| / Mahamudra / Gampopa |
Gampopa's collected works (17)
༼༡ན༽རྗེ་དྭགས་པོ་ལྷ་རྗེའི་གསུང་སྒྲོས། སྙན་བརྒྱུད་གསལ་བའི་མེ་ལོང་བཞུགས་སོ། །
༼༡བ༽བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གདམས་ངག་ཉམས་སུ་ལེན་པའི་དུས་ན་འདི་ལྟར་ཤེས་པར་བྱ་སྟེ། དང་པོ་ལུས་ཀྱི་གནས་ལུགས་ཤེས་པར་བྱ་བ་ནི། རྐང་པ་རེའུ་མིག་ལྟར་བསྣོལ། སྒལ་པ་ཆུ་ཤིང་ལྟར་བསྲང་། ལྟེ་བའི་འོག་ཏུ་ལག་པ་མཉམ་དུ་བཞག་ལ། ལུས་གནས་སུ་བཞག་པའོ། །དེ་ནས་ལུས་ལ་རྩ་གསུམ་གནས་ཏེ། རྩ་གསུམ་འདུས་པའི་མདོར་མཉམ་བཞག་བཅས་ནས། ལྟེ་བའི་ཐད་དུ་རྩ་དབུ་མའི་ནང་དུ། ཨཱ་དམར་པོ་ཤད་ལྟ་བུ་གཅིག་བསམ་པར་བྱའོ། །དེ་ནས་བརྩོན་འགྲུས་དྲག་ཏུ་བྱས་ཏེ། དེ་ལྟར་བླ་མའི་མན་ངག་འདི། །ཉམས་སུ་ཡང་དང་ཡང་བླངས་པས། །ལུས་ལ་བདེ་དྲོད་ཤུགས་ཀྱིས་འབྱུང་། །སེམས་ལ་འོད་གསལ་ངང་གིས་འཆར། །བླ་མ་ནཱ་རོ་པ་ཆེན་པོའི། །ཐབས་ལམ་ཁྱད་དུ་འཕགས་པ་འདི། །སྐལ་ལྡན་ལས་ཅན་མ་ཡིན་པ། །གཞན་ལ་བྱིན་ན་དམ་ཚིག་ཉམས།། །།ན་མོ་གུ་རུ། བསྐྱེད་པའི་རིམ་པས་འཕོ་བ་ནི་འདི་ལྟར་བྱ་སྟེ། སྟེང་༼༢ན༽རླུང་མནན། སྒལ་པ་ལ་འོག་རླུང་དྲངས་ནས། ལྟེ་བའི་ཨཱཿསྙིང་གའི་ཧཱུཾ་ལ་བསྟིམ། ཧཱུཾ་གིས་སྲུབ་འབྱེད་པ་བཞིན་དུ་འདུག་པར་བསམ། དེ་ཅི་ཙམ་འཕྲོད་པར་སྦྱང་། ཧཱུཾ་ཕབ་ལ་སྙིང་ཀར། ཨཱཿཕབ་ལ་ལྟེ་བར་བཞག །དེ་ནས་འཕོ་བའི་དུས་སུ་མདུན་གྱི་ནམ་མཁའ་ལ་ཡི་དམ་གྱི་ལྷ་བསམ་ལ། ཀྵྃཡུ་བསམ་ལ། བུ་ག་ཧ་རེ་བྱས་ལ། གྲུ་མོ་གཉིས་ཀྱིས་རྩིབ་ལོགས་བག་ཅིག་མནན་ནས། སྟེང་རླུང་མནན། འོག་རླུང་དྲངས་ལ། ཨཱཿཧཱུཾ་ལ་བསྟིམ་ལ། ཨཱཿཧིག་མང་དུ་བགྲངས་བས། ཧཱུཾ་བུ་ག་ན་ཡར་དྲངས་ཏེ། ཡི་དམ་ལྷ་ལ་བསྟིམ། གཏུམ་མོ་དང་། འཕོ་བའི་མན་ངག །བླ་མ་རིན་པོ་ཆེའི་ཐུགས་དམ།། །།བླ་མ་དམ་པའི་ཞབས་ལ་འདུད། །མི་ལུས་འདོམ་གང་པོ་འདི་ལ། ལྟེ་བ་སྤྲུལ་པའི་འཁོར་ལོ་ན། སྐྱེ་མེད་མཚོན་པའི་ཡི་གེ་ཨཱཿགནས། ཨཱཿལས་སྐྱེ་མེད་མཚོན་པའི་རྩ་ཨ་ཝ་དྷཱུ་ཏི་བྱུང་། དེ་ཡར་ཚངས་པའི་བུ་ག་ལ་ཟུག །མར་ལྟེ་བ་ནས་སོར་བཞིའི་ས་ན་ཟུག །རྩ་༼༢བ༽གསུམ་གྱི་མཚན་ཉིད་ནི། རྐྱང་མ་གཡས་ཤེས་རབ་སྟེ། གཟུང་བ་དག་པ་ཡིན། རོ་མ་གཡོན་ཐབས་ཏེ། འཛིན་པ་དག་པ་ཡིན་གསུང་། ཀུན་དར་མ་ནི་གཟུང་འཛིན་གཉིས་ཀ་སྤངས་པ་ཡིན་གསུང་། གཏུམ་མོ་རྩོལ་སྒྲུབ་ལས་འོང་བར་ངེས། རྨི་ལམ་དང་བར་དོ་འདུན་པ་ལས་འོང་བར་ངེས། འཕོ་བ་དམིགས་པ་ལས་འོང་བར་ངེས། ལས་ཀྱི་ཕྱག་རྒྱ་ལས་དཔེའི་ཡེ་ཤེས་སྐྱེས་པ་ཡིན་པར་ངེས། ཞེས་པ་འདི། གདམས་ངག་གི་གཙིགས་སུ་ཆེ་གསུང་། ཡེ་ཤེས་སྐྱེ་བའི་དུས་ནི། ཕོ་མོ་སྙོམས་འཇུག་བྱེད་པ་ལས་སྐྱེ་བ། གཡས་གཡོན་འཕོ་དུས་སུ་སྐྱེ་བ། ཤི་ནས་བར་དོའི་དུས་སུ་སྐྱེ་བ། ཞེ་སྡང་དྲག་པོའི་དུས་སུ་སྐྱེ་བ་སྟེ། འོད་གསལ་སྐྱེ་བའི་དུས་སུ་རྒྱུ་དྲུག་གསུང་ངོ་།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྨི་ལམ་གྱི་མན་ངག་ལ་བཞི་སྟེ། རྨི་ལམ་བཟུང་བ་དང་། རྨི་ལམ་ཡོངས་སུ་སྦྱང་བ་དང་། རྨི་ལམ་སྒྱུ་མར་ཤེས་པར་བྱ་བ་དང་། རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པའོ། །དང་པོ་རྨི་ལམ་བཟུང་བ་ནི། གཉིད་ལོག་པའི་དུས་སུ་སྨིན་ཕྲག་ཏུ་ཐིག་ལེ་གཅིག་ལ་སེམས་གཏད་ལ་གཉིད་ལོག །དེ་ནས་སད་པའི་དུས་སུ། རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་སྙམ་པས་གཉིད་ལོག་གོ །རྨི་ལམ་ཟིན་དུ་འོང་བའི་དུས་སུ། རྨི་ལམ་མི་འཚམས་པ་སྣ་ཚོགས་འོང་ངོ་། །རྨི་ལམ་ཟིན་པ་ནི། རྨི་ལམ་གྱི་དུས་སུ། ཐམས་ཅད་རྨི་ལམ་དུ་ཤེས་པར་བྱའོ། །རྨི་ལམ་མ་ཟིན་ཡང་། ད་རུང་ཞེན་པ་དང་བཅས་པ་སྟེ། གཡང་ལ་ལྷུང་བ་ལ་འཇིགས་པ་ལ་སོགས་པ་འབྱུང་། དེ་ནི་རྨི་ལམ་བཟུང་བའོ། །རྨི་ལམ་ཡོངས་སུ་སྦྱང་བ་ནི་ལུས་མེད་པས། སེམས་ཇི་ལྟར་ཡང་བཏུབ་པས། ལྷའི་ཡུལ་བལྟ་བ་དང་། རྡོ་རྗེ་གདན་བལྟ་བ་དང་། ཉི་ཟླ་ལག་པས་འཛིན་པ་དང་། གཡང་དང་། ཆུ་དང་། མེ་རྣམས་༼༣ན༽སུ་མཆོང་བ་དང་། རྒྱལ་ཁམས་གཞན་བལྟ་བ་དང་། ཐོགས་པ་མེད་པར་འཕྱོ་སྟེ། དེ་ནི་རྨི་ལམ་སྦྱང་བའོ། །རྨི་ལམ་སྒྱུ་མར་ཤེས་པར་བྱ་བ་ནི། རྨི་ལམ་གྱི་དུས་སུ་ཞེན་པ་དང་བཅས་པ་དེ་རྨི་ལམ་ཡིན་པས། དེ་ཡོད་པར་མ་གྲུབ་སྟེ། དངོས་མེད་ལ་འཇིགས་པ་ལ་སོགས་པ་ག་ལ་ཡོད། དེ་བས་ན་སྒྱུ་མ་ལ་སོགས་པ་ལ་ལུས་ག་ལ་ཡོད། ལུས་མེད་ན། འཇིགས་པ་ག་ལ་ཡོད། འཇིགས་པ་མེད་པས་སྒྱུ་མར་ཤེས་པའོ། །རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་ནི། སྣང་སྟོང་ངམ། གསལ་སྟོང་ངམ། བདེ་སྟོང་གང་ཡིན་བསྒོམ་པར་བྱའོ། །དེ་ལྟར་འོང་བ་ནི། ད་ལྟ་བསྒོམ་པ་བས་བདུན་འགྱུར་གྱིས་བསྒོམ་པ་བཟང་ངོ་། །དེ་ནི་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པའོ། །དེ་ནས་འཆི་བའི་དུས་སུ་གང་བསྒོམ་ན། རྨི་ལམ་ན་བསྒོམ་པ་བཞིན་དུ། འཆི་བའི་དུས་སུ་ཡང་བསྒོམ། དེར་བར་དོ་འོད་གསལ་ལ་འཇུག་གོ །དེ་ནས་ཕ་མ་ལ་ཆགས་སྡང་མི་སྐྱེ་བར་དེ་ཉིད་ཕྱག་རྒྱ་ཆེན་པོར་རྟོགས་ཏེ་འོང་། གལ་ཏེ་ལུས་ལེན་འདོད་ན། བདེ་བ་ཅན་དུ་སེམས་ཀྱི་སྨོན་པ་དྲག་པོ་བཏང་ངོ་། །རྨི་ལམ་གྱི་མན་ངག་རིན་པོ་ཆེའི་ཐུགས་དམ།།།།དཔལ་བདེ་བ་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ། །གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོའི་སྐུ་དེ་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱིས་གནས་ན་ཡང་། མ་རྟོགས་པ་རྟོགས་པར་བྱེད་པའི་ཐབས་ལ་གསུམ་སྟེ། དངོས་པོའི་གནས་ལུགས་དང་། ལམ་གྱི་རིམ་པ་དང་། འབྲས་བུ་སྐྱེ་བའི་རིམ་པའོ། །དང་པོ་དངོས་པོའི་གནས་ལུགས་ལ་གཉིས། ལུས་དངོས་པོའི་གནས་ལུགས་དང་། སེམས་དངོས་པོའི་གནས་ལུགས་སོ། །དེ་ལ་ལུས་དངོས་པོའི་གནས་ལུགས་མ་ཤེས་ན། རྩ་དང་། རླུང་དང་། བྱང་ཆུབ་ཀྱི་སེམས་ཀྱི་གནད་མི་ཤེས་པ་དང་། འོད་༼༣བ༽གསལ་ངོས་མི་ཟིན། འཕོ་བའི་གདམས་ངག་མི་ཐེབས་པའོ། །ལུས་ཀྱི་གནད་ནི་གདམས་ངག་སོ་སོའི་ཐད་དུ་ཤེས་པར་བྱའོ། །སེམས་དངོས་པོའི་གནས་ལུགས་མ་ཤེས་ན། བསྒོམ་པ་གོལ་སར་འགྲོ་བའོ། །དེ་བས་ན་ཤེས་དགོས་པས་ན། གསལ་བ། བདེ་བ། སྟོང་པའོ། །གསལ་བ་ལ་གཉིས། རིག་པ་འོད་གསལ། རང་བཞིན་གྱི་འོད་གསལ་བའོ། །རིག་པ་འོད་གསལ་ནི། སེམས་ཙམ་པའི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་འདོད་པ་ལྟ་བུ་མ་ཡིན་ཏེ། བུམ་ནང་གི་མར་མེ་བཞིན། རང་བཞིན་གྱིས་འོད་གསལ་བ་ཡིན་ཏེ། དེ་ཡང་གསལ་བྱེད་གཞན་ལ་མ་ལྟོས་པར་གསལ་བའོ། །རང་བཞིན་གྱིས་འོད་གསལ་བ་དེ་ཡང་བདེ་བ་སྟེ། དེ་ཡང་ཐ་མལ་པའི་ཟག་པ་དང་བཅས་པའི་བདེ་བ་ལྟ་བུ་མ་ཡིན་ཏེ། བདེ་བ་ཆེན་པོའོ། །ཉན་ཐོས་ལྟ་བུ་ཞི་བའི་བདེ་བ་མ་ཡིན་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདེ་བ་ཆེན་པོའོ། །དེ་ཉིད་སྟོང་པ་སྟེ། དེ་ཡང་སྔར་ནས་མེད་པའི་སྟོང་པའམ། ཞི་གནས་མེད་པའི་སྟོང་པའམ། གཏན་ནས་མེད་པའི་སྟོང་པ་ལྟ་བུ་མ་ཡིན་ཏེ། རང་བཞིན་ནམ། རང་གི་ངོ་བོས་སྟོང་པའོ། །དེས་ན། གསལ་བ། བདེ་བ། སྟོང་པ་གསུམ་མེ་དང་ཚ་བའི་རེག་བྱ་བཞིན་ཐ་མི་དད་པ་སྟེ། སྐུ་བཞི་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའོ། །ལམ་གྱི་དུས་སུ་རང་ལ་དེ་ལྟར་འཆར་ལ། འབྲས་བུའི་དུས་ཐ་སྙད་དམ། བརྗོད་པའི་མཐའ་འམ། སྒྲོ་འདོགས་ཐམས་ཅད་བྲལ་བ་སྟེ། སེམས་ཅན་གྱི་དོན་དུ་སྐུ་གཉིས་ལྷུན་གྱིས་གྲུབ་པར་འབྱུང་བའོ། །ལམ་གྱི་རིམ་པ་ལ་གཉིས་ཏེ། སྨིན་བྱེད་ཀྱི་ལམ་དང་། གྲོལ་བྱེད་ཀྱི་ལམ་མོ། །སྨིན་བྱེད་ཀྱི་ལམ་ལ་གཉིས་ཏེ། དབང་དང་དམ་ཚིག་གོ །དབང་ལ་བཞི་སྟེ། བུམ་པའི་དབང་དྲུག་བསྐུར་བའི་གནས་ནི་ལུས། དྲི་མ་ནི་ལུས་ཀྱི་དྲི་མ་༼༤ན༽དག །ཉམས་མྱོང་ནི་ཆོས་ཐམས་ཅད་སེམས་སུ་རྟོགས་པ་འབྱུང་། གདམས་ངག་ནི། བསྐྱེད་པའི་རིམ་པ་སྒྱུ་མ་ལྟ་བུའི་གདམས་ངག་སྟོན། དགོས་པ་ནི། ཐ་མལ་པའི་ཞེན་པ་བཟློག་པའི་དགོས་པ་ཡོད། འབྲས་བུ་ནི། གཟུགས་སྐུ་གཉིས་ཐོབ་པའོ། །གསང་བའི་དབང་བསྐུར་བའི་གནས་ནི་ངག །དྲི་མ་ནི། ངག་གི་དྲི་མ་དག །ཉམས་མྱོང་ནི། སེམས་རང་རིག་རང་གསལ་དུ་རྟོགས་པ་འབྱུང་། གདམས་ངག་ནི། རྩ་རླུང་གི་གདམས་ངག་བསྟན། དགོས་པ་ནི། བདེ་སྟོང་གཉིས་མེད་དུ་རྟོགས་པའི་དགོས་པ་ཡོད། འབྲས་བུ་ནི། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་གནས་ནི་སེམས། དྲི་མ་ནི། སེམས་ཀྱི་དྲི་མ་གསུམ་དག །ཉམས་མྱོང་ནི། བདེ་སྟོང་ངོས་བཟུང་མེད་པའི་རྟོགས་པ་འབྱུང་། གདམས་ངག་ནི། ཕྱག་རྒྱ་ཆེན་པོའི་གདམས་ངག་བསྟན། དགོས་པ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་དགོས་པ་ཡོད། འབྲས་བུ་ནི། ཆོས་ཀྱི་སྐུ་ཐོབ་པའོ། །གོང་མའི་དོན་དེ་ཚིག་གིས་བཀྲོལ་ནས་སྟོན་པས་ཚིག་དབང་ངོ་། །དོན་ཡེ་ཤེས་དང་དཔེ་རུ་འདོད་པ་ལས། དོན་གྱི་དཔེ་ནི། རྒྱ་མཚོའི་ཆུ་ལ་ཁྱོར་གང་བླངས་པའི་དཔེའམ། སྤྲིན་བར་གྱི་ཉི་མ་ལྟ་བུའོ། །ཡེ་ཤེས་ཀྱི་གསང་རྡོར་ལ་སྦ་བར་བྱ་བ་ཡིན་གསུང་།། །།དམ་ཚིག་ལ་གཉིས་ལས། བསྲུང་བའི་དམ་ཚིག་དང་བཟའ་བའི་དམ་ཚིག་གོ །བསྲུང་བའི་དམ་ཚིག་ནི། རྩ་བའི་ལྟུང་བ་བཅུ་བཞི་ཡན་ལག་དང་བཅས་པའོ། །བཟའ་བའི་དམ་ཚིག་ནི། ཤ་ལྔ་དང་། བདུད་རྩི་ལྔའོ། །གྲོལ་ལམ་ལ་གཉིས། བློ་འཆོས་པ་དང་། གཉུག་མའོ། །གཉུག་མ་ལ་གཉིས། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །བསྐྱེད་རིམ་ལ་གཉིས། མང་༼༤བ༽ལྡན་དང་། ཉུང་ལྡན་ནོ། །མང་ལྡན་ལ་གཉིས། རིམ་གྱིས་པ་དང་། ཅིག་ཅར་བའོ། །རིམ་གྱིས་པ་ལ་གཉིས། རྣམ་པ་ལ་བསླབ་པ་དང་། བསྐྱེད་པའི་རིམ་པ་སྒྱུ་མ་ལྟ་བུ་ལ་བསླབ་པའོ། །དང་པོ་རྣམ་པ་ལ་བསླབ་པ་ནི། དང་པོར་བླ་མ་དཀོན་མཆོག་མཆོད་པ་སྟེ། ཞག་གསུམ་ཚོགས་བསགས། དེ་ནས་བྲིས་སྐུ་དང་། སྐར་ཁུང་ལ་སོགས་པ་བཞག་ལ། དང་པོར་བལྟ། དེ་ནས་བསྒོམ། མ་གསལ་ན་ལོག་གནོན་ཟླ་བ་ཕྱེད་དུ་བྱ། དེ་ནས་ཡོར་ཡོར་པོ། །དེ་ནས་ཆ་ཤས། དེ་ནས་དུམ་བུའོ། །དེ་ནས་སྒྱུ་མ་ལྟ་བུ་ལ་བསླབ་པའོ། །རྫོགས་པའི་རིམ་པ་ལ་གཉིས། དངོས་གཞི་མཉམ་བཞག་དང་། རྗེས་ཐོབ་ལ་སྤྱོད་ལམ་དང་བསྲེ་བའོ། །ལམ་འཆོས་པ་ལ་གཉིས། བར་དོ་དང་འཆི་ཀ་མའོ། །བར་དོ་ལ་གཉིས། བསྲེ་བའི་མན་ངག་དང་། སྒྱུ་ལུས་ངོས་བཟུང་བའོ། །བསྲེ་བ་ལ། བར་དོ་རྣམ་པ་གསུམ་ལ། བཅུ་གཉིས་ཏེ། དང་པོ་སྐྱེ་ཤི་བར་དོ་ལ་གསུམ། མངོན་དུ་འོད་གསལ་བྱེད། དགོས་པ་ལམ་དང་རང་བཞིན་བསྲེ་བའི་དགོས་པ་ཡོད། མཚམས་གསུམ་པས་སྦྱོར། རྨི་ལམ་བར་དོ་ལ་གསུམ། མངོན་དུ་རྨི་ལམ་བྱེད། མཚམས་འདུ་འཛི་ཤིན་ཏུ་ཉུང་བ་དང་། ཤེས་པ་ཚར་བཅད་པས་སྦྱོར། དགོས་པ་ཉིན་དང་མཚན་བསྲེ་བའི་དགོས་པ་ཡོད། སྲིད་པ་བར་དོ་ལ་གསུམ། མངོན་དུ་སྒྱུ་ལུས་བྱེད། དགོས་པ་བར་དོ་སངས་རྒྱས་པའི་དགོས་པ་ཡོད། མཚམས་སྦྱོར་ནི། ལས་རྒྱ་ལ་ཞེ་སྡང་མིག་སེར་མི་བྱ་བ་དང་། ཆོས་ཐམས་ཅད་སྒྱུ་མར་མོས་པར་བྱ་བ་དང་། དངོས་པོ་གང་ལ་ཡང་ཞེན་ཆགས་མེད་པའོ། །དེ་ནས་སྐྱེ་ཤི་བར་དོ་རྨི་ལམ་ལ་ཚུར་བསྲེ་བ་དང་། རྨི་ལམ་བར་དོ་སྐྱེ་ཤི་ལ་ཕར་བསྲེ་བ་དང་། སྐྱེ་ཤི་བར་དོ་རྨི་ལམ་བར་དོ་གཉིས་སྲིད་པ་བར་དོ་ལ་བསྲེ་བ་དང་བཅུ་གཉིས་སོ། །དེ་ནས་འགོལ་སར་རྨི་ལམ་ལ་༼༥ན༽ཤེས་པ་དྲག་པོ་གཏད་ལ། དང་པོ་རྨི་ལམ་བར་དོ་ལ་ལྔ་སྟེ། སྐད་ཅིག་གིས་ལྷའི་སྐུ་སྒྱུ་མ་ལྟ་བུར་བསམས་ལ། སྙིང་གར་མེ་ཚ་ཞིང་རྣོ་བ་ལ་སེམས་གཏད། དེ་ནས་མགྲིན་པར་སེམས་གཏད་ལ། རྨི་ལམ་སེམས་ཀྱི་འདུན་པ་དྲག་ཏུ་བྱའོ། །དེ་ནི་རྨི་ལམ་བཟུང་བའོ། །དེ་ནས་གཉིད་མཐུག་པོ་རྨི་ལམ་མི་འབྱུང་བའི་དུས་དེར་ཡེ་ཤེས་སྐྱེའོ། །དེ་ནས་རྨི་ལམ་བྱུང་དུས་རྨི་ལམ་ཡིན་སྙམ་པ་བྱ་བ་ནི་རྨི་ལམ་ཤེས་པའོ། །རྨི་ལམ་སྦྱང་བ་ནི། རྨི་ལམ་དེ་བརྒྱ་སྟོང་དུ་སྤྲུལ། གཅིག་ཏུ་བསྡུ། སུམ་ཅུ་རྩ་གསུམ་དང་། དམྱལ་བ་ལ་སོགས་པར་ཕྱིན་པར་བསམ། རེས་འགའ་འོད་དུ་བསམ། རེས་འགའ་དུམ་བུར་གཏུབས་པ་ལ་སོགས་པར་བསམ་པའོ། །དེ་ནི་སྦྱང་བའོ། །དེ་ནས་རྨི་ལམ་དེ་འོད་གསལ་དེ་ཁོ་ན་ཉིད་དུ་ལྟེབས་ཀྱིས་བསྒོམ་པར་བྱའོ། །དེ་ལྟར་ན་དོན་ལྔའོ། །དེ་ཡང་གཉིད་མཐུག་པོ་རྨི་ལམ་མེད་པའི་དུས་དེར་ཡེ་ཤེས་ཆེ་བའོ། །དེ་ནས་རྨི་ལམ་འབྱུང་། དེ་ནས་གཉིད་སད་དེ་ད་ཅིའི་རྨི་ལམ་དྲན་ཙམ་ན། རྨི་ལམ་དེ་སྒྱུ་མ་ཡིན་པར་བསམ། དེ་ནས་རྨི་ལམ་དང་རང་བཞིན་བསྲེ་བ་སྟེ། རྨི་ལམ་དེ་འོད་གསལ་དེ་ཁོ་ན་ཉིད་དུ་བསྒོམ། དེ་ནས་རྨི་ལམ་དང་ཉིན་པར་བསྲེ་བའི་མཚམས་སྦྱོར་ནི། རྨི་ལམ་ནི་སྒྱུ་མ་ཡིན་སྙམ་པའི་བསམ་པ་དྲག་ཏུ་བྱ། དེ་ནས་ཉིན་པར་བསྒོམ་སྟེ། དང་པོ་མགྲིན་པའི་ཨ་ཕྱེད་ཙམ་ལ་སེམས་གཏད་ལ་རྨི་ལམ་བཟུང་། དེ་ནས་སྒྱུ་མ་ཡིན། རྨི་ལམ་ཡིན་སྙམ་དུ་ཤེས་པར་བྱ། དེ་ནས་བདག་གི་ལུས་བརྒྱ་དང་སྟོང་དུ་སྤྲུལ་པ་ལ་སོགས་པ་རྨི་ལམ་སྦྱང་། དེ་ནས་འཇིགས་པ་དང་། ཡ་ང་བ་སྒྱུ་མར་ཤེས་པར་བྱ། དེ་ནས་ལམ་དང་རང་བཞིན་བསྲེ་བ་སྟེ། རྨི་ལམ་དེ་འོད་གསལ་སྟོང་ཉིད་དུ་བསྒོམ་པ་ནི་དེ་ཁོ་ན་ཉིད་བསྒོམ་པའོ། །ཉིན་པར་དང་མཚན་མོའི་མཚམས་སྦྱོར་ནི། སྒྱུ་མ་འདི་༼༥བ༽རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་པོ་བཏང་། མཉམ་བཞག་འོད་གསལ། རྗེས་ཐོབ་ལ་རྨི་ལམ་དང་སྒྱུ་མར་ཤེས་པའོ། །དེ་ནས་ཉིན་མོ་དང་མཚན་མོ་གཉིས་འདྲ་བའི་ཤེས་པ་བྱུང་ཙ་ན། འོད་གསལ་རྒྱུན་པ་ཞེས་བྱ་བ་སྟེ། རྣལ་འབྱོར་ཉིན་དང་མཚན་མོ་མེད། །ཅེས་གསུངས་སོ། །ནམ་ཞིག་ཕྱི་ནང་གསང་བའི་འཆི་རྟགས་བྱུང་ཙ་ན། ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ་པའི་དུས་སུ་འོག་ནས་འབྱུང་བ་ལྟར་བསྒོམ་པའོ། །དངོས་གཞི་མཉམ་བཞག་ལ་གཏུམ་མོ་བཞི་བཅུ་རྩ་གཉིས་བསྡུ་ན་ལྔ། རྣལ་འབྱོར་གྱི་གཏུམ་མོ། །ཡེ་ཤེས་ཀྱི་གཏུམ་མོ། །ལས་ཀྱི་གཏུམ་མོ། །ཕྱག་རྒྱ་ཆེན་པོའི་གཏུམ་མོ། །གཏུམ་མོ་ཆེན་མོའོ། །དང་པོ་ལ་བཞི། ལུས་ཀྱི་གནད་དང་། རྩའི་གནད་དང་། རླུང་གི་གནད་དང་། སེམས་ཀྱི་གནད་དོ། །ཡེ་ཤེས་ཀྱི་གཏུམ་མོ་ནི། སྟེང་རླུང་མནན་པ་དང་། འོག་རླུང་བཏེག་པ་ལ་སོགས་པ་མཐུན། ཁྱད་པར་ནི། ཤེས་པ་སྣ་རྩེའི་བར་སྣང་གི་ནམ་མཁའ་སྟོང་པ་ལ་གཏད་པའོ། །ལས་ཀྱི་གཏུམ་མོ་ནི། རང་ཡིད་དང་མཐུན་པའི་ལས་ཀྱིས་མུ་དྲཱ་ལ་སེམས་གཏད་ལ། ཕྱག་རྒྱ་དང་ལྟེ་བའི་ཨ་གཉིས་ཐ་མི་དད་པར་བསམ་སྟེ། ལྟེ་བའི་ཨ་ལ་སེམས་གཏད་ལ་བསྒོམ་མོ། །ཕྱག་རྒྱ་ལ་དམིགས་པ་ནི་སེམས་བསྡུ་བའི་དོན་དུའོ། །ཕྱག་རྒྱ་ཆེན་པོའི་གཏུམ་མོ་ནི། སྟེང་འོག་གི་རླུང་མནན་ལ། སེམས་གང་ལ་ཡང་མི་གཏད་པར། གཉིས་སྣང་ཐམས་ཅད་གཉིས་མེད་དུ་ཤེས་པར་བྱས་ལ་ལྷུག་པར་བཞག་པའོ། །གཏུམ་མོ་ཆེན་མོ་ལ་བཅུ་དྲུག་སྟེ། སྦ་བ་བཞི་ནི། ལུས་ཡེ་ཤེས་ཀྱི་འཁོར་ལོ་ལ་སྦ་བ། རྩ་དཔག་བསམ་གྱི་ཤིང་ལ་སྦ་བ། རླུང་འཕྱེ་བོ་དཔག་བསམ་གྱི་ཤིང་རྩེ་ལ་སྦ་བ། སེམས་གསང་བའི་འཁོར་ལོ་ལ་སྦ་བ་ལ་སོགས་པ། རྐྱེན་བཞི། རྟགས་བཞི། འབྲས་བུ་བཞི་སྟེ་བཅུ་དྲུག །རྒོད་ན། རྣམ་ཤེས་རླུང་དང་༼༦ན༽འགྲོགས་ལ་འོག་སྒོ་མར་ལ་དཀར་རྒྱངས་ཀྱིས་དབྱུང་ངོ་། །རླུང་འཁྱིམས་ནས་ཤ་འཕྲིགས་པ་སོགས་བྱུང་ན། སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱ་བཅས་པ་དབྱུང་། མི་རྟོག་པ་འབའ་ཞིག་ཏུ་སོང་ན། བདེ་བ་བཙན་ཐབས་སུ་དབབ་པའི་མན་ངག་བྱ་སྟེ། སྟེང་རླུང་ཅུང་ཟད་བཏེགས་ལ། ཨ་ལོང་འབྱེད་འཛུམ་བྱ། བཙུམ་ཙ་ན། མེ་ཡང་དམར་ཡལ་ཡལ་ཡར་ལ་ནར་གྱིས་སོང་བར་བསམ། བྱང་སེམས་བ་ཐག་ལྟ་བུ་མར་ལ་བབས་པས་མེ་དམར་ཡལ་གྱིས་སོང་བར་བསམ་ལ་འབྱེད་འཛུམ་བྱའོ། །མཐེ་བོ་དང་སྲིན་ལག་གི་སྦྱོར་བ་ཡང་བྱ། ལས་རྒྱ་ལ་བསླབ་པ་ནི། ཞིང་སྐྱེས་མ་དང་། སྔགས་སྐྱེས་མ་ལ་སོགས་པ་བཙལ་ལ་གནས་དབེན་པར་བྱ། སེམས་ཀྱི་སྦྱོར་བ་བྱ་སྟེ། དཀར་གསུམ་བཟའ་བ་དང་། བཀུ་མཉེ་ལ་སོགས་པ་བྱས་ལ། དང་པོར་གཟུགས་ལ་བལྟས་པས་བདེ་བ་སྐྱེ་བ་སྟེ། དེ་བསྒོམ། དེ་ལ་མ་སྐྱེས་ན། འདོད་ཆགས་ཀྱི་གཏམ་བྱ། སྒྲ་ལ་བརྟེན་ནས་བདེ་བ་བསྒོམ། དེ་ལ་མ་སྐྱེས་ན། ལུས་ལ་དྲི་བཟང་པོ་བྱུགས་ལ། དེ་ལ་བསྣོམས་པས་བདེ་བ་སྐྱེ། དེ་ལ་མ་སྐྱེས་ན། མཆུ་འཇིབ་པ་དང་། འོ་བྱ་བ་ལ་སོགས་པས་རོ་ལ་བརྟེན་ནས་བདེ་བ་བསྒོམ། དེ་ལ་བསླབ། དེ་ལ་མ་སྐྱེས་ན། རེག་བྱ་ལ་བརྟེན་ནས་བསླབ་པར་བྱ་སྟེ། འདུ་ཤེས་བཞི་དང་ལྡན་པས། རྡོ་རྗེ་པདྨ་བྱིན་གྱིས་བརླབས་ནས། དང་པོར་དབབ། བཟུང་། བསྐྱིལ། བཟློག །རྩ་རླུང་དྲག་པོའོ། །བདེ་བ་འབའ་ཞིག་ཏུ་སོང་ན། མི་རྟོག་པ་བཙན་ཐབས་སུ་དབབ་པའི་དམིགས་པ་བྱ། སྟེང་འོག་གི་རླུང་མཐུན། མདུན་དུ་དངོས་པོ་གང་ཡང་རུང་བ་གཅིག་ལ་སེམས་གཏད་ལ་བསྒོམ། དེ་ནས་ནམ་མཁའ་ལ། བདེ་སྟོང་གཉིས་ཀ་མ་བྱུང་ན། བདེ་སྟོང་གཉིས་ཀ་བཙན་ཐབས་སུ་དབབ་པ་སྟེ། རི་མཐོན་པོའི་རྩེ་མོར་ཕྱིན་ལ། ༼༦བ༽ཤེས་པ་བར་སྣང་ལ་གཏད་ལ། རླུང་བཏེག་པ་དང་མནན་པ་དང་བསྟུན་ལ་འབྱེད་འཛུམ་བྱའོ། །དྲོད་འབའ་ཞིག་ཏུ་སོང་ན། བདེ་བ་དང་མི་རྟོག་པ་གཉིས་རེས་མོས་བྱས་ལ་བསྒོམ། བསྐྱེད་རྫོགས་ཀྱང་དེ་བཞིན་ནོ། །མཉམ་རྗེས་བསྲེ་བའི་མན་ངག་ནི། ཉིན་མོ་དང་མཚན་མོའོ། །མཚན་ཉིད་ལྡན་པའི་ལས་རྒྱ་དང་གཉིས། གནས་དབེན་པར་བྱང་སེམས་ཀྱི་རིམ་གྲོ་བྱ་བ་དང་། དེ་ནས་ཡོལ་བས་བར་བཅད་ལ་གཉིས་ཀ་བདེ་བ་བསྒོམ། མི་གསལ་ན་ཡོལ་བ་བསལ་ལ། ཡང་ལྟ་སྒོམ་བྱ་ཞིང་བསྒོམ། དེ་སྣང་བ་ལ་བསྒོམ། རང་ལ་བསྒོམ་ཡང་བལྟ། སྣང་བ་ལ་སྦྱར་རོ། །མཚན་མོ་བསྲེ་བ་ནི། དང་པོ་རྨི་ལམ་བཟུང་བ་དང་། སྦྱང་བ་དང་། སྒྱུ་མ་ལྟ་བུར་ཤེས་པར་བྱ་བ་དང་། རྨི་ལམ་དེ་ཁོ་ན་ཉིད་དུ་བསྒོམ་པའོ། །མ་བྱུང་ན་ཟླ་བ་ཕྱེད་དམ་ཟླ་བ་གཅིག་ཏུ་རྨི་ལམ་འབའ་ཞིག་ལ་འདུན་པ་བྱ། ཐུན་མོང་ལ་སྟོན་ན། ཡེ་ཤེས་ཀྱི་གཏུམ་མོའམ། རླུང་བཅིང་བ་ཙམ་བྱའོ།།།།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གནས་པ་དང་རྟོགས་པ་གཉིས་ལ། གནས་པ་གཙོ་བོར་མི་བྱ། གནས་པ་ནི། བརྒྱལ་བ་དང་། གཉིད་འཐུག་པོ་དང་། ར་རོ་བ་ལ་སོགས་པ་ལ་ཡང་ཡོད་དེ། རྟོགས་པ་མེད་པའི་ཕྱིར་རོ། །རྟོགས་པ་གཙོ་བོར་བྱ་བ་ནི། སྣང་བ་ཅིར་སྣང་སེམས་ཡིན་ཏེ། གསལ་བའི་ཕྱིར་རོ། །གསལ་བ་ཉམས་སུ་མྱོང་བ་དེ་ལ་སེམས་ཞེས་བྱ་སྟེ། རིག་པའི་ཕྱིར་རོ། །རིག་པ་ནི་རང་བཞིན་གྱིས་མ་གྲུབ་པ་སྟོང་པ་སྟེ། རྟོགས་པའོ། །དེ་རྒྱུན་བསྲིང་ཞིང་། དེའི་ཉམས་བརྟན་པ་ལ་སྒོམ་པ་ཞེས་བྱའོ། །དེ་ཡང་། རྟོགས་པར་བྱ་བའི་ཕྱིར་བསྒོམ་པ་དང་། རྟོགས་ནས་བསྒོམ་པའོ། །དེ་ཡང་། མཚན་བཅས་ཀྱི་བསྒོམ་པ་མཐའ་དག་དང་། སྒྱུ་མ་ལྟ་བུ་མན་ཆད་རྟོགས་པར་བྱ་བའི་ཕྱིར་བསྒོམ་པའོ། །སྣང་བ་ཐམས་ཅད་སེམས་ལ། ༼༧ན༽སེམས་སྤྲོས་བྲལ་ངོས་བཟུང་དང་བྲལ་བ། ནམ་མཁའི་དཀྱིལ་ལྟར་ཕྱམ་མེ་བའི་ཉམས་བརྟན་པ་ནི་རྟོགས་ནས་བསྒོམ་པའོ། །དེ་རྟོགས་ནས་མཚན་བཅས་བསྒོམ་པ་ནི། གླང་པོ་རྙེད་ནས་གླང་པོའི་རྗེས་ཚོལ་བ་བཞིན་ནོ། །དེ་ཁོ་ན་ཡང་ཆགས་སྡང་གི་གཉེན་པོར་འགྲོ་དགོས་ཏེ། ཐམས་ཅད་ཀྱང་སེམས་སུ་ཤེས་པས། རང་གི་སེམས་ངོས་བཟུང་དང་བྲལ་བ་གཉེན་པོར་འགྲོ་བའོ། །རིག་པ་རང་རིག་སྟོང་པར་མྱོང་བའི་ཚེ། ཡང་དག་པས་སྟོང་། དོན་དམ་པས་སྟོང་སྟེ། དེ་ནས་སྟོང་པ་དེ་བརྟན་པའོ། །བླ་མ་རིན་པོ་ཆེའི་མན་ངག་གོ།།།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བྱང་སེམས་བསྒོམ་ན། དང་པོར་ལས་ཀྱི་ཕྱག་རྒྱ་མ་ལོ་བརྒྱད་མའམ། བཅུ་གཉིས་མའམ། མཚན་ལྡན་བཙལ་ལ་བསླབ་སྦྱང་བྱ་སྟེ། གཉིས་ཀ་ལྷའི་ང་རྒྱལ་དུ་བྱས་ལ་བྱིན་གྱིས་བརླབ་བོ། །རྡོ་རྗེ་པདྨ་ལས་རྒྱ་དང་བྱ་དགོད། རྡོ་རྗེ་ནོར་བུའི་སོར་གཅིག་གི་ལྟག་ཏུ་བཅོད་ཀྱི་ཐིག་ལེ་ཡུངས་ཀར་གྱི་ཚད་ཙམ་གཅིག་བསྒོམས་ལ། དེ་ནས་ཕྱག་རྒྱ་དང་སྙོམས་པར་ཞུགས་ནས་བསྲུབ་པའི་སྦྱོར་བ་མ་བྱས་པར། ཧཱུཾ་གི་སྒྲས་དབུགས་གྱེན་ལ་འཐེན་ལ་ཡང་ཡང་དྲང་ངོ་། །མུ་དྲཱ་ལ་བརྟེན་པའི་དབང་གི་བདེ་བ་གཡོ་བ་ནི་དགའ་བའོ། །ཀུན་ཏུ་འཚོལ་བའི་བདེ་བ་ནི། མཆོག་དགའོ། །པདྨར་ལྷུང་བའི་བར་ནི་དགའ་བྲལ་ལོ། །དེ་ཡང་རྟོག་མེད་ཀྱི་སྐད་ཅིག་ནི་དཔེའི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ལ་སེམས་བཟུང་། དེ་ཡང་ཕྱག་རྒྱ་ནི་དམིགས་པར་བྱ་བའི་རྐྱེན་བྱས། རྫས་ཀྱི་ཐིག་ལེ་དཀར་པོ་བདག་པོའི་རྐྱེན་བྱས་པ་ལས་བྱུང་བའི་བདེ་བའོ། །གྱེན་ལ་དྲངས་པའི་སྦྱོར་བ་ཡང་དང་ཡང་དུ་བྱས་པས་ལྷན་ཅིག་སྐྱེས་དགའ་ལ་རིམ་གྱིས་ཡུན་རིང་དུ་སེམས་ཟིན་ནོ། །དེ་ནས་རླུང་གྱེན་ལ་དྲངས་པའི་སྟོབས་ཀྱིས། གཏུམ་མོ་ཡུལ་ཐམས་༼༧བ༽ཅད་ལ་ཁྱབ་ནས། སྤྱི་བོའི་བར་དུ་འཕྲོས་པས། ལུས་ཀྱི་ཡང་དག་པའི་ཁམས་སྦྱོང་། དེ་ནི་རླུང་མེ་ལ་ཐིམ་པའི་དུས་དེ་རྟགས་དུ་བ་ལྟ་བུ་འབྱུང་། དེ་ནས་སྤྱི་བོ་ནས། བྱང་སེམས་རྡོ་རྗེ་ནོར་བུའི་བར་དུ་ཕབ་ལ། འཕོ་འགྱུར་མེད་པར་བསྒོམ་པ་ནི། ཆུ་མེ་ལ་ཐིམ་པའི་དུས་ཏེ། རྟགས་སྨིག་སྒྱུ་ལྟ་བུ་འབྱུང་། བྱང་སེམས་རྡོ་རྗེ་རྩེ་མོ་ནས་གྱེན་ལ་བཟློག་སྟེ་སྤྱི་བོར་ཕྱིན་པ་ནི། ཆུ་ས་ལ་ཐིམ་པའི་དུས་དེ། རྟགས་མར་མེ་ལྟ་བུ་འབྱུང་། དེ་ལ་ཤིན་ཏུ་བརྟན་པ་དང་སྲིན་བུ་མེ་ཁྱེར་བ་ལྟ་བུ་འབྱུང་བ་ནི་ཞི་གནས་མཐར་ཕྱིན་པ་ཡིན་ན། དེ་བསམ་གཏན་དང་པོའི་ཏིང་ངེ་འཛིན་དང་ཆ་མཉམ་པའོ། །དེ་འཕྲོ་བཅད་དེ། ལྷག་མཐོང་ལ་བསླབ་པར་བྱ་སྟེ། སྙིང་ཀའི་འབྲས་བུའི་ཐིག་ལེ་ལ་གསལ་བར་དམིགས་ལ། དེའི་བདེ་བས་ལུས་སྟོད་སྨད་དུ་ཁྱབ་པས་ཐིག་ལེ་ལ་བསྡུ། ཐིག་ལེ་ཡང་ཕྱི་རོལ་ནས་ནང་དུ་བསྡུས་ལ། རྟ་རྔ་ཙམ་གྱི་དབྱིབས་ལ་ཁོང་སྟོང་དུ་བསྒོམ་མོ། །དེ་ཡང་ཇེ་ཕྲ་ལ་རིམ་གྱིས་འོད་གསལ་སྟོང་པ་ཉིད་དུ་བསྒོམ་མོ། །དེ་ཡང་རྣམ་རྟོག་ལྡང་ན། ཐིག་ལེ་དང་ལུས་ཀྱི་བར་དུ་སླར་དམིགས་ལ། ཡང་སྔ་མ་ལྟར་རིམ་གྱིས་སྟོང་པ་ཉིད་དུ་བསྒོམ་མོ། །དེ་ལྟར་བསྒོམ་པས་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་རྟགས་འབྱུང་སྟེ། ཆོས་ཐམས་ཅད་བདག་མེད་ནམ་མཁའི་དཀྱིལ་ལྟ་བུར་རྟོགས་པའོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གྲོལ་བའི་ལམ་དང་། ཆགས་པའི་ལམ་དང་། རང་ལྷག་པར་གནས་པ་དང་གསུམ་ལ་འདི་ཡིན་ཏེ། དེ་ཡང་དང་པོ་རླུང་སྦྱང་བ་ནི། གནས་ཉི་ཤུ་རྩ་བཞི་དང་རླུང་དང་ཐིག་ལེའི་མན་ངག་གིས་བཟུང་བ་དང་། སྦྱང་བ་ལ་སོགས་པས། རླུང་གང་འདོད་པར་ཟིན་པའམ་ཐོན་པར་བྱ། དེ་ནས་ལྷན་ཅིག་སྐྱེས་པའི་འོད་གསལ་ཉམས་སུ་མྱོང་བར་བྱ་བ་ནི། གྲོལ་ལམ་པ་དང་། ཕོ་ཉ་ལ་དགའ་བ་༼༨ན༽གཉིས་ཀ་ཡང་གནད་ཀྱི་མན་ངག་ལ་བརྟེན་ཏེ། སྟེང་རྩ་རླུང་གི་གནད་དང་། འོག་བདེ་སྐྱིད་བསྐྱེད་པའི་གནད་དང་། སྒྲུབ་ཚིག་གི་གནད་དང་བཞིར་འདུས་ཏེ། དེ་ཡང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩ་བ་དེ་ཡིན་ལ། དེ་རྣམས་ཀྱི་ནང་ན་རྒྱུ་བའི་རླུང་ཐམས་ཅད་དེར་མ་འདུས་པ་མེད་པས་ན། གནད་ཅེས་བྱའོ། །གྲོལ་ལམ་ནི། ཐབས་ལྷའི་འཁོར་ལོ་སྔོན་དུ་བསྒོམ་ཏེ། དེ་ནས་ཆོས་ཐམས་ཅད་རྟེན་འབྲེལ་དུ་ཤེས་པའོ། །མ་སྐྱེས་སྐྱེ་བ་མེད་པའི་དོན་དེ་ཁོང་དུ་ཆུད་པར་བྱ་སྟེ། སྟེང་གི་རྩ་རླུང་འདུས་པའི་རྩད་བཅད་དེ་བསྒོམས་པས། རྟགས་ལྔ་རིམ་གྱིས་འབྱུང་སྟེ། ཚེ་གཅིག་ལུས་གཅིག་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ་གསུང་། དེ་ནས་ཕོ་ཉ་ལ་བརྟེན་པར་འདོད་ན། དབང་དམ་ཚིག་དང་སྡོམ་པས་ལེགས་པར་སྦྱངས་པའི་རིག་མ་མཚན་ལྡན་དབེན་པའི་ས་ཕྱོགས་སུ་ཁྲིད་ནས། ལུས་སེམས་སྦྱོང་བ་ཡིན་ཏེ། ཇི་ལྟར་འདུག་ཀྱང་བསམ་པ་ཐམས་ཅད་མཁྱེན་པའི་བསམ་པས། ཚོར་བ་དང་སྲེད་པ་སྒྱུ་མ་ཡིན། ཤེས་རབ་ཀྱི་འདུས་ཏེ་རེག་པ་ལས་བྱུང་བས་ཉོན་མོངས་པ་མེད། ཐབས་དང་ལྡན་པས་ཉེས་པ་མེད། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བས་ཉེས་པ་མེད། གཉིས་ཀ་ཡང་། ལུས་ལྷའི་འདུ་ཤེས། ངག་སྔགས་ཀྱི་འདུ་ཤེས། སེམས་ཆོས་ཉིད་ཀྱི་འདུ་ཤེས་གསུམ་དང་ལྡན་པས་སོ། །དུས་རྟག་ཏུ་ཤེས་རབ་དང་ལྡན་ཏེ་མི་འབྲལ་བས་ཉེས་པ་མེད། སྦྱང་བར་བྱ་བ་ནི། རེག་པ་བདེ་བར་འདོད་པའི་སེམས་དང་བདེ་བ་ལ་འཛིན་པའི་སེམས་དང་། རེག་པ་བདེ་བ་ཉམས་སུ་མྱོང་བའི་ཐབས་དང་། བདེ་བ་ཡོངས་སུ་འཛིན་པའི་བདེ་བ་ལ་འཛིན་པའི་སེམས་དང་། དེ་བཞིན་གཏན་ལ་ཕབ་ལ་ཁྱེར་རོ། །དེ་ལ་བདེ་བ་བསྐྱེད་པའི་གནད་དང་། སྒྲུབ་ཚད་ཀྱི་གནད་ངོ་ཤེས་པར་བྱ་ལ། གནད་༼༨བ༽ཐོག་ཏུ་འབེབས་པའི་དུས་སུ། སྟེང་རྩ་རླུང་གི་གནད་བཅས་པས། ཕྱག་རྒྱའི་བདེ་བ་ཡང་རང་ལ་བསྡུས་ནུས་གསུང་སྟེ། བྱང་སེམས་མི་འཆོར་ཏེ། དམ་ཚིག་དང་ལྡན་པའོ།།༈།།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལམ་ལ་འཇུག་པར་འདོད་པའི་རྟེན་གྱི་གང་ཟག་གིས། དང་པོ་སེམས་འཁྱོག་བསྲང་བ་སྟེ། འཇིག་རྟེན་འདི་ཡི་རྣམ་རྟོག་སྤོང་། དེ་ནས་སེམས་ཞུན་ཐར་བཅད་པ་སྟེ། ནང་ལ་བརྟེན་པའི་རྟོགས་པས་ཐོག་མཐའ་བཅད་པ་དང་། ཕྱི་ལ་བརྟེན་པའི་རྟོགས་པས་ཐོག་མཐའ་བཅད་པ་གཉིས་ལས། ཕྱི་ལ་བརྟེན་པའི་རྟོགས་པའི་ཐོག་མཐའ་བཅད་པའི་དབང་དུ་བྱས་ནས་སེམས་སྦྱང་། འཆི་བ་དོན་དམ་པ་འོད་གསལ་ལ་བརྟེན་ཏེ། མངོན་བྱང་ལྔ་ལས་རང་བཞིན་གནས་པའི་ལྷའི་སྐུར་སྦྱང་། ངག་ཐུགས་བསྐུལ་བའི་བཟླས་པས་དེ་ཝ་པི་ཙུ་བཟླས་པས་ངག་སྦྱང་། སྒྱུ་མ་རང་གི་སེམས་ཉིད་གཉིས་སུ་མེད་པ་སྒྲོ་སྐུར་དང་བྲལ་བ་ལས་སྒྱུ་མའི་ཚོགས་བསགས། སྡིག་པ་སྦྱང་། མཐོང་བ་རྒྱ་ཆེན་པོ་ལ་བསླབ་ཅིང་། སེམས་ཀྱི་རྒྱུད་ཡོངས་སུ་སྨིན་པར་བྱ། མང་པོར་སྤྲུལ་ཅིང་གཅིག་ཏུ་བསྡུ་བ་ལ་སོགས་པ་སྒྱུ་མ་སྦྱང་བའོ། །དེ་ཉིད་རྨི་ལམ་དུ་ཤེས་པར་བྱ་བ་དང་། གཉིད་མི་འོང་བ་འོང་བར་བྱ་བ་དང་། རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་བ་དང་། རྨི་ལམ་སྤེལ་བ་དང་། རྨི་ལམ་སྦྱང་བའོ། །སྒྱུ་མ་དང་རྨི་ལམ་བསྲེ་བ་དང་། བར་དོ་དང་འོད་གསལ་བསྲེ་བའོ། །སྐྱེས་ནས་འཆི་བའི་བར་དོ་དང་། རྨི་ལམ་གྱི་བར་དོ་དང་། སྲིད་པ་བར་དོ་དང་། དེ་ཉིད་ལམ་དུ་ཁྱེར་བ་བསམ་གཏན་གྱི་བར་དོའོ། །ནང་ལ་བརྟེན་པ་སེམས་ཀྱི་ངོ་བོ་དེ་རང་། ཕྱི་འབྱུང་བ་བཞི་ལས་མ་བྱུང་། ནམ་མཁའ་སྟོང་པ་ལས་མ་བྱུང་། ནང་བཅུད་འགྲོ་དྲུག་གི་སེམས་ལས་མ་འབྱུང་། ཕུང་པོ་ཁམས་དང་སྐྱེ་མཆེད་ལས་མ་བྱུང་། དབང་པོ་དོན་སྣོད་༼༩ན༽ལྔ་ལས་མ་བྱུང་སྟེ། མེད་པར་བསྒོམས་ཀྱང་དགག་ཏུ་མེད་ལ། ཡོད་པར་བསྒོམས་ཀྱང་སྣང་རུང་མེད་པ་དེ་ཉིད། མེད་པར་བསྒོམས་ཀྱང་འགག་རྒྱུ་མེད། སྒྲོ་འདོགས་ཀྱི་མཐའ་དང་བྲལ། མེད་པར་བསྒོམས་པས་འགག་རྒྱུ་མེད་པ་དེ། ཡོད་པར་བསྒོམས་ཀྱང་སྣང་རྒྱུ་མེད་པས། སྐུར་འདེབས་ཀྱི་མཐའ་སྤངས་པའོ། །མཐའ་གཉིས་དང་བྲལ་བའི་སེམས་ཉིད་འོད་གསལ་རྟོགས་པ་དེ་ལྟ་བུའི་ཡེ་ཤེས་ཟབ་པའོ། །ཕྱི་ལ་བརྟེན་པའི་ངོ་བོ་དེ་ཡང་། ཆུའི་ཆུ་བུར་གྱི་དཔེ་དང་། སྤྲ་བ་དང་མེའི་དཔེ་དང་། ཆུ་ལ་ཆུ་བཞག་པའི་དཔེ་དང་། ནམ་མཁའ་ཡེ་དག་པའི་དཔེའོ། །དེས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དེ་རྒྱ་ཆེ་བའོ། །དེ་ཡང་། སྒྱུ་མ་བསྒོམ་པའི་སྔོན་རོལ་ཏུ། །རང་སེམས་ཆུ་ཟླ་བཞིན་དུ་སྦྱང་། །ཞེས་གསུངས་སོ། །སྐུ་དང་ཡེ་ཤེས་རྟོགས་པའི་རྣལ་འབྱོར་ལ། །ཤིང་ཕུང་ཆེ་ན་མེ་ཕུང་ཆེ། །དུག་ལྔ་རྒྱས་ན་ཡེ་ཤེས་རྒྱས། །དུག་ལྔའི་འཛིན་པ་ཁོ་ལ་མེད། །སྔར་འདས་པའི་རྗེས་མི་བཅད། མ་འོངས་པ་སྔུན་མི་བསུ། ད་ལྟར་ཤུགས་འབྱུང་དུ་བཞག་གོ། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བར་དོ་དང་པོ་འོད་གསལ་ངོས་བཟུང་བ་དང་། གཉིས་པ་སྒྱུ་ལུས་ངོས་བཟུང་བ་དང་། གསུམ་པ་མངལ་སྒོ་འགེགས་པ་དང་གསུམ་ཡིན་གསུང་། ས་ཆུ་ལ་ཐིམ་པའི་དུས་སུ་ལུས་ཟུངས་མི་ཐུབ། ཆུ་མེ་ལ་ཐིམ་པའི་དུས་སུ་ཁ་སྣ་སྐམ། མེ་རླུང་ལ་ཐིམ་པའི་དུས་སུ་དྲོད་ཆད། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ་དབུགས་རྒྱངས་པ་གཉིས་འབྱུང་། དེ་ནས་ཕྱི་དབུགས་ནི་ཆད། ནང་དབུགས་ནི་མ་ཆད། རྩི་ཆུང་འཕྲིག་ཕྲིག་ཙ་ན།ཡུལ་གྱི་རྣམ་པར་རྟོག་པ་རགས་པ་འགག་དུས་སུ། ཕྱི་རྟགས་དཀར་ལམ་པ་དམར་སེར་རེ་བ། ཟླ་བ་ཤར་བ་ལྟ་བུ། ནང་རྟགས་དུ་བ་ལྟ་བུ། སྐད་ཅིག་མ་གཉིས་པ་ལ་ཕྱི་རྟགས་ཉི་མ་ཤར་༼༩བ༽བ་ལྟ་བུ། ནང་རྟགས་སྲིན་བུ་རྣམ་པར་རྟོག་པ་རགས་པ་འགགས་དུས་སུ་མཆེད་པ། མེ་ཁྱེར་ལྟ་བུ། སྐད་ཅིག་མ་གསུམ་པ་ལ། ཕྱི་རྟགས་མུན་པ་ལྟ་བུ། ནང་རྟགས་མར་མེ་ལྟ་བུ། སྐད་ཅིག་མ་བཞི་པ་ལ། ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་རྟགས་སྤྲིན་མེད་པའི་ནམ་མཁའ་ལྟ་བུའོ། །རང་གི་ཤེས་པ་སྣང་བ་ནི་བཞི་སྟེ་སྣང་བ་དང་། སྣང་བ་མཆེད་པ་དང་། མཆེད་པ་ཐོབ་པར་ནི་དབང་ཐོབ་པ་ཐམས་ཅད་དང་། ཐོབ་པ་ཆེན་པོ་ནི། དེ་ཙ་ན་གཉིས་སུ་བཤད་ཀྱང་གཉིས་མེད་བསམ་གཏན་གྱི་འོད་གསལ་དང་། རང་བཞིན་གྱི་འོད་གསལ་གཉིས་བསྲེ་བར་བཤད་ཀྱང་བསྲེ་རྒྱུ་མེད། ངོ་བོ་གསལ་ལ་རྟོག་པ་མེད་པ་ཡིན། རང་བཞིན་གྱིས་འོད་གསལ་བ་ནི། བར་དོ་དང་པོ་འོད་གསལ་ངོས་བཟུང་བའོ། །དེ་ལ་མ་ཟིན་ན་དྲན་པ་དང་འདུན་པས་སྔར་ཡང་མ་ཟིན། ད་ནི་ཡི་དམ་ལྷའི་སྐུ་སྒྱུ་མ་ལྟ་བུ་ཡིད་ཀྱི་རྟེན་བྱས་ལ་འོད་གསལ་བསྒོམ་མོ། །མི་འོང་མི་སྲིད་དོ་གསུང་། དེས་བདུན་ཕྲག་དང་པོ་ཁེགས་ནས་དེ་ཁོ་ན་བཞིན་བསྒོམ་པས་འོད་གསལ་འབའ་ཞིག་ཏུ་འཆར་ཏེ། འོད་གསལ་གྱི་མེས། སྔར་ལུས་ཀྱི་བག་ཆགས་ཐམས་ཅད་བསྲེགས་ནས་ཆོས་ཀྱི་སྐུ་ཐོབ་པ་ཡིན་ནོ། །བར་དོ་གཉིས་པའོ། །དེས་ཀྱང་མ་ཟིན་ན། མངལ་གྱི་གྲོང་ཁྱེར་འགེགས་ཏེ། སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ། དེས་མ་ཁེགས་ན། ཕ་ལ་ཞེ་མི་སྡང་། མ་ལ་འདོད་མི་ཆགས། རང་ཡི་དམ་ལྷའི་སྐུ་སྒྱུ་མ་ལྟ་བུ་ལ་ཡིད་ཀྱི་རྟེན་བྱས་ལ་བསྒོམ། དེས་མ་ཁེགས་ན། སྐྱེས་པ་ཐམས་ཅད་བླ་མར་བསམ། བུད་མེད་ཐམས་ཅད་བླ་མའི་ཡུམ་དུ་བསམ་ལ། བླ་མ་ལ་ཞེ་མི་སྡང་། བླ་མའི་ཡུམ་ལ་འདོད་མི་ཆགས་པར་བྱས་ལ། དབང་དང་བྱིན་རླབས་ཞུ་བར་བསམ་པས་ཆགས་སྡང་མི་སྐྱེའོ། །དེས་མ་ཁེགས་ན། སྐྱེས་པ་ཐམས་ཅད་ཧེ་རུ་ཀར་བསམ། བུད་མེད་ཐམས་༼༡༠ན༽ཅད་རྡོ་རྗེ་ཕག་མོར་བསམ། རང་ཡི་དམ་གྱི་ལྷ་འཇའ་ཚོན་ལྟ་བུ་ལ་ཡིད་ཀྱི་རྟེན་བྱས་ལ་འོད་གསལ་བསྒོམ། དེས་མ་ཁེགས་ན་འཁོར་བའི་སྒོ་ལ་ཆགས་སྡང་མི་བྱའོ། །ཆགས་སྡང་མི་སྐྱེ་བ་ལ་འདོད་ཆགས་ཞེ་སྡང་བསྲེ་ཞེས་བྱའོ། །དེས་ཀྱང་མ་ཁེགས་ན། འགྲོ་དྲུག་ཐམས་ཅད་སེམས་ལ་ཝལ་གྱིས་འཆར་བས། དབང་ཡོད་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོའམ། བརྒྱ་བྱིན་ལྟ་བུའི་ལུས་བླངས་ལ་སེམས་ཅན་གྱི་དོན་བྱའོ། །བར་དོ་ཐ་མའོ། །ད་རུང་སྐྱེ་བ་ལེན་པ་སྙམ་བྱེད་ཅིང་། སྐྱེ་བའི་སྒོ་མ་ཆོད་པར་འདུག་ན། ཡང་སངས་རྒྱས་ཀྱི་ཞིང་ཁམས་ཁྱད་ཅན་ལ་མོས་པ་ཆེན་པོ་བྱ་སྟེ། དེ་ཉིད་དུ་འགྲོ་ཞིང་། ཤེས་བཞིན་དུ་སྐྱེ་བ་བླངས་ཏེ། དེ་ནས་བར་དོར་འཕོ་བའོ། །བདུན་ཕྲག་དང་པོ་ཁེགས་ནས་ཚེགས་མེད་དེ། གདམས་ངག་ཐམས་ཅད་དྲན་ནས་ཤེས་པ་བརྒྱ་འགྱུར་གྱིས་གསལ། འོད་གསལ་འབའ་ཞིག་ཏུ་འགྲོ་སྟེ་ཆོས་སྐུ་འཐོབ་བོ། །སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ཞེས་གསུངས་པས། ཡིད་ཀྱི་དབང་པོས་འགྲོ་དྲུག་ཐམས་ཅད་མཐོང་། འགྲོ་དྲུག་གི་གནས་སྐད་ཅིག་གཅིག་ལ་བསྐོར་ནུས་པས་ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། བར་དོ་དེའི་མིག་སྔ་རུ་ཕོ་མོ་སྦྱོར་བ་བྱེད་པ་ལ་ཆགས་སྡང་མིག་སེར་མི་སྐྱེ། ཞེས་པས་སེམས་ཅན་ཐམས་ཅད་ལ་བདུན་ཕྲག་དང་པོའི་ཞག་ཕྱེད་དང་བཞི་སྔར་གྱི་ལུས་སུ་སྣང་། ཕྱེད་དང་བཞི་ཕྱི་མ་གར་ལེན་དུ་སྣང་སྟེ། རྣལ་འབྱོར་པ་གདམས་ངག་ཡོད་པས་དེ་ལྟ་བུ་ལ་མི་གཏོང་བར། དྲན་པ་དང་འདུན་པས་བར་དོ་དང་པོ་ལ་བཟུང་། དེར་མ་ཟིན་ན་གཉིས་པ་ལ་བཟུང་། དེར་མ་ཟིན་ན་ཐ་མ་ལ་བྱའོ། །བར་དོ་ལ་བར་དོར་ཤེས་པར་བྱ་བ་ནི། འགྲོ་དྲུག་གི་སྣང་བ་སེམས་ལ་འཆར་བས། གནད་ཀ་དེས་བར་དོར་ཤེས་པར་བྱའོ། །༼༡༠བ༽ཤི་བ་ལ་ཤི་བར་ཤེས་པ་འབྱུང་ངོ་། །ཐོག་ལྟ་བུ་གློ་བུར་དུ་ཤི་བ་ལ་ཡང་རྟགས་གོང་མ་རྣམས་འབྱུང་། དྲན་པ་དང་འདུན་པ་གོང་མ་ལྟར་བྱའོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ས་ཆུ་ལ་ཐིམ་པས། དུ་བ་ལྟ་བུ་དང་། ཟླ་བ་ཤར་བ་ལ་སོགས་པ་བསྒོམ་མི་དགོས། སྣང་བ་གསལ་ལ་མཆེད་པ་ཐོབ་པ་ངོ་བོ་རང་ཡིན། རྟོག་པ་ཐམས་ཅད་འུབ་ཀྱིས་འདུས་པ་ཡིན། དྲན་རིག་རྒྱུན་ཆད་ནས་འགྲོ་བ་ཡིན། བར་དོར། རབ་འོད་གསལ་གྱིས་འཚང་རྒྱ་བ་ཡིན། འབྲིང་སྒྱུ་ལུས་ཀྱིས་འཚང་རྒྱ་བ་ཡིན། ཐ་མ་མངལ་སྒོ་བཀག་ནས་འཚང་རྒྱ་བ་ཡིན་ནོ། །དགག་པ་ལ་ཐབས་མང་ཡང་བསྡུ་ན་བསྐྱེད་རྫོགས་གཉིས་ཡིན། ཡང་ན། དག་པའི་སྒྱུ་ལུས་དང་། མ་དག་པའི་སྒྱུ་ལུས་ཀྱི་སྒོ་ནས་བར་དོ་ངོས་བཟུང་། མངལ་སྐྱེས། བརྫུས་སྐྱེས། སྒོང་སྐྱེས། དྲོད་དང་གཤེར་ལས་སྐྱེས་པ་རྣམས་བསྐྱེད་རིམ་གྱི་དགག་པ་རྣམས་ནི། ལྷ་བསྒོམ་པས་ལུས་གཞན་མི་ལེན་ནོ། །འོད་གསལ་ཆོས་སྐུ་སེམས་ཅན་ལ་འཆི་བའི་དུས་ན་ཡང་ཡོད་དེ། ངོ་མ་ཤེས་ན། འཁོར་བ་ལུགས་དང་མཐུན་པར་འབྱུང་ངོ་། །འོད་གསལ་ལ་སྣང་བ། སྣང་བ་ཆོས་སྐུ་ལ་མཆེད་པ། མཆེད་པ་ལ་རྣམ་རྟོག་སྤྲ་ཡས་འབྱུང་། དེ་ལ་འཁོར་བ་ཞེས་བྱའོ། །རིགས་དྲུག་ཏུ་མི་འཁོར་བའི་ཐབས་ནི། བདག་འཆི་བ་ཡིན་པས། འོད་གསལ་ཆོས་སྐུ་ལ་ངོ་མ་ཤེས་བར་དུ་བསྒོམ། དེ་ངོ་ཤེས་ནས་འཁོར་བར་མི་འཇུག །གཉིས་མེད་ཀྱི་ངང་ལས་མ་ཡེངས་པས། བར་དོར་ལུས་གསུམ་དག་ནས། འོད་གསལ་འབའ་ཞིག་ཏུ་འགྲོ་བ་ཡིན། འཁོར་བ་ལ་སྲེད་པ་མེད་པས། ལེན་པ་མེད་དོ། །འཁོར་བ་ལུགས་ཀྱི་བར་དོ། སྐྱེ་ཤི་བར་དོ། འདོད་ཆགས་འཁོར་བ་ཡིན་པས། བདེ་བ་དང་བསྲེ། རྨི་ལམ་བར་དོ་གཏི་མུག་འཁོར་བ་ཡིན་པས། ༼༡༡ན༽རྨི་ལམ་དང་བསྲེ། སྲིད་པ་བར་དོར། ཕ་མ་ཡབ་ཡུམ་འཁོར་བ་ཡིན་པས། བླ་མ་ཡབ་ཡུམ་དུ་བསྒྱུར། ཡོན་ཏན་རྫོགས་པའི་བར་དོ་མ་དང་བུ་བསྲེ་བ། ནམ་མཁའ་དང་སེམས་སུ་བསྲེ་བ། སེམས་ཉིད་དང་ཆོས་ཉིད་དང་བསྲེ་བ་འདི་ལམ་ཡིན། འབྲས་བུ་ལ། བསྲེ་བྱ། སྲེ་བྱེད་དང་བྲལ་བ་དེ་ཡིན་གསུང་། དུས་ཅི་ཙམ་ནས་འཕོ་བ་དང་གཅིག།ཕྱི་ནང་གསང་གསུམ་གྱི་འཆི་རྟགས་རྣམས་ཚང་ན་འཕོ་བའོ་། །ལུས་གནས་ཇི་ལྟར་བྱ་བ་དང་གཉིས།མྱ་ངན་ལས་འདས་པ་ལྟར། སེང་གེའི་ཉལ་སྟབས་བཞིན་བྱའོ། དམིགས་པ་གང་ལྟར་བྱ་བ་དང་གསུམ།ལྟེ་བར་པད་འདབ་བཞི་ལ་ཨཱཿནུ་ཏ་ར། དབུས་སུ་ཧཱུཾ་ལ་གཏད་དེ། ཧཱུཾ་འོད་དུ་ཞུ་བས་སྟོང་ཉིད་ཀྱི་ངང་དུ་འཚང་རྒྱ་བ་ཡིན་གསུང་། འཚང་གང་གི་རྒྱ་བ་དང་བཞིའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་ཐོགས་པར་གྱུར་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག།།།
