་པ། ནཱ་རོ་པ་གསུམ་ལས་མེད་དོ། །སྐུ་དྲིན་འཁོར་མེད་བླ་མ་དེ་རྣམས་ཀྱིས། །ཞལ་ནས་ཞལ་དུ་བརྒྱུད་པའི་གདམས་པ་འདི། །བླ་མའི་དུས་མཐའ་བརྟེན་པ་འགའ་ཙམ་ལས། །གཞན་གྱིས་ཐོས་པའི་སྐལ་བ་མི་ལྡན་ཏེ། །དམ་ཚིག་ཉམས་ནས་དམྱལ་བར་ལྟུང་ཉེན་ཆེའོ།། །། ༈ ན་མོ་གུ་རུ། འོད་གསལ་གྱི་མན་ངག་ནི། དང་པོ་གཉིད་ཉལ་ཏེ། དེ་ཡང་དང་པོ་ཞག་གསུམ་ཙམ་ལས་ཐང་ཆད་དུ་བཅུག་ལ། དེའི་དུས་སུ་ནུབ་མོ་གཉིད་བསྲུངས་ལ་དགེ་སྦྱོར་ཅི་ནུས་བྱ། ལུས་སྦྱོང་ཀྱང་བྱ། དེ་ནས་ལུས་བཀུ་མཉེ་བྱ། ཁམས་བརྟས་སུ་བཅུག་ལ། ལུས་ཀྱི་གནད་ཅི་བདེར་ཉལ་ལོ། །དུས་ནི་གཉིད། ཡུལ་ནི་སྙིང་ག་སྟེ། སྙིང་གའི་འཁོར་ལོ་འདབ་མ་བཞི་ལ། ཨ་ནུ་ཏ་ར་ཧཱུཾ་བསམ་སྟེ། ཐ་མལ་གྱི་དུས་སུ་མདུན་གྱི་ཨ་ལ་སེམས་གཏད་དོ། །དེ་ནས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རགས་པ་འགགས་དུས། ནུ་ལ་སེམས་གཏད་དེ། སྣང་བ་སྟོང་པ་ཞེས་བྱའོ། །དེ་ནས་རྣམ་རྟོག་ཕྲ་བ་ནུབ་དུས། ཏ་ལ་སེམས་དམིགས་ཏེ། སྣང་བ་མཆེད་པ་སྟོང་པ་ཆེན་པོའོ། །དེ་ནས་ཤིན་ཏུ་ཕྲ་བ་ནུབ་དུས་ན་གཉིད་བྱུང་དུས། ར་ལ་དམིགས་ཏེ། སྣང་བ་ཐོབ་པ་ཞེས་བྱ་བ་ཤིན་ཏུ་སྟོང་པའོ། །དེ་ནས་གཉིད་ལ་འགྲོ་དུས། ༼༡༢ན༽ཤེས་པ་ཧཱུཾ་ལ་བསྡུས་ཏེ། དེར་བདེ་སྟོང་གི་ངོ་བོར་ལྷན་གྱིས་ཉལ་བས། གཉིད་ཀྱི་རོ་བདེ་སྟོང་འོད་གསལ་གཉིད་ནི་ཐ་མལ་གྱི་གཉིད་ཀྱིས་འོད་གསལ་ཤིན་ཏུ་ཉེ་སྟེ། འདི་འོད་གསལ་རྟོགས་ལ་ཁད་པ་ཡིན། འདི་འདྲ་བའི་གནད་ཡོད་ན་འོད་གསལ་ལ་ཚེགས་མེད་དེ། གཉིད་ཐུན་གཅིག་ལ་འོད་གསལ་རྟོགས་པའོ། ། གྱི་ཉམས་མྱོང་ངོ་། །དེ་དུས་རྨི་ལམ་ནི་བསྲུང་སྟེ་འདིར་འགལ་རྐྱེན་དུ་འདོད་དོ། །དེ་ནས་གཉིད་ཐུན་ཅིག་ལོག་ནས་སློང་དུ་བཅུག་སྟེ། མ་རིག་པའི་གཉིད་དུ་སོང་མ་སོང་བལྟ་བར་བྱ་ལ། ཡང་སྔར་བཞིན་དུ་ཉལ་ལོ། །དེའི་ནུབ་མོ་ཐུན་བཞིའམ་ལྔ་ཅི་རིགས་པར་ཉལ་ལོ། །དེ་ན་གསུམ་མམ་གཉིས་ལ་སོགས་པར་བྱས་ཤིང་ཉལ་ཏེ། སྔར་བཞིན་ཕུང་པོ་ལ་སོགས་པ་ནི་ཁམས་ཕྲ་བ་ལ་བཞག་གོ །ཁམས་ནི་སེམས་ཕྲ་བ་ལ་བཞག་གོ །སེམས་ནི་ཡང་སེམས་པ་ཤིན་ཏུ་ཕྲ་བ་ནུབ་ནས། སྣང་བ་ཐོབ་པར་ཞུགས་པའོ། །དེ་ཉིད་རྟོག་པ་ཐམས་ཅད་འགགས་ཏེ་བདེ་སྟོང་གི་ངང་དུ་ལྷན་ནེ་ཉལ་ལོ།། ལ་བཞུག་གོ །སེམས་པ་ནི་མ་རིག་པ་ལ་བཅུག་སྟེ། དེ་ལྟར་གཉིད་ལོག་པས་མ་རིག་པ་ངང་གིས་འགག་སྟེ། རྣམ་རྟོག་གི་དྲན་པ་བརྗེད་པའོ། །དེའི་འབྲས་བུ་ནི་ཡེ་ཤེས་ཀྱི་རང་བཞིན་འོད་གསལ་བའོ། །མ་རིག་པའི་གཉིད་ལྕགས་ཀྱུ་དང་འདྲ་བ་དེས་བཟུང་ནས། བདེ་སྟོང་གི་ངང་དུ་ཉལ་བས། རྣམ་པར་ཤེས་པ་གང་ལ་གང་འཕྲོ་བར་མི་བྱེད་དོ། །འོད་གསལ་མངོན་སུམ་དུ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ནས་གཉིད་སད་པའི་རྗེས་ཐོབ་འདི་ལྟར་བསྒོམ་སྟེ། མདུན་དུ་ཡི་དམ་གྱི་ཐང་སྐུ་བཀྲམ་ནས། དེ་ལ་སེམས་རྩེ་གཅིག་པར་བལྟས་ལ། དེ་རང་ཉིད་ལ་ཚུར་གསལ་བར་བསྒོམ་མོ། །མི་གསལ་བར་འདུག་ན་མི་གསལ་བ་དེ་ཉིད་བདེ་སྟོང་གི་ངང་དུ་ལྷན་གྱིས་བསྒོམས་ལ། སླར་གསལ་བར་བྱས་ཏེ། ཐང་སྐུར་བལྟ། དེ་ནས་ཡང་ཐང་སྐུ་དེ་ཁོ་ན་བཞིན་གསལ་བར་བསྒོམ། ༼༡༢བ༽དེ་ཉིད་བདེ་སྟོང་ངང་དུ་ལྷན་གྱིས་བསྒོམ་སྟེ། དེ་ཡང་སྟོང་པའི་རོ་བདེ་བར་ཤར་བར་བསམ་སྟེ། ལྷ་དེ་རེས་སྐུར་བསྒོམ། རེས་བདེ་སྟོང་དུ་བསྒོམས་པས། གོམས་པའི་ཚད་ནི། རང་ཉིད་བདེ་སྟོང་སྐྱེ་མེད་དུ་གནས་ལ། རོ་བདེ་བར་ཤར་བའོ། །དེའི་དུས་སུ་ནུབ་མོ་གཉིད་ལོག་ཙ་ན། ཉལ་ལ་སྔར་བཞིན་བསྒོམ། རྗེས་ཐོབ་ལ་དེ་ལྟར་བསྒོམས་པས། ལུས་ཡང་བ་དང་། བདེ་བ་ལ་སོགས་པ་དང་། སྣང་བ་ཐམས་ཅད་བདེ་སྟོང་ངང་དུ་ལྷང་ཤར་ནས་འོང་། དེ་ནས་ཚེ་འདི་ཉིད་ལ་འོད་གསལ་ལ་གནས་ཏེ། མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །གལ་ཏེ་ཚེ་འདི་ཉིད་ལ་མ་ཐོབ་ཀྱང་། བར་དོར་ཤེས་པ་འོད་གསལ་དུ་ཟིན་འོང་། དེ་ནས་བར་དོར་སངས་རྒྱས་ཏེ། རང་དབང་མེད་པར་མངལ་དུ་འཇུག་པ་མི་སྲིད་དོ། །གལ་ཏེ་མངལ་དུ་ཞུགས་ཏེ་ལུས་ལེན་ནའང་། རང་ལ་དབང་ཡོད་པས་གཞན་དོན་དུ་རང་གང་དགར་ཞུགས་ཏེ་ལུས་ལེན་པའོ། །སྒྱུ་ལུས་སྒོམ་པའི་གང་ཟག་དང་། འདི་གཉིས་ལ་སེམས་ཅན་གྱི་དོན་མ་ཡིན་ན། ལུས་མི་ལེན་གསུང་ངོ་། །སློབ་དཔོན་ལྭ་བ་པས། ལོ་བཅུ་གསུམ་དུ་གཉིད་ལོག་པས་མཆོག་ཐོབ་གསུང་ངོ་། །ཀྱཻ་རྡོ་རྗེའི་ལེའུ་དྲུག་པ་ནས། གཉིད་ནི་སྤང་བར་མི་བྱ་སྟེ། །ཞེས་གསུངས་པ་དང་། སྒྱུ་མ་ཆེན་པོ་གསང་བ་ཡིད་བདེ་བའི་རྒྱུད་ལས་ཀྱང་བསྟན་པ། སེམས་འོད་གསལ་དུ་གནས་པའི་དུས་སུ། དངོས་པོ་ལ་སོགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་ལྟར་མི་ཕྱེད་ཅེས་བསྟན་ཏོ། །བླ་མ་རིན་པོ་ཆེའི་ཐུགས་དམ་གསང་བའི་མན་ངག་གོ །རྡོ་རྗེ་འཆང་གིས། ཕྱག་ན་རྡོ་རྗེ་ལ། དེས་ཏཻ་ལོ་པ་ལ། དེས་ནཱ་རོ་པ་ལ། དེས་བོད་ཡུལ་ལྷོ་བྲག་གི་མར་པ་ལོ་ཙྪ་ལ། དེས་མང་ཡུལ་གུང་ཐང་གི་མི་ལ་རས་པ་ལ། དེས་ཆོས་ཀྱི་རྗེ་མཉམ་མེད་དྭགས་པོ་ཟླ་འོད་༼༡༣ན༽གཞོན་ནུ་ལ། དེས་ཐུགས་སྲས་དམ་པ་དྭགས་པོ་སྒོམ་ཚུལ་ལ་གནང་བའོ། །སྙན་ནས་སྙན་དུ་བརྒྱུད་མཛད་ཅིང་། །ཞལ་ནས་ཞལ་དུ་བརྒྱུད་པ་དང་། །ཐུགས་ནས་ཐུགས་སུ་བརྒྱུད་པ་ཡི། །མན་ངག་གསང་བའི་མཛོད་འདི་ནི། །སྐལ་ལྡན་ལས་ཅན་མ་ཡིན་པ། །གཞན་ལ་བྱིན་ན་དམ་ཚིག་ཉམས། །ཉམས་སུ་བླངས་ན་དངོས་གྲུབ་འབྱུང་། །མོས་གུས་བྱས་ན་བྱིན་རླབས་འབྱུང་། །ཞལ་གྱི་བདུད་རྩི་དག་ལ་དྲིས།། མངྒ་ལཾ་བྷ་ཝནྟུ།། ༄༅། །དེ་ཡང་ཞལ་སྔ་ནས། རིམ་གྱིས་འཇུག་པའི་གང་ཟག་གི །ཤེས་པའི་སྐྱེ་ལུགས་འདི་ལྟ་སྟེ། །སྣང་བ་ཐིམ་དང་རྟོགས་པ་ཐིམ། །རགས་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་དང་། །རང་བཞིན་གྱིས་ནི་འོད་གསལ་འབྱུང་། །དེའི་རྗེས་ལ་ཟུང་འཇུག་གི །སྐུ་ནི་རྣམ་པ་གཉིས་འབྱུང་སྟེ། །སློབ་པ་དང་ནི་མི་སློབ་གཉིས། །མི་སློབ་པ་རུ་གྱུར་ཙམ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །ཞེས་གསུངས་པ་དེའི་དོན། བར་དོ་དམར་ཁྲིད་ལ་གསུམ་སྟེ། བར་དོ་དང་པོ་འོད་གསལ་ངོས་བཟུང་བ་དང་། གཉིས་པ་སྒྱུ་ལུས་ངོས་བཟུང་བ་དང་། གསུམ་པ་མངལ་གྱི་སྒོ་དགག་པའོ། །དང་པོ་ལ་གསུམ་སྟེ། ཡུལ་ལྔ་ཐིམ་པ་དང་། འབྱུང་བ་བཞི་ཐིམ་པ་དང་། སྣང་བ་གསུམ་ཐིམ་པའོ། །དེ་ལ་མི་ཞིག་འཆི་བ་ལ་རྟགས་འདི་རྣམས་འབྱུང་སྟེ། ཡུལ་ལྔ་ཐིམ་པའི་རིམ་པ་ནི། དང་པོ་གཟུགས་སྒྲ་ལ་ཐིམ་པས། མིག་གིས་གཟུགས་མི་མཐོང་། སྒྲ་དྲི་ལ་ཐིམ་པས། རྣ་བས་སྒྲ་མི་ཐོས། དྲི་རོ་ལ་ཐིམ་པས། སྣ་ཡིས་དྲི་མི་ཚོར། རོ་རེག་བྱ་ལ་ཐིམ་པས། ལྕེས་རོ་མི་མྱོང་། རེག་བྱ་རྣམ་པར་ཤེས་པ་ལ་ཐིམ་པས། ལུས་ཀྱིས་རེག་བྱ་མི་ཚོར་རོ། །དེ་ནས་གཉིས་པ་འབྱུང་བ་བཞི་ཐིམ་པའི་རིམ་པ་ནི། དང་པོ་ས་ཆུ་ལ་ཐིམ་པའི་དུས་སུ། ལུས་ཟུངས་མི་ཐུབ་ཅིང་༼༡༣བ༽བྱིང་བའི་སྣང་བ་འོང་། གདོང་ལ་ས་རྡུལ་ཆགས། སྣའི་གཤོག་དང་། རྣ་བ་ཆག་ནས་འོང་ངོ་། །ཆུ་མེ་ལ་ཐིམ་པའི་དུས་སུ། ཁ་ཆུ་སྣ་ཆུ་ལན་གཅིག་ཕྱིར་ལ་ཤར་གྱིས་བྱུང་ནས། དེ་ནས་ཁ་སྣ་སྐམ། ལྕེ་ཕུགས་སུ་འགྲོ །ནག་པོའི་ཐིག་ལེ་འོང་། མེ་རླུང་ལ་ཐིམ་པའི་དུས་སུ། ཡན་ལག་གི་དྲོད་མཐའ་ནས་སྡུད། མིག་འབྲས་གྱེན་ལ་ལོག །རྐང་ལག་གཡོབ་ཅིང་འཕྲ་ཤག་བྱེད་དོ། །རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ། དབུགས་དོག་དོག་བྱེད། བཟང་དབུགས་ཆད། ངན་དབུགས་མ་ཆད། རྩ་ཆུང་བ་ཕྲིག་ཕྲིག་པའི་དུས་སུ། དབུགས་རྐྱང་པ་གཉིས་འོང་ངོ་། །གསུམ་པ་སྣང་བ་ཐིམ་པའི་རིམ་པ་ནི། དེ་ནས་རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པའི་ཚེ། ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། ནང་ཤེས་པའི་སྣང་བ་དུ་བ་ལྟ་བུ་སྣང་བ་ལང་ལོང་དུ་འཆར་རོ། །དེའི་དུས་སུ་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་རྩ་གསུམ་འགག་གོ །སྣང་བ་མཆེད་པ་ལ་ཐིམ་པའི་ཚེ། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་དུ་ཤེས་པ་ལ་སྲིན་བུ་མེ་ཁྱེར་ལྟ་བུ་དམར་ཀེམ་པ་ཞིག་འབྱུང་། དེའི་དུས་སུ། འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག་གོ །མཆེད་པ་ཐོབ་པ་ལ་ཐིམ་པའི་ཚེ། ཕྱི་རྟགས་མུན་པ་ལྟར་ནག་ཐིབས་པ་ཞིག་འབྱུང་། ནང་རྟགས་ཤེས་པ་མར་མེ་ལྟར་གསལ་ལྷག་པ་ཞིག་འབྱུང་སྟེ། དེའི་དུས་སུ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག་གོ །དེ་ལྟར་ན། གཏི་མུག་གི་བདུན། ཞེ་སྡང་གི་སུམ་ཅུ་རྩ་གསུམ། འདོད་ཆགས་ཀྱི་བཞི་བཅུ་སྟེ། རང་བཞིན་བརྒྱད་ཅུའི་རྟོག་པ་མ་ལུས་པར་འགགས་པ་ཡིན་ནོ། །དེ་ནས་ཐོབ་པ་འོད་གསལ་ལ་ཐིམ་པའི་ཚེ། དབུགས་ཁྲོད་སྟེ་སོང་བའི་དུས་སུ། སེམས་ཅན་ཀུན་འོད་གསལ་སྟོང་པ་ཆོས་ཀྱི་སྐུ་ཅི་ལྟ་བ་ཅིག་འཆར་ཏེ། བསྒོམ་པའི་འོད་གསལ་དང་། རང་༼༡༤ན༽བཞིན་གྱི་འོད་གསལ་གཉིས་ཆུ་དང་འོ་མ་འདྲེས་པའམ། བུམ་ནང་གི་ནམ་མཁའ་དང་། ཕྱི་རོལ་གྱི་ནམ་མཁའ་འདྲེས་པ་བཞིན། ཆོས་སྐུ་ཐོབ་པ་ཡིན་ཏེ། དེ་ལྟར་གདན་བཞི་ལས། འོད་གསལ་བ་ནི་རྒྱུན་པར་གནས། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །ཞེས་དང་། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་ཏེ། ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བ་ཡིན། གཟུགས་སྐུ་གཉིས་གཞན་སྣང་ལ་འཆར་རོ། །བར་དོ་དང་པོ་འོད་གསལ་ངོས་བཟུང་བའོ། །གཉིས་པ་སྒྱུ་ལུས་ངོས་བཟུང་བ་ལ་གཉིས། མ་དག་པའི་སྒྱུ་ལུས་དང་། དག་པའི་སྒྱུ་ལུས་སོ། །དེ་ལ་མ་དག་པའི་སྒྱུ་ལུས་ནི། འོད་གསལ་དེ་ལ་གནས་མ་ནུས་ན། བར་དོའི་སྣང་བ་འཆར་ཏེ། ཞག་ཕྱེད་དང་བཞི་ཚུན་ཆད་མ་ཤི་བའི་ལུས་སུ་སྣང་ཞིང་། དེས་གསོན་པོ་རྣམས་ཀྱི་ཐད་དུ་ཕྱིན་པས། གསོན་པོ་རྣམས་ཀྱིས་ཁོ་མི་མཐོང་། ཁོས་ཕར་ལ་མཐོང་། ཁོས་གཏམ་སྨྲས་པ་གསོན་པོས་མི་ཐོས། གསོན་པོ་རྣམས་ཀྱིས་སྨྲས་པ་ཁོས་ཐོས། གསོན་པོ་ཐམས་ཅད་ཁོ་ལ་ཁྲོས་པའི་སྣང་བ་འོང་། རི་དང་རྩིག་པ་ལ་སོགས་པ་གང་ལ་ཡང་ཐོགས་པ་མེད། དྲན་ན་ལྷའི་འཇིག་རྟེན་ནས། གང་དུའང་དྲན་པས་ཆོག །ལྷའི་མིག་དང་། བར་དོའི་ནང་གིས་མཐོང་། ལུས་ཀྱི་རྫུ་འཕྲུལ་དང་། འོད་ཤུགས་ལ་ཡོད། ཡུད་ཙམ་ཡུད་ཙམ་གྱ་གྱུའི་རྣམ་པ་ཤིན་དུ་མི་བརྟན་པ་འབྱུང་བས། དེ་དུས་ང་ཤི་བ་ཡིན་འདུག །འདི་བར་དོ་ཡིན་པར་འདུག་སྙམ་དུ་ཤེས་པ་གལ་ཆེའོ། །དེ་ནས་ཞག་ཕྱེད་དང་བཞི་ཕན་ཆད་ནས། ཕྱི་མ་གར་སྐྱེ་བའི་ལུས་ཀྱི་སྣང་བ་འཆར་བ་ཡིན་ནོ། །དེའི་མཚན་ཉིད་ནི། མངོན་པ་མཛོད་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་༼༡༤བ༽ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །སྲིད་པ་ཕྱི་མའི་ཤ་གཟུགས་ཅན། །ཞེས་གསུངས་པའི་དོན་ནོ། །དེ་ནི་ཀུན་ལ་འབྱུང་སྟེ། མ་དག་པའི་སྒྱུ་ལུས་སོ། །གཉིས་པ་དག་པའི་སྒྱུ་ལུས་ནི། གོང་དུ་བཤད་མ་ཐག་པའི་སྒྱུ་ལུས་ངོ་ཤེས་པར་བྱས་ནས། སྔར་བསྒོམས་པའི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་བསྒོམ་པ་དང་། ཕྱག་རྒྱ་ཆེན་པོ་ལ་ཡང་དང་ཡང་དུ་བསྒོམ་པ་ནི། སློབ་པའི་ཟུང་འཇུག་གོ །འོད་གསལ་གྱི་མེས་བག་ཆགས་སྦྱོང་བ་ཡིན། ད་ལྟ་ལོ་བརྒྱ་བསྒོམ་པ་བས་དེར་སྐད་ཅིག་མ་གཅིག་བསྒོམ་པ་ལམ་ཆོད་འོལ་ཆེ་བ་ཡིན་གསུང་ངོ་། །དེ་ནས་རྣམ་རྟོག་ཐམས་ཅད་འོད་གསལ་གྱི་མེས་བསྲེགས་ནས། སྦྱང་གཞི་སྦྱོང་བྱེད་མེད་པར་གོམས་པ་མཐར་ཕྱིན་ཏེ། ཆོས་སྐུ་གཉིས་སུ་མེད་པ་ཐོབ་ནས། གཟུགས་སྐུ་དུ་མ་ལ་ཁྱབ་པ་འབྱུང་བ་ནི། མི་སློབ་པའི་ཟུང་འཇུག་ཡིན་ཏེ། བར་དོ་གཉིས་པ་སྒྱུ་ལུས་ངོས་བཟུང་བའོ། །གསུམ་པ་མངལ་སྒོ་དགག་པ་ལ་གཉིས་ཏེ། མངལ་སྒོ་དགག་པ་དང་། མངལ་གདམ་པའོ། །དང་པོ་ལ་ལྔ་སྟེ། དྲན་པ་དང་འདུན་པས་དགག་པ་དང་། བླ་མ་ཡབ་ཡུམ་གྱིས་དགག་པ་དང་། ཡི་དམ་གྱི་ལྷ་ཡབ་ཡུམ་གྱིས་དགག་པ་དང་། སྒྱུ་མ་ལྟ་བུས་དགག་པ་དང་། འོད་གསལ་གྱིས་དགག་པའོ། །དང་པོ་ནི་བར་དོ་གཉིས་པར་སངས་མ་རྒྱས་ན། མངལ་གྱི་སྣང་བ་འོང་སྟེ། ཕོའི་ལུས་སུ་སྐྱེ་ན། ཕ་ལ་ཞེ་སྡང་ཞིང་མ་ལ་འདོད་ཆགས། མོའི་ལུས་སུ་སྐྱེ་ན། མ་ལ་ཞེ་སྡང་ཞིང་ཕ་ལ་འདོད་ཆགས་སོ། །རྐྱེན་དེས་བྱས་ནས། ཕའི་བཤང་ལམ་ནས་ཞུགས་ནས། ཁུ་བ་དང་འགྲོགས་ཏེ། མའི་མངལ་དུ་འགྲོ་བར་འགྱུར་རོ། །དེ་ལ་སྔར་ཡང་འདི་ལྟ་བུའི་ལས་བསགས་པས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་༼༡༥ན༽འཁྱམས་པ་ཡིན། དེ་ལས་བཟློག་སྟེ་ཏིང་ངེ་འཛིན་ལ་བཞག་གོ །དང་པོ་དེས་ཁེགས་ན་ཕྱིས་སྣང་བ་ཡང་ཁེགས་པ་ལ་ཚེགས་མེད་དོ། །དེས་མ་ཁེགས་ན། གཉིས་པ་བླ་མ་ཡབ་ཡུམ་གྱིས་དགག་པ་ནི། ཕོ་དེ་བླ་མ་ཡབ་དང་། མོ་དེ་བླ་མ་ཡུམ་དུ་བསྒོམས་ལ། བླ་མ་ཡབ་ཡུམ་ལ་ཆགས་སྡང་སྐྱེར་མི་རུང་སྙམ་དུ་བསམ་ལ། མོས་གུས་རྩེ་གཅིག་ཏུ་བྱའོ། །དེས་ཀྱང་མ་ཁེགས་ན། གསུམ་པ་ཡིད་དམ་ཡབ་ཡུམ་གྱིས་དགག་པ་ནི། ཕོ་དེ་ལྷ་ཡབ་དང་། མོ་དེ་ལྷ་ཡུམ་དུ་བསྒོམས་ལ། ཡི་དམ་གྱི་ལྷ་ཡབ་ཡུམ་ལ་ཆགས་སྡང་སྐྱེར་མི་རུང་སྙམ་དུ་བསམ་ཞིང་། ཆགས་སྡང་མི་བྱའོ། །དེས་ཀྱང་མ་ཁེགས་ན། བཞི་པ་སྒྱུ་མ་ལྟ་བུས་དགག་པ་ནི། སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ། རང་སེམས་འཁྲུལ་པའི་སྣང་བ། བག་ཆགས་ཀྱི་གཟུགས་བརྙན། ཆུ་ནང་གི་ཟླ་བའམ། མེ་ལོང་ནང་གི་གཟུགས་བརྙན་དང་ཁྱད་མེད་སྙམ་དུ་བསམ་ལ། ཆགས་སྡང་གི་བློ་བཟློག །རང་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་རྟེན་བྱས་ལ་འོད་གསལ་བསྒོམ་མོ། །དེས་ཀྱང་མ་ཁེགས་ན། ལྔ་པ་སྟོང་པ་ཉིད་ཀྱིས་དགག་པ་ནི། འདི་ལྟར་སྣང་བ་ཐམས་ཅད་རང་གི་སེམས་ཡིན། སེམས་ནམ་མཁའ་སྟོང་པའི་དཀྱིལ་ལྟ་བུ་ཟུང་འཇུག་གཉིས་སུ་མེད་པའི་དོན་ལ་བཞག་གོ །བདུན་ཕྲག་དང་པོའི་སྐྱེ་བ་དེ་ཁེགས་ནས། གཉིས་པ་ལ་སོགས་པ་ལ་ཚེགས་མེད་དོ། །དགེ་སྡིག་ཆ་མཉམ་པ་ཅིག་བར་དོར་ཞག་བཞི་བཅུ་རྩ་དགུ་གནས་པས། དེར་ལམ་སྦྱངས་ནས་འཚང་རྒྱའོ། །བརྫུས་སྐྱེས་དང་། དྲོད་གཤེར་ལས་སྐྱེ་བ་དང་། སྒོང་སྐྱེས་རྣམས་རང་ཉིད་ཡི་དམ་ལྷར་བསྒོམས་པས་ཁེགས་སོ། །དེ་རྣམས་ཀྱིས་མངལ་སྒོ་དགག་པའོ། །གཉིས་པ་མངལ་གདམས་པ་ནི། གོང་གི་དེ་དག་གིས་མི་ཁེགས་པར་འདུག་ན། བར་དོའི་སེམས་ཅན་དེས། ༼༡༥བ༽དྲན་ན་གང་དྲན་པའི་སར་འགྲོ་བ་ལ་ཐོགས་པ་མེད་པས། སུམ་ཅུ་རྩ་གསུམ་ཨར་མོ་ལིང་ཀའི་རྡོ་ལེབ་ཏུ། རིག་པ་གཏད་པས་དེར་ཕྱིན་ནས། ལས་ཀྱི་ལྷག་མ་མ་ལུས་པར་སྦྱངས་ནས། ཕྱིར་མི་ལྡོག་པར་སངས་རྒྱ་བ་ཡིན་གསུང་ངོ་། །བར་དོ་ཡེ་ཤེས་ཀྱི་ལྡེའུ་མིག་དེ་ཡིན་ནོ། །དེ་ལྟར་བསྒོམས་ཀྱང་མི་ཐུབ་པར་འདུག་ན། སྔར་གྱི་སྦྱངས་པ་ཆུང་བ་ཡིན་པས། ང་བྱང་ཆུབ་སེམས་དཔའ་ཤེས་བཞིན་དུ་འཇུག་པ་ཡིན་ཏེ། བར་དོའི་སེམས་ཅན་ལ་མངོན་ཤེས་ཡོད་པས། རྒྱལ་རིགས་སམ། རྗེ་རིགས་ལ་སོགས་པ། རིགས་བཟང་བ། འབྱོར་པ་ཆེ་བ། དད་པ་ཆེ་བ། ཆོས་འོང་བའི་ཕ་མའི་མངལ་དུ་འཇུག་པར་བྱའོ། །གལ་ཏེ་བསོད་ནམས་ཆུང་བས་འཇུག་པར་མ་ནུས་ན། མིའི་ས་བོན་ཡི་གེ་ཎི་གཅིག་བསམ་ལ། མའི་མངལ་དུ་འཕོ་བར་བྱའོ། །མངལ་འཕྲོག་པ་བསྲུང་བ་ནི། མངལ་གྱི་མཐའ་མཚོན་ཆའི་འཁོར་ལོས་བསྐོར་བར་བསྒོམ་མོ། །དེ་ནས་ཟླ་བ་བཅུ་ན་སྐྱེ་སྟེ། ཆུང་ངུ་ནས་དད་པ་དང་ཤེས་རབ་ཆེ་བ། ཡི་གེ་དང་ཆོས་ལ་སོགས་པ་མ་བསླབས་པར་ཤེས་ཤིང་། བླ་མ་གཅིག་དང་མཇལ་བ་ཙམ་གྱིས་ཡོན་ཏན་སྐྱེ་སྟེ། སྐྱེ་བ་དེ་ཉིད་ལ་སངས་རྒྱ་བར་འགྱུར་རོ། །དེ་ནི་སྐྱེ་བ་བརྒྱུད་ནས་སངས་རྒྱས་ཡིན་ནོ། །བར་དོ་དམར་ཁྲིད་ཀྱི་ཞལ་གདམས་སོ། །རྗེ་རིན་པོ་ཆེ་སྒམ་པོ་པའི་ཞལ་གྱི་གདམས་པ། རིན་པོ་ཆེ་བྱེ་དཀར་བ་ལས་བརྒྱུད་དེ་འོངས་པའོ། །ཡི་གེ་རིས་སུ་བཀོད་པ་ལ་རང་འདོད་མེད་པས། མཁའ་འགྲོ་མི་མཉེས་པ་མེད་ཅིང་དགྱེས་པར་ཞུའོ།། །།
